'chi med 'khrul 'khor

From Shangpa Resource Center
Revision as of 17:06, 26 February 2019 by Sengue (talk | contribs)








Resource ID SCv10p201
Title 'chi med 'khrul 'khor
Topics Immortality
Sub-Topics Yantra, Lineage prayer
Author Sangyé Tönpa
Link BDRC W23922

༄༅། །འཆི་མེད་འཁྲུལ་འཁོར་བཞུགས་སོ།།
༼ནང་འཁྲུལ་འཁོར། ཡན་ལག་འཁྲུལ་འཁོར། རོ་སྟོད།༽

།ན་མོ་བཛྲ་ཡོ་གི་ནི།
།དཔལ་ལྡན་བིར་ཝ་ནག་པོ་ཡི། །རང་ལུས་ཐབས་ལྡན་ཕྱག་རྒྱ་ནི། །འཆི་མེད་མཁའ་སྤྱོད་བསྒྲོད་པའི་གནད། །རྒྱ་གར་གཞུང་ལས་གསལ་བྱུང་འདི། །ཆོས་རྗེ་སངས་རྒྱས་སྟོན་པའི་གསུང་། །གསལ་བྱེད་ཉི་མའི་དོན་བསྡུས་ཤིང་། །མང་དུ་འདུག་མོད་གོ་བདེ་བ། །འདི་ལྟར་བཤད་ཀྱིས་ཉམས་སུ་ལོངས། །སྟན་ལ་སེམས་སྐྱིལ་ལུས་གནད་བསྲངས། །སྐྱབས་སེམས་སྔོན་འགྲོ་རང་ལུས་ལྷ། །རླུང་རོ་བསལ་ཞིང་ལ་སྦྱོར་བཟུང་། །རྡོ་རྗེ་ཕག་མོའི་ང་རྒྱལ་བྱ། །སྟན་ལས་ལངས་ཏེ་སྟེང་འོག་ཏུ། །ལག་པ་བསྒྲེངས་ཏེ་སྟེང་འོག་གི །ལྷ་ཀླུ་བསྐྲད་ཅིང་རྐང་པ་གཡས། བསྐུམ་པའི་མཐིལ་ནི་གཡོན་པ་ཡི། །བརླ་ནི་རྩ་བར་སྦྱར་བྱས་ནས། །ལག་གཡས་རྐང་པའི་སྡིགས་མཛུབ་བྱ། །གཡོན་པ་ཐོད་ཁུག་ཐུགས་ཀརཚུལ། །ལན་གསུམ་བསྐོར་བས་ཕྱོགས་ཀུན་གཡོ། །དེ་ནི་གཡོན་ལའང་ཤེས་པར་བྱ། དེ་དུས་ཁྲུས་དང་བསྐུ་མཉེ་དང་། །ཡན་ལག་ལྔའི་སྦྱང་བ་བཞིན། །མཐོང་བརྒྱུད་ཞལ་ལས་ཤེས་པར་བྱ། །སྔོན་འགྲོར་འཛི་ཏ་ཀརྨའོ།
།དེ་ནས་དངོས་གཞི་ཕྱི་ནང་གསང་། །རེ་རེར་བཞི་བཞི་ཡོད་པ་ལས། །ཕྱིའི་ཨཾ་གྲོལ་ལས་རྒྱ་ནི། །སེམས་སྐྱིལ་མཐེ་བོང་ངར་གདོད་བཟུང་། །སྟེང་འོག་རླུང་གཉིས་ཁ་སྦྱར་ལ། །ཁྱད་པར་འོག་རླུང་དྲག་ཏུ་འཐེན། འབེབས་དང་བསྟུན་བརྡུང་ལན་གསུམ་མོ། །སོགས་དང་། ཡར་འཐེན་གསང་བར་སྡིག་པ་ཡིན། །དམིགས་པ་ཨཾ་ལས་མེ་འབར་ནས། །ལུས་གང་གསང་བར་ཕྱུར་ཐོན་པ། །སྣ་རྩེར་མིག་གཏད་ལྟེ་བ་དང་། །གསང་བར་ཤེས་པ་གཏོད་པ་ཡིན། །འདི་ནི་ཨཾ་འགྲོལ་རྣམས་ལའང་། །དམིགས་པ་རླུང་གནད་ལྟ་གདེངས་གཅིག །ཕྱི་ཡི་བེ་ཏ་ཆོས་རྒྱ་ནི། རླུང་བཟུང་སྒུར་ཏི་བསུབ་ཞིང་བཅུན། །མཐེ་བོང་མཉམ་བསྡམ་ཁུ་ཚུར་དང་། །རྐང་རྟིང་གཤིབ་སྟེ་སོར་བཞིའི་བར། །རྐང་ལག་བར་དུ་མཐོ་གསུམ་ཙམ། །ཁ་སྦྱོར་རླུང་གཉིས་ཡར་ལ་འཐེན། །ཤུགས་བསྐྱེད་འོག་རླུད་སྡིག་ནས་མནན། །དེ་དུས་ལུས་སྦོ་གདན་ལ་སྦྱར། །འཕོངས་དང་རྟིང་པ་སྤྲད་པ་ཡིས། །པུས་མོ་ཕྱིར་བསྒྲད་དྲག་ཏུ་སྤྲུགས། །དམིགས་པ་ཨཾ་ལས་འབར་པའི་མེ། །སྙིང་གར་ཧཱུཾ་བསམ་མེ་རླུང་གཉིས། །འཐབ་ནས་སྙིང་གར་ཡལ་བར་བསམ། བེ་ཏ་གསུམ་ལ་རླུང་གནད་དང་། །དམིགས་པ་འདི་ཀ་བཞིན་དུ་གཅེས། །བྷན་ལྷ་དམ་ཚིག་ཕྱག་རྒྱ་ནི། །དང་པོ་རླུང་གནད་ཁ་སྦྱོར་བཟུང་། །འཕོངས་རྡེབ་སྣ་ནས་སངས་ཀྱིས་འབུད། །དེ་ནས་རླུང་བཟུང་ཧར་ལངས་ནས། །ཆུན་དང་བཅས་ཏེ་སྒུར་ནས་ནི། །ལག་པ་སྒྱིད་ཁུང་ནང་ནས་ཕྱིར། །རྐང་པའི་མཐེ་བོང་བཟུང་ནས་ནི། །ཡར་ལ་ཤུགས་དྲག་འཐེན་པའི་དུས། །གཡས་གཡོན་དབུས་སུ་འཐེན་པ་དང་། །འཇིང་པ་སྒྱིད་པ་གནད་དུ་ཆེ། །ཚུལ་དེ་ལན་འགའ་བྱ་བ་དང་། །དམིགས་པ་བཤང་སྒོ་རྐང་མཐིལ་ནས། །འོད་ཟེར་དཀར་ལྗང་ལུས་པོ་གང་། །སྤྱི་བོར་འཁྱིལ་པ་བ་སྤུ་ར་སྤྲོ། །ཡང་ན་སྤྱི་བོའི་གཙུག་ནས་འདོན། །བྷན་དྷ་གསུམ་ཆར་རླུང་གནད་དང་། །དམིགས་པ་འདི་ཀ་བཞིན་དུ་བྱ། །མགྲིན་པའི་འཁོར་ལོ་མེ་འོད་བསྒོམ། །རླུང་ནི་ཡང་ཡང་ཕྱིར་བསང་བས། །མེ་འོད་སྣ་ནས་རྒྱངས་ཀྱི་སོང་། །རེས་འགའ་མགྲིན་པ་བསྐོར་ཞིང་སྤྲུགས། །བུམ་ཆེན་གེགས་སེལ་བོགས་འདོན་ནམ། །ཕྱག་ཆེན་སྐབས་ཀྱི་གདམས་ངག་ཡིན། །ཨོཾ་གྲོལ་དགུ་སོགས་བྷན་དྷ་གསུམ། །བྷན་དྷ་གཅིག་ཏུ་ཤེས་བྱས་ནས། །རླུང་ཐེངས་བཅུ་གསུམ་གཅུན་རྩ་ལ་བས། །རྩ་རླུང་དྭངས་ཤིང་ཐིག་ལེ་འཕེལ། །ཏིང་འཛིན་ཤུགས་ཀྱིས་སྐྱེ་བ་ནི། །མ་བཅོས་སྐྱོང་པ་ཕྱག་རྒྱ་ཆེ། །རྣམ་གསུམ་དང་པོ་ཙོག་པུར་བྱས། །ལག་གཉིས་བསྣོལ་ནས་པུས་སྟེང་བཞག །རླུང་བཟུང་དེ་ནས་མ་བཅོས་སྐྱོངས།།

༈ དེ་ནས་ནང་གི་འཁྲུལ་འཁོར་ནི། །༼རླུང་གཤད་བྱས་༽ཨཾ་འགྲོལ་ངར་གདོང་བཟུང་ནས་རྡོབ། །བྷེ་དྷ་ཙོག་པུ་པུས་མོའི་ནང་། །ལག་པ་བརྐྱངས་ཏེ་རྐང་མཐེབ་བཟུང་། །སྒུར་ཏེ་ལངས་ནས་འཕོངས་རྡེབ་ཅིང་། །རྟིང་པ་གཤིབ་ནས་གྱེན་དུ་འཐེན། །འཕོངས་བཏེགས་རྟིང་པ་བརྡབ་པར་བྱ། །བྷན་དྷ་ཧར་ལངས་ལུས་སྒུར་ནས། །རྐང་གཉིས་བསྣོལ་ཏེ་ལག་པ་གཉིས། །གླང་པོའི་སྣ་ལྟར་ཆུན་དང་བཅས། །འཐེན་ཆེན་བཟུང་ནས་རྒྱབ་གཤིབ་འཐེན། །ཕྱག་ཆེན་རྡོར་སྐྱིལ་སྙོམས་ཤག་བྱ། །གསང་བའི་ཨཾ་འགྲོལ་ལག་གཉིས་གཅིག །རྒྱབ་ཏུ་བརྐྱངས་པས་འཐེན་བསྣོལ་བྱ། །བྷེ་དྷ་ཕྱི་ནང་འདྲ་བ་ལས། །དལ་བུས་བརྡབ་ པའི་ཁྱད་པར་ཡིན། །བྷན་དྷ་ལག་གཉིས་ཕྱག་རྒྱ་ས། །གནོན་བྱས་རོ་སྟོད་གཡས་གཡོན་དྲག་ཏུ་བཅུན། །ཕྱག་རྒྱ་ཆེན་པོ་མཆོག་སྦྱིན་བྱ། །དེ་ནས་འདྲེན་དང་འགྲམ་པ་ནི། །ཕྱི་ཡི་ཨཾ་འགྲོལ་ལྟ་བུ་ལས། །ལངས་ལ་སྒུར་ཏེ་རྐང་མཐེབ་བཟུང་། །ཧཱུཾ་འདྲེན་གྱེན་བཟློག་ལྕེ་རྐན་སྒྲིལ། །མིག་གཉིས་གྱེན་དུ་དྲག་ཏུ་གཏད། །ཐིག་ལེ་ཡར་དྲངས་སྤྱི་བོར་བསྟིམ། །དེ་རྗེས་ཕབ་ནས་སྐྱིལ་ཀྲུང་བྱས། །རླུང་བཟུང་ལག་གཉིས་ལུས་ཀུན་བསྲུབ། །སིལ་སིལ་སྤྲུགས་པ་གནད་དུ་ཆེ། །དེ་ནི་ལག་གཅིག་མདུན་དུ་བརྐྱངས། །སོར་མོ་གདེངས་དུས་ཕྱོགས་གཅིག་གིས། །ཁུ་ཚུར་རྒྱབ་ཀྱིས་སྐྱེད་ནས་བརྡུངས། །སྒྲ་གཅན་དུས་སུ་ཐོག་མ་རུ། །འཕོངས་བཙུགས་རྐང་བརྐྱངས་འདར་བསྲིལ་སྤྲུགས། །སྟོང་འདྲེན་བྱེད་པ་དགོས་པ་གསུངས་སོ།།

༈ དེ་ནས་ཡན་ལག་འཁྲུལ་འཁོར་ལ། །མགོ་ཡི་འཁྲུལ་འཁོར་རྣམ་བཞི་ནི། །རྡོ་རྗེ་སྐྱིལ་ཀྲུང་ལུས་བསྲངས་ནས། །ལག་པ་མགོ་དང་ལྟག་པ་དང་། །བྱད་རྣམས་བསྲུབ་ཅིང་མཉེད་པར་བྱ། །གཉིས་པ་མིག་ནི་སྡང་མིག་བསྒྲད། །གཡས་གཡོན་སྟེང་འོག་ཀུན་ཏུ་ལྟ། །དྲག་ཏུ་བསྐོར་ཞིང་ལག་མཐིལ་བསྲུབ། །གསུམ་པ་ས་གནོན་གདོང་ཕྱོགས་བཞིར། །ལྟ་ཞིང་མགོ་བོ་དྲག་ཏུ་བསྐོར། །ལག་མཐིལ་མིག་བཙིར་སྟེང་རླུང་བསྡམ། །བཞི་པ་མགོ་བོ་གཡས་གཡོན་དང་། །རྒྱབ་མདུན་དགྱེད་དགུག་ལན་གསུམ་བྱ།
།ལག་པའི་འཁྲུལ་འཁོར་རྣམ་གསུམ་ནི། །སེམས་སྐྱིལ་ལག་མགོ་བརླ་ཁུང་བཙུགས། །དཔུང་པ་བསྒྲེངས་ཤིང་གཡས་གཡོན་དབུས། །ཕྱི་ནང་དྲག་ཏུ་བགོ་བར་བྱ། །དེ་ནས་ལག་གཉིས་རེས་མོས་ཀྱི། །ཕར་རྐྱང་ཁུ་ཚུར་ཚུར་ལ་བསྐུམས། །གཉིས་ཀ་དུས་གཅིག་དྲག་ཏུ་སྤྲུགས། །བརྒྱངས་ནས་སོར་རྩེར་དྲག་ཏུ་ལྟང་། །མགོ་བོ་དཔུང་པ་དག་ལ་སྦྱར།།

༈ དེ་ལྟར་རོ་སྟོད་འཁྲུལ་འཁོར་ནི། །སེམས་དཀྱིལ་ས་ནོན་གཡས་གཡོན་དབུས། །གཅུ་ཞིང་སྒྱེད་ནས་སོར་མོ་བསྣོལ། །ནུ་མ་གཡས་གཡོན་དེ་ཡི་དབུས། །ལན་གསུམ་རྡེབས་དང་ལྟེ་བའི་ཐད། །གཡས་གཡོན་དབུས་སུ་དེ་བཞིན་བྱ།
།འཕོ་བའི་འཁྲུལ་འཁོར་རྣམ་གསུམ་ནི། །སྐེད་བསྐོར་བརྡུང་བ་རྣམ་གསུམ་ལས། །ལངས་ནས་སོར་བསྣོལ་ཕོ་བ་མཉེ། །སྐྱིལ་ཀྲུང་ཕོ་བ་གཡས་གཡོན་དུ། །རླུང་བསྐོར་དྲག་ཏུ་སྤྲུགས་པར་བྱ། །ལངས་ནས་ཕོ་བ་རླུང་བཀང་ནས། །སོར་བསྣོལ་ལྟེ་བ་དྲག་ཏུ་བསྡིག
།རྐང་པའི་འཁྲུལ་འཁོར་རྣམ་གཉིས་ནི། །ལངས་འདུག་སྙིང་གར་རྐང་པ་གཉིས། །ཕར་བརྐྱངས་བསྐུམ་དུས་རྐང་པ་ཡང་། །བརྐྱང་བསྐུམ་བྱེད་ཅིང་འཕོངས་ལ་རྡེབས། །འདི་ཉིད་ཁོ་ན་ཉམས་ལེན་ཆེ། །ཛི་ཏ་ཀརྨ་སྔོན་དུ་བཏང་། །ཨཾ་འགྲོལ་གཅིག་དང་བྷན་དྷ་གཅིག །བྷན་ཏ་ཕྱག་ཆེན་གང་རུང་སྟེ། །གང་རུང་རྒྱབ་ནས་དེ་ཡི་རྗེས། །རེ་རེའི་བར་དུ་སྒྲ་གཅན་དང་། །འདྲེས་པ་རྣམ་གཉིས་ལན་རེ་བྱ། །མཇུག་ཏུ་མགོ་བོའི་འཁྲུལ་འཁོར་ནས། །རྐང་པའི་བར་གྱི་སྦུགས་མཉེ་རྣམས། །ཡི་གེ་ཚར་གཅིག་རྫོ་གས་པར་བྱ། །ཐུན་མགོ་ཐུན་མཇུག་གང་རུང་དུ། །སོ་གཉིས་ཡོངས་རྫོགས་ལན་རེ་བྱ། །འདི་སྐབས་གནད་རྣམས་ཐར་རྒྱས་ནས། །སྙན་བརྒྱུད་ཡི་གེའི་ནང་བཞིན་དུ། །བླ་མའི་ཞལ་ལས་ཉན་པར་བྱ། །གདམས་ངག་གཞན་མ་མ་ལྟོས་པར། །འདི་ཉིད་ཁོ་ནས་རང་སེམས་ཀྱིས། །གནས་ལུགས་རྗེན་མཐོང་ཕྱག་རྒྱ་ཆེ། །རྟོགས་པ་བླ་མ་བརྒྱུད་པའི་གསུང་། །དཔལ་ལྡན་ཤངས་པའི་བསྒོམ་ཆེན་ཚོ། །རི་ཁར་མ་ཁྱུང་ཚོ། མི་ཚེ་ལ་སྐྱེལ་བརྩོན་འགྲུས་ཀྱིས། །ཆོས་དྲུག་ཕྱག་ཆེན་འདི་གསུམ་ལ། །སྐལ་བ་གྱིས་ཤིག་རྣལ་འབྱོར་ཚོ།

Lineage prayer
།གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས།
།རྩ་རླུང་ལས་སུ་རུང་བར་བྱིན་གྱིས་རློབས། །བྱང་སེམས་བདེ་ཆེན་འཕེལ་བར་མཛད་དུ་གསོལ།
གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །བཅོམ་ལྡན་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས།
།རྩ་རླུང་ལས་རུང་བར་བྱིན་གྱིས་རློབས། །བྱང་སེམས་བདེ་ཆེན་འཕེལ་བར་མཛད་དུ་གསོལ།
།གནས་ཨོ་རྒྱན་མཁའ་འགྲོའི་ཕོ་བྲང་དུ། །སློབ་དཔོན་བིར་ཝ་ནག་པོ་ལ་གསོལ་བ་འདེབས།
།རྩ་རླུང་ལས་སུ་རུང་བར་བྱིན་གྱིས་རློབས། །བྱང་སེམས་བདེ་ཆེན་འཕེལ་བར་༴
།ཡུལ་ཕྲེང་བ་ཅན་གྱི་དུར་ཁྲོད་དུ། །སློབ་དཔོན་དུར་ཁྲོད་ནག་པོ་ལ་གསོལ་བ་འདེབས།
།རྩ་རླུང་ལས་སུ་རུང་བར་བྱིན༴ །བྱང་སེམས་བདེ་ཆེན་འཕེལ་བར༴
།གནས་ཨུ་ཏྲི་བྷི་ཤིའི་དུར་ཁྲོད་དུ། །སློབ་དཔོན་བྲམ་ཟེ་ནག་པོ་ལ་གསོལ་བ༴
།རྩ་རླུང་ལས་སུ་རུང་བར་བྱིན༴ །བྱང་སེམས་བདེ་ཆེན་འཕེལ་བར༴
།ཡུལ་བྷ་གའི་བྱང་ཕྱོགས་ངེས་མེད་དུ། །གྲུབ་ཐོབ་ལ་སྟོད་མགོན་པོ་ལ་པོ་ལ་གསོལ་བ༴
།རྩ་རླུང་ལས་སུ་རུང་བར་བྱིན༴ །བྱང་སེམས་བདེ་ཆེན་འཕེལ་ལར༴
།གནས་རི་གོང་དཔལ་གྱི་ཡང་དགོན་དུ། །གཉན་སྟོན་སྦས་པའི་སངས་རྒྱས་ལ༴
།རྩ་རླུང་ལས་སུ་རུང་བར་བྱིན༴ །བྱང་སེམས་བདེ་ཆེན་འཕེལ་བར་མཛད་དུ་གསོལ།
།རྗེ་དྲུང་ཉིད་ཆེན་པོའི་གདན་ས་རུ། །འགྲོ་མགོན་སངས་རྒྱས་སྟོན་པ་ལ་གསོལ་བ་འདེབས།
།ཙ་རླུང་ལས་སུ་རུང་བར་བྱིན་གྱིས་རློབས། །བྱང་སེམས་བདེ་ཆེན་འཕེལ་བར་མཛད་དུ་གསོལ།།
འདི་མན་ནི་གུའི་བརྒྱུད་འདེབས་རིགས་འགྲེས་སོ།།