'chi med rang grol gyi zhal gdams

From Shangpa Resource Center
Revision as of 17:08, 26 February 2019 by Sengue (talk | contribs)








Resource ID SCv10p145
Title 'chi med rang grol gyi zhal gdams
Alt. title 'chi med rang grol gyi gdams pa
Topics Immortality
Sub-Topics Instructions
Author Sangyé Tönpa
Link BDRC W23922

༄༅། །འཆི་མེད་རང་གྲོལ་གྱི་ཞལ་གདམས་དང་ལུང་སྦྱོར་བཞུགས་སོ།།

ན་མོ་གུ་རུ།
འཆི་མེད་རང་གྲོལ་གྱི་གདམས་པ་འདི་ལ། །སྔོན་འགྲོ་དང་། དངོས་གཞི་དང་། རྗེས་གསུམ་ལས།
དང་པོ་ནི། སེམས་བསྐྱེད་སྔོན་དུ་སོང་པས། རང་ཡི་དམ་དུ་བསྒོམས་པའི་སྤྱི་བོར་པད་ཟླའི་སྟེང་དུ་བླ་མ་བསམས་ལ། འོད་ཟེར་གྱི་སྤྲོ་བསྡུས་ཉི་མ་འབུམ་གྱི་གཟི་བརྗིད་ལྟར་གྱུར་པ་དེ་ལ། ལུས་ལོངས་སྤྱོད་གླིང་བཞི་ཐམས་ཅད་གསེར་གྱིས་བཀང་ནས་ཕུལ་ལ། བདག་འཛིན། དགོས་མེད། སེམས་འཆི་མེད་རང་གྲོལ་གྱི་གསོལ་བ་གདབ་སོ། །དེ་ནས་རང་བདེ་མཆོག་ཏུ་གསལ་བའི་སྐྲ་མཚམས་སུ། ཧཱུཾ་སྔོན་པོ་མཚོན་གད་པ་གཅིག་བསམ། ཧཱུཾ་དེ་ལས་འོད་ཟེར་སྔོན་པོ་དཔག་ཏུ་མེད་པ་བྱུང་། དཔྲལ་བ་ན་མར་ལ། དཔེར་ན་རི་བོ་ལ་ཉི་མ་ཤར་བའམ། མུ་མེན་ཐལ་འཇིམ་གྱིས་གཡོགས་པ་ལ། མགོ་ན་མར་ཆུ་བླུག་པས་ཆུ་སོང་བ་དག་ཅིང་གསལ་ལ། ཆུམ་སོང་པ་མོག་མོག་པོར་འོང་བ་ལྟར། རིམ་པ་བཞིན་དུ་གསལ་སིང་སིང་པ། སྤྱན་གསུམ། མཆེ་བ་བཞི། སྣ་དང་ལྐོག་མ། མགྲིན་པ་དང་། སྙིང་ཁ། ལྟེ་བ་དང་། གསང་གནས། རྐང་མཐིལ་དང་། ལག་མཐིལ་དང་། ལག་མཐིལ་ལ་སོགས་པའི་དབྱིབས་ཐམས་ཅད་གསལ་སིང་སིང་པ་ལ། ཁ་དོག་སྔོ་ལ་མཚེར་བ་དང་། རྒྱན་ཆ་ལུགས་ཐམས་ཅད་ཀྱང་གསལ་བ་འོད་ཀྱི་རང་བཞིན་དུ་བསྒོམ། ཡུམ་ལ་ཡང་བཾ་ལས་གོང་ལྟར་དུ་བསྒོམ་ཞིང་ཁ་དོག་དམར་མོར་བསྒོམ་མོ། དེ་རྣམས་ཀྱི་ཕྱི་སྦྱང་པ་ཐལ་ནས། ད་ནང་སྦྱང་བ་ནི། འོད་དེ་ནང་ན་མར་ལ་སོང་བས། སྟོང་སོང་པ་ལ་སོར་མོའི་བུ་ག་ཕྲུ་མ་ཕུས་བཏབ་པ་བཞིན་དུ་ཕྱི་བལྟས་ནང་གསལ་བ་ནང་བལྟས་ཕྱི་གསལ་བ། ཡབ་ཡུམ་གཉིས་ཀ་འོད་ཀྱི་རང་བཞིན། འོད་ཟེར་སྔོ་དམར་གྱི་རང་བཞིན་དུ་བསྒོམ་མོ། །ཕྱི་ནང་དབྱེར་མེད་དུ་བསྒོམ་པ་ནི། ལྷ་སྐུ་དེ་ངོ་བོ་སྟོང་པས་ཅིར་ཡང་མ་གྲུབ་པ། རང་བཞིན་གསལ་བས་སྐུ་མདོག་ཕྱག་མཚན། རྒྱན་ཆ་ལུགས། རྣམ་པ་བཞུགས་ཚུལ། ཐམས་ཅད་འོད་ཀྱི་རང་བཞིན་དུ་གསལ་བ་ལ། མཚན་ཉིད་དབྱེར་མེད་པས། ཡབ་ཡུམ་བར་གྱི་མི་མགོ་ལ་སོགས་པ་ཐམས་ཅད་གསལ་བ། མི་བདེ་བ་མེད་པ་འོད་ཀྱི་རང་བཞིན་ལ་འཇའ་ཚོན་ལྟ་བུ། ཡལ་ལ་ཁད་པའི་གསལ་སྟོང་དབྱེར་མེད་པ་ལ་མཉམ་པར་བཞག་གོ
།གཉིས་པ་དངོས་གཞི་ལ། ཨ་པ། སེམས་སྤངས་པའི་ཕ་རོལ་ན་ལྷ་སྐུ་བྱ་བ་རང་གྲུབ་པ་མི་འདུག །ལྷ་སྐུ་སྤངས་པའི་ ཕ་རོལ་ན་ཡང་སེམས་བྱ་བ་གྲུབ་པ་རང་མི་འདུག །དེས་ན་ལྷ་སྐུ་དང་སེམས་དབྱེར་མེད་པ། ཆུ་ཟླ་ལྟ་བུ་སྟོང་པ་འདི། འདས་པའི་སངས་རྒྱས་ཀྱིས་མ་གཟིགས། མ་འོངས་པས་མི་གཟིགས། ད་ལྟར་གྱིས་གཟིགས་པར་མི་འགྱུར་བ་འདི་ཀ །དུས་ གསུམ་སངས་རྒྱས་ཀྱི་དགོངས་པ། སེམས་ཉིད་སྐྱེ་བ་མེད་པ་ཡིན་པས། འདི་ལ་ན་རྒྱུ་འཆི་རྒྱུ་མེད། སངས་རྒྱ་རྒྱུ་མེད། དེས་ན་འཁོར་བར་འཁྱམ་དོག་གཅིག་རང་འོང་ཉེན་མི་འདུག་སྙམ་དུ་རྩེ་གཅིག་ཏུ་ཉམས་སུ་བླང་བར་བྱའོ།
།གསུམ་པ་རྗེས་དགེ་བ་དམིགས་མེད་དུ་བསྔོ་བར་བྱའོ། །བླ་མའི་ཞལ་ནས། བསྒོམ་ལོང་མ་བྱུང་ཀྱང་ཨའུ་རྩིའོ། །མཚམས་མེད་པ་ལྔ་བྱས་པ་ཡང་། འཆི་ཁར་དྲན་པས་སངས་མི་རྒྱ་མི་སྲིད་དོ། །འཆི་ཁར་མ་དྲན་པ་དང་། མཚམས་སྦྱོར་ངན་པ་བྱུང་ནས་ཤི་ན་ཡང་། རྣ་བར་ལན་གཅིག་ཐོས་པས་བར་དོར་རྒྱལ་བ་ལོངས་སྐུར་སངས་རྒྱ་བར། བཀའ་མདོ་རྒྱུད་ཐམས་ཅད་ནས་གསུངས་པ་ཡིན་པས། འཁོར་བར་འཁྱམས་ཀྱི་དོགས་པ་མི་དགོས། ཐེ་ཙོམ་དང་ཡིད་གཉིས་མ་ཟ་འཆོངས་པ་ཡིན་གསུང་ངོ་། །སངས་རྒྱས་སྟོན་པའི་ཞལ་ནས་ཇི་ལྟར་བྱོན་པ་བཞིན་ཡི་གེར་བཀོད་པའོ།། མངྒ་ལཾ།།