'chug med bar do gsum gyi gdams pa

From Shangpa Resource Center
Revision as of 17:32, 13 January 2022 by Sengue (talk | contribs)








༄༅། །འཆུག་མེད་བར་དོ་གསུམ་གྱི་གདམས་པ་བཞུགས་སོ།།

བླ་མ་དམ་པའི་ཞབས་པད་ལ། །གུས་བཏུད་མཁའ་འགྲོའི་གདམས་པ་བྲི། །དེ་ལ་རྣལ་འབྱོར་པའི་སྦྱང་གཞི་བར་དོའི་ལུས་གསུམ་ལ། སྦྱོང་བྱེད་སྐྱེད་རྫོགས་༼དང་༽རྨི་ལམ་༼དང་༽འོད་གསལ་༼དང་གསུམ་ཡིན་༽ཏེ།
།ཡེ་ཤེས་རོལ་པའི་རྒྱུད་ལས། བར་དོ་དག་གི་ལུས་གསུམ་པ། །སྐྱེད་རྫོགས་༼དང་༽རྨི་ལམ་༼དང་༽འོད་གསལ་༼གསུམ་གྱི་༽སྦྱང་། ཅེས་དང་།
ཀྱཻ་རྡོ་རྗེ་ལས། ༼འདི་ལ་སྐྱེ་ཤིང་བར་དོ་༽ཇི་ལྟར་སྒྱུ་མ་རྨི་ལམ་༼བར་དོ་༽དང་། ཇི་ལྟར་བར་མའི་སྲིད་༼པའི་བར་དོ་༽ཡིན་པས། །ཅེས་སོ།
དེ་ལ་སྦྱང་གཞི་བར་དོའི་ལུས་གསུམ་ནི། །སྐྱེ་ཤི་བར་དོ། རྨི་ལམ་བར་དོ། སྲིད་པའི་བར་དོ།
དང་པོ་ནི༼སྐྱེ་ཤི་བར་དོ་༽། སྐྱེས་ནས་མ་ཤིའི་བར་སྐྱེ་ཤི་བར་དོ་སྟེ། རྣམ་པར་སྨིན་པའི་ལུས་སོ། །ཅིའི་ཕྱིར་རྣམ་སྨིན་གྱི་ལུས་ཞེས་ན། དགེ་སྡིག་ཏུ་མའི་ལས་བསགས་པས། །བདེ་སྡུག་སྣ་ཚོགས་སྨིན་ཅིང་མྱོང་བས་རྣམ་པར་སྨིན་པའི་ལུས་སོ།
།གཉིས་པ་ནི༼རྨི་ལམ་བར་དོ་༽། གཉིད་དུ་སོང་ནས་མ་སད་ཀྱི་བར་དུ་རྨི་ལམ་བར་དོ། བག་ཆགས་ཀྱི་ལུས་སོ། །ཅིའི་ཕྱིར་བག་ཆགས་ཀྱི་ལུས་ཞེས་ན། ཚེ་འདིའི་བག་ཆགས་སྣ་ཚོགས། རྨི་ལམ་འབྱུང་བས། རྨི་ལམ་བག་ཆགས་ཀྱི་ལུས་སོ།
གསུམ་པ་ནི༼སྲིད་པ་བར་དོ་༽། ཤི་ནས་སྐྱེ་བ་མ་བླངས་ཀྱི་བར་དུ་སྲིད་པ་བར་དོ་སྟེ། ཡིད་ཀྱི་ལུས་སོ། ཅིའི་ཕྱིར་ཡིད་ཀྱི་ལུས་ཞེས་ན། ཟས་སུ་དྲི་ཟ་ཞིང་། སེམས་སྒྱུ་མ་ལྟ་བུ་དབང་པོ་ཚང་ཞིང་ཐོགས་པ་མེད་པའི་ཡིད་ལུས་སོ།
།གཉིས་པ་སྦྱོང་བྱེད་ནི། རྣམ་སྨིན་གྱི་ལུས་ལྷ་སྐུ་ཕྱག་རྒྱ་ཆེན་པོས་སྦྱང་ངོ་། །བག་ཆགས་ཀྱི་ལུས་རྨི་ལམ་སྤྲུལ་བསྒྱུར་ལ་སོགས་པས་སྦྱང་ངོ་། །ཡིད་ལུས་བདེ་གསལ་༼དང་ཟུང་འཇུག་གི་སྐུ་གཉིས་༽གྱི་སྦྱང་བར་བྱའོ། ཡང་ན་ལུས་གསུམ་དེ་དག་རེ་རེ་ལ་ཡང་། སྦྱང་གཞི་ལུས་ངག་ཡིད་གསུམ་ལ། སྦྱོང་བྱེད་༼༢ རྣམ་སྨིན་བག་ཆགས་ཡིད་ཀྱི་གཞི་ལུས་ངག་ཡིད་དབྱེར་མེད་བཞི། ལམ་བདེ་གསལ་མི་རྟོག་དབྱེར་མེད་བཞི། འབྲས་བུ་སྤྲུལ་ལོངས་ཆོས་དབྱེར་མེད་བདེ་ཆེན་གྱི་སྐུ་བཞིའོ།༽བདེ་གསལ་མི་རྟོག་པ་གསུམ་རེ། ཐོབ་བྱ་མཐར་ཐུག་སྐུ་གསུམ། དེ་ལ་དབང་པོ་རབ་རྣམ་སྨིན་གྱི་ལུས་ལ་སངས་རྒྱ། འབྲིང་བག་ཆགས་ཀྱི་ལུས་ལ་སངས་རྒྱ།
ཐ་མ་རྣམ་སྨིན་དང་བག་ཆགས་དུས་སུ་ཉམས་སུ་བླངས་པ་དེ་ས་བོན་གྱི་ཚུལ་དུ་སོང་ནས། བར་དོར་སངས་རྒྱ་བར་བྱེད་དོ། །དེ་ལྟར་བར་དོ་ལ་གསུམ་སྟེ། ༼དབང་པོ༽རབ་བར་དོ་དང་པོ་འོད་གསལ་དུ་སངས་རྒྱ་བ། ༼དབང་པོ༽འབྲིང་བདུན་ཕྲག་དང་པོར་ལོངས་སྐུར་སངས་རྒྱ་བ། ༼དབང་པོ༽ཐ་མ་མངལ་སྒོ་སྦྱངས་ནས་སྤྲུལ་སྐུར་སངས་རྒྱུ་བའོ།
དང་པོ་ནི། ཡུལ་༼ལྔ་༽དང་འབྱུང་བ་༼ལྔ་༽ཐིམ་པའི། རིམ་པ་ལ་མཁས་པས་༼རྣམ་སྨིན་དང་བག་ཆགས་ལ་༽བསྒོམ་པའི་འོད་༼གསལ་༽དང་། རང་བཞིན་གྱི་འོད་གསལ་རང་ཤར་གཉིས་དབྱེར་མེད་མངོན་འགྱུར་དུ་རྟོགས་པར་བྱ་སྟེ།
ཡེ་ཤེས་མངོན་པར་འབྱུང་བའི་རྒྱུད་ཕྱི་མ་ལས། ལུས་ཅན་རྣམས་ནི་འཆི་བའི་ཚེ། །གཟུགས་ནི་སྒྲ་ལ་ཐིམ་པར་འགྱུར། །སྒྲ་ནི་དྲི་༼ལ་དྲི་༽རོ་༼ལ་རོ་༽རེག་༼བྱ་༽ལ་ཐིམ། །རེག་བྱ་ཆོས་ལ་ཐིམ་པར་གྱུར། །ཅེས་པས།
དང་པོ་གཟུགས་སྒྲ་ལ་ཐིམ་༼མིག་ཅུང་ཟད་མི་གསལ་ཞིང་༽པས་གཟུགས་ཐམས་ཅད་མི་གསལ་༼ཞིང་ཡིད་མི་ཆེས་༽དུ་འགྲོ། སྒྲ་དྲི་ལ་ཐིམ་པས་རྣ་བས་མི་ཐོས༼སུ་འགྲོ་༽། དྲི་རོ་ལ་ཐིམ་པས་སྣས་དྲི་མི་ཚོར༼དུ་འགྲོ༽། རོ་རེག་བྱ་ལ་ཐིམ་པས་ལྕེས་རོ་མི་ཚོར། རེག་བྱའི་རླུང་ཆོསསེམས་ལ་ཐིམ་པས་༼ལུས་ཀྱིས་༽རེག་བྱ་༼འཇམ་རྩུབ་༽རྣམས་མི་ཚོར་༼དུ་འགྲོ་༽ཞིང་ལུས་ཀྱི་མདངས་ངན་དུ་འགྲོའོ། །དེ་ནི་ཡུལ་ལ་ཐིམ་པའོ།
།དེ་ནས་འབྱུང་བ་ལ་ཐིམ་པ་ནི། ཡེ་ཤེས་རོལ་པ་དང་། གཉིས་མེད་རྣམ་པར་རྒྱལ་བའི་རྒྱུད་ལས། དང་པོ་ནི། ས་ཆུ་ལ་ཐིམ། ཆུ་ཡང་མེ་ལ་ཐིམ་གྱུར་ཏེ། །མེ་ནི་རླུང་ལ་ཐིམ་གྱུར་ནས། །རླུང་ཡང་རྣམ་པར་ཤེས་ལ་ཐིམ། །རྣམ་ཤེས་གཟུང་བ་དེ་ཉིད་ནི། །འོད་གསལ་བ་ལ་འཇུག་པར་འགྱུར། །ཅེས་པས།
དང་པོ་ས་ཆུ་ལ་ཐིམ་པའི་རྟགས་ལུས་ཀྱིས་སྟོབས་རྣམས་ཉམས་ནས་འགྲོའི༼བག་གཞི་ས་ལ་ལྷུང་ནས་༽། །ཆུ་མེ་ལ་ཐིམ་པས་༼སྐོམ་དད་ཆེ་༽གཤེར་བའི་ཆ་༼ཁ་ཆུ་སྣ་ཆུ་༽རྣམས་སྐམ། མེ་རླུང་ལ་ཐིམ་པས་དྲོད་མཐའ་༼རྐང་མཐིལ་༽ནས་བསྡུད། །རླུང་རྣམ་པར་ཤེས་པ་ལ་ཐིམ་པས་༼གཉིས་པའི་རྟགས་སུ་ཕྱི་དབུགས་རིང་། ནང་དབུག་ཐུང་ དབུགས་སྡུད་པ་དཀའ། དབུགས་རིང་ཐུང་བྱེད། དེ་ནས་ཕྱི་དབུགས་ཟད།༽བུགས་རྒྱུ་བ་འཆད་དོ། །རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་པས་ཡེ་ཤེས་བཞི་འཆར་ཏེ། སྣང་བ་དང་། མཆེད་པ་དང་། ཐོབ་པ་དང་། ཉེ་བར་ཐོབ་པའོ།
།དེ་རྣམས་ལ་རྟགས་ལྔ་པོ་འདི་འཆར་ཏེ། ༼ཡེ་ཤེས་༽རོལ་པ་དང་། རྣམ་རྒྱལ་ལས་དང་པོ་མིག་ལྟ་བུ་སྟེ། །དང་པོའི་མིག་སྒྱུ་དེ་ཉིད་ཀྱང་། །འོད་ཟེར་ལྔ་དང་ལྡན་པར་མཐོང་། །གཉིས་པ་ཟླ་བ་ལྟ་བུ་དང་། །གསུམ་པ་ཉི་མ་ལྟ་བུ་དང་། །བཞི་པ་མུན་པ་ལྟ་བུ་ལ། །ལྔ་པ་སྤྲིན་མེད་ནམ་མཁའ་ལས། །མི་རྟོག་མཐའ་དབུས་མེད་པར་འཆར། །ཅེས་པས།
དང་པོ་རྣམ་ཤེས་འོད་གསལ་ལ་ཐིམ་པའི་དུས་སུ་ཕྱི་༼སྐད་ཅིག་མ་གཅིག་ལ་༽རྟགས་ཟླ་བ་ཤར་བ་ལྟ་བུ་ལ༼དཀར་ལམ་པ་འབྱུང་༽། ནང་རྟགས་མིག་སྒྱུའམ་དུ་བ་ལྟ་བུ་༼བུན་བུན་པ་༽འོད་ཟེར་ལྔ་དང་བཅས་པ་འབྱུང་ངོ་། །དེའི་དུས་སུ་སྣང་བ་ཞེས་བྱ་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ལྷང་ངེ་གནས་པ་སྐད་ཅིག་དང་པོ་འཆར་ཏེ།
རྣམ་རྒྱལ་ལས། སྣང་བ་ཞེས་བྱ་རྣམ་པར་མི་རྟོག་པ། གསལ་བའི་ཆ་དེ་གཟུང་རྟོག་སྤང་པ་ལས། འབྱུང་བ་མི་མངོན་རླུང་དང་བཅས་པ་གང་། ལྷང་ངེ་གནས་པ་སྐད་ཅིག་དང་པོ་ཡིན། །ཅེས་སོ།
ཡེ་ཤེས་དེས་ཞེ་སྡང་ལས་གྱུར་པའི་རྟོག་པ་སུམ་ཅུ་རྩ་གསུམ་འགགས་ཏེ། ཨཱརྱ་དེ་ཝའི་སྤྱོད་བསྡུས་ལས། རྣམ་རྟོག་སུམ་ཅུ་རྩ་གསུམ་པོའི་མིང་གང་ཞེ་ན། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་བྲལ་བ་བར་མ། ཤིན་ཏུ་འདོད་ཆགས་དང་། ཡིད་ཀྱིས་འགྲོ་བ་དང་། སོད་པ་དང་། མྱ་ངན་དང་། མྱ་ངན་བར་མ་དང་། ཤིན་ཏུ་མྱ་ངན་དང་། ཞི་བ་དང་། རྣམ་རྟོག་དང་། འཇིགས་པ་དང་། འཇིགས་པ་བར་མ་དང་། ཤིན་ཏུ་འཇིགས་པ་དང་། སྲེད་པ་དང་། སྲེད་པ་བར་མ་དང་། ཤིན་ཏུ་སྲེད་པ་དང་། ཉེ་བར་ལེན་པ་དང་། མི་དགེ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། ཚོར་བ་དང་། ཚོར་བ་བར་མ་དང་། ཤིན་ཏུ་ཚོར་བ་དང་། རིག་པ་འོད་དང་། རིག་བཞི་དང་། སོ་སོར་རྟོག་པ་དང་། ངོ་ཚ་ཤེས་པ་དང་། བརྩེ་བ་དང་། བརྩེ་བ་བར་མ་དང་། ཤིན་ཏུ་བརྩེ་བ་དང་། དགོས་པ་དང་བཅས་པ་དང་། བསགས་པ་ཉིད་དང་། ཕྲག་དོག་སྟེ། རང་བཞིན་གྱི་རྟོག་པ་སུམ་ཅུ་རྩ་གསུམ་མོ། ཞེས་སོ།
དེའི་དུས་སུ་དགྲ་མི་ཤ་བོ་ལ་ཡང་། ཞེ་སྡང་མི་སྐྱེ་བས་སྟོང་པ་ཞེས་བྱའོ།
།གཉིས་པ་སྣང་བ་དེ་མཆོད་པ་ལ་ཐིམ་རྩ་ན། །ཕྱི་རྟགས་ཉི་མ་ཤར་བ་༼དམར་པོ་འབྱུང་༽ལྟ་བུ་ལ། ནང་རྟགས་སྲིན་བུ་མེ་ཁྱེར་༼ཤེས་པ་རེས་གསལ་རེས་མི་གསལ་བ།༽ལྟ་བུ་འབྱུང་ངོ་། དེའི་དུས་སུ་མཆོད་པ་ཞེས་བྱ་བ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ༼སྔར་བས་༽ཆོས་གསལ་བ་༼དེ་༽ལ་༼དེར་༽འཛིན་༼གྱི་༽རྟོག་མེད་པ། ལྷན་ནེ་གནས་པ་སྐད་ཅིག་མ་གཉིས་འབྱུང་སྟེ།
རྣམ་རྒྱལ་ལས། མཆོད་པ་གསུམ་སྣང་ལ་རབ་ཏུ་མི་རྟོག་སྟེ། ཆོས་གསལ་བ་ལ་འཛིན་རྟོག་མ་ཞུགས་པ། ཡེ་ཤེས་ཕྲ་བ་རླུང་ལྡན་མི་སྣང་བ། །ལྷན་ནེ་གནས་པ་སྐད་ཅིག་གཉིས་པ་ཡིན། །ཅེས་སོ།
ཡེ་ཤེས་དེས་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགག་སྟེ།
སྤྱོད་བསྡུས་ལས། དེ་གང་ཞེ་ན། ཆགས་པ་དང་། ཀུན་ཏུ་ཆགས་པ་དང་། དགའ་བ་དང་། དགའ་བ་བར་མ་དང་། ཤིན་ཏུ་དགའ་བ་དང་། རངས་པ་དང་། རབ་ཏུ་དགའ་བ་དང་། ངོ་མཚར་བ་དང་། རྒོད་པ་དང་། ཚིམ་པ་དང་། འཁྱུད་པ་དང་། འོ་བྱེད་པ་དང་། འཇིབ་པ་དང་། བརྟན་པ་དང་། བརྩོན་པ་དང་། ང་རྒྱལ་དང་། བྱ་བ་དང་། འཕྲོགས་པ་དང་། སྟོབས་དང་། སྤྲོ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བ་ལ་སྦྱོར་བ་དང་། དགའ་བ་བར་མ་ལ་སྦྱོར་བ་དང་། ཤིན་ཏུ་དགའ་བ་ལ་སྦྱོར་བ་དང་། སྒེག་པ་དང་། རྣམ་པར་བསྒེག་པ་དང་། ཞེ་འདྲས་པ་དང་། དགེ་བ་དང་། ཚིག་གསལ་བ་དང་། བདེན་པ་དང་། མི་བདེན་པ་དང་། ངེས་པ་དང་། ཉེ་བར་ལེན་པ་དང་། སྦྱིན་པ་པོ་དང་། གཞན་ལ་བསྐུལ་བ་དང་། དཔའ་ག་དང་། ངོ་མཚ་མེད་པ་དང་། གཡོ་རྒྱུ་དང་། གདུག་པ་དང་། མི་བསྲུན་པ་དང་། གྱ་གྱུ་ཆེ་བ་སྟེ། འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུའོ། །ཅེས་སོ།
དེའི་དུས་སུ་ལྷའི་བུ་མོ་ལ་ཡང་ཆགས་པ་མི་སྐྱེ་བས་སྟོང་པ་ཆེན་པོ་ཞེས་བྱའོ།
།གསུམ་པ་མཆོད་པ་ཐོབ་པ་ལ་ཐིམ་པས། ཕྱི་རྟགས་མུན་བསྲོས་པ་ལྟ་བུ་ནག་ཐིབས་པའོ། །ནང་རྟགས་མར་མེ་རླུང་གི་མེ་སྐྱོད་པ་༼གསལ་ལ་རྟོག་པ་མེད་པའི་དྭངས་སིང་ངེ་བ་༽ལྟ་བུ་འབྱུང་ངོ་། །དེའི་དུས་སུ་ཐོབ་པ་ཞེས་བྱ་བ། མི་རྟོག་པའི་ཡེ་ཤེས་གསལ་ལ་འཛིན་བྱེད་ཀྱི་དྲི་མ་ཐམས་ཅད་དང་བྲལ་བ་དེ་ལ་ལྷམ་མེར་གནས་པ། སྐད་ཅིག་མ་འབྱུང་སྟེ།
རྣམ་རྒྱལ་ལས། ཐོབ་པའི་ཆ་ནི་ཤིན་ཏུ་མི་རྟོག་པ། །གསལ་བ་ཙམ་དུའང་མི་གནས་ཤིན་ཏུ་ཕྲ། །རླུང་སེམས་མི་ཕྱེད་གསལ་བར་འཆར་བ་སྟེ། །ལྷམ་མེ་གནས་པ་སྐད་ཅིག་གསུམ་པ་ཡིན། །ཅེས་སོ།
ཡེ་ཤེས་དེས་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགག་སྟེ།
།སྤྱོད་བསྡུས་ལས། དེ་དག་གང་ཞེ་ན། ཆགས་པ་བར་མ་ཆད་དང་། རྗོད་ངས་པ་དང་། འཁྲུལ་པ་དང་། མི་སྨྲ་བ་དང་། སྐྱོ་བ་དང་། ལེ་ལོ་དང་། ཐེ་ཚོམ་སྟེ་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་པོ་དེ་དག་གོ །ཞེས་སོ།
དེའི་དུས་སུ་གསལ་དྭངས་འོད་ཀྱི་རང་བཞིན་དུ་འཆར་བས། ཤིན་ཏུ་སྟོང་པ་ཞེས་བྱའོ།
།བཞི་པ་ཐོབ་པ་ཉེ་བར་ཐོབ་པ་ལ་ཐིམ་པ། ཕྱི་རྟགས་ཐོ་རངས་ཀྱི་སྐྱ་རེངས་ཤར་བ་ལྟ་བུའོ། །ནང་རྟགས་སྟོན་ཀའི་ནམ་མཁའ་སྤྲིན་མེད་པ་ལ་ཉི་མའི་མདངས་ཕོག་པ་ལྟ་བུ་༼གསལ་སྟོང་བདེ་ཆེན་གཉིས་སུ་མེད་པ༽འབྱུང་ངོ་། །དེའི་རྗེས་ལ་ཕ་མའི་༼ཧཾ་ལས་ཐིག་ལེ་༽དཀར་༼བ་དང་ཨ་ལས་ཐིག་ལེ་༽དམར་གྱི་ཆ། ཨ་ཧཾ་ཉིང་ཁར་ཕྲད་པས་བདེ་སྟོང་གི་ཉམས་འཆར་བར་འགྱུར་རོ། །དེའི་དུས་སུ་ཉེ་བར་ཐོབ་པ་རང་བཞིན་གྱི་འོད་གསལ་ཞེས་བྱ་བ། ༼བདེ་གསལ་མི་རྟོག་པ་གསུམ་ལ་༽ཞེན་རྟོག་གི་དྲི་མ་ཐམས་ཅད་དང་བྲལ་བ། བདེ་གསལ་མི་རྟོག་པར་ཡང་དམིགས་སུ་མེད་པའི་བློ་འདས་དེ་ལ་སྐད་ཅིག་བཞི་གནས་པར་བྱེད་དེ།
རྣམ་རྒྱལ་ལས། ཉེ་བར་ཐོབ་པ་དྲི་མ་མེད་པ་སྟེ། རང་བྱུང་རང་གསལ་བདེ་བ་དམིགས་སུ་མེད། །ཕྲ་རགས་རབ་ཞི་ཏིང་འཛིན་མཆོག་ཏུ་འགྱུར། །སྐད་ཅིག་བཞི་པར་མི་འགྱུར་ཁྱབ་བྱེད་ཡིན། །ཅེས་སོ།
ཡེ་ཤེས་རང་བཞིན་བརྒྱད་ཅུའི་རྟོག་པ་ཕྲ་རགས་ཀྱིས་ཆ་དང་བཅས་པ་ཐམས་ཅད་འོད་གསལ་ལ་ཐིམ་ནས། འགགས་པས་ཐམས་ཅད་རང་བཞིན་གྱི་སྟོང་པའི་ཡེ་ཤེས་ཞེས་བྱ་སྟེ།
རྣམ་རྒྱལ་ལས། ཇི་སྲིད་སྤྲིན་ནི་སྣ་ཚོགས་པ། །ཁ་དོག་དབྱིབས་ནི་ཐ་དད་དེ། །མཁའ་དབྱིངས་དག་ནས་འབྱུང་འགྱུར་ཞིང་། དེ་ཉིད་དུ་ནི་ལྡོག་པར་འགྱུར། །དེ་བཞིན་རང་བཞིན་ཐམས་ཅད་ཀྱང་། །སྣང་བ་གསུམ་གྱིས་རྒྱུ་ཅན་དངོས། །མ་ལུས་ཡུལ་ལ་ཞུགས་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །སྣང་བ་གསུམ་པོ་དག་པའི་ལམ། སྣང་བ་དག་པའི་ཡུལ་གྱུར་པ། །ཐམས་ཅད་འོད་གསལ་ལ་གནས་སོ། །ཅེས་པ་དང་།
ཨཱརྱ་དེ་བས། ཇི་ལྟར་སྤྲིན་ནི་སྣ་ཚོགས་པས། མདོག་དང་དབྱིབས་ནི་ཐ་དད་ཀྱང་། །ནམ་མཁའི་དབྱིངས་ནས་བྱུང་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །དེ་བཞིན་རང་བཞིན་ཐམས་ཅད་ཀྱང་། །སྣང་བ་གསུམ་གྱི་རྒྱུ་ཅན་ཏེ། །མ་ལུས་ཡུལ་ལ་ཞུགས་ནས་ནི། །འོད་གསལ་བ་ལ་འཇུག་པར་འགྱུར། །ཅེས་གསུངས་སོ།
དེ་ལ་སྣང་བ་ནི་གོམས་པའི་༼ངོས་ཟིན་པ༽འོད་གསལ། མཆོད་པ་ནི་བསམ་གཏན་གྱི་འོད་གསལ། ཐོབ་པ་ནི་རྔུལ་བྲལ་ཟག་མེད་ཀྱི་འོད་གསལ། ཉེ་བར་ཐོབ་པ་ནི་ལྷན་ཅིག་སྐྱེས་པ་ཆོས་སྐུའི་རང་བཞིན་གྱིས་འོད་གསལ་ཏེ།
རྣམ་རྒྱལ་ལས། འོད་གསལ་བ་ཡི་བསམ་གཏན་ཟག་པ་མེད། །རྔུལ་མེད་ས་བོན་མེད་པས་མི་གཡོ་བ། །ལྷན་ཅིག་སྐྱེས་པ་ཆོས་སྐུའི་སྙིང་པོ་ནི། །ལྷུན་གྲུབ་བྱང་ཆུབ་སེམས་ཀྱི་སྙིང་པོ་ཉིད། །ཅེས་གསུངས་སོ།
དེ་བས་འཆིབ་ཆོས་ཀྱི་སྐུ་ཞེས་ཀྱང་བྱ་ཏེ།
ཨཱརྱ་དེ་བས། འཆི་བ་ནི་དོན་དམ་པའི་བདེན་པ་ཡིན་ལ། སྐྱེ་བ་ནི་ཀུན་རྫོབ་བོ་ཞེས་སོ། །འཆི་བའི་འོད་གསལ་ལམ། རང་བཞིན་གྱི་འོད་གསལ་ཞེས་བྱ་སྟེ། དེ་ལ་སྔར་འོད་གསལ་ལ་འདྲིས་ཡོད་པས་དུས་དེར་རང་བཞིན་གྱི་འོད་གསལ་དང་བསྒོམ་པ་གཉིས་མ་བུ་འཕྲོད་ནས། འོད་གསལ་དེ་ཉིད་ལ་གནས་པས། བར་དོ་རིགས་དྲུག་གིས་གྲོང་ཁྱེར་མི་མཐོང་བར། །འོད་གསལ་དེ་ཉིད་ལ་གནས་པས། བར་དོ་རིགས་དྲུག་གི་གྲོང་ཁྱེར་མི་མཐོང་བར། །འོད་གསལ་ཆོས་ཀྱི་སྐུ་སྐྱེ་མེད་དེ་ལས་གཟུགས་སྐུ་གཉིས་འགག་མེད་རངཤར་ལྷུན་གྲུབ་ཏུ་བྱུང་ནས། དེས་འཁོར་བ་མ་སྟོངས་བར་དུ་གང་ལ་གང་འདུལ་གྱིས་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་བྱེད་དོ།
།ཡེ་ཤེས་རོལ་པ་ལ་སོགས་རྒྱུད་ལྔ་ནས། འོད་གསལ་ཟིན་པའི་གང་ཟག་ལ། །བར་དོའི་གྲོང་ཁྱེར་དེས་མི་མཐོང་། །གཞན་དོན་གཟུགས་སྐུའི་སྣང་བ་འཆར། །དཔེར་ན་ཡིད་བཞིན་ནོར་བུ་བཞིན། །ཞེས་སོ།
།དེ་ནི་དབང་པོ་རབ་ཚེ་གཅིག་ལ་ཕྱག་རྒྱ་ཆེན་པོ་ཐོབ་པས། སངས་རྒྱས་ཞེས་བྱའོ།
།གཉིས་པ་ནི། འོད་གསལ་ལ་གོམ་པ་ཆུང་བས། བར་དོ་དང་པོའི་འོད་གསལ་ལ་གནས་པར་མགྱུར་ན། བདུན་ཕྲག་དང་པོའི་ཞག་ཕྱེད་དང་བཞི་ཚུན་ཆད་སྐྱེ་བ་སྔ་མའི་ལུས་དང་། །ཡུལ་གྱི་ནོར་རྫས་དང་། གཉེན་འབྲེལ་ལ་སོགས་པའི་སྣང་བ་འབྱུང་ཞིང་། དེ་ཡང་དབང་པོ་ཀུན་ཚང་བ། ལས་ཀྱི་རྫུ་འཕྲུལ་དང་ལྡན་པའི་ཡིད་ལུས་ཏེ། གདན་བཞི་ལ་སོགས་པོད་རྒྱུད་དང་། དབྱིག་གཉེན་གྱི་ཞལ་ནས། སྔོན་བྱུང་སྲིད་པའི་ཤ་གཟུགས་ཅན། དབང་པོ་ཀུན་ཚང་ཐོག་མེད་རྒྱུག །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །རི་མེད་བྲག་མེད་ཐོགས་ཆགས་མེད། །རིགས་མཐུན་ལྷ་མིག་དག་པས་མཐོང་། མ་ཡིས་མངལ་དང་རྡོ་རྗེའི་གདན། དེ་གཉིས་མ་གཏོགས་ཐོགས་མེད་འགྲོ། །ཡིད་ཀྱི་ལུས་པོ་ཡིན་པས་སོ། །ཅེས་གསུངས་པས། དུས་དེར་བར་དོར་ཤེས་པ་མི་འབྱུང་ངོ་། །དེ་ནས་ཞག་ཕྱེད་དང་བཞི་སོང་མ་ཐོག་ནས། ཕྱི་མའི་སྣང་བ་ཡུད་ཙམ་རེ་ཤར་ཅིང་། སྔ་མའི་ལུས་ཀྱི་སྟག་མ་ཐུབ་པ་དང་། བཀྲེས་སྐོམ་དང་སྡུག་བསྔལ་གྱི་ཉིན་ནས། ཉེ་འབྲེལ་གྱིས་རྩར་ཕྱིན་པས། ཟས་སྐོམ་མི་གཏེར་ཞིང་སྨྲེ་སྔགས་འདོན་པ་མཐོང་སྟེ། །ཨ་ཙ་ང་ཤི་ནས་འདུག་པ། ད་སུ་ལ་རེ། ཇི་ཚུག་བྱེད་སྙམ་པའི་དངངས་སྐྲག་དྲག་པོ་འབྱུང་ཞིང་། སྔར་གྱི་ཡུལ་གཞིས། ཁང་ཁྱིམ། ནོར་རྫ་ས། བུད་མེད་མ་དང་། དགྲ་གཉེན་ལ་སོགས་པ་ཆགས་སྡང་དྲག་པོ་སྐྱེས་ཏེ། དུས་དེར་གསོན་གཤིན་ཏུ་སོང་བ་ནི་ཤེས། བྱམས་པའི་གཉེན་དང་ནི་བྲལ། རེ་ས་དང་མགོན་སྐྱབས་ནི་མེད། ལས་ཀྱི་གཤེད་མས་ནི་བརྡས། བཟོད་བརླགས་མེད་པའི་སྡུག་བསྔལ་གྱི་ཉེན་ཅིང་གཟིར་ཏེ། ཕྱོགས་ཀུན་ཏུ་རྒྱུག་ཅིང་། ཀྱི་ཧུད་ཀྱི་སྒྲ་ཆེན་པོ་འབྱིན་པར་འགྱུར་རོ། །དེ་ལ་བར་དོ་ཡུན་ཐུང་ན་བདུན་ཕྲག་གཅིག་གམ། རིང་ན་བདུན་ཕྲག་བདུན་གྱིས་བར་དུ། བར་དོའི་སྡུག་བསྔལ་སྣ་ཚོགས་མྱོང་ནས་སྐྱེ་བ་ལེན་པར་འགྱུར་རོ། །དེ་ལ་སྔར་གདམས་པ་རྣམས་ཀྱིས། ང་ཤི་འདུག་སྙམ་པའི་དུས་དེར། སྔར་བླ་མའི་ཞལ་ནས། བར་དོ་ལ་བར་དོ་ངོ་ཤེས་པར་གྱིས་ལ། རྒྱལ་བ་ལོངས་སྐུ་ཉམས་སུ་ལོང་གཅིག་གསུངས་པའི་དུས་དེར་སླེབ་འདུག་པས། བར་དོ་ལ་སྐྲག་པར་མི་བྱ་སྟེ། དུས་འདིར་སངས་རྒྱ་བའི་ཕྱི་རོ་སྙམ་དུ་བསམ་ལ། བླ་མ་ལ་གསོལ་བ་གདབ། བར་དོའི་སྣང་བ་ཐམས་ཅད་རང་སྣང་། རང་སྣང་ཐམས་ཅད་བདེན་མེད་སྒྱུ་མ་རྨི་ལམ་དུ་བསྒོམས་ནས། ཡི་དམ་གྱི་སྤྲུལ་བསྒྱུར་ལ་མདུན་པ་བཏང་། ཁྱད་པར་ཕྱི་སྣོད་གཞལ་ཡས་ཁང་། ནང་བཅུད་ལྷ་དང་ལྷ་མོ། རང་ལུས་གསུམ་ལྡན་གྱི་ལྷར་བསྒོམ་མཉམ་པ་ཙམ་དང་། སྔར་བསྒོམས་པའི་རྨི་ལམ་དུ་བྱུང་བའི་སྟོབས་གཉིས་ཀྱིས། རང་ཉིད་རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱི་རྒྱན་པ། སྣང་ལ་རང་བཞིན་མེད་པ། གསལ་ལ་རྟོག་པ་མེད་པ། བདེ་ལ་ཞེན་པ་མེད་པའི་ལྷ་སྐུ་ཕྱག་རྒྱ་ཆེན་པོ་ཆོས་ཀྱི་སྐུའི་ངོ་བོ། ལོངས་སྐུའི་རྣམ་པ། སྤྲུལ་སྐུའི་འཕྲིན་ལས། དབྱེར་མེད་བདེ་བ་ཆེན་པོའི་སྐུ་རང་ཤར་དུ་འབྱུང་སྟེ། དེའང་འཁོར་བའི་རྒྱ་མཚོ་མ་སྟོངས་བར་དུ་གང་ལ་གང་འདུལ་གྱིས་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་བྱེད་པར་འགྱུར་རོ། །དེ་ལ་སྔར་རྣམ་སྨིན་གྱི་ལུས་དང་། བག་ཆགས་ཀྱིས་ལུས་ལ་ས་བོན་གྱི་ཚུལ་དུ་བསྒོམས་པའི་འབྲས་བུ་དུས་འདིར་སྨིན་པ་དང་། བར་དོ་ཡིད་ལུས་འགྱུར་བ་སླ་ཞིང་། བཅུ་དྲུག་འགྱུར་རམ་སུམ་ཅུ་འགྱུར་གྱིས་གསལ་བས། དུས་དེར་སངས་མི་བརྒྱ་མི་སྲིད་པས། ཐེ་ཚོམ་དང་ཡིད་གཉིས་མེ་བྱའོ།
།གསུམ་པ་ནི། ལྷ་སྐུ་དང་འོད་གསལ་ལ་གོམས་པ་ཆུང་བས། བར་དོའི་འོད་གསལ་མ་ཟིན་ཅིང་། བདུན་ཕྲག་དང་པོར་ལོངས་སྐུ་ལ་མ་གནས་ན། རང་ཉིད་ཤི་ནས་བར་དོར་ཤེས་ཏེ། དངངས་སྐྲག་གི་སྡུག་བསྔལ་ཆེན་པོ་འབྱུང་ངོ་། །དེའི་རྗེས་ལ་ཕ་མ་དང་། ཕོ་མོ་ལ་སོགས་པ་ལ་འདོད་ཆགས་སྐྱེས་ནས། དེ་ལ་བརྟེན་པའི་ཕྲག་དོག་དང་། མིག་སེར་སྐྱེ་སྟེ། ཆགས་སྣང་དེས་མཚམས་སྦྱར་ནས། སྐྱེ་བ་ལེན་པར་འགྱུར་རོ། །དེ་ལ་ང་ཤི་འདུག་སྙམ་པའི་དུས་དེར་བར་དོ་ལ་མི་སྐྲག་པར་བྱས་ལ། ཀྱེ་མ་ཆགས་སྡང་གིས་སྐྱེ་བ་འདི་ཤིན་ཏུ་སྡུག་བསྔལ་བ་སྟེ། ད་ནི་བདེ་བ་ཆེན་པོའི་ཞིང་དུ་འགྲོའོ་སྙམ་པ་དང་། བར་དོའི་སྣང་བ་ཐམས་ཅད་༼ཡིན་རང་སྣང་ཐམས་ཅད་༽རང་སྣང་། བདེན་མེད་༼སྒྱུ་མ་རྨི་ལམ་༽ཡིན་སྙམ་པ་དང་། བླ་མའི་མོས་གུས་དང་གསུམ་ལ་མདུན་པ་བཏང་ངོ་། །དེའི་རྗེས་ལ་༼རང་གི་༽མདུན་དུ་ཆོས་འབྱུང་༼གྲུ་གསུམ་རྐྱང་པའམ་བརྩེགས་མ༽མཐིང་ཁའམ། གཉིས་བརྩེགས་ཀྱི་ནང་དུ་རང་སེམས་ཧཱུྃ་ངམ། ཐིག་ལེ་༼སྔོན་པོ་༽བསམ། དེ་ལས་འོད་ཁ་དོག་ལྔ་འཕྲོས་པས། སྐྱེ་གནས་ལྔའི་ལན་ཆགས་དག །༼ད་ལྟར་གྱི་༽དྲི་མ་སྦྱངས། ༼ད་བཟོད་ཀྱིས་༽མངལ་སྒོ་བཀག་པར་བསྒོམས། དེ་ནས་ཧཱུྃ་དེ་གྱུར་པ་ལས་རང་ཡི་དམ། ཡབ་ཡུམ་དུ་བསམ། བར་དོའི་ཆགས་སྡང་གི་ཡུལ་ཕོ་མོར་སྣང་བ་དེ་ཡི་དམ། ཡབ་ཡུམ་དུ་བསྒོམས་ནས། ༼ཡིད་ཀྱིས་༽མཆོད་པ་དབུལ་ཞིང་གསོལ་བ་གདབ། སྒྲ་གྲགས་ཚད་སྔགས་སུ་བལྟ། དྲན་རིག་གི་རྟོག་ཚོགས་ཐམས་ཅད་༼གང་སྐྱེས་༽ལ་གླང་ཆེན་གྱིས་ལྟ་སྟངས་ཀྱིས་ལྷ་སྐུ་ཕྱག་རྒྱ་ཆེན་པོ་ལ། སྐད་ཅིག་མ་གསུམ་ཙམ་མཉམ་པར་བཞག་པ་དང་། ཕྱི་སྣོད་༼ཀྱི་འཇིག་རྟེན་༽དང་ནང་བཅུད་ཐམས་ཅད་རང་ལུས་སྣང་སྟོང་ཞེན་བྲལ་གྱི་༼ལྷ༽སྤྲུལ་སྐུའི་སྣང་བ་འབའ་ཞིག་རང་ཤར་དུ་བྱུང་ནས། དུས་དེ་༼སྤྲུལ་སྐུར་༽ཉིད་དུ་སངས་མི་རྒྱ་མི་སྲིད་དོ། །གནད་འཆུག་མེད་བར་དོ་གསུམ་གྱི་ཉམས་ལེན། ཡེ་ཤེས་ཀྱི་མཁའ་འགྲོ་༼ནི་གུ་༽མའི་གསུང་ལས་ཇི་ལྟར་བྱུང་པ་ལྟར། བདག་ཁྱུང་པོ་རྣལ་འབྱོར་པས་ཉམས་སུ་མྱོང་བར་བྱས་ནས་ཡི་གེར་བཀོད་པའོ། །མི་རབས་བདུན་དུ་ཆིག་བརྒྱུད་ལས་མ་སྤེལ་རྩིག །རྫོགས་སོ།།
སྔར་གྱི་འཕེན་པས་བར་དོ་སངས་རྒྱ་བའི་དཔེ་བསྟན་པ་ནི། མར་མེ་དང་། མེ་ལོང་དང་། བྲག་ཆ་དང་། རྒྱ་ཡི་སྐུ་ཕོར་ཤེས་ཏེ། མར་མེ་སྔ་མ་ལས་ཕྱི་མ་གསལ་བོར་ལམ་སྟེ་བྱུང་བ་ལྟར། མར་མེ་སྔ་མ་དང་འདྲ་བ་འཆི་ཁའི་འཕེན་པ་ལས། ཕྱི་མ་དང་འདྲ་བར་བར་དོ་ཟུང་འཇུག་གི་སྐུ་ལྡང་བའོ། དེ་བཞིན་ཀུན་ལ་ཤེས་པར་བྱའོ། །རིགས་ལྡ་ནས་སོ།། མངྒ་ལཾ།། །།