'chi med grub pa'i 'khrul 'khor sum cu rtsa gnyis kyi lag len

From Shangpa Resource Center








Resource ID SCv7p267
Title 'chi med grub pa'i 'khrul 'khor sum cu rtsa gnyis kyi lag len gsal byed nyi ma
Topics Immortality
Sub-Topics Virupa
Author Sangyé Tönpa
Associated Person Virupa
Link BDRC W23922
BDRC W23922
BDRC W4CZ58783 (p.293)
BDRC W3CN18508 (v2p.220)
BDRC W8LS32725 (p.97)
BDRC W22103 (p.427)

༄༅། །འཆི་མེད་གྲུབ་པའི་འཁྲུལ་འཁོར་སུམ་ཅུ་རྩ་གཉིས་ཀྱི་ལག་ལེན་གསལ་བྱེད་ཉི་མ་བཞུགས་སོ།།

བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ།
།བདེ་ཆེན་རྒྱལ་པོ་ལྷུན་གྲུབ་འདུས་མ་བྱས། །ལོངས་སྤྱོད་རྫོགས་སྐུ་རྡོ་རྗེ་འཆང་ཆེན་དང་།
།ནུས་པ་མཐར་ཕྱིན་རྟོགས་པ་མཆོག་གྱུར་པའི། །རྣལ་འབྱོར་དབང་ཕྱུག་དཔལ་ལྡན་བིརྺ་དང་།
།དངོས་གྲུབ་ཀུན་བརྙེས་ལུས་སེམས་འཆི་མེད་གྱུར། །ཀུན་གྱིས་མཆོད་བསྟོད་བྲམ་ཟེ་ནག་པོ་དང་།
།ཡི་དམ་མཁའ་འགྲོས་བར་དོར་སངས་རྒྱ་བར། །དངོས་སུ་ལུང་བསྟན་དུར་ཁྲོད་ནག་པོ་དང་།
།བདེ་ཆེན་ཕྱག་རྒྱསཉོན་མེངས་རྩ་མདུད་བཀྲོལ། །ཟག་མེད་རབ་རྒྱས་ལ་སྟོད་མགོན་པོ་དང་།
།གང་ལ་ཐོགས་མེད་གནམ་ལྕགས་འབརབ་ཡང་། །མེ་ཏོག་རྒྱན་གྱུར་སངས་རྒྱས་གཉན་སྟོན་དང་།
༼།བླ་མས་བྱིན་རླབས་ཆིག་རྒྱུད་རྒྱལ་བ་ཟིན། །རིམ་ལྔ་མངོན་གྱུར་སངས་རྒྱས་སྟོན་པ་དང་།༽
།དུས་གསུམ་སངས་རྒྱས་བླ་མའི་ཞབས་པད་ལ། །ལུས་ངག་ཡིད་གསུམ་དང་ཞིང་གུས་བཏུད་ནས།
།བརྗོད་བྱའི་སྙིང་པོ་ལུས་སེམས་འཆི་མེད་ཀྱི། །སངས་རྒྱས་ཚེ་འདིར་ངེས་པར་འགྲུབ་བྱེད་ཅིང་།
།ཉེས་སྐྱོན་ཀུན་སེལ་ཡོན་ཏན་རབ་རྫོགས་པའི། །འཆི་མེད་གྲུབ་པའི་འཁྲུལ་འཁོར་བདུད་རྩི་འདི།
༼ལུས་སེམས་གཉིས་ནད་དང་ཉོན་མོངས་རྣམས་ཞི་བར་བྱེད་པ།༽
།སློབ་མ་མཆོག་གིས་གསོལ་བ་བཏབ་པའི་ངོར། །དབྲི་བསྣན་མེད་པར་བླ་མའི་གསུང་བཞིན་བྲི།
།དེ་ལ་རྗེ་བཙུན་བིརྺ་པའི། །ཐུན་མོང་མ་ཡིན་གདམས་པའི་མཆོག །༼འཆི་མེད་རྩ་བ་ལས།༽ཕྱག་རྒྱ་ཆེན་པོ་རྣམ་བཤད་པ། །༼སྔེ་བཞི།༽རྒྱུད་རྣམས་ཀུན་ཏུ་སྦས་པའི་དོན། །མི་ནི་༼དབང་ཐོབ་པ།༽གང་གིས་ཐོབ་པ་༼འཆི་མེད་འདི།༽ཡི། །༼ཀླུ་གནོད་སྦྱིན།༽ལྷ་རྣམས་ཀུན་གྱིས་མཆོད་༼ཅིང་བསྟོད།༽པར་འགྱུར། །སྐྱེ་བ་བྱེ་བ་སྟོང་དག་ཏུ། །ལེགས་ལས་༼བསོད་ནམས།༽རྒྱ་ཆེན་རྣམས་བྱས་པས། །༼འཆི་མེད།༽དེ་ཐོས་འཁོར་བའི་རྒྱ་མཚོ་ལས། །༼མྱ་ངན་འདས་ཀྱི་སྐམ་པ་ཉིད།༽ཕ་རོལ་དུ་ནི་རྣལ་འབྱོར་འགྲོ། །ཆོས་དང་ལོངས་སྤྱོད་སྤྲུལ་པ་དང་། །༼སྐུ་གསུམ་དབྱེར་མེད།༽བདེ་ཆེན་ཚེ་འདིར་ཐོབ་པར་འགྱུར། །༼གང་ཟག་༽གང་ཞིག་དད་དང་བརྩོན་འགྲུས་ལྡན། །༼ཆ་་་་༽བློ་ལྡན་དབང་༼བཞི།༽རྫོགས་༼པར་༽ལེགས་ཐོབ་ཅིང་། །ཁྱད་པར་འདིར་ནི་༼འཆི་མེད་ཀྱི།༽དབང་ཐོབ་པས། །༼གསང་སྔགས་ཀྱི་ཉིང་ཁུ།༽ལམ་༼འཆི་མེད།༽འདི་ལ་ནི་འབད་༼བརྩོན་པས།༽པར་བྱ། །འཆི་མེད་གྲུབ་པའི་འཁྲུལ་འཁོར་༼གསུམ་སྟེ།༽ལ། །༼རླུང་རེངས་འདུལ་བ་གཅིག༽སྔོན་འགྲོ་༼བཅུ་གཉིས།༽རྩ་བ་ཡན་ལག་༼བཅུ་དགུ།༽གོ
༼སོ་གཉིས་པོ་ཀུན་གྱི་དང་པོ།༽འཁྲུལ་འཁོར་ཀུན་གྱི་སྔོན་འགྲོ་བའི། །རླུང་རེངས་འདུལ་བ་འདི་བཞིན་བྱ། །༼ཁྲུས་དང་།༽ཕྱི་ནང་བདུད་རྩིའི་༼མི་བསྐྱོད་པ།༽ཁྲུས་བྱས་ལ། །སྟན་ལ་གར་སྟབས་ལངས་བྱས་ནས། །༼རྐང་པ།༽གཡོན་པའི་བརླ་ལ་གཡས་པ་ཡི། །རྐང་པའི་མཐིལ་ནི་སྦྱར་བྱས་ཏེ། །དེ་བཞིན་གཡས་ལའང་ཤེས་པར་བྱ། །༼དེ་ནས།༽ཞུན་ཆེན་༼དང་།༽འབྲུ་མར་ལ་སོགས་པ། །༼རང་གི་༽ལག་པའི་མཐིལ་༼གཡས་གཡོན་༽དུ་བླུག་བྱས་ནས། །རླུང་༼གཉིས་ཁ་སྦྱོར།༽གི་སྦྱོར་བ་ལེགས་ལྡན་པ། །སྤྱི་བོའི་གཙུག་ནས་རྐང་མཐིལ་༼གཉིས་ཀྱི།༽བར། །ལུས་ཀུན་ལ་ནི་ཁྱབ་པར་བྱུག །རྩ་༼ཁྱད་པར་དུ།༽རྣམས་འདུས་པར་ནན་ཏན་བསྐྱེད༼ལ་བྱུག་གོ་དེ་ཡང་རླུང་གཉིས་སྦྱར་བས།༽། །ཤུགས་དང་ལྡན་པ་ཤིན་ཏུ་གཅེས། །༼ལག་པས།༽རང་གི་ལུས་ཀུན་༼ལ།༽མ་ཁྱབ་ན། །ཕྱག་རྒྱ་༼མ།༽ལ་སོགས་༼པས་ཁྱབ་པར།༽བྱུག་པར་བྱ། །༼འཁྲུལ་འཁོར།༽དེས་ནི་རླུང་རེངས་གཞིལ་བ་སྟེ།
༼ཕན་ཡོན་ནི།༽ལུས་མཉེན་ཞིང་བལ་ལྟ་བུར་ཡང་༼བ་དང་༽། །ཟས་༼ཅི་ཟོས།༽རྣམས་འཇུ་ཞིང་དྭངས་༼ཟས་དང་ཁམས།༽སྙིགས་འབྱེད༼པ་དང་།༽། །ལུས་ཀྱི་མདངས་༼མེ་ཏོག་ལྟར།༽གསལ་༼བ་དང་།༽ཐིག་ལེ་འཕེལ༼བ་དང་།༽། །རྩ་རླུང་ཐིག་ལེའི་ཟུག་རྣམས་སེལ། །༼མདོར་ན།༽བགེགས་རྣམས་ཐམས་ཅད་རང་དག་༼ཏུ་འགྲོ་བར།༽འགྱུར།
༼རླུང་རེངས་གཞིལ་བའི།༽སྟོབས་ཀྱི་འཁྲུལ་འཁོར་འདི་ཡི་ནི། །སྟེང་དུ་ལྷའི་འཇིག་རྟེན་༼ཐམས་ཅད།༽བསྐྲག༼པར་བྱེད།༽ །རྐང་པ་འོག་ཏུ་བརྐྱང་པ་ཡི། །ཀླུ་༼དང་ས་བདག་ལ་སོགས།༽རྣམས་༼ཀུན་༽ཀྱང་བསྐྲག་པར་བྱེད།
།ལག་པ་བརྐྱང་བསྐུམ་འདི་ཡིས་ནི། །ཕྱོགས་བཞི་དག་ཀྱང་གཡོ་བར་བྱེད༼པ་དང་གནོད་བྱེད་ཐམས་ཅད་བསྐྲད་ཅིང་བསྲུང་བར་འགྱུར་རོ།༽། །འདི་ནི་རྫ་ཧི་ཏའི་སྐར་མའོ།
།དེ་ནས་༼གཉིས་པ།༽རྩ་བའི་འཁྲུལ་འཁོར་བཤད༼པ་ནི༽། །ཨང་གྲོལ་ལས་ཀྱི་ཕྱག་རྒྱ་དང་༼གཅིག༽། །བེ་ཏ་ཆོས་ཀྱི་ཕྱག་རྒྱ་༼དང་གཉིས།༽སྟེ། །བྷན་དྷ་དམ་ཚིག་ཕྱག་རྒྱ་༼གསུམ་མོ།༽དང་། །ཕྱག་རྒྱ་ཆེ་དང་རྣམ་བཞིའོ། །དེ་ལ་ཕྱི་༼དང་།༽ནང་༼དང་།༽གསང་༼བ་དང་།༽གསུམ་སྟེ༼ཕྱགརྒྱ་ཆེ་དང་བཞི།༽། །རེ་རེ་ལའང་བཞི་བཞིར་༼དྲིལ་བས་བཅུ་གཉིས་སུ།༽འདོད།
།དང་པོ་ཕྱིའི་འཁྲུལ་འཁོར་གྱིས། །༼དང་པོ།༽ཨང་གྲོལ་ལས་ཀྱི་ཕྱག་རྒྱ་ནི། །བདེ་བའི་སྟན་ལ་སྒལ་ཚིགས་བསྲང་༼ནས་སྐང་པ།༽། །གཡོན་པའི་རྟིང་པས་གཤང་ལམ་༼ཅིང་རྡོ་རྗེའི།༽དགག །རྩ་བ་དམ་དུ་མནན་པར་བྱ༼ས་པའི།༽། །རྩ་སྒོ་གཉིས་ནི་༼རྟིང་པས་༽དམ་དུ་བསྡམ༼ཞིང་གནོན་རེས་ནས།༽། །རྐང་གཡས་༼བསྟན་ལ།༽ཅུང་ཟད་བརྐྱང་བྱས་པའི། །མཐེབ་ཆེན་ལག་པ་གཡས་༼ཀྱི་འཐེབ་མཛུབ་གུང་གསུམ།༽ཀྱིས་བཟུང་༼ནས་རྐང་གཡས།༽། །ཅུང་ཟད་གྱེན་དུ་བཀན་པར་བྱ། །༼དེ་ནས།༽ལག་པ་གཡོན་པས་༼རྐང་གཡས།༽བོལ་གོང་ནས། །བཟུང་ལ་རླུང་༼ལན་གསུམ།༽རོ་དྲག་ཏུ་འབུད༼དེ་ལྟར་བྱས་པས།༽། །ཁམས་འདུས་མི་འབྱུང་དགོས་པ་ཡོད། །གཡས་གཡོན་༼རོ་རྐྱང༽གཉིས་ནས་རླུང་༼བར་དུ།༽རྔུབས་ནས། །དབུ་མའི་སྒོ་རུ་བཙུད་བྱས་པས། །༼ཉོན་མོངས་པའི།༽ཞེན་པ་དང་ནི་གདུང་བ་སྤོང་། །༼གང་ཞེན།༽དགོས་པ་རྩ་གསུམ་དབང་དུ་སྡུད། །གསུམ་པོ་གཅིག་༼དབུ་མར་༽ཏུ་གྱུར་པ་ཡི། །ཕྱག་རྒྱ་ཆེན་པོ་འགྲུབ་པར་འགྱུར༼རོ།༽། །དེ་ལྟར་འཁྲུལ་འཁོར་ཐམས་ཅད་ལ། །༼རླུར་རོ་ཕྱིར་འབུད་ནང་དུ་རྔུབས་གཉིས་ལ།༽མཁས་པས་དབང་གིས་ཤེས་པར་བགྱི།༼ས་ཤིག༽ །དེ་ནས་མགྲིན་པ་དགུག་བྱས་ལ། །སྟེང་འོག་རླུང་གཉིས་ཁ་སྦྱརནས། །ཡར་ལ་ཐེན་པ་དྲག་ཏུ་བསྡིག །ཇི་སྲིད་༼རླུང་།༽ཐུབ་ཚད་བར་དུའོ། །ཉི་ཟླ་གཉིས་ནི་བཅག་པར་༼ཞེས་ཀྱང་།༽བྱ། །སྒོ་དགུ་དག་པའི་སྦྱོར་༼ཞེས་ཀྱང་བྱ།༽བའོ།
༼ཕྱིའི།༽བེ་ཏ་ཆོས་ཀྱི་ཕྱག་རྒྱ་ནི། །ལུས་བསྒྱུར་རྐང་གཉིས་༼སྟན་ལ།༽གཤིབས་པའི་བར༼དུ་རང་གི༽། །སོར་ལྔ་དག་གི་ཚད་ཙམ་བཞག༼ནས།༽ །རྐང་པའ་བྲང་པ་༼གཉིས་དང་།༽སོར་མོ་རྣམས། །ས་ལ་སྙོམས་ཤིང་བརྟན་པར་གཟུགས།
།ཐབས་༼དེ་ནས་ལག་གཡས།༽དང་༼ལག་གཡོན།༽ཤེས་རབ་ཚུལ་གྱི་ནི། །ལག་པས་ལིང་ག་བསྡམ་པར་བྱ། །༼སྟེ་ཚུལ་ཇི་ལྟར་ན། ལག་པ།༽གཡོན་པས་གཡས་པའི་མཐེབ་ཆེན་མནན། །རྐང་ལག་བར་༼གཉིས་ཀྱི་བར་དུ་རང་གི་༽དུ་མཐོ་གསུམ་མོ། །༼ལག་གཉིས་བར་དུ།༽དེ་ནས་མགོ་བོ་དགུག་བྱ་སྟེ།
༼འཕོངས།༽ཡར་ལ་དལ་བུས་ཐེན་ནས་ནི། །འཕོངས་དང་བརླ་༼ཤ་༽གཉིས་བྱིན་༼པ་དང་།༽རྟིང་༼པ།༽ལ། །༼རྐང་པ་སལ།༽བརྟན་པར་༼འཕོངས་བྱིན་རྟིང་མ།༽དྲག་ཏུ་བརྡབ་པར་བྱ། །ཇི་སྲིད་ཐུབ་ཚད་བར་དུ་སྤྲུག །༼རྩ་བ་ལས།༽རླུང་གི་རླུང་ནི་བཤིག་པར་བྱེད། །རླུང་གིས་རླུང་ལ་བསྣུན་པར་བྱེད། །རླུང་གིས་རླུང་ནི་གསད་པར་བྱེད། །རླུང་གིས་ཡོངས་ལ་ཁྱབ་པ་ཡི། །རླུང་གིས་དངོས་གྲུབ་ཐམས་ཅད་འབྱིན། །རླུང་གིས་༼ལུས་སེམས་གཉིས།༽འཆི་བ་མེད་པར་འགྱུར། །དེས་ན་འཆི་མེད་གྲུབ་པ་ཞེས། །བིརྺ་པ་ཡིས་གསུངས་པ་ཡིན།
།བྷན་དྷ་དམ་ཚིག་ཕྱག་རྒྱ་ཡི། །རྐང་པའི་༼གཉིས་ཀྱི།༽བར་དུ་ཁྲུ་གང་གཞལ། །༼དེ་ནས།༽ལག་གཉིས་རྐང་པའི་ནང་ནས་ཕྱིར། །འཁྱུད་པས་རྐང་པའི་མཐེབ་ཆེན་གཉིས། །ལག་པའི་གུང་མཛུབ་མཐེ་༼གསུམ་གྱི།༽བོས་བཟུང་༼ནས།༽། །ལངས་ནས་མགོ་༼གསང་གནས་ཐད་དཀར།༽བོ་དགུག་བྱ་སྟེ། །ལུས་པོ་དྲག་ཏུ་༼གཡས་གཡོན་དུ།༽བཅུད་ལ་བོར། །༼འོག་རླུང་དྲག་ཏུ་བསྐུམ་པས།༽བཤང་ལམ་འཁོར་ལོ་གྱེན་ལ་བཟློག །༼དེ་ནས།༽རྩ་དང་ཐིག་ལེ་གྱེན་༼ཤུགས་ཀྱི་༽ལ་ཕྱོགས༼ནས་སྟེང་དུ་འགྲོ།༽
།ནད་༼རླུང་སོགས།༽རྣམས་ཐམས་ཅད་བཅོམ་ནས་ནི། །༼མཐར་ཐུག༽ཕྱག་རྒྱ་ཆེན་པོའི་དོན་ཡང་རྫོགས༼པར་འགྱུར་རོ།༽། །༼དཔེར་ན།༽ཇི་ལྟར་བར་སྣང་ནམ་མཁའ་ལ། །སྤྲིན་ཚོགས་འབར་བ་འཁྲིགས་པ་དེ། །རླུང་གི་ཤུགས་ཀྱིས་༼རང་བཞིན་མེད་པར།༽གཏོར་བ་ལྟར།
།དེ་ལྟར་༼དེ་ལྟར་འབྱུང་བཞིས་བསྡུས་པའི།༽ལུས་འདི་དག་ཀྱང་ནི། །༼སྤྲིན་འདུ་བའི།༽ནད་ཀྱིས་ཡོངས་སུ་གོས་གྱུར་ཀྱང་། །༼འཁྲུལ་འཁོར།༽ཐབས་ཀྱི་རླུང་གིས་༼ནད་གདོན་ཐམས་ཅད།༽གཞོམ་པར་བྱ།
༼ཕྱིའི།༽ཕྱག་རྒྱ་ཆེན་པོ་བསྟན་པ་ནི། །རྐང་པ་ཅུང་ཟད་བསྣོལ་བྱས་ནས། །སྒལ་ཚིགས་བསྲངས་ལ་ཙོག་བུ་༼ཅུང་ཟད།༽བྱ། །ལག་གཉིས་པུས་མོའི་སྟེང་དུ་བསྣོལ༼བའི།༽། །མཐེབ་ཆེན་༼གཉིས་ཀྱི།༽སྦོ་ཤ་༼འི་རྩ།༽གཡས་གཡོན་༼གཉིས།༽མནན༼ནས།༽། །རླུང་གི་བག་ཙམ་བཟུང་བར་བྱ། །༼འཁྲུལ་འཁོར་གྱི།༽དབང་པོ་ངལ་ཞིང་ངུབ་པའི་ཚེ། །རྩེ་གཅིག་༼ཡེངས་མེད་དུ།༽སེམས་༼བསྒོམ་མེད།༽ཀྱི་ངང་དུ་བཞག
།ཡིད་ལ་མི་བྱེད་ཕྱག་རྒྱ་ཆེ༼ན་པོ་དེ་ནི།༽། །༼འཁྲུལ་འཁོར།༽འདི་ཡི་སྟོབས་ཀྱིས་འབྱུང་བར་འགྱུར། །༼གསུམ་གསུམ་རེ།༽ཨང་གྲོལ་དགུ་ལ་བེ་ཏ་༼རེ་རེ་རེ།༽གསུམ། །བྷན་དྷ་གཅིག་༼སྟེང་རླུང་ཐེབས་བཅུ་གསུམ་གསད་པ་ཉིད།༽ཏུ་ཤེས་པར་བྱ། །དེ་ལྟར་རྩེ་གཅིག་ཉམས་༼སུ་༽བླངས་པས། །རགས་པ་ཉོན་མོངས་རླུང་༼རྣམས།༽ཐུལ་ཏེ། །ལས་ཀྱི་རླུང་རྣམས་༼ཡེ་ཤེས་ཀྱི་རླུང་གིས།༽གསོད་པ་ཡིས། །༼ཕྱིས།༽ནད་གདོན་༼གྱིས།༽མི་ཚུགས་༼སྔར་བྱུང་པ་ཐམས་ཅད།༽འཇོམས་པར་བྱེད། །ལུས་༼ཤིང་བལ་ལྟར།༽ཡང་མདངས་༼མེ་ཏོག་ལྟར།༽གསལ་ཟོ་མདོག་༼ཤིན་ཏུ།༽བདེ། །ཐིག་ལེ་འཕེལ་བས་ལུས་སྟོབས་རྒྱས། །ཕྲ་རླུང་༼ཐམས་ཅད།༽རང་གནས་༼སུ།༽དག་པ་ཡིས། །ཡེ་ཤེས་རླུང་རྒྱས་༼པས།༽ཟག་མེད་ཀྱི། །བདེ་བ་ཕྱོགས་མེད་རྒྱས་པར་འགྱུར༼རོ།༽། །ལུས་ནི་འཆི་མེད་ཉི་ཟླ་བཞིན༼དུ་འགྱུར།༽། །སེམས་ནི་འཆི་མེད་ཕྱག་རྒྱ་ཆེ༼བློས་མ་བྱས་པའི་རངཤར།༽། །༼དེ།༽འདི་ལས་འབྱུང་གི་༼ཐབས།༽གཞན་༼གང་།༽གྱིས་༼ཀྱང་།༽མིན༼ནོ།༽། །༼ཞག་དང་།༽ལོ་ཟླས་བོགས་ཐོན་༼ནས།༽སངས་རྒྱ་བ༼བར་བྱེད་པ།༽། །མཚན་༼ཆགས་ལམ་ས་མུ་དྲ།༽ལྡན་རྩ་༼བརྟེན་ན།༽ལས་རྟོགས་༼མྱུར་དུ།༽པར་བྱ༼འོ།༽། །ཡང་ན་༼གྲོལ་ལམས།༽འོག་རླུང་༼འབྱེད་འཛུམ་གྱི།༽གནད་ཀྱིས་སོ། །འཆི་མེད་༼འཁྲུལ་འཁོར།༽ལག་སྣེ་༼དང་།༽བཅུད་༼ཐམས་ཅད།༽བསྡུས་པ། །རླུང་ཐེབས་བཅུ་གསུམ་གསད་པ་འདི༼ཡིན་ནོ།༽། །༼དེ་བླ་མ།༽བྲམ་ཟེ་ནག་པོའི་ཁྱད་ཆོས་ཏེ། །༼བླ་མ།༽དེ་ཉིད་མཚན་ལྡན་ལྔ་བཅུར་བཅས༼ནས།༽། །ལུས་༼དང་།༽སེམས་༼གཉིས།༽འཆི་མེད་གྱུར་ནས་ཀྱང་། །མཐར་ཐུགས་བདེ་སྟོང་དབྱེར་མེད་མཆོག༼རྟོགས་ནས་ཀྱང་།༽ །དག་པ་མཁའ་སྤྱོད་གནས་སུ་གཤེགས། །དེ་རྣམས་ཕྱི་ཡི་འཁྲུལ་འཁོར་༼བཞི་ཡིན་ནོ།༽རོ།
།དེ་ནས་༼གཉིས་པ།༽ནང་གི་འཁྲུལ་འཁོར་༼བཞི།༽བཤད། །ཨང་གྲོལ་༼ལས་ཀྱི་ཕྱག་རྒྱ་ལ།༽སྐྱིལ་ཀྲུང་སྒལ་ཚིགས་བསྲང་། །ལག་གཉིས་བསྣོལ་ལ་ངར་༼རྐང་པའི།༽གདོང་ངམ། །ཡང་ན་བོལ་གོང་དག་ནས་བཟུང་། །༼ཕྱིའི་ཨང་གྲོལ།༽གོང་བཞིན་དྲག་ཏུ་བརྡིག་པར་བྱ།
།བེ་ཏ་ཆོས་ཀྱི་ཕྱག་རྒྱ་ནི། །རྐང་མཐིལ་གཉིས་གཤིབས་༼རྟིང་པ་གཉིས།༽ས་ལ་བཞག །པུས་མོ་རྩོག་པུ་ཅུང་ཟད་བྱ། །རྐང་པའི་བར་དུ་ལག་གཉིས་བརྐྱང་། ༼བརྐྱང་ནས་ལག་པའི།༽།མཐེབ་འཛུབ་༼གྲང་གསུམ་གྱི།༽རྐང་འཐེབ་གཉིས་བཟུང་ནས། །རྟིང་པ་༼གཉིས་སོ།༽སྤྲད་ནས་མ་བྲལ་བར། །༼རྐེད་པ་གཉིས་ལ།༽འཕོངས་དང་རྟིང་པ་༼གཉིས་པོ།༽རེ་མོས་ཀྱིས། །ས་ནས་བཏེག་ལ་༼ས་ལ།༽བརྡབ་པར་བྱ༼འོ།༽། །སྔགས་དང་ཕ་རོལ་ཕྱིན་པ་ཡི། །ལམ་མཆོག་༼ཐམསཅད།༽ཆིག་རྫོགས་དག་ཏུ་༼གྲུབ་བར།༽འདོད། །༼བླ་མ།༽དུར་ཁྲོད་ནག་པོའི་མུ་དྲ་ཡིས། །༼ལམ་མཆོག་ཆིག་རྫོགས།༽དེ་ཉིད་གཅིག་པུ་ཉམས་བླངས་པས། །ལུས་སེམས་༼གཉིས།༽འཆི་མེད་གྱུར་ནས་ཀྱང་། །སློབ་མའི་ཚོགས་བཅས་༼དག་པའི།༽མཁའ་ལ་གཤེགས༼པར་གྱུར་རོ།༽། །དུས་དེར་བཅུ་གསུམ་ས་ཐོབ་གྱུར༼པར་གྱུར་རོ།༽
།བྷན་དྷ་དམ་ཚིག་ཕྱག་རྒྱ་ནི། །༼སྟན་ལས།༽ལངས་ལ་རྐང་༼པ་གཉིས།༽གཡོན་གཡས་པས་མནན༼ནས།༽། །ཅུང་ཟད་བསྣོལ་ལ་རྐང་མཐིལ་གཉིས༼པ།༽། །ས་ལ་མཉམ་བཞག་བརྟན་བྱས་ནས། །རོ་སྟོད་གླང་ཆེན་སྣ་ལྟར་༼འཐུར་དུ།༽དགུག །ལག་གཉིས་བསྣོལ་ལ་རྐང་པ་ཡི། །མཐེབ་ཆེན་གཉིས་པོ་བཟུང་བྱས་ནས། །འོག་རླུང་དྲག་ཏུ་བསྐུམ་ལ་༼གྱེན་དུ།༽གདོན༼ནོ།༽། །ཕྱག་རྒྱ་ཆེ་ལ་སྒལ་ཚིགས་བསྲང་། །༼རྡོ་རྗེ།༽སྐྱིལ་ཀྲུང་ལྟེ་འོག་༼ཏུ་ལག་པ།༽མཉམ་བཞག་གི །ཕྱག་རྒྱ་ངང་པའི་གཤོགས་པ་ལྟར། །དཔུང་པ་གཉིས་ནི་བརྐྱང་བྱས་ནས། །རླུང་ནི་བག་ཙམ་བཟུང་བྱས་ཏེ། །ཡིད་ལ་མི་བྱེད་༼ཕྱག་རྒྱ་ཆེན་པོའི།༽ངང་ལ་བཞག །༼དེ་རྣམས།༽ནང་གི་ཕྱག་རྒྱ་རྣམ་བཞིའོ། །ད་ནས་གསང་བ་༼འི་ཕྱག་རྒྱ།༽བཤད་པར་བྱ། །ཨང་གྲོལ་༼ལས་ཀྱི་ཕྱག་རྒྱ་ལ།༽སྐྱིལ་ཀྲུང་ལུས་བསྲངས་ནས། །ལག་གཉིས་བརྐྱང་ལ་རྒྱབ་ཏུ་བསྣོལ༼ཏེ་ལག་མཐིལ།༽། །གཡོན་པའི་སྟེང་དུ་གཡས་བཞག་སྟེ། །༼ཕྱི་ནང་གི་ཨང་གྲོལ།༽གོང་བཞིན་དྲག་ཏུ་བརྡིགས་པར་བྱ༼འོ།༽
།བེ་ཏ་ཆོས་ཀྱི་ཕྱག་རྒྱ་ནི། །ཕྱི་༼འི་བྷེ་ཏ།༽དང་ལུས་གནད་འདྲ་བ་ལས། །ཅུང་ཟད་༼གྱེན་དུ།༽ཐེན་ཞིང་༼མར་ལ།༽ཆུང་ངུ་བརྡབ། །དེ་ཡང་དལ་ཞིང་བརྟན་པར་༼བྱ་བ་ཡིན་ནོ།༽བྱ།
།བྷན་དྷ་དམ་ཚིག་ཕྱག་རྒྱ་ནི། །༼རྐང་གཉིས་༽སྐྱིལ་ཀྲུང་༼ལག་གཉིས།༽ས་གནོན་ཕྱག་རྒྱ་བྱ། །རོ་སྟོད་གཡས་གཡོན་དྲག་ཏུ་བཅུད། ཨོག་མས་བྲང་རུས་ནོན་པོ་གཅེས༼སོ།༽
།དེར་རྗེས་ཕྱག་རྒྱ་ཆེན་པོ་ནི། །ལུས་བསྲང་རྡོ་རྗེའི་སྐྱིལ་ཀྲུང་བྱ༼ས་ལ།༽། །པུས་མོའི་སྟེང་དུ་ལག་པ་གཉིས། །མཆོག་སྦྱིན་ཕྱག་རྒྱ་ཅུང་ཟད་བཀན༼ལ།༽། །༼སློབ་མ་བྱས་པས།༽དམིགས་མེད་རང་ཤར་༼གཞན་ལ་མ་ལྟོས་པའི།༽ཕྱག་རྒྱ་ཆེ། །ཡིད་ལ་མི་བྱེད་དོན་རྟོགས་འགྱུར། །༼དེ་རྣམས།༽གསང་བའི་ཕྱག་རྒྱ་རྣམ་བཞིར་འདོད། །ཕྱི་ནང་གསང་གསུམ་འཁྲུལ་འཁོར་ལ། །རླུང་རོ་དྲག་ཏུ་འབུད་པར་བྱ།
༼དེ་ནས།༽རླུང་གསུམ་༼ནང་དུ།༽རྔུབས་ནས་འོག་རླུང་བསྡམ༼པ་ནི།༽། །ཀུན་༼འཁྲུལ་འཁོར།༽གྱི་གནད་དུ་ཤེས་པར་བྱ། །༼ཕྱི་ནང་གསང་བའི།༽ཁྱད་པར་ཨང་གྲོལ་རྣམ་གསུམ་ལ། །སྒལ་ཚིགས་དྲང་པོར་བསྲངས་བྱས་ནས། །རྒྱ་མཚོ་རི་རབ་ངོས་ལ་སྦྱར། །ཨོག་མས་བྲང་རུས་ནོན་བྱས་ནས། །༼སོས་དལ།༽དལ་ལ་དྲག་ཏུ་བརྡིག་པར་བྱ༼འོ།༽། །ཚངས་པའི་གནས་༼སྤྱི་གཙུག༽ནི་གཡོ་བར་འགྱུར། །དེ་ནས་ཡན་ལག་༼གསུམ་པ།༽འཁྲུལ་འཁོར་རྣམས། །ལེགས་པར་བཤད་ཀྱིས་གུས་པས་བཟུང་། །ཁ་སྦྱོར་སེམས་དཔའི་སྐྱིལ་ཀྲུང་ལ། །༼ཕྱིའི།༽ཨང་གྲོལ་བཞིན་དུ་དྲག་ཏུ་བརྡིག །དེས་ནི་ཀུ་ད་རྒྱས་པར་འགྱུར། །༼འོག་རླུང་གྱེན་དུ་དྲངས་ཏེ་བསུས་པ་སྒལ་པ་ལ་སྦྱར། ལྕེ་མིག་གྱེན་ལ་བཟློག༽བཤང་ལམ་འཁོར་ལོ་གྱེན་དུ་བཟློག །ཐིག་ལེ་སྒྲ་གཅན་གྱེན་༼།དེ་ནས་རླུང་སྒྲ་དང་བཅས་པའི་ཟིག་ལེ་ནར་ར་དྲངས་པས་ཐིག་ལེ་རང་བཞིན་གྱིས་གྱེན་དུ་འདྲོངས།༽དུ་བསླང་། །རྩ་རྣམས་ཐམས་ཅད་རབ་ཏུ་གཡོ༼དེས་སྨད་ཀྱི་རྩ་རྣམས་སྟོངས་ནས་སྟོད་ཀྱི་རྩ་རྣམས་ཐིག་ལེས་ཁྱབ་པའོ།༽། །མཆོག་གི་རྩ་ནི་གྱེན་དུའོ།༼རྩ་ཨ་ཝ་དྷུ་ཏི་ཐིག་ལེས་རྒྱས་པས་བདེ་བ་གྱེན་དུ་འཕེལ་བའོ།༽ ༼་་་ང་དང་མུ་ར༽།ལུས་ངག་ཡིད་༼གྱི་བརྩོན་འགྲུས་དྲག་པོ་ཡི་༽གསུམ་སྦྱོར་བ་ཡི། །སྐུ་གསུང་ཐུགས་ནི་༼ཐིག་ལེ་གྱེན་དུ་འདྲོངས་པས་བདེ་བ་རྒྱས་ནས་མཆོག་ཐུན་མོང་གི་སིདྷི།༽སྒྲུབ་པ་ཡིན། །༼ཕྱག་རྒྱ་ལམ་དུ་བསློང་པ་དེ་ལ།༽གོམ་པ་བརྟན་པར་གྱུར་པ་ཡིས། །རང་གི་༼ཡེ་ཤེས་ཀྱི།༽མེ་ནི་༼བདེ་བ་ཐིག་ལེ།༽གསལ་བའོ༼ར་བྱས་པ།༽། །༼ལས་ཀྱི།༽ཕྱག་རྒྱ་༼འི་བདེ་བ།༽འདི་ཡིས་༼མཁའ་སྤྱོད་ཀྱི་གནས།༽ཐམས་ཅད་དུ། །རྣལ་འབྱོར་པ་ནི་ངེས་པར་འགྲོ༼བར་འགྱུར་རོ།༽། །འདི་ནི་༼ཐབས་ཤེས་གཉིས།༽ཁ་༼གྱི་༽སྦྱོར་སྦྱོར་བ་༼ས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས།༽སྟེ། །རྩ་བའི་སྡོམ་པར་འདོད་པའོ༼ཉན་ཐོས་ཀྱི་དབང་དུ་བྱས་ན་ཐིག་ལེ་མ་ཤོར་ནས་སོ་ཐར་བྱང་སེམས་ཀྱི་འདི་ལ་བརྟེན་ནས། གཞན་དོན་སངས་རྒྱས་འདོད་པས་སེམས་བསྐྱེད། །སྔགས་ཀྱི་ཐིག་ལེ་འཕེལ་བས་བདེ་བ་རྒྱས་དེའི་རང་བཞིན་སྟོང་པར་ཤེས་པས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སྐྱེ་བར་བྱེད་པས་ན་ནང་གི་དམ་ཚིག་གོ༽། །འདི་ནི་རླུང་གི་སྦྱོར་བ་ཡིན། །མཁས་པ་རྣམས་ཀྱི་འདི་བསྒྲུབ་བོ།
།ཐིག་ལེ་དཀར་བ་༼ལྡོག་ནས་རྩ་ལ།༽དགྲམ་པ་ནི། །རྡོ་རྗེ་སྐྱིལ་ཀྲུང་སྒལ་ཚིག་བསྲང་། །སྤྱི་བོའི་གཙུག་ནས་རྐང་མཐིལ་བར། །ལག་པ་གཉིས་ཀྱིས་༼རྟག་ཏུ།༽བསྲུབ་ཅིང་མཉེ། །༼དེའི།༽རྗེས་ལ་རོ་སྟོད་དྲག་ཏུ་སྤྲུག །རྩ་རྣམས་ཐིག་ལེས་ཁྱབ་པར་འགྱུར། །རླུང་སྦྱོར་ལྡན་པས་རླུང་དང་བསྲེ། །ཡེ་ཤེས་ཆེན་པོར་བསྐྱལ་བར་བྱ།
།ཐིག་ལེ་དམར་བ་༼དང་སྣ་ཁྲག་བཅད་ཅིང་ལུས་ལ།༽དགྲམ་པ་ནི། །སྐྱིལ་ཀྲུང་༼རྡོར་སྐྱིལ་སེམས་སྐྱིལ་གཉིས།༽གང་བདེ་སྒལ་ཚིག་བསྲངས། །ལག་གཉིས་ཁུ་ཚུར་རྐེད་པ་༼རྒྱབ་ནས།༽བརྡུང་། །མདུན་དུ་ལག་གཉིས་དྲག་ཏུ་༼སོར་མོ་བརྐྱང་བ།༽སྤྲུག །༼དཔེར་ན་གཡས་ཀྱི་ཁུ་ཚུར་གྱིས་རྒྱབ་ནས་རྐེད་པ།༽བརྡུང་དང་༼དུས་གཅིག་ཏུ་གཡོན་སོར་མོ་བརྐྱང་བ་མདུན་དུ།༽སྤྲུག་པ་༼བྱེད་པ་དེ་བཞིན་དུ་གཡས་གཡོན་གཉིས།༽རེ་མོས་བྱ། །རྗེས་ལ་རོ་སྟོད་དྲག་ཏུ་སྤྲུག༼སྣ་ཁྲག༽ །ཆོད་དང་༼ཐིག་ལེ་དམར་བ་ལུས་ལ་༽ཁྲེམས་པ་དུས་ཅིག་འབྱུང་། །༼དེས་༽དཀར་དམར་ཆ་སྙོམས་ལུས་ལ་ཁྲེམས་༼པ་དང་།༽། །བཅུ་གསུམ་༼རྡོ་རྗེ་འཛིན་པའི།༽ས་མཆོག་ཐོབ་པར་འགྱུར།
།མགོ་བོའི་འཁྲུལ་འཁོར་རྣམ་བཞི་ནི། །༼རྐང་པ་༽རྡོ་རྗེ་སྐྱིལ་ཀྲུང་༼ལག་གཉིས།༽ས་གནོན་༼བྱ་བར་ཐམས་ཅད།༽མཐུན།
།དང་པོ་ལག་༼པ།༽གཉིས་མགོ་བོ་དང་། །བྱད་དང་༼ལུང་།༽ལྟག་པ་བསྲུབ་ཅིང་མཉེ། །༼དེས།༽མགོ་ནད་སྐྲ་དཀར་སྙེར་མ་སེལ། །མགོ་བོའི་རྩ་མདུད་གྲོལ་བར་བྱེད།
།གཉིས་པ་མིག་གི་འཁྲུལ་འཁོར་ནི། །སྡང་མིག་བལྟ་ཞིང་དྲག་ཏུ་བགྲད། །གཡས་གཡོན་སྟེང་འོག་ཀུན་ཏུ་བལྟ། །དྲག་ཏུ་བསྐོར་ཞིང་༼ལྟོ་སྟོང་།༽ལག་མཐིལ་༼གཉིས་ཨ་ཧས་བཏན་ནས་མིག་གཉིས།༽བསུབ། །མིག་ནད་༼དང་ཁྱད་པར་སྐྱ་རིབ་ལ་སོགས་པ།༽སེལ་ཞིང་རྩ་མདུད་༼ཐམས་ཅད།༽གྲོལ།
།ཆུ་བུར་རབ་རིབ་དག་ནས་ནི། །ཡེ་ཤེས་སྤྱན་དང་ལྡན་པར་འགྱུར།
།གསུམ་པ་ལག་གཉིས་ས་གནོན་བྱ། །༼མགོ་དང་སོར།༽ཕྱོགས་བཞིར་གཡོ་༼རྗེས་ལ།༽ཞིང་དྲག་ཏུ་བསྐོར༼ནས༽། །རྗེས་ལ་ལག་མཐིལ་༼གཉིས་ཀྱི།༽མིག་༼གཉིས།༽བསྡམས་ནས། །སྟེང་རླུང་དྲག་ཏུ་བསྡམས་བྱས་པས། །མགོ་རླུང་ཟི་༼བ༽དང་འཐོམ་པ་དང་། །མགྲིན་པའི་ནད་སེལ་རྩ་མདུད་གྲོལ། །གསུང་དབྱངས་དྲུག་ཅུ་ཐོབ་པར་འགྱུར།
།བཞི་པ་ས་གནོན་ཕྱག་རྒྱ་ལ། །མདུན་དང་གཡས་༼དང་།༽གཡོན་༼དུ།༽རྩངས་པ་ཡིས། །རླུང་རྔུབ་༼པའི།༽མགོ་ལྟར་༼ཁུག་ཁུག་པར་ཡོན་ཡོན་པ།༽གསུམ་གསུམ་བྱ། །རྒྱབ་ཏུ་༼ཡང་།༽སྐྱེད་སྐྱེད་༼པ།༽ལན་གསུམ་མོ། །སྐེ་ཡི་ནད་སེལ་རྩ་མདུད་འགྲོལ།
།རོ་སྟོད་འཁྲུལ་འཁོར་རྣམ་གསུམ་ནི། །སེམས་དཔའི་སྐྱིལ་ཀྲུང་བྱ་བར་༼གསུམ་ཀར།༽འཐུན།
།དང་པོ་ས་གནོན་ཕྱག་རྒྱ་བྱ། །གཡས་ནས་གཡོན་དུ་དྲག་ཏུ་འཐེན། །གཡོན་ནས་གཡས་སུའང་དེ་བཞིན་ནོ། །གཡས་གཡོན་གསུམ་གསུམ་སྐྱེད་ཅིང་གདེང་།
།གཉིས་པ་སྟོད་ཀྱི་སྡེར་འཛིངས་ནི། །༼ལག་སོར།༽གུང་མོ་གཉིས་བརྐྱང་༼སོར་མོ།༽གཞན་རྣམས་བསྣོལ༼ལ།༽། །༼མདུན་དུ།༽ལག་པ་དྲག་ཏུ་བརྐྱང་བྱས་ནས། །ནུ་མ་༼ཚུར་བསྐུམ་པ།༽གཡས་གཡོན་༼གཉིས་དང་།༽དེ་ཡི་དབུས༼རྣམས་སུ།༽། །གསུམ་གསུམ་ལན་དགུ་བརྡེག་པར་བྱ།
།གསུམ་པ་སྨད་ཀྱི་སྡེར་འཛིངས་ནི། །ལག་པ་༼ཕྱག་རྒྱ་གོང་ལ་ཚུར།༽བསྐུམ་ལ་༼ཕར།༽དྲག་ཏུ་བརྐྱང་༼ནས།༽། །པུས་མོ་གཡས་གཡོན་དེ་ཡི་དབུས༼གསུམ་དུ།༽། །གསུམ་གསུམ་ལན་དགུ་༼བརྡེག་པ་རེ་རེ་ལ་ཡང་ཕྱི་ནང་།༽བཅུ་ཞིང་བརྡེག །དེ་གསུམ་སྟོད་ཀྱི་རྩ་མདུད་གྲོལ། །རོ་སྟོད་ནད་རྣམས་སེལ་བར་བྱེད། །ཁྱད་པར་སྙིང་རླུང་ལ་སོགས་པའི། །ཁམས་འདུས་ཐམས་ཅད་འདི་ཡིས་སེལ། །རླུང་ནི་དྲག་ཏུ་འབུད་པ་གཅེས།
།ལག་པའི་འཁྲུལ་འཁོར་རྣམ་བཞི་ནི། །རྡོ་རྗེ་སྐྱིལ་ཀྲུང་སྒལ་ཚིགས་བསྲང་༼བ་འཐུན།༽
།དང་པོ་དཔུང་པ་གཡས་གཡོན་གཉིས། །རེས་མོས་ཕྱི་དང་ནང་དུ་༼དབྱུག་པ་བཞིན་དུ།༽བསྐོར། །དེ་ནས་གཡས་གཡོན་༼གཉིས།༽ཕྱི་ནང་དུ། །དུས་ཅིག་དྲག་ཏུ་བསྐོར་བར་བྱ། །སོག་པའི་ནད་སེལ་རྩ་མདུད་གྲོལ།
།གཉིས་པ་ལག་གཉིས་རེ་མོས་ཀྱིས། །རྡོ་རྗེ་ཁུ་ཚུར་བཅངས་བྱས་ནས། །ཚུར་བསྐུམ་ཕར་༼སོར་མོ་ཡང་།༽ལ་དྲག་ཏུ་བརྐྱང་༼པས།༽
།གསུམ་པ་ལག་གཉིས་སོར་མོ་རྣམས། །ཚུར་བསྐུམ་ཕར་ལ་བརྐྱང་བྱས་ནས། །དུས་ཅིག་དྲག་ཏུ་༼ལག་གཉིས།༽སྤྲུག་པར་བྱ།
།བཞི་པ་ལག་གཡས་བརྐྱང་ནས་ནི། །མགོ་བོ་དཔུང་པ་༼གཡོན།༽དག་ལ་སྦྱར། །༼གཡས་པའི།༽སོར་ལྔ་དྲག་ཏུ་བརྐྱང་བྱས་ནས༼དེ་ལ།༽། །མིག་གཉིས་དྲག་ཏུ་གཏད་པ་གཅེས། །དེ་བཞིན་གཡོན་ལའངཤེས་པར་བྱ། །ལག་པའི་ནད་སེལ་རྩ་མདུད་འགྲོལ། །དྲ་བས་འབྲེལ་ཞིང་འཁོར་ལོ་འབྱུང་།
།ཕོ་བའི་འཁྲུལ་འཁོར་རྣམ་གསུམ་ནི།
།དང་པོ་སུ་ར་དགང་པ་ཡི། །ཡན་ལག་འདི་ལྟར་ཤེས་པར་བྱ། །རྐང་གཉིས་གཤིབས་ནས་དྲང་པོར་ལངས། །༼སོར་མོ་ཕན་ཚུན་བསྣོལ་བའི།༽ལག་མཐིལ་གཉིས་ཀྱིས་ཕོ་བ་དང་། །བསུས་པ་དྲག་ཏུ་བསུག་ཅིང་མཉེ།
།གཉིས་པ་ཕོ་བའི་འཁྲུལ་འཁོར་ནི། །སྐྱིལ་ཀྲུང་ས་གནོན་སྒལ་ཚིགས་བསྲང་། །རྒྱ་མཚོ་རི་རབ་ངོས་ལ་སྦྱར། །༼བསུས་པ།༽གཡས་གཡོན་༼དུ།༽བསྐོར་༼རྒྱུ་ཞབས་གཡས་གཡོན་དབུས་གསུམ་དུ།༽ཞིང་དྲག་ཏུ་སྤྲུག
།གསུམ་པ་སྐྱིལ་ཀྲུང་སྒལ་ཚིགས་བསྲང་། །ལག་གཉིས་སོར་མོ་ཕྱིར་བསྣོལ་ཏེ། །སྤྱི་བོར་བཏེག་ནས་ཕོ་བ་ལ། །ལག་མཐིལ་གཉིས་པོ་དྲག་ཏུ་བརྡེག །རླུང་གིས་དགང་པ་ཤིན་ཏུ་གཅེས། །འཁྲུལ་འཁོར་དེ་གསུམ་ཕོ་བ་ཡི། །རྩ་མདུད་གྲོལ་ཞིང་ནད་རྣམས་སེལ། །ཁྱད་པར་ཕོ་གླང་ལ་སོགས་པའི། །མ་ཞུའི་ནད་རྣམས་སེལ་བར་འགྱུར།
།རྐང་པའི་འཁྲུལ་འཁོར་རྣམ་གཉིས་ལ།
།དང་པོ་ལངས་ལ་རྐང་པ་གཉིས། །རེ་མོས་དྲག་ཏུ་སྤྲུག་པར་བྱ།
།གཉིས་པ་སྟན་ལ་འདུག་བྱས་ནས། །རྐང་གཉིས་རེ་མོས་དྲག་ཏུ་བརྐྱང་། །མཐེ་བོང་བསྐུམ་པ་ཤིན་ཏུ་གཅེས། །རྐང་པའི་ནད་སེལ་རྩ་མདུད་གྲོལ། །འཁོར་ལོའི་མཚན་དང་རུས་སྦལ་ཞབས། །ཆུ་དང་མཁའ་ལ་བྱ་བཞིན་འགྱུར། །དེ་ལྟར་སྔོན་འགྲོ་རྩ་བ་དང་། །ཡན་ལག་བཅས་པའི་འཁྲུལ་འཁོར་ལ།
༼སེམས་མ་བསྐྱེད་པར་གསོལ་བ་མི་གདབ། གསོལ་བ་མི་བཏབ་པར་རླུང་མི་འབུད། །རླུང་མ་བུད་པར་འཁྲུལ་འཁོར་མི་བཅའ། །འཁྲུལ་འཁོར་མ་བཅས་པར་རླུང་མི་བཟུང་། །རླུང་མ་བཟུང་བར་འཁྲུལ་འཁོར་མི་བྱ། །གསུང་ངོ་།༽དང་པོ་སེམས་བསྐྱེད་གསོལ་བཏབ་ནས། །རླུང་རོ་དྲག་ཏུ་ཕྱིར་ཕུང་ཏེ། །འཁྲུལ་འཁོར་བཅས་ལ་སྲོག་རྩོལ་དང་། །དབུ་མར་དྲག་རྔུབས་འོག་རླུང་བསྡམ། །སྟེང་འོག་རླུང་གཉིས་ཁ་སྦྱརནས། །དལ་ལ་སྙོམས་ཤིང་དྲག་པ་གཅེས། །ཀུན་གྱི་གནད་དུ་ཤེས་པར་བྱ། །དེ་རྣམས་རྗེ་བཙུན་བིརྺ་པའི། །ཀུན་ལས་ཁྱད་འཕགས་གདམས་པའོ། །༼དད་གུས་བརྩོན་ལྡན།༽གང་གིས་འཆི་མེད་འཁྲུལ་འཁོར་འདི། །བརྩོན་འགྲུས་དྲག་པོས་ཉམས་བླངས་ན། །བཞི་༼རླུང་ཡོགས།༽བརྒྱ་རྩ་བཞིའི་ནད་རྣམས་སེལ། །༼སྡིག་སྒྲིབ་དང་།༽ལས་ངན་འབྱུང་པོའི་གདོན་ཚོགས་འཇོམས། །རྒ་ཤིས་ཟིལ་གྱི་མི་ནོན་ཅིང་། །སྐྲ་དཀར་གཉེར་མ་མི་འབྱུང་སྟེ། །༼རྐང་ལྟར།༽ཤ་འཁྲེགས་ལུས་༼ཤིང་བལ་ལྟར།༽ཡང་དབང་པོ་རྣོ༼མིག་གི༽། །༼བཞིན།༽ལྟ་བས་མི་ངོམས་༼ལུས།༽གཟི་བརྗིད་ཆེ། །མཚན་ལྡན་༼མུ་དྲ་ནུབ་རེ་ལ།༽ལྔ་བརྒྱ་བརྟེན་གྱུར་ཀྱང་། །༼ཐ་མལ་གྱི།༽འདོད་པའི་ཞགས་༼འཛག་བདེ་༽པས་མི་འཆིང་ཞིང་། །༼ལང་ཚོ་༽བཅུ་དྲུག་ལོན་པ་ལྟ་བུར་འགྱུར། །སེང་གེའི་རྩ་ལ་དང་གླང་ཆེན་སྟོབས། །རྟ་མཆོག་བང་དང་མཉམ་པ་དང་། །༼བྲག་དང་ཆུ་དང་།༽ས་དང་མཁའ་ལ་བྱ་བཞིན་འགྲོ། །ཉོན་མོངས་རྩ་མདུད་གྲོལ་གྱུར་ནས། །རྩ་རྣམས་དབུ་མར་ཐིམ་པར་འགྱུར།
།ལས་ཀྱི་རླུང་རྣམས་དག་ནས་ནི། །ཡེ་ཤེས་ཆེན་པོའི་རླུང་དུ་འགྱུར། །ཟག་བཅས་ཐིག་ལེ་དག་གྱུར་ནས། །ཟག་མེད་ཡེ་ཤེས་རྒྱུས་པར་འགྱུར། །༼མདོར་ན།༽ལུས་ནི་འོད་ལུས་འཆི་བ་མེད། །སེམས་ནི་འཆི་མེད་ཕྱག་རྒྱ་ཆེ། །འདི་ལས་འབྱུང་བས་༼རྗེ་བཙུན།༽བིར་ཝ་པས། །༼ལུས་སེམས་གཉིས།༽འཆི་མེད་འཁྲུལ་འཁོར་ཞེས་སུ་གསུངས། །༼ཐེག་པའི།༽མཐར་ཐུག་རྣལ་འབྱོར་བླ་མེད་ཀྱི། །དགོངས་པ་མཆོག་གྱུར་༼གསང་སྔགས།༽མངོན་སུམ་ལམ༼ས་དེ།༽། །རྡོ་རྗེའི་ལུས་ལ་གནད་བསྣུན་པས། །རྩ་རླུང་ཐིག་ལེ་དབང་འདུས་ནས། །༼དེ་ལ།༽སངས་རྒྱས་༼དང་༽བྱང་ཆུབ་སེམས་དཔའ་རྣམས། །བུ་ལྟར་དགོངས་ཤིང་བྱིན་གྱིས་རློབས༼པ་དང་སངས་རྒྱས་ཀྱི།༽། །སྐུ་དང་ཞིང་ཁམས་ཐམས་ཅད་མཐོང་༼བ་དང་མ་དག་པ་རང་སར་དག་ནས།༽། །དག་སྣང་ཕྱོགས་མེད་འཆར་བར་འགྱུར། །༼ཁྱད་པར་དུ།༽དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས། །༼དཔེར་ན།༽པདྨའི་འབྱུང་གནས་༼རྒྱས་ཤིང་།༽ཉམས་དགའ་༼བ་དེ།༽བར། །ངང་པའི་ཚོགས་༼རང་བཞིན་གྱི།༽འདུ་ཇི་བཞིན་ནོ། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །རྒྱལ་པོ་བཙུན་མོ་རྒྱལ་སྲིད་དང་། །སྟག་དང་སེང་གེ་དུག་སྦྲུལ་སོགས། །སྲོག་ཆགས་གཏུམ་པོ་༼མ་རུངས་པ།༽ཐམས་ཅད་དང་། །༼མདོར་ན།༽ཁམས་གསུམ་༼ཐམས་ཅད་ལ།༽དབང་བསྒྱུར་༼ཞིང་དེ་རྣམས་ཀྱིས།༽མཆོད་བསྟོད་བྱེད༼པར་འགྱུར།༽། །བདུད་དང་མུ་སྟེགས་ཀུན་བཏུལ་ནས། །བཅུ་གསུམ་༼རྡོརྗེ་འཛིན་པའི་༽ས་རྣམས་རྫོགས་པར་འགྱུར། །༼དེས་འཁོར་བ་མ་སྟོང་བར་དུ་༽གང་འདུལ་རང་ཤར་གཟུགས་༼གཉིས་པོ།༽སྐུ་ཡི། །གཞན་དོན་ལྷུན་གྲུབ་རྒྱུན་ཆད་མེད༼པ་དེ་འཆི་མེད་འཁྲུལ་འཁོར།༽། །འདི་ཡི་སྟོབས་ཀྱིས་འབྱུང་བར་འགྱུར། །དེ་སྐད་རྗེ་བཙུན་བིར་ཝ་པ།༽ཆེན་པོ་༼དེས་བྲམ་ཟེ་ནག་པོདུར་ཁྲོད་ནག་པོལ་སྟོད་མགོན་པོགཉན་སྟོནསངས་རྒྱས་སྟོན་པ། དེ་ནས་མང་དུ་འཕེལ་ལོ།༽གསུང་། །ཁྱད་འཕགས་འཆི་མེད་འཁྲུལ་འཁོརའདི། །སྣོད་ལྡན་སློབ་མ་༼ཨ་དང་མོ།༽རྣམ་གཉིས་ཀྱིས། །པཱུ་ཛ་བརྒྱ་རྩ་༼བརྒྱད་དང་གསེར་གྱི།༽མཎྜལ་ཕུལ། །ཉམས་ལེན་ལོ་གསུམ་དམ་བཅས་ནས། །ལུས་སྲོག་༼གཏོས་མེད་དུ།༽ཕུལ་ནས་གསོལ་བཏབ་ངོར། །༼འཁྲུལ་འཁོར་སུམ་ཅུ་རྩ་གཉིས།༽ལྷག་ཆད་མེད་པར་༼བླ་མའི་ཕྱག་ལེན་ལྟར།༽ཡི་གེར་བཀོད། །དེ་ལ་༼དཔའ་བོ།༽མཁའ་འགྲོས་༼མ་རྣམས།༽བཟོད་པར་མཛོད། །དགེ་དེས་རྡོ་རྗེ་འཛིན་ཐོབ་ཤོག
རྗེབཙུན་བིརྺ་པས་མཛད་པའི་འཆི་མེད་གྲུབ་པའི་འཁྲུལ་འཁོར་སུམ་ཅུ་རྩ་གཉིས་ཀྱི་ལག་ལེན་གསལ་བྱེད་ཉི་མ་ཞེས་བྱ་བ་བླ་མའི་ཕྱག་ལེན་ལྟར་ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་བིརྻ་སིང་ཧས་༼བརྩོན་འགྲུས་སེང་གེ་༽ལྷག་ཆད་མེད་པར་ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་སོ། །མངྒ་ལཾ།

།ནཱ་རོ་དྲུག་སྐོར་འཁྲུལ་འཁོར་ནི། །རྐེད་པ་གཡས་བསྐོར་གཡོན་བསྐོར་གྱི། །ལྟེ་བའི་རྩ་མདུད་གྲོལ་བ་ཡིན། །མགྲིན་པ་བསྐོར་ཞིང་དགྱེ་སྐུ་བྱ། །སྤྱི་བོ་མགྲིན་པའི་རྩ་མདུད་འགྲོལ། །རྐང་ལག་བརྐྱང་བསྐུམ་བྱས་པ་ཡིས། །ཡན་ལག་རྩ་མདུད་རང་སར་གྲོལ། །རོ་སྟོད་གཡས་གཡོན་གཅུས་པ་ཡི། །སྟོད་ཀྱི་རྩ་མདུད་གྲོལ་བར་བྱེད། །གྱེན་དུ་འཕང་ཞིང་འོག་ཏུ་སྡེབ། །ཚིགས་རྣམས་ཀུན་གྱི་རྩ་མདུད་གྲོལ། །ལུས་སྤྲུག་ཕུར་སུབ་བྱས་པ་ཡི། །རྩ་རྣམས་ཐམས་ཅད་འགྲོལ་བའོ། །ཞེས་པ་ལྟར་འཁྲུལ་འཁོར་གྱི་གནད་འདི་ཆུན་ཆེ་བར་གསུངས་སོ། །ཤུབྷཾམསྟུསརྦཛགཏཱཾ།། །།