'jam dbyangs kun dga' grol mchog gi thun mongs ma yin pa'i rnam par thar pa myong rgyan gyi me tog

From Shangpa Resource Center








Resource ID KD1
Title 'jam dbyangs kun dga' grol mchog gi thun mongs ma yin pa'i rnam par thar pa myong rgyan gyi me tog
Topics Biography
Author Künga Zöpa
Associated Person Künga Drölchok
Link BDRC W3PD988
Notes For another version: myong ba rgyan gyi me tog ces bya ba thun mong gi sgo'i rnam thar

This text needs to be read back
༄༅། །འཇམ་དབྱངས་ཀུན་དགའ་གྲོལ་མཆོག་གི་ཐུན་མོངས་མ་ཡིན་པའི་རྣམ་པར་ཐར་པ་མྱོང་རྒྱན་གྱི་མེ་ཏོག་བཞུགས་སོ།

གུ་རུ་སརྦ་ན་མཿ
རྩ་བ་རྒྱུད་པའི་བླ་མ་ཡི་དམ་ལྷ། །སྙིང་གི་པདྨོར་སྟག་པར་བཞུགས་སུ་གསོལ། །ཞེས་ཀྱང་སྒོམ་གྱི་དབེན་པའི་ཆོས་རྒྱུས་མཁན། །བདག་ལ་ཆོས་དབྱིངས་དད་ནས་ཐུགས་རྗེས་གཟིགས། །སྤྱི་གཙུག་བདེ་ཆེན་བརྒྱན་གྱུར་ཡིད་བཞིན་ནོར། །ནོར་བུ་རིན་ཆེན་མཆོག་གྱུར་བླ་མ་ལ། །གྲུ་གསུམ་སྙིང་གི་ངོ་མཚར་གཞལ་ཡས་ཁང་། །དུར་ཁྲོད་མཚོན་བྱེད་ལུས་ཀྱི་བུ་ཁ་བརྒྱད། །བ་སྤུ་སྐྲ་སེན་བསྲུང་བའི་འཁོར་ལོ་ཡིས། །དབུས་སུ་བཞུགས་པའི་ཡི་དམ་ལྷ་ཚོགས་དང་། །བུ་བཞིན་སྐྱོངས་མཛད་ཆོས་སྐྱོངས་ཌཱ་ཀིའི་ཚོགས། །བརྩེ་བས་དུས་རྣམས་ཀུན་ཏུ་བསྐྱངས་དུ་གསོལ། །ཡོངས་འཛིན་མཁས་གྲུབ་དུ་མའི་ཞབས་པད་ལས། །ཟོལ་མེད་གུས་པར་ཡུན་རིང་བརྟེན་པའི་མཐུས། །ལམ་བཟང་ཡོན་ཏན་ཅུང་ཟད་རྒྱས་པ་ཡང་། །བདག་དང་བདག་གིར་བྱ་བའི་སློབ་བུའི་ཚོགས། །ལམ་ལ་གྲོད་པ་བསྐྱེད་པར་བྱ་ཕྱིར་དང་། །དད་པའི་གསོལ་འདེབས་ཉིད་དུ་འགྱུར་སྙམ་ན། །སྒྲོ་བཀུར་རང་བཟོ་སྤངས་ནས་བྲི་བར་བྱ།
དེ་ཡང་ཁོ་བོའི་རིགས་རུས་ཆོ་འབྲང་རྣམས་ནི་འོད་གསལ་གྱི་ལྷ་ལས་ཆད་པ་ཡིན། ཞེས་གླེང་ཞིང་ཁོ་བོ་ཡང་རབ་བྱུང་ཞེས་པ་མེ་ཡོས་བུའི་ལོ། ཡབ་དགུང་ལོ་ལྔ་བཅུ་ང་བདུན། ཡུམ་དགུང་ལོ་ཉི་ཤུ་བཞེས་པ། ས་ག་ཟླ་བའི་ཚེས་བཅོ་ལྔའི་སྲོད་ཀྱི་ཆ་ལ་བདེ་བར་བཙས་ཅེས་དང་། དེའི་ནུབ་བསྐྱེད་ཚལ་གྱི་མེ་ཏོག་ལྡུམ་རར་འཇམ་དབྱངས་མེ་ཏོག་ཟེའུ་འབྲུ་སྟོང་ལྡན་ཞིག་ཁ་འབུས་ཞེས་གླེང་ངོ་།
།ཡང་ཁོ་བོའི་སྐྱེ་བ་སྔན་མ་ནི། སིང་གྷའི་གླིང་དུ་རིགས་བྲམ་ཟེ་ལས་རབ་ཏུ་བྱུང་བ་ཡོངས་སུ་རྫོགས་པའི་པཎྜི་ཏ་ཆོས་ཀྱི་ཉིན་བྱེད་བྱ་བར་གྱུར་ནས། འཕགས་མ་སྒྲོལ་མ་ཡི་དམ་གྱི་ལྷར་འཛིན་ཅིང་། སྒྲ་དང་སྙན་ངག་དང་། མངོན་བརྗོད་དང་། སྡེབ་སྦྱོར་དང་། བཟློས་གར་ལ་སོགས་པ་ཐ་སྙད་ཀྱི་གཙུག་ལག་དུ་མའི་སྒོ་ནས། གདུལ་བྱ་མང་པོ་ལ་ཕན་བཏགས་ནས། ཡོངས་སུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏེ། དེ་ནས་གངས་རིའི་ཁྲོད་འདིར་ཡི་དམ་སྒྲོལ་མའི་ཐུགས་རྗེས་མིའི་སྐྱེ་བ་བླངས་བའི་ལུང་བསྟན་བྲག་སྟེངས་རྡོ་རྗེ་རྫོང་དུ་བྱུང་བ་འདི་ནི་ངེས་པའི་བསྟན་ཚིགས་ཏེ། ཁོ་བོའི་སྐྱེ་བ་རྩིས་འབྲས་ལས་ཀྱང་།
།སྒྲོལ་མའི་ཐུགས་རྗེས་དལ་ཐོབ་ཅིང་། །སོ་བདུན་བར་དུ་བདེ་བར་འཚོ། །ཡིད་ཀྱི་དངུལ་དཀར་མེ་ལོང་ལ། །ཤེས་བྱའི་གཟུགས་སྙན་ཅིར་ཡང་འཆར། ཅེས་དང་།
བྱིས་པ་ཆུང་ངུའི་དུས་རྭ་སྟོན་ཡོན་ཏན་དཔལ་བཟང་པོ་ལ་མིང་དང་བྱིན་རླབས་ཞུ་རུ་ཕྱིན་པས། འདི་སྒྲོལ་མ་འབུམ་གཏེར་གཙུགས་པའི་རྗེས་ལ་སྐྱེས་པ་ཡིན་པས། མིང་ལ་སྒྲོལ་མ་འབུམ་ཐོགས་གསུང་པ་དང་། དོན་དེ་ལ་དགོངས་ནས་གཙུག་རྒྱན་གྱ་ནོར་བུ། བརྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་ལེགས་པའི་འབྱུང་གནས་ཀྱིས་སྔ་གོང་གནང་བའི་ཕྱག་རྟགས་ནང་ན་ཡང་།
འགྲོ་ཀུན་སྲིད་པའི་མཚོ་ལས་སྒྲོལ་མཛད་མ། །ཉིད་ལ་རྣམ་སྣང་ཆེན་པོས་བསྟོད་པའི་མཆོག །ཇི་སྙེད་འབུམ་གྱི་བཟླས་བརྗོད་བགྱིས་པའི་མཐུས། །ལེགས་པར་འཁྲུངས་པ་གང་ཁྱོད་དགེ་གྱུར་ཅིག
།ཅེས་གསུངས་པ་ཡང་སྣང་བས། འཕགས་མ་ཏ་རེའི་ཐུགས་རྗེས་དལ་འབྱོར་གྱི་མི་ལུས་རིན་ཆེན་ཐོབ་པའི་ལྷག་བསམ་རྣམ་པར་དག་པ་ཡང་སྐྱེའོ།
།དེ་ནས་བུ་ཆུང་གི་དུས་ཡང་ཡང་ན་བར་ཡོད་པས་རྐྱེན་བྱས། ཡབ་ཡུམ་གཉིས་བསྟན་པ་ལ་དད་པའི་ཐུགས་རྗེ་དང་། རྩ་བའི་བླ་མ་རིན་པོ་ཆེ་རྣམས་བཞིའི་ཡ་གྱལ་དུ་གྱུར་པ། །དཔལ་རྩེ་བ་ཆེན་པོ་ཀུན་དགའ་མཆོག་གྲུབ་ཀྱི་བཀའ་དྲིན་ལ་བརྟེན། རང་གི་སྐྱེ་བ་སྔན་མའི་རྨོན་ལམ་དག་པས་འཚམས་སྦྱར་ཏེ། རང་ལོ་གསུམ་ངོ་བཞིར་བལྟ་བ་ས་ག་ཟླ་བའི་ཉེར་ལྔའི་སྔ་དྲོའི་ཆ་ལ། ཕྱ་བག་གསེར་ཁང་དུ་དམ་པ་དེ་ཉིད་ཀྱི་ཞབས་དྲུང་དུ། རྩ་བ་བཞི་ཆང་དང་ལྔ་སྤངས་པའི་ཡོངས་རྫོགས་དགེ་སྙེན་གྱི་སྡོམས་པ་ཞུས་ནས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ་བས། སྔར་གྱི་ནད་གཞིའི་རྒྱུན་དྲག་པོ་དེ་སྤྲིན་གཏོར་བ་བཞིན་དུ་དངས་པར་གྱུར་ཏེ། སྔར་གྱི་ན་བ་དེ་ལྟར་སྣང་བ་དེ། སངས་རྒྱས་ཀྱི་བསྟན་པ་དང་མཇལ་བའི་དཀོན་མཆོག་གསུམ་གྱི་ཐུགས་རྗེའི་ཕྲིན་ལས་ཡིན་པར་སྣ་ཚོགས།
དེ་ནས་བཟང་ཏེ་ལོ་བརྒྱད་ཀྱི་བར་དུ་ལུགས་གཉིས་མཁྱེན་པའི་ཡབ་ཀྱི་ཉིན་བྱེད་ཀྱིས་སྐྱང་པས། ལྷའི་ལུས་ལྟ་བུའི་སེམས་བདེ་བས་འཚོ་ཞིང་། ཀློག་སོགས་སླབ་པར་བྱ་བའི་གནས་ཕྲ་མོ་ཡང་ཤེས། དེ་ནས་རིང་པོར་མ་ལོན་བར་ཡབ་ཀྱི་ཉིན་བྱེད་དེ་ཡང་ཞིང་གཞན་ནུབ་རིར་ཡོལ་བའི་ཚུལ་བསྟན། དེ་ལྟ་ན་ཡང་རྩེ་ལྡན་ཡུམ་གྱི་འོད་ཀྱི་ཡུན་རིང་སྐྱངས་ཤིང་། བྱམས་བརྩེའི་ངང་ཚུལ་སྒོམ་པའི་མ་རྒན་མོས་བདག་བཙས་ཙམ་ཉིད་ནས་མའི་བྱ་བ་འགའ་དག་རྫོགས་པར་བྱས། ལུས་སེམས་སྐྱེད་སྲིངས་སྟེ་ཀུན་དུ་བསྐྱངས་པས་དྲིན་ཆེ་བ་ཡིན།
དེ་ནས་རང་གི་དགོན་པར་ཡོང་ནས། །ལོ་དགུ་ལོན་པ་ནས་བཅུ་གསུམ་གྱི་བར། དཔལ་རྩེ་བ་ཆེན་པོ་ཀུན་དགའ་མཆོག་གྲུབ་ཀྱི་ཞབས་པད་སྤྱི་བོར་བསླངས་ནས། བར་མ་རབ་བྱུང་གི་བརྟུལ་ཞུགས་དང་། དགེ་ཚུལ་གྱི་ཁྲིམས་རྣམ་ཐར་དག་པ་ནོས་སྟེ། མདོ་སྔགས་ཀྱི་གདམས་པ་མང་དུ་ཞུས་སོ།
།དེ་ནས་དབུས་གཙང་ལ་འགྲོ་ཁར་དམ་པ་དེ་ཉིད་ཀྱི་དྲུང་དུ། བུམ་པ་ཆུས་གང་བ་གཅིག་གི་ཁར་ཤིང་ཐོག་བིལ་བ་གཅིག་བཞག་ནས་ཕུལ་བས། སྤྱིར་དབུས་གཙང་དུ་འགྲོ་བ་ལ་ལོ་གཞོན་ནུ་མ་ཡིན་ཀྱང་། བློ་ཆོད་ཐོན་པོ་ཡིན་ཏེ། ཕར་ཆད། འདུལ་མངོན། བྱམས་ཆོས་སོགས་གཞུང་དག་ལ་མང་པོ་བློ་ལ་ཡོད། ད་ལན་གྱི་བུམ་པ་ཆུས་གང་བ་འདི། ཚུལ་ཁྲིམས་ཀྱི་བུམ་པ་ཡོན་ཏན་གྱི་ཆུས་གང་བའི་བརྒྱར་འདུག་གསུང་།
དེ་ནས་ཟླ་བ་བཅུ་གཅིག་པའི་ཉེར་དགུ་ལ་རང་ཡུལ་ནས་ཆས་པ་ཡིན་པས། ཞག་བཅོ་ལྔ་ཙམ་སོང་ནས། ལྷ་མཚོ་སྲིན་མཚོའི་བར་གྱི་འགྲམ་དུ་སླེབ་པ་ན། དོག་དུས་ཀྱི་བརྒྱའ་སྟོན་མཚོན་བྱེད། མ་་་་ང་པའི་སྐྱེ་བོ་འགའ་ཞིག་གི་བྱེད་པ་ལ་བརྟེན་ནས། མི་རྟག་སྐྱོ་ཤས་ཀྱི་ཡིད་བརྒྱན་པའི་བྱ་ལམ་གྱི་བསྡུལ་ཡང་ཁྱད་དུ་གསད་ནས། རང་ཡུལ་འཁོར་བའི་བློ་སྣ་སྤངས་ནས། བོད་ཡུལ་གྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱའི་གནས་སུ་ཉེ་བར་བསྙེན་ཏེ། དེ་ན་བཞུགས་པའི་རྟེན་ཁྱད་པར་ཅན་རྣམས་ཕྱག་མཆོད་སྨོན་ལམ་འདེབས་པ་སོགས་མང་དུ་བྱས། དེ་ནས་སྒོ་རུམ་གྱི་རྡོ་རྗེ་ནག་པོ་ཆེན་པོ་མ་ཧཱ་ཀ་ལ་དང་ལན་གསུམ་མཇལ་བས། ལན་རེ་ལ་མཐོང་སྣང་མི་འདྲ་བ་རེ་རེ་བྱུང་། མར་ངོའི་ཚེས་བརྒྱད་གཅིག་ལ་ཁ་འུའི་བྲག་རྫོང་དུ་ཕྱིན་པས། དཔལ་སྟོབས་ཀྱི་མགོན་པོ་ཀུན་བཟང་ཆོས་ཀྱི་ཉི་མ་ལ་དཔལ་མགོན་ཐིམ་པའི་བྲག་སྒོ་དེ་ཉིད་དུ། ཞིང་སྐྱོང་འཁོར་དང་བཅས་པའི་རྗེས་སྣང་ཅིག་ཐོབ་པས། ཤེས་པ་འདི་ཡང་སྐྱི་ཟ་ཞིང་། བསིལ་བ་ཚལ་སོགས་གནས་ཁྱད་པར་ཅན་རྣམས་ནས། ཆོས་སྐྱོངས་རྣམས་དངོས་སུ་ལིང་ལིང་བྱོན་པའི་སྣང་བ་ཡེ་ཤེས་ཕབ་རིང་བྱུང་། དེ་དུས་ཐོག་མར་ཐུབ་བསྟན་གསེར་མདོག་ཅན་དུ་ཕྱིན། དེར་ཟླ་བ་འགའ་ཡར་བསྡད་ནས། འབྲུམ་པ་ལ་འཛེམས་པའི་བཏབས་ཀྱིས་དཔལ་ཨེ་ཝཾ་ཆོས་ལྡན་དུ་ཕྱིན་ནས། ངོར་ཆེན་རྡོ་རྗེ་འཆང་ལྷ་མཆོག་སེང་གེ་ལ་གདམས་པའི་གནད་ཅུང་ཟད་ཞུས་ཤིང་། གཙོ་བོར་མཚམས་བྱས་ནས་སྣ་ཚོགས་ཡུམ་གྱི་བསྙེན་པ་གཅིག་དང་ཁྱད་པར་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལ་རྩེ་གཅིག་དུ་གསོལ་བ་བཏབ་པས་རྨི་ལམ་དུ་འཇལ་བའི་སྣང་བ་བྱུང་ནས། ཕྱག་གཉིས་བདག་གི་སྤྱི་བོར་བཞག་སྟེ། ད་ལན་འབྲུམ་པ་མི་ཡོང་གསུང་ལུང་བསྟན་ཏེ། དབུགས་འབྱུང་བར་མཛད་དོ།
དེ་དུས་མུས་ཆེན་འཁོར་ལོ་སྡོམ་པ་སངས་རྒྱས་རིན་ཆེན་གྱི་མཚན་ཐོས་ཙམ་ནས་མཆི་མ་སྣ་རྩ་བུན་པའི་མོས་གུས་ཚད་མེད་པ་སྐྱེ་བ་བྱུང་། སྔོན་གྱི་ལས་ངན་ཨེན་ཙམ་གཅིག་ཡིན་པ་འདྲ། ཡུན་རིང་དུ་ཞལ་མ་འཇལ་ནའང་། མོས་གུས་ལ་སྐྱོ་དུབ་མེད་པར་གསོལ་བ་རྩེ་གཅིག་ཏུ་བཏབ་པས། ནུབ་གཅིག་རྨི་ལམ་ན་ཞབས་འཐིལ་སྤྱི་བོར་བླངས། འདོད་པའི་རྒྱལ་པོའི་རྗེས་སྣང་གཅིག་ཐོབ་པའི་སྣང་བ་བྱུང་།
དེ་ནས་ལོ་གཅིག་གི་བར་ཐུབ་བསྟན་གསེར་མདོག་ཅན་དུ་མདོ་ཕྱོགས་ཀྱི་སློབ་གཉེར་གྱི་བཞུག་ཅི་ཡོད་བྱས་པས། སློབ་གཉེར་ཡང་གོང་འཕེལ་དུ་བྱུང་། ཡང་སྦྲུལ་གྱི་ལོ་ཙ་བའི་བླ་མ་རིན་པོ་ཆེ་རྣ་བཞིའི་ཡ་གྱལ་དུ་གྱུར་པ། དཔལ་སྟོབས་ཀྱི་མགོན་པོ་ཀུན་བཟང་ཆོས་ཀྱི་ཉི་མའི་ཞབས་ཀྱི་པད་མོ་སྤྱི་བོར་སླངས། གསང་སྔགས་གདམས་པའི་གནད་མང་དུ་ཞུས། དེ་དུས་ནུབ་གཅིག་རྨི་ལམ་ན། བྲམ་ཟེ་མདོག་སྔོ་བ་སྨ་ར་དམར་སེར་ཅན་ཞིག་གིས་མི་རྐང་གི་གླིང་བུ་གཅིག་བུས་བྱུང་བ་ན། བུད་མེད་འདྲ་བའི་གཅེར་བུ་བཞི་ཡང་དེའི་མཐའ་ནས་བགད་ཀྱིན་གར་བྱེད་པ་འདྲ་བའི་སྣང་བ་བྱུང་བས་གཉིད་སད་ཐལ། སྔ་དྲོ་བླ་མ་ལ་ཞུས་པས། ཁྱོད་བསགས་ཁྱབ་ཅན་གཅིག་འདུག །ཞིང་སྐྱོང་གདོང་བཞི་པ་འཁོར་དང་བཅས་པས་དུས་ད་ལྟ་ནས་ཕྱི་བཞིན་འབྲང་བར་གདའི། ལར་མ་བཅོས་ཞེན་བྲལ་གྱི་བློ་འདི་ཡོད་ན་ཆོས་སྐྱོང་རྣམས་ཀྱིས་ཀྱང་བུ་བཞིན་སྐྱོང་བར་གདའ་སྟེ། དེ་བཞིན་མི་གོ་འདུག་གསུང་། གཞན་ཡགས་ཆོས་སྐྱོང་གིས་རྗེས་སུ་འཛིན་པའི་ལྟས་མང་དུ་བྱུང་སྟེ། ཡི་གེ་མང་པས་མ་བྲིས་སོ།
།ཡང་དེ་དུས་རྩ་བའི་བླ་མ་པཎ་ཆེན་རྣམས་གཉིས་ཀྱི་ཡ་གྱལ་དུ་གྱུར་པ། ལུང་རིག་གི་མངའ་བདག་ཆེན་པོ་དོན་ཡོད་གྲུབ་པ་ལ་སྔ་ཕྱིར་མདོ་སྔགས་ཀྱི་ཆོས་མང་དུ་ཞུས། ཁྱད་པར་རྒྱུད་སྡེ་ལྔ་དང་བདེ་མཆོག་ལྷ་ལྔའི་དབང་སྔོན་དུ་སོང་ནས་མཁས་གྲུབ་གཞོན་ནུ་གྲུབ་ཀྱི་ཁྲིད་ཡིག་ནང་ལྟར་ཟླ་བ་གཅིག་ལྷག་ཙམ་གྱི་བར་དུ་དམིགས་ཁྲིད་ཞིབ་མོར་ཞུས། དེ་དུས་དོན་ཡོད་མཚན་ཅན་ལ་ནཻ་གུའི་བྱིན་བརླབས་ཀྱི་བཀའ་བཞིན་མི་བཞུགས་པ་འདུག་པས་བྱིན་བརླབས་ཁོག་ཕུགས་ཀྱི་བཀ་དེ་བྲག་དམར་བ་ཀུན་དགའ་ཚེ་འཕེལ་བ་ལ་དོན་ཡོད་མཚན་ཅན་གྱིས་གསན། གཞན་རྣམས་ནི་དུས་ཕྱིས་དབུ་ལེགས་གྲུབ་ཆེན་པོ་ལ་གསན་ཞེས་ཟེར་རོ།
།ཡང་ཀུན་བཟང་ཆོས་ཀྱི་ཉི་མའི་དྲུང་དུ་སྒྱུ་ལུས་དབང་མོ་ཆེ་ཆོས་དྲུག་སོ་སོའི་བཀའ། མཁའ་སྤྱོད་དཀར་དམར་གཉིས། ལམ་ཁྱེར་རྣམ་གསུམ། བླ་མ་མགོན་པོ་དབྱེར་མེད། མགོན་དཀར་ཡིད་བཞིན་ནོར་བུ་རྣམས་ཞུས། དེ་དུས་གངས་ཅན་གྱི་སྙན་ངག་མཁན་ངག་གི་དབང་ཕྱུག་དབོན་ཤཱཀྱ་རྒྱལ་མཚན་པ་ལ། དབྱངས་ཅན་དཀར་མོའི་བསྒྲུབ་བསྐོར་རྗེས་སྣང་རྣམས་ཞུས་སྙན་ངག་མེ་ལོང་སྡེབ་སྦྱོར་རིན་ཆེན་འབྱུང་གནས་སོགས་ཐ་སྙད་ཀྱི་གཙུག་ལག་འགའ་ཞིག་དང་། མདོ་སྔགས་ཀྱི་ཆོས་བཅུ་ཙམ་ཡང་ཞུས་དེ་ནས་མཚན་ཉིད་ཀྱི་བསློབ་གཉེར་ཡང་ཆ་འཐུན་ཙམ་བྱུང་། རང་ཡུལ་དུ་འཁོར་དགོས་པའི་དཔལ་རྩེ་བ་ཆེན་པོའི་བཀའ་ལུང་ཕྱག་རྟགས་དང་བཅས་པ་གནང་བས་རྐྱེན་བྱས་ནས་ངམ་རིང་རྟའི་སི་སྡུ་རིགས་ལྡན་ཆོས་ཀྱི་རྒྱལ་པོས་ལེགས་པར་སྐྱོངས་བའི་མངའ་འོག་ཏུ་སླེབ། དེ་དུས་སྨོན་ལམ་དག་པའི་དབང་གིས། རྩ་བའི་བླ་མ་རིན་པོ་ཆེ་རྣམ་བཞི་ཡ་གྱལ་དུ་གྱུར་པ་མུས་ཆེན་འཁོར་ལོ་སྡོམ་པ་སངས་རྒྱས་རིན་ཆེན་དང་བཅོ་ལྔ་ལྷ་བབས་ཀྱི་དུས་ཁྱད་པར་ཅན་ལ་མཇལ་བ་ནས། སྐུ་མཐོང་བ་ཙམ་གྱིས་སྣང་བ་འགག་ཅིང་། དེ་དུས་ཆོས་འབྲེལ་གྱི་ཐོག་མར་བླ་མའི་རྣལ་འབྱོར་གཅིག་གནང་། དེའི་ཆོས་ཕྱག་ལ་ཧོར་ཀོག་མར་གྱིས་བསྐངས་པའི་སྣང་གསལ་གཅིག་ཕུལ་བས། ཞལ་འཛུམ་པ་གཅིག་མཛད་དེ། སེམས་ཅན་སྡུག་བསྔལ་མུན་ཐོམས་ལ། ཆོས་ཀྱི་སྒྲོན་མེ་འབར་དུ་གསོལ། ཅེས་གསུངས་སོ།
དེ་ནས་དཔའ་བོ་ཉ་ལྟོ་པ་ནས་རྒྱུད་པའི་ཇོ་བོ་ན་རོ་ཏ་པའི་སྦས་བཤད། འཁོར་ལོ་སྡོམ་པའི་མན་ངག་ཡོངས་རྫོགས་དང་། གཞན་ཡང་ཤིན་ཏུ་ཟབ་པའི་གདམས་པའི་གནད་མང་དུ་གནང་ཞིང་། རྗེ་ཉིད་ཀྱིས་བསྒྲུབ་པ་རྟིང་མ་མཛད་པའི་བདུད་རྩི་རིལ་བུ་བརྒྱ་རྡོ་གཅིག་དང་། བསིལ་མ་མང་དུ་གནང་ཞིང་། གཞན་ཡང་ཟང་ཟིང་གི་གནང་སྦྱིན་དུ་མ་དང་། བཀའ་ཞལ་གྱི་སླབ་ཆ་ཞིབ་རྒྱས་གནང་བ་སོགས་ཐུགས་ཡིད་གཅིག་དུ་འདྲེས་པའི་བཀའ་དྲིན་ཚད་མེད་སྐྱངས་ཤིང་རང་གི་སྐྱེ་བ་སྔ་མ་ནས་ཀྱི་དགེ་བའི་གཤེས་གཉེན་ཡིན། འབྲེལ་ཚད་དོན་ལྡན་གྱི་བླ་མ་ཡིན་པའི་ངེས་ཤེས་སྐྱེའོ།
།དེ་ནས་རྩ་བའི་བླ་མ་རྣམ་བཞིའི་ཡ་གྱལ་དུ་གྱུར་པ་རྡོ་རྗེ་འཆང་ལྷ་མཆོག་སེག་གེའི་ཕྱག་ཕྱིར་འབྲེངས། ཡར་ལམ་བྲ་ནག་པོ་རྫོང་རོ་དུམ་ཙམ་ཡོད་པ་ཞིག་གི་འགྲམ་དུ་ཕྱིན་པས། བྲ་ས་ཕུ་གཅིག་ལ་ཁྲས་རྒོངས་རྒྱབ་ནས་མིག་དང་། རྣ་བ་དང་སྣ་ལ་སོགས་པ་གནད་ཅིང་སྡུག་བསྔལ་གྱི་ཉེན་པ་གཅིག་དང་ཕྲད་པས་རྐྱེན་བྱས། སྙིང་རྗེའི་ཏིང་ངེ་འཛིན་མཁའ་དབུས་མེད་པ་རྒྱུད་ལ་སྐྱེས་ཤིང་། དེ་ནས་ཡར་ལམ་ཟླ་བ་ཕྱེད་དང་གཉིས་ཙམ་བྱས་རང་ཡུལ་དུ་སླེབ་ནས་དགོན་པར་ཕྱིན་པ་ན། སྔར་གྱི་བྱིས་པའི་དུས་ཀྱི་བརྩེད་གྲོགས་པ་ཕལ་ཆེར་ནི་ཤི །ལ་ལ་ནི་ས་མཐར་འཁྱམས། འགའ་ཞིག་ནི་བཙུན་པ་ལོག །་་་་གཅིག་ནི་དགུན་དུས་ཀྱི་ཤིང་སྡོངས་རེངས་པ་བཞིན་དུ་གྱུར་རོ།
།དེ་དུས། སྔོན་དུས་དང་པོ་བན་དུ་འཛི་བ་ཀའི། མེ་ཏོག་མདངས་འཕྲོག་གོས་གྱོན་གཞོན་ནུའི་ཚོགས། །རྫོགས་ལྡན་དུས་ཀྱི་ཆུ་འཛིན་ཇི་བཞིན་དུ། །མི་སྣང་གྱུར་པས་བདག་སེམས་ལྷག་པར་སྐྱོ། ཅེས་སོགས་ཀྱི་ཉམས་མགུར་ཡང་དེ་དུས་རེ་མང་སླངས་པ་ཡིན་ནོ།
།དེ་ནས་བཤལ་བརྩིས་པའི་རང་ལ་ཉི་ཤུ་ལན་པ་ན། སྨོན་ཐང་རྒྱལ་པོའི་ཁབ་ཀྱི་ཐུབ་ཆེན་རྣམ་པར་རྒྱལ་བའི་གཙུག་ལག་ཁང་དུ། ས་ག་ཟླ་བའི་ཉེར་ལྔའི་ཉིན། དོན་ཁྱི་སླད་དུ་མཚན་ནས་སྨོས་ཏེ། གཙུག་རྒྱན་གྱི་ནོར་བུ། བརྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་བསོད་ནམས་ལྷུན་གྲུབ་ལེགས་པའི་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོས་མཁན་པོ་མཛད། ངོར་ཆེན་རྡོ་རྗེ་འཆང་ལྷ་མཆོག་སེང་གེ་བས་ལས་ཀྱི་སློབ་དཔོན་མཛད། དཔལ་བརྩེ་བ་ཆེན་པོ་ཀུན་དགའ་མཆོག་གྲུབ་པས་གསང་སྟེ་སྟོན་པའི་སློབ་དཔོན་མཛད། མང་ཐོས་སྡོམ་བཙོན་སྡེ་སྣོ་འཛིན་པ་དགེ་བའི་བཤེས་གཉེན་གྱིས་དུས་སྒོ་བ་མཛད་ཅིང་། ཁ་བསྐོངས་ཀྱི་དགེ་འདུན་སོགས་མ་ཚང་བ་མེད་པའི་དབུས་སུ་སྐྱེས་བུ་གཅིག་དང་རྐང་པ་གཉིས་པའི་དུས་སུ་བཉེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་སླངས་ཤིང་། མཁན་པོའི་ཞལ་མངའ་ནས་ལ་དབང་རྒྱུད་མན་ངག་སོགས་རྒྱུད་སྡེ་བཞི་དང་འབྲེལ་བའི་གདམས་པ་མང་དུ་ཐོབ་ཅིང་། ལས་ཀྱི་སློབ་དཔོན་ལ་ཡང་གཞུང་བཤད་སྤོ་དམར་མ་སོགས་ཀྱི་སྟེང་ནས། གསུང་ངག་གི་འཁྲིད་ཆ་ལག་ཡོངས་སུ་རྫོགས་པ་དང་བཅས་པ་སོགས་མང་དུ་ཐོབ་ཅིང་། གསང་ཏེ་སྟོན་པ་ལའང་ལམ་འབྲས་སྤོ་ནག་མའི་སྟེང་ནས་ཚར་གཉིས། སྤྱི་དང་དགོས་ཀྱི་ཆོས་སྐྱོངས་མང་དུ་ཐོབ། ཡང་རྩ་བའི་བླ་མ་སྦས་པའི་རྣལ་འབྱོར་པ་གཉིས་ཀྱི་ཡ་གྱལ་མ་ཎི་པ་ཤེབ་དཔལ་འབྱོར་གྱིས། བདབ་མའི་ལྟོ་ན་ཡོད་དུས་དབང་དང་བྱིན་བརླབ་དུ་མས་སྐྱངས་ཤིང་། སྐྱེས་ནས་ན་བའི་དུས་ཡང་གདམས་པའི་གནད་ཕྲ་མོ་འགའ་ཞིག་ཞུས་སོ།
།ཡང་བསྒྲུབ་གནས་འཕྲེད་མཁར་དུ་ཧེ་བཛྲ་གྱི་གཞིའི་བསྙེན་པ་ཡོངས་སུ་རྫོགས་པ་ཁ་གསོའི་སྦྱིན་བསྲེག་དང་བཅས་པ་ལེགས་པ་གྲུབ་ཅིང་། དེ་དུས་མཚན་ཕྱེད་གྱུར་ཚེ་རྨི་ལམ་ན། གངས་རི་ལྟར། དཀར་ཀེང་རུས་བརྗིད་པའི་སྐུ། ཡབ་ཡུམ་གསུང་གི་བརྩེ་སེམས་ཆེན་པོ་ཡིས། རྗེས་སུ་སྐྱོངས་བའི་མཚན་མ་ཅུང་ཟད་མཐོང་། །རྨི་ལམ་ཡིན་ཡང་ངོ་མཚར་ཆེ་བར་སྣང་། ཅེས་སོ།
དེ་དུས་རྨི་ལམ་གྱི་རྐྱེན་བྱས་ནས། བརྩ་བའི་བླ་མ་པཎ་ཆེན་གཉིས་ཀྱི་ཡ་གྱལ་དུ་གྱུར་པ་མཁྱེན་རབ་ཀྱི་དབང་ཕྱུག་དཔལ་ལྡན་ཚུལ་ཁྲིམས་པ་ལ་རྡོ་རྗེ་འཇིགས་བྱེད་སྐྱོ་ལུགས་ཀྱི་དབང་བསྐྱེད་པའི་རིམས་པ་ལ་སོགས་འཁྲུལ་འཁོར་དང་བཅས་པ། རྫོགས་རིམས་མཚན་མ་གྱེན་སྒྲེངས། རྒྱུད་རྟོག་བདུན་མལ་འགྱུར། སྨྱོན་པ་རྡོ་རྗེ་འཇིགས་བྱེད་ཀྱི་རིགས་གཏད་སོགས་དིང་སང་ཡོངས་གྲགས་བཀའ་མ་ཆད་པའི་གདམས་པ་དེ་རྣམས་ཀྱང་ལེགས་པར་ཐོབ་ཅིང་ཁོངས་སུ་ཚུད་པར་བྱའོ།
།ཡང་ཁྱི་ལོ་དགུན་ཟླ་འབྲིང་པོའི་ཚེས་དགུའི་ཉིན། རིག་པ་དང་ཤིང་སྐྱོ་བ་ངང་གིས་སྐྱེ་བ་གཅིག་བྱུང་བའི་ངང་ནས། མཚན་མོ་རྨི་ལམ་ན་འཇིགས་སྣང་གཅིག་གིས་རྐྱེན་བྱས། རྨི་ལམ་ཟིན་པ་ན། མདུན་གྱི་ནམ་མཁའ་ལ་འཇའ་འོད་འཁྱིལ་བའི་ནང་ན། ཡེ་ཤེས་ཌ་ཀཱི་ནཻ་གུ་མ་སྐུ་མདོག་སྨུག་ནག་ཌཱ་མ་རུ་དང་ཁ་ཊཾ་ཁ་འཛིན་པ། བསྐྱངས་བསྐུམ་བཤད་དེ་བ་སྤྱན་བར་སྣང་ལ་གཟིགས་པ་ཞལ་འཛུམ་བག་དང་ལྡན་པ་ཞིག་ལ་ཌཱ་ཀཱིའི་ཚོགས་ཀྱིས་བསྐོར་ནས་བཞུགས་འདུག་པ་ལ། སྣང་བ་འདི་རྨི་ལམ་གྱི་སྣང་བ་ཡིན། རྨི་ལམ་གྱི་སྣང་བ་ལ་ཇི་ལྟར་བསྒྱུར་བསྒྱུར་ཡིན་སྙམ། སྐད་གཅིག་དེ་ལ་ཡིད་ཀྱི་སྤྲུལ་པའི་ཕྱི་ནང་གསང་གསུམ་གྱི་མཆོད་པ་དཔག་ཏུ་མེད་པ་ཕུལ་ནས་བདག་རྗེས་སུ་བཟུང་དུ་གསོལ་ཞེས་གསོལ་བ་བཏབ་པས། རྩ་བ་ནཻ་གུ་ཆོས་དྲུག །སྡོང་པོ་ཕག་རྒྱ་ཆེན་པོ། ཡལ་ག་ལམ་ཁྱེར་རྣམ་གསུམ། མེ་ཏོག་མཁའ་སྤྱོད་དཀར་དམར། འབྲས་བུ་འཆི་མེད་འཆུག་མེད། ཡེ་ཤེས་མགོན་པོའི་བཀའ་སྒོ་སོགས་ཡོངས་རྫོགས་པ་ཐོབ། མདོར་ན་ངེས་པའི་དོན་ལ་ཡེ་ཤེས་ཀྱི་ཌཱ་ཀི་ནཻ་གུ་མ་དང་། བློ་གསལ་གྱི་ལྡོམ་བུ་ཀུན་དགའ་གྲོལ་མཆོག་གཉིས་ཀྱི་བར་དུ་བརྒྱུད་པ་གཞན་འཇུག་མི་དགོས་པས་ངེས་པར་བྱའོ། །ཉེ་རྒྱུད་ཁྱད་པར་ཅན་འདི་འདྲ་དང་འཇལ་བ་ཡང་བསྐལ་པ་བཟང་པོ་ཡིན་ནོ། །དེར་སྐད་གཅིག་དེ་ལ་ཟླ་བ་གཅིག་གི་སྣང་བ་ཡང་ཤར་འདུག །དེ་ནས་གཉིད་སད་པ་ན་ཡང་སེམས་གཉིས་སྣང་གི་རྟོག་པས་མི་གཡོ་བར་གཉིས་མེད་འོད་གསལ་གྱི་ངང་ལ་གནས་འདུག་གོ །གཞན་ཡང་ཟབ་ལམ་ནཻ་གུ་འདི་ལ་བླ་མ་ལ་མ་ཞུས་པའི་གོང་ཉིད་ལ་རྨི་ལམ་རང་ཟིན་བྱུང་བ་དང་། སྒྲུབ་གནས་འཕྲེད་འཁར་དུ་གཅོང་གཡང་ཆེན་པོ་ལ་བདེ་མཆོག་ལྷན་སྐྱེས་ཀྱི་སྦྱོངས་སྤེལ་བྱས་པ་སོགས་ཅུང་ཟད་བྱུང་ཞིང་། རྩ་བའི་བླ་མ་སྦས་པའི་རྣལ་འབྱོར་པ་གཉིས་ཀྱི་ཡ་གྱལ་དུ་གྱུར་པ་ཁམས་སྟོན་བསོད་ནམས་རྒྱལ་མཚན་ཏི་སེ་ཤེལ་གྱི་ཕོ་བྲང་གནས་ཉེར་བཞིའི་ཡ་གྱལ་ཧི་མ་ལ་ཡ་ཌཱ་ཀི་མ་བྱ་གདོང་ཅན་གནས་པའི་ས་ཕྱོགས་དེ་ཉིད་བསྐོར་བ་བྱོན་བྱུང་བའི་དུས། ནཻ་གུའི་ཆ་ལག་ཕྱག་ཆེན་གའུ་མ། སེམས་འཆི་མེད་འཆུག་མེད། བར་དོ་གསུམ་གྱི་བཤད་པ། འཆི་མེད་འཁྲུལ་འཁོར་སོགས་ཀྱི་ལུང་ལག་ལེན། འཆུག་མེད་མཁའ་སྤྱོད་སོགས་ཀྱི་ཕོ་བ་རྣམས་ཞུས་སོ།
།ཡང་ལན་གཅིག་བྲག་སྟེང་རྡོ་རྗེ་བྲག་རྫོང་དུ། བསྙེན་བསྒྲུབ་ཀྱི་རིམ་པ་ཅུང་ཟད་གཅིག་བྱེད་དུས། ཐོག་མར་རྣམ་སྲས་རྟ་བདག་བརྒྱད་སྤྲིན་དང་ན་བུན་གྱི་ཚུལ་གྱིས་མཐོང་ཞིང་། དེ་དུས་ནཻ་གུའི་དགེ་སྦྱོར་རྣམས་ཀྱང་ངང་གིས་འབྱུང་བ་གཅིག་བྱུང་ཞིང་། ཕ་རོལ་གྱི་རྐྱེན་ཅུང་ཟད་ཙམ་གྱིས་ཀྱང་ནང་དུ་ངེས་འབྱུང་ཆེན་པོ་སྐྱེ་བའི་གྲོགས་བྱེད་པ་བྱུང་པས། ཉམས་ཀྱི་གླུ་ཆུང་ཡང་མང་དུ་སླངས། འོད་གསལ་གྱི་མདངས་དེ་ཡང་ཇེ་ཆེར་སོང་ནས་གྲོགས་ཀྱི་བྱ་ལམ་བྱེད་སྤྱོད་ཐམས་ཅད་ཕྱོགས་ཕྲ་མོ་ཚུན་ཡང་བདེ་བླག་དུ་ཤེས་པ་དང་། རྨི་ལམ་བཟང་ནས་མཁྱེན་རབས་དབང་ཕྱུག་དཔལ་ལྡན་ཚུལ་ཁྲིམས་ཀྱི་དྲུང་དུ་ཕྱིན་ནས་གསང་མཚན་དང་། སྐུ་ཚེའི་ཚད་སོགས་ཤིན་ཏུ་ལྐོག་གྱུར་གྱི་གནས་རྣམས་མངོན་སུམ་དུ་ཤེས་པ་བྱུང་བ་རྣམས་ཞུ་ཕྲིན་དུ་ཕུལ་བའི་ལན་དུ། གང་གིས་གཞལ་བར་དཀའ་བའི་ཕྲ་མོའི་དོན། །ངང་ཚུལ་བདེ་བླག་གཟིགས་པའི་པཎྜི་ཏ། །གཞན་སེམས་སྒྲུབ་རྙེས་མཁྱེན་པའི་རྣལ་འབྱོར་པ། །མཛད་པའི་ཆ་ཤས་འདི་འདྲ་ངོ་མཚར་གནས། ཅེས་པའི་སྙན་ཚིག་འཕྲེང་བ་ཡང་གནང་བྱུང་ངོ་། །སྒྲུབ་གནས་འཕྲེངས་མཁར་དང་། བྲག་སྟེང་རྡོ་རྗེ་བྲག་རྫོང་གཉིས་ཀ་ལ་གཞི་བདག་གིས་བསྐུལ་ནས་གནས་བསྟོད་རེའང་བྱའོ།
།ཡང་དགོན་པར་འཚམས་དམ་པ་བྱས་པའི་སྐབས་གཅིག་རྨི་ལམ་དུ། གྲུབ་ཆེན་མི་ཏྲ་ཇོ་ཀི་དང་འཇལ་ནས་ཕྱག་གཡས་པ་བདག་གི་སྤྱི་བོར་བཞག་ཏེ་སྙིང་པོ་དོན་གསུམ་ཚར་གཅིག་གནང་ཕའི་རྨི་ལམ་བྱུང་ཞིང་རྗེས་སུ་འཛིན་པར་མཛད་པ་ཡིན། ཡང་འཛིན་བྱེད་ཅེས་བྱ་བ་མེ་ཕོ་བྱི་བའིལོ་རྟས་ཉ་བའི་ཆོ་འཕྲུལ་ཟླ་བའི་ཡར་ངོའི་ཚེས་བརྒྱད་ཀྱི་ཉིན་མོ་དགེ་སྦྱོར་གྱི་རིམ་པ་རྣམས་རྫོགས་ཏེ། ཉལ་ནས་གཉིད་ཕྲི་བ་གཅིག་སོང་བའི་བར་ལ་བུད་མེད་ཁ་དོག་དམར་བ། ཤ་དང་ནུ་མ་རྒྱས་པ། མཆེ་བ་མྱུ་གུ་ཅུང་ཟད་ཅམ་སྔོན་པ། རུས་པའི་བརྒྱན་གྱིས་བརྒྱན་པ་གཉིས་བྱུང་ནས་ཚོགས་འཁོར་ལ་བྱོན་འཚལ་ཟེར་བྱུང་ནས། དར་དཀར་པོ་ཚལ་གྱི་ཆོ་ལོང་རིས་ཀྱི་བྲིས་པ་ཞིག་གི་སྟེང་དུ་བཞག་སྟེ། དེ་གཉིས་ཀྱི་ཕྲག་པ་ལ་བསྐལ། འཇའ་འོད་ལྟ་བུའི་ལམ་ཞིག་ལ་ཕྱིན་པས། ནགས་ཁྲོད་ཤིན་ཏུ་འཐུག་པ་ཞིག་གི་དབུས་སུ་དུར་ཁྲོད་ཆེན་པོ་འཇིགས་ཤིང་ཡ་ང་བ་ཞིག་གི་ནང་དུ་ཕྱིན་པས་དེ་ན་དཔའ་བོའི་ཆ་བྱེད་ཅན་མང་པོ་ཚོགས་འདུག་པའི་གཙོ་མོ་ལ། བུད་མེད་སྐུ་མདོག་སྨུག་ནག་དཔའ་ཞིང་བརྗིད་པའི་ཉམས་ཅན་མ་ཞིག་བཞུགས་འདུག་པས། དེ་ལ་ཀུན་ཀྱང་ཕྱག་རེ་འཚལ། གཡོན་བསྐོར་དུ་བསྐོར་བ་རེ་བྱེད་ཞབས་ལ་མགོ་རེ་བཏུགས། གྲལ་ལ་འཁོད་ཀྱི་འདུག །ངས་སྔར་གྱི་བུད་མེད་དེ་གཉིས་ལ་གནས་འདི་ཇི་འདྲ་བྱ་བ་ཡིན། དཔའ་བོ་དང་རྣལ་འབྱོར་མ་འདི་རྣམས་གང་ནས་བྱོན་པ་ཡིན། ཁྱད་པར་ཚོགས་ཀྱི་གཙོ་མོ་ལ་ཡེ་ཤེས་ཀྱི་ཌཱ་ཀཱི་མ་རེ་ངེས་པར་འབྱོན་ཟེར་བ་ཌཱ་ཀཱི་མ་འདི་ལ་གང་སྐད་ཟེར་དྲིས་པས། ཀ་ཡེ་ཚལ་འདི་སེང་ལྡེང་འཁྲིག་པའི་ནགས་ཚལ་ཞེས་བྱ། དུར་ཁྲོད་འདི་ལ་ནི་སྤོས་གླིང་གི་དུར་ཁྲོད་ཟེར། དཔའ་བོ་དང་རྣལ་འབྱོར་པ་འདི་རྣམས་ཡུལ་ཉེར་གཞི་ནས་བྱོན་པ་ཡིན་གཙོ་མོ་ཌཱ་ཀི་མ་འདི་ནི་ཡེ་ཤེས་ཀྱི་མཁའ་འགྲོ་ནཻ་གུ་མ་བྱ་བ་ཡིན་ཟེར་བས། ལུས་ཟུང་མི་ཐུབ་པ་ལྟ་བུའི་དད་གུས་སྐྱེས། ཕྱག་མང་དུ་བརྩལ། གཡོན་བསྐོར་དུ་བསྐོར་བ་མང་དུ་བྱས། ཞབས་སྤྱི་བོར་སླངས་པས། གཡོན་ཕྱོགས་ཀྱི་གྲལ་མགོ་དེ་ལ་བསྡོད་གསུངས་བའི་བརྡའ་གཅིག་མཛད་ཀྱི་འདུག་པས་དེར་བསྡད་པས་སྔར་གྱི་བུད་མེད་དེ་གཉིས་གོ་རྗེས་ནས་ཚོགས་ཀྱི་བྱ་བ་རྣམས་མཛད་ཀྱི་འདུག །དེ་ནས་མི་ལྤགས་ཀྱི་གཡང་གཞི་ཆེན་པོ་གཅིག་གི་སྟེང་དུ་བྲམ་ཟེ་སྐྱེ་བ་བདུན་གྱི་ཤ་ཡིན་ཟེར་བའི་བྱིས་པ་ལོ་བརྒྱད་ཙམ་ལོན་པའི་རོ་གཅིག་ཀྱང་འདུག །གཞན་ཡང་བཟའ་བཏུང་གི་རིགས་གྱ་ནོམ་པ་མང་དུ་འདུག་པ་རྣམས་ལ་བྱིན་བརླབས་ཆོ་ག་རྒྱས་པ་མཛད་ནས་དེར་ཚོགས་ཀུན་ལ་གནང་གི་འདུག །ཁྱད་པར་བདུ་རྩི་མཆོད་པའི་བསྐལ་བ་ནས་ཀུན་གྱི་ལག་ཏུ་ཐོད་པ་ྦྡུད་རྩིས་གང་པ་དེ་འདྲེན་གྱི་འདུག་པས། ཐོད་པའི་ནང་གི་བདུད་རྩི་རྣམས་ཀྱང་ལུད་པའི་ཚུལ་གྱིས་ཁྲུ་རེ་ཙམ་ཁོལ་ཞིང་བོ་ཟེགས་མེད་པ་འཐུངས་པས་བདེ་སྟོང་གི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བའི་སྣང་བ་བྱུང་། དེ་ནས་གླུ་གར་སོགས་གྱ་ནོམ་པ་བྱས་པའི་མཐར། སྔར་གྱི་བུད་མེད་གཉིས་པོ་དེས་མི་ལྤགས་ཀྱི་གཡང་གཞི་དེར་ཚོགས་ལྷག་མ་རྣམས་བསྡུས་པ་ལ། གཙོ་མོས་བདུད་རྩི་ཁ་ཕྲུ་བཏབ་ནས། དེར་ཚོགས་པའི་དཔའོ་དང་རྣལ་འབྱོར་མ་ཀུན་གྱི་མགྲིན་གཅིག་ཏུ་ཧཱུྃ། ནུབ་ཕྱོགས་ཨོ་རྒྱན་མཁའ་འགྲོའི་གླིང་། འཇིག་དུས་བསྐལ་པའི་མེ་ལྟ་བུས། ཅེས་སོགས་དབྱངས་དང་བཅས་ཤོ་ལོ་ཀ་བརྒྱད་པོ་དེ་མཛད་ཀྱི་འདུག་པས་ངས་ཀྱང་བློ་ལ་ཟིན། དེ་ནས་དེར་ཚོགས་པ་ཀུན་གྱིས་མཁའ་འགྲོ་མ་དེ་ལ་ཕྱག་འཚལ། ཞབས་སྤྱི་བོར་སླངས། གཡོན་ཕྱོགས་དུ་བསྐོར་བ་བྱས་ནས་འགྲོ་ཡི་འདུག ངས་ཀྱང་ཞབས་སྤྱི་བོར་སླངས། གཡོན་ཕྱོགས་སུ་བསྐོར་བ་བྱས་ཡོངས་པས། སྔར་གྱི་བུད་མེད་གཉིས་པོ་དེས་དར་གྱི་འོད་ལམ་ལ་བྲེས་ནས་གཟིམ་ཆུང་དུ་སླེབ་སྙམ་པ་བྱུང་། བསྒྲུབ་མཆོད་ཞོགས་ཚོད་ཀྱི་དུང་བུས་པས་རྐྱེན་བྱས་ནས་གཉིད་སད་པ་ན། ཤེས་པ་ཟི་བུ་་་་་་ན་བ་ལ་གནས། ཚིགས་གཅད་རྣམས་ཀྱང་བློ་ལ་ཁལ་ལེ་འདུག་གོ
།ཡང་སྔ་གོང་རང་ལོ་བཅུ་བདུན་ལོན་པའི་ཚེ། གཡང་ཁར་ཉི་མ་ཕྱེད་ཙམ་ན་གཉིས་དུ་སོང་བའི་རྨི་ལམ་ན། བཅོམ་ལྡན་འདས་དཔལ་གཤིན་རྗེ་གཤེད་དམར་པོ་བཞུགས་པའི་སྣང་བྱུང་། དེ་མཐུན་རྩ་བའི་བླ་མ་དོན་ཡོད་མཚན་ཅན་སྦྱོར་དྲུག་གི་མུན་འཚམས་ལ་བཞུགས་པ་ལ་ཡང་དེ་ལྟ་བུའི་སྣང་བ་བྱུང་གསུང་པ་དང་། སྒྲུབ་གནས་འཕྲེད་མཁར་དུ་ཡང་། ཀྱེ་རྡོ་རྗེའི་གཞིའི་བསྙེན་པ་གཅིག་བྱེད་པའི་དུས། ནུབ་གཅིག་རྨི་ལམ་དུ་རང་ཉིད་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོའི་སྐུར་བྱུང་པ་ལ་སྐྱེ་འགྲོ་མང་པོས་བདུད་ཅིང་བསྙེན་བསྐུར་བྱེད་པ་དང་། བར་ཆད་ཀྱི་སྣང་བ་ཅུང་ཟད་ཤར་བ་ལ་ཡང་། སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་སྒོམས་པས་ངེས་པར་བར་ཆད་ལས་གྲོལ་བའི་མཚན་མ་མདོ་ལ་འབྱུང་གི་འདུག་པ་དང་། ཡང་སྒྲུབ་གནས་རྡོ་རྗེ་བྲག་རྫོང་དུ་ཉི་མ་དགོངས་མཐུན་ཙམ་ལ་མེ་དཔུང་འབར་བའི་དབུས་ན་བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ་མངོན་སུམ་དུ་བཞུགས་པའི་སྣང་བ་དང་། དཔལ་བི་རུ་པ་ཡང་དོན་སྤྱིའི་ཚུལ་དུ་བཞུགས་འདུག་པ་ལྟ་བུ་བྱུང་ཞིང་། འཕྲེད་མཁར་དུ་དབྱར་གནས་ཀྱི་དུས་སུ་ནུབ་གཅིག་རྨི་ལམ་དུ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་གྲུབ་ཆེན་ཛྭ་བ་རིའི་སྒྲུབ་ཐབས་འབྲིང་པོ་བདུད་རྩི་གསང་བའི་ནང་ལྟར་ཞལ་ཕྱག་གི་རྣམ་པ་ཅན་མུ་མེད་པ། ཕྱག་བར་པ་གཉིས་ཐལ་མོ་སྡེབས་པའི་སྒྲ་སྒྲོག་ཅིང་། ཞལ་ཧེ་བྱས་པ་འདྲ་བ་གཅིག་གི་ཞལ་ནས། ཏདྱ་ཐཱ། བྷོ་བྷོ་པནྣ་ནཱ་ག་ཨ་དྷི་པ་ཏ་ཡེ་ཨི་དཾ་ནཱི་ལ་ཎྜ་དྷ་ར་ཤྭ་རི་རཾ་བཛྲ་པ་ཎི་ཧྲཱི་དཱ་ཡ་ས་མ་ཏི། ཀྲ་མ་ཐི་བི་ཤུདྡྷེ་ཧཱུྃ་ཧཱུྃ། དམིགས་པའི་རིམ་པ་འདི་ལྟར་བྱ་ཞེས་དང་། སྔགས་རིང་ཐུང་སོགས་བགྲངས་ན་ས་བདག་གི་གནོད་པ་མི་ཡོང་ཟེར་བའི་སྣང་བ་བྱུང་ནས། ཟླ་བ་དྲུག་ལྷག་ཙམ་ཞིག་མངོན་རྟོགས་བཟླས་པ་དང་བཅས་པ་མ་ཆག་པ་བྱས། དེ་ནས་བསམ་པ་ལ་ཆོས་ཉོན་མོངས་པའི་བདག་འཛིན་འདུལ་བ་ལ། ནད་ཞི་གདོན་ཞི་ཙམ་གྱིས་ཅི་ལ་ཕན་བསམ་པའི་བློ་གཅིག་སྐྱེས་པས། དགེ་སྦྱོར་གྱི་རྒྱུན་དེ་དེ་མ་ཐག་ཆག་སོང་ངོ་།
།ཡང་སྨལ་པོ་ཟླ་བའི་ཡར་ངོའི་ཚེས་བཅུ་བཞིའི་ནུབ་རྨི་ལམ་དུ་ཆོས་རྗེ་ས་སྐྱ་པཎྜི་ཏ་འབྱོན་གྱི་ཡོད་ཟེར་བསུ་བ་གྱ་ནོམ་པ་བྱེད་ཀྱི་འདུག་ངས་ཀྱང་ཕྱིན་པས། གཙུག་བརྒྱན་གྱི་ནོར་བུ་ལེགས་པའི་འབྱུང་གནས་དང་འཇལ་བས། ས་སྐྱ་པཎ་ཆེན་དང་རྩ་བའི་བླ་མ་དབྱེར་མི་ཕྱེད་པའི་ཡིད་ཆེས་སྙེད་དེ། བསྟོད་པ་ཆོས་ཀྱི་རྒྱལ་པོ་མ་ཉིན་རེ་ལ་ཉེར་ལྔ་ཙམ་མ་ཆག་པ་ཡང་ཟླ་བ་བཞི་ལྷག་ཙམ་བྱས། ཡང་ངེད་རང་གི་ལམ་འབྲས་སྔ་མ་འཆད་པའི་དུས། རྨི་ལམ་དུ་རི་གཅིག་གི་ལྡན་ལ་ར་ལུག་ཤིན་ཏུ་མང་བ་གཅིག་འཚོ་སྐྱོང་བྱེད་ཀྱི་འདུག་པ་ལ། དཔལ་རྩེ་བ་ཆེན་པོ་རི་དེའི་རྩེ་ན་བཞུགས་པ་སྙམ་བྱེད། དེར་སེམས་དགའ་བ་གཅིག་བྱུང་བས་གྱེན་དེ་ལ་མྱུར་བ་གཅིག་ཕྱིན་པས། ར་ལུག་རྣམས་ཀྱི་གསེབ་ནས་རི་བོང་གཅིག་ཀྱང་གྱེན་ལ་རྒྱུགས་བྱུང་པས། སྙིང་རྗེ་ཆེན་པོ་ཀུན་དགའ་མཆོག་གྲུབ་ཞལ་འཛུམ་པ་གཅིག་མཛད་ནས། ར་ལུག་འདི་རྣམས་གྲ་པ་སྤྱིའི་བརྡར་འདུག །དེའི་ནང་ནས་ལས་འཕྲོ་ཅན་གཅིག་ཁོ་བོའི་བྱིན་བརླབས་དང་། ཁྱོད་ཀྱི་ཐུགས་རྗེའི་འཕྲིས་ཀྱིས་གྲོལ་ནས་རང་རེ་གསུམ་མཇལ་བའི་བརྡར་རི་བོང་གྱེན་རྒྱུགས་བྱེད་པ་ཡིན་གསུང་། ནམ་ཕྱེད་དེ་གཉིད་སད་པ་ན། བླ་མ་དྲན་པའི་སྐྱོ་བ་དང་། བྱིན་གྱི་རླབས་པའི་དགའ་སྤྲོ་གཉིས་དུས་སྙམ་དུ་རྒྱུགས་ལ་སྐྱེ་བ་གཅིག་བྱུང་ངོ་།
།ཡང་ཐུགས་རྗེ་ཆེན་པོ་འགྲོ་འདུལ་གྱི་དབང་མི་སུམ་བཅུ་སོ་ལྔ་ལ་བྱས་པས། དེའི་ནུབ་དཔལ་རྩེ་བ་ཆེན་པོ་ཀུན་དགའ་མཆོག་གྲུབ་དང་འཇལ་ནས། བླ་མའི་ཕྱག་གིས་བདག་གི་ལག་ནས་བཟུང་ནས་བོད་ཡུལ་གང་རིའི་ཁྲོད་འདི་ཏུ།
ཐུགས་རྗེས་དགོང་པའི་རྨོན་ལམ་གྱིས། །ཆོས་རྒྱལ་གཟུགས་སུ་སྐུ་སྤྲུལ་པའི། །སྲོང་བཙན་སྒམ་པོའི་ཞབས་ལ་འདུད། །དེ་ཡིས་ཐུགས་ཀྱི་བཅུད་ཆུང་པ། །འགྲོ་བ་ཀུན་འདུས་དཀྱིལ་འཁོར་དུ། །དག་པ་སུམ་བཅུ་སོ་ལྔའི་འཁོར། །སྨིན་པར་བྱས་པས་ངོ་མཚར་ཆེ། །བརྩོད་དུས་འདུལ་དཀའི་གདུལ་བྱ་ལ། །སྐྱོ་བ་མ་སྐྱེ་ཕན་སེམས་ཀྱིས། །འབད་མེད་གཞན་དོན་ཤུགས་ཀྱིས་འབྱུང་། །ཨེ་མ་ཧོ་རྨད་བྱུང་བསྐལ་པ་བཟང་། ཞེས་གསུང་སྟེ།
ཤིན་ད་དགེས་པའི་རྣམ་པ་མཛད་ཀྱི་འདུག །བླ་མའི་མཐའ་བསྐོར་དུ་ཞབས་འབྲིང་ད་ཨུམེ་ཏོག་དམར་པོ་ཚུལ་གྱིས་བུད་མེད་མཛེས་མ་མང་པོ་ཡང་། དེ་རྣམས་ཀྱི་མགྲིན་ཞིག་ཏུ་སླེབས་ནས། པོ་ཏ་ལ་ནས་ནམ་ལངས་ཉི་མ་ཤར། འཇིམ་པའི་ལོགས་ན་བཏབ་པའི་བདེ་གཤེགས་སྐུ། ཅེས་སོགས་དབྱངས་མང་པོ་ལེན་པའི་སྐབས་ལ་མཉིད་པད་དེ། དེའི་དུས་སྤྱན་རས་གཟིགས་འགྲོ་འདུལ་རྒྱུད་པའི་གསོལ་འདེབས། པདྨོ་དཀར་པོའི་འཕྲེང་མཛེས་དེ་ཡང་བྱའོ།
།ཡང་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་ལྔའི་ཐོ་རངས་སྐྱ་རེངས་དང་པོ་ཤར་ཅམ་ན། མི་བརྒྱ་བཅུ་ཅམ་ལ་སྙིང་རྗེ་ཆེན་པོ་བ་རི་ལོ་ཙྪ་བ་ནས་རྒྱུད་པའི། དཔལ་ལྡན་ས་སྐྱ་པ་ཡབ་སྲས་ལ་བཀའ་བབས་པའི་གསོ་སྦྱོངས་རང་ཉིད་ཀྱི་སླངས་པའི་ཆོ་ག་དང་། དོན་ཡོད་ཞུགས་པ་དཔའ་བོ་གཅིག་པའི་རིགས་གཏད་ཀྱི་ཆོ་ག་དེས་སྒྲིབ་པ་ཅུང་ཟད་བསྲབས་པ་འདྲ། དེ་ནུབ་བསྒྲུབ་མཆོད་ཀྱི་བདག་བསྐྱེད་ཀྱི་བཟླས་པའི་སྐབས་སུ། དཀྱིལ་འཁོར་གྱི་གུར་ཁང་གི་སྟེང་། བླ་བྲེའི་འོག་ན་ཡི་གེ་དྲུག་པ་ཀེང་རུས་ཀྱི་འཕྲེང་བ་ལྟར་ལ་རྒྱུས་པ་བཞིན་དུ་སྐྱ་ལམ་མེ་བ་གཅིག་འདུག་པ་ཡང་མཐོང་ནས། དེ་དུས་ས་སྐྱ་པ་ཀུན་དགའ་བཟོད་པ་ལ་སྨྲས་པ་ཡིན་ནོ།
།དེས་ན་དོན་ཞགས་འདི་ལས་སྡིག་པ་འདག་པ་སྟོབས་ཆེ་བ་མི་འདུག་པའི་ངེས་ཤེས་བྱུང་ཞིང་། དུང་དང་ཀུ་མུད་ཆུ་འཛིན་གཞོན་ནུ་ལྟར་དཀར་བའི་གང་གི་སྐུ་ནི་ཡིད་འོང་ལྷ་རྗས་ན་བཟས་ལེགས་བཀྲས་ཤིང་། གཞོན་ནུ་ལང་མཚོས་མཚན་པའི་གཟི་འོད་ཆེར་འབར་བའི། མི་འགྱུར་སྙིང་རྗེའི་ཉམས་ཀྱིས་རྣམ་རོལ་བ། འཕགས་པ་ཁྱོད་ཞབས་བདག་གི་སྤྱི་བོར་ལེན། ཅེས་གསུངས་ཤོ་ལོ་ཀ་བདུན་གྱི་མཐར། མགོན་པོ་ཁྱོད་ཀྱི་སྒྲིབ་པའི་ཆ་ཤས་ཅམ་ཞིག་བསྲབས་པ་ལས། གསུང་མཆོག་ཡི་གེ་དྲུག་མའི་འཕྲེང་མཛེས་དྲི་མེད་འོད་ཀྱིས་མཐོང་གྱུར་པས། བློ་ཡི་མཚན་བཟང་མདོ་ལ་སྐད་གཅིག་ཅམ་གྱིས་སྟོན་པར་གྱུར། ཐུགས་རྗེའི་མངའ་བདག་ཁྱོད་ལས་ལྷ་གཞན་བསྐལ་བརྒྱར་བརྟེན་ཡང་གོ་སྐབས་ཅི། ཅེས་དོན་ཞགས་པའི་བསྟོད་པ་ངོ་མཚར་བརྒྱན་འཕྲེང་དེ་ཡང་བྱའོ།
།ཡང་དཔལ་སྟོབས་ཀྱི་མགོན་པོ་ཀུན་བཟང་ཆོས་ཀྱི་ཉི་མའི་དྲུང་དུ། ལྕགས་མོ་བཀྲ་ཤིས་སེང་གེས་གསོལ་བཏབ་ནས། རྩ་བའི་བླ་མ་དོན་ཡོད་མཚན་ཅན་གྱིས་གཅོ་མཛད། མི་ཉུང་ཤད་གཅིག་ལ་མགོན་དཀར་ཡིད་བཞིན་ནོར་བུ་གནང་གི་འདུག་པས། གསོལ་བ་མ་བཏབ་ཀྱང་། བླ་མའི་ཐུགས་ཀྱི་མཁྱེན་ནས། བདག་ལ་ཡང་གནང། དེ་དུས་རྣལ་འབྱོར་བསོད་ནམས་བཟང་པོ་ལ་ཤངས་གུར་དཀར་གྱི་རི་ཁྲོད་དུ་ཐོབ་པས། ཁོང་པའི་གསུང་གིས། འདི་ཡིད་བཞིན་ནོར་བུའི་མགོན་པོ་ཡིན་པས། འདི་ཐོབ་པའི་ལོ་ཐ་མ་ན་ཞོ་རེ་རི་བའི་ནོར་གཏེར་མཁན་ཡོང་གསུང་གི་ཡང་འདུག་སྟེ། ང་ལ་ནི་སྡེ་པ་ཆེན་པོ་དོན་ཡོད་རྡོ་རྗེས། རྟ། ཇ་སིགས། གོས་བེལ་སོགས་ཞོ་བརྒྱ་རི་བའི་ནོར་ཀྱང་གཏེར་མཁན་བྱུང་གསུང་གི་བདུག །དེའི་རྩ་བའི་བླ་མ་དོན་ཡོད་མཚན་ཅན་ལ་ནི་བསམ་གྲུབ་རྩེ་ནས་ནས་ཁལ་བརྒྱ་བུལ་དང་། གྲ་ཚངས་ལ་ཡང་ནས་འགྱེད། ཡང་ཁོ་རེ་ལྕགས་འདི་ནས་ཀྱང་དེང་འཆུངས་པ་དང་། ཆོས་རྗེ་ས་སྐྱ་པཎྜི་ཏའི་གདུང་ལ་བྱོན་པའི་བདག་མེད་མའི་སྐུ་དང་། བི་རུ་པའི་སྐུ་རིང་བསྲེལ་གྱི་གར་བུར་ལྟམ་པ་དང་། གོས་ཆེན་གསེར་མ་ལས་གྲུབ་པའི་རྣམ་སྦྱར་ངོ་མཚར་ཅན་ཞིག་དང་། ལོ་མ་འཁོར་བ་ལ་འཇམ་དབྱངས་ཆོས་རྗེ་སྣ་ལྔ་རིག་པའི་པཎྜི་ཏ་ཆེན་པོའི་སྐུ་རྒྱལ་ཚབ་དམ་པར་མངའ་གསོལ་ཏེ། མི་འཇིགས་སེང་གེས་ཁྲི་ལ་བསྟམས་པར་མཛད་ཅིང་། ས་ཆེན་པོ་ལ་མངའ་བའི་རིགས་ལྡན་ཆོས་ཀྱི་རྒྱལ་པོ་ངག་དབང་རྣམ་རྒྱལ་ཁུ་དབོན་བློན་འབངས་དང་བཅས་པས་ཞབས་ཀྱི་པདྨོ་ལ་མཆོད་དེ། ཆོས་དང་སྲིད་ཞིའི་དཔལ་འབྱོར་ཡོངས་སུ་རྒྱས་པ་ཡིན་ཚོད་དུ་འདུག །ཁོ་བོ་རང་གིས་ཀྱང་རང་ཡུལ་སླེབ་པས། བླ་མ་དམ་པའི་རྒྱལ་ཚབ་དུ་གསོལ་ཞིང་། སྨོན་ཐང་རྒྱལ་པོའི་ཁབ་དུ་སླེབ་པའི་དགོངས་མོ། མ་རྒན་མོས་གསེར་ཞོ་གང་བྱིན་པ་ནས་བཟུང་སྟེ། བླ་མའི་གདན་པ་མི་བྱེད་ཀྱི་བར་ལ་ཡང་། གསེར་ཞོ་བཅུ་དགུ་ལག་དུ་བྱུང་ཞིང་། དེ་ནས་གོས་ཆེན་གྱི་རྣམ་སྦྱར་སོང་ཟང་ཟིང་གི་དངོས་པོ་གང་ཡང་བྱུང་བས། བླ་མ་གསུང་བ་ཡང་མེད་པར་འདུག །མགོན་དཀར་ཡིད་བཞིན་ནོར་བུ་འདི་ནི་དཔལ་ཤ་བ་རི་པ་ནས། མངའ་བདག་མཻ་ཏྲི་པ་དང་། དེ་ལ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་པས་གསན་ཞིང་། དེ་ནས་ལ་སྟོད་པ་དཀོན་མཆོག་མཁརརྟོགས་ལྡན་ཞང་སྒོམ་ཆོས་སེང་སོགས་ནས་རྒྱུད་པ་ཡིན་ནོ། །ཡེ་ཤེས་མགོན་པོ་འདི་ལ་ཌཱ་ཀི་མ་འདྲ་བའི་ངོས་གྲུབ་ནས་རྒྱུད་པ། མངའ་བདག་མཻ་ཏྲི་པ་ནས་རྒྱུད་པ་ཏེ་ལུགས་གསུམ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་བཞུགས་པ་ཡིན་ནོ།
།ཁོ་བོའི་བསམ་པ་ལ་ཐུན་མོངས་ཀྱི་དངོས་གྲུབ་མི་ནོར་ཟས་གསུམ་འདུ་བ་ཙམ་གྱི་མཆོག་གི་དངོས་གྲུབ་ཀྱི་གེགས་བྱེད་པ་ལས་མེད་སྙམ། སྐྱབས་འགྲོའི་རྒྱུན་ལ་དེ་འདྲའི་ཚངས་ནི་ཐུགས་དམ་ཡེ་མེད་ཅིང་། མདོར་ན་ཁོ་བོའི་དངོས་གྲུབ་ཀྱི་འདོད་ལུགས་འདི་ལྟར་ཡིན་ཏེ། སྔ་དགོང་རྨི་ལམ་དུ་རྡོ་རྒྱུས་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན་ཅིག་གི་སྒོ་ན། དགེ་སློང་ཞི་དུལ་ཅན། དེའི་དཀོན་གཉེར་ཡིན་སྙམ་པ་གཅིག་ན་རེ། མཆོད་རྟེན་འདིའི་ནང་ན་བཅོམ་ལྡན་འདས་མ་གཙུག་གཏོར་རྣམ་པར་རྒྱལ་མ་ལྷ་དགུའི་ལྷ་ཚོགས་བཞུགས་པས། འཆི་མེད་ཚེའི་དངོས་གྲུབ་ཞུས་ཟེར་བ་ལ། དེ་འདྲའི་དངོས་གྲུབ་མི་འདོད་བྱས་པ་ལ། འོ་ན་ཇི་ལྟར་འདོད་ཟེར་བའི་ལན་དུ། ཁོ་བོ་འདོད་པའི་དངོས་གྲུབ་འདི་ལྟར་ཡིན་བྱས། བསྟན་དང་སེམས་ཅན་ཆོས་སྐུ་མཁའ་འདྲ་བའི། གོ་འཕངས་ཐོབ་མེད་ཚུལ་དེ་རབ་ཐོབ་ནས། འཛིན་མེད་གཞན་བྲལ་གང་ལ་གང་འདུལ་བའི། ཐབས་ལ་མཁས་པའི་བྱབ་བརྒྱད་ཕྲག་གིས། འབྲེལ་ཚད་ངན་འགྲོའི་དབྱངས་པ་རབ་སྤངས་ནས། བདེ་ཆེན་གནས་སུ་འདྲེན་པའི་དངོས་གྲུབ་ཞུ། ཅེས་དབྱངས་སུ་ཚེར་རེ་ལེན་པའི་སྣང་བ་གཅིག་བྱུང་པ་ན་གཉིད་པད་དོ།
།ཡང་ཁྲུམ་ཀྱི་ཚེས་བཅུའི་ནུབ་རྨི་ལམ་དུ་མི་གཅིག་ན་རེ། ང་མཚོའི་ཕ་མཐར་ཀོ་བ་ལ་སྒྲོལ་མཛོད་ཟེར་བ་ལ། ཡང་ཀོ་བ་མི་ཤེས་བྱས་ཀྱང་མ་ཉན་པར་ཆུའི་ཕ་རོལ་དུ་ཉེས་སྐྱོན་མེད་པར་ཐོན་པའི་སྣང་བ་གཅིག་བྱུང་པས་གཉིད་པད། དེའི་ནང་པར་དགེ་སློང་དཔལ་ལྡན་དར་གྱི་བསྔོ་ཞུས་གཅིག་བྱུང་བས། ངས་མདངས་རྨི་ལམ་ཀྱང་བཟང་། དེ་རིང་ངའི་བླ་མ་རིན་པོ་ཆེ་རྣམ་བཞིའི་ཡ་གྱལ་དུ་གྱུར་པ་མུས་ཆེན་འཁོར་ལོ་སྡོམ་པ་སངས་རྒྱས་རིན་ཆེན་གྱི་དུས་ཆེན་དུའང་འདུག །དཔལ་ལྡན་དར་འཆི་དུས་ཀྱང་ཤ་བྲབས་པའི་གཏམ་ཁ་གཅིག་ཀྱང་ཟེར་གྱི་འདུག་པ་སྔ་པོར་དུ་ཐོས་པས། ཁོང་འཚོ་རང་རེ་ལ་འཐད་པ་ཙམ་མི་འདུག་ནའང་། ང་རང་ལག་ལེན་བྱས། མི་འཁྲུགས་པ་ལྷ་དགུའི་དཀྱིལ་འཁོར་དུ་མིང་བྱང་གཅིག་ཀྱང་བྱས་པས། དེ་ནུབ་བསམ་པ་ལ། ཧོར་ཀ་བཞི་པ་སེང་གེ་རྒྱལ་མཚན་གྱི་གསུང་ནས། རང་གར་འགྲོའི་རྟོལ་མེད་པའི་ཡར་འདྲེན་ལ་ངམ་མ་བྱེད་གསུང་པ་དེ་མེད། སྔར་ཕན་མིང་བྱང་གཅིག་བྱེད་པ་མེད་ཅིང་། ཁོང་ཚོ་རང་ཡང་འཐད་པོ་མེད་པ་ལ་བྱེད་པ་བསམ། སེམས་ཅན་ལས་ཀྱི་རྣམ་པ་ཅི་ཡང་བྱུང་དེར་བསམ་པས། མདངས་ཀྱི་རྨི་ལམ་དེ་དང་སྒོ་བཏུན་ན་ཁོང་ལ་ཡང་ཕན་པ་སྲིད་སྙམ་སེམས་ཀྱི་རྩར་སླངས་ནས། བྲག་སྟེང་རྡོ་རྗེ་བྲག་རྫོང་དུ་བསྡོད་རིང་ཟླ་བ་བཞི་ཙམ་གྱི་བར། ཀཾ་ཀ་ནི་བརྒྱ་རྩ་རེ་མ་ཆག་པར་བགྲངས་བ་སོགས། དེ་དུས་ཀྱི་སྐྱབས་འགྲོ་རྣམས་ཁོང་ལ་ཕན་པའི་སྨོན་ལམ་སྙིང་ཐག་པ་ནས་བཏབ་པས། བྲག་སྟེང་རྡོ་རྗེ་བྲག་རྫོང་ནས་དགོན་པར་འཁོར་བའི་ཞག་འགའ་ཞིག་ནས་རྨི་ལམ་དུ་རྫ་རི་མཐོ་བ་གཅིག་ལ་འཕུར་བ་རྨི་བས། ནང་སོང་གསུམ་གྱི་སྒོ་ཁེགས་ཤིང་། ཐ་ན་ཡང་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་ངེས་པ་ཡིན་ནོ།
།ཡང་བྱི་བའི་ལོ་བཞུག་ལ་བསྐལ་བཟང་གི་མིང་བྱང་ཞུར་བྱུང་དུས། བསམ་པ་ལ། མི་རྟག་པའི་ངང་ཚུལ་འདི་དང་འདྲ་སྙམ་ཉམས་སྐྱོ་བའི་མཆི་མ་མང་པོ་ཤོར། དེའི་ནུབ་རྨི་ལམ་ཡང་རང་ཟིན་དུ་བྱུང་པ་དང་། དམིགས་ཡུལ་དེ་གང་ན་ཡོད་བསམ་ལྟས་པས། བྱང་ཐང་གི་ཀོང་བུ་གཅིག་ན་ལུས་རིད་ཅིང་ཉམས་ཐག་པའི་སེམས་ཅན་གཅིག་འདུག །འདི་ཡིན་སྙམ་ནས་ངེས་འབྱུང་སྐྱོ་ཤས་དང་བར་དོའི་ཆོས་མང་པོ་བཤད། དེར་ཁོ་བོའི་བསམ་པ་ལ། སྣང་བ་འདི་ཐམས་ཅད་རྨི་ལམ་གྱི་སྣང་བ་ཡིན། རྨི་ལམ་གྱི་སྣང་བ་ལ་ཇི་ལྟར་སྒྱུར་སྒྱུར་ཡིན་སྙམ་ནས། ཁོའི་ཤེས་པ་དང་རང་གི་སེམས་བསྲེས་ནས་གནས་ལུགས་ཀྱི་ངང་ལ་མཉམ་པར་བཞག་སྙམ་པ་ལ་གཉིད་པས་ནས། དེ་ལྟར་བྱུང་བྱས་དད་ལྡན་གྱི་སློབ་མ་རང་བྱུང་ཆོས་ཀྱི་རྡོ་རྗེ་ལ་བཤད་པས། ཁོ་མོས་ནས་དད་སྟེ་མཆི་མ་ལྷུག་བྱས་བྱུང་། དེ་ནས་མི་འཁྲུགས་པ་ལྷ་དགུའི་དཀྱིལ་འཁོར་ལ་རྟེན་པའི་ཆོ་ག་གཅིག་བྱས། གནས་སྤོར་བའི་དུས་མེ་རང་འབར་ལ་བྱུང་བ་སོགས། ས་སྐྱ་པ་ཀུན་དགའ་བཟོད་པས་མཐོང་བ་ཡིན་ནོ།
།ཆོས་དྲུག་གི་དམིགས་པ་རྣམས་ཀྱི་ནང་དུ་མྱོང་བའི་ཆ་བཤས་ཙམ་བྱུང་བ་ནི།
དག་བྱེད་ཨའི་སྟོང་རའི་སྐབས་སུ་ཤེས་པ་ཟི་བུན་ཆེ་གནས་ཤིང་། ལུས་ཀྱང་མེད་པ་སྙམ་བྱེད་པ་དང་། རྨི་ལམ་དུ་བྱེད་དམར་མོ་རུས་པའི་བརྒྱན་ཐོ་རེ་བ་མང་པོས་རང་གི་རོ་ཡིན་སྙམ་པའི་མི་རོ་གཅིག་དུམ་བུར་བྱས། བྱ་རྒོད་མང་པོ་ལ་འཐོར་བ་དང་། ཐབས་ལམ་སྒོམ་པའི་སྐབས་སུ་བྱེད་ཁ་ཐོག་དམར་མོ་རུས་བརྒྱན་ཐོ་རེ་བས་རྣམ་བུ་དམར་པོ་མང་པོ་བལ་ཡུལ་གྱི་རི་བོ་འབིགས་བྱེད་ཡིན་ཟེར་བའི་རི་ཆེན་པོ་གཅིག་ལ་འགྲེམས་པ་དང་། བལ་པོ་ཤིང་ཀུན་ཡིན་ཟེར་བའི་ནགས་ཚལ་ཐུག་པོ་གཅིག་གི་ཤིང་རྩི་ནགས་ཚལ་ཐམས་ཅད་ལ་མེ་འབར་བས། ལུས་ཉམས་སུ་ཚིག་པ་ལྟ་བུ། སེམས་ཉམས་སུ་ཤེས་པ་ཚུབ་ཅིང་། གསང་བའི་རྡོ་རྗེ་ལ་ཤེས་པ་གཏད་པ་ཙམ་གྱི་ལུས་འཇུ་བ་སྙམ་བྱེད་པའི་ངང་ནས་ཟག་བཅས་ཀྱི་བདེ་བ་དཔག་མེད་སྐྱེད་པ་དང་།
སྒྱུ་ལུས་ཀྱི་སྐབས་སུ་རྨི་ཉམས་སུ་ངན་སོང་གསུམ་གྱི་སེམས་ཅན་མང་པོ་ལ་ངེས་འབྱུང་གི་ཆོས་བཤད་པ་དང་། དམིགས་པ་དང་པོའི་ཉམས་ཡུལ་སྣང་ཀྱང་དངུལ་ཆུའི་ཐིགས་པ་ལྟར་གཡོ་བའི་རང་བཞིན་ཚུགས་མི་ཐུབ་པར་མཐོང་བ་དང་། དམིགས་པ་གསུམ་པའི་ཉམས་ལ། རིགས་དྲུག་གི་ཉམས་སྣ་ཚོགས་སེམས་ཉམས་སུ་འཆར་ཞིང་། ཡུལ་སྣ་ཚོགས་རྨི་ཉམས་སུ་འཆར་ལ།
རྨི་ལམ་གྱི་སྐབས་སུ་རྨི་ལམ་ཟིན་པ་དང་། རྗེ་ཀུན་དགའ་མཆོག་གྲུབ་པས་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཚར་གཅིག་གནང་བ་དུས་སྙམ་དུ་བྱུང་བ་དང་། ནཻ་གུ་རྒྱུད་པའི་བླ་མ་སྒྱུ་ལུས་དབང་མོ་ཆེ་ཞུ་བ་དང་། ཁྱི་མང་པོས་སྨུགས་པའི་འཇིགས་སྣང་གིས་རྐྱེན་བྱས་ནས། ཁོ་བོས་གཅན་གཟན་མང་པོར་སྤྲུལ་ནས་དེད་པ་དང་།
ཡིད་ལུས་མཁའ་ལྡིང་གི་སྐབས་སུ་རྨི་ལམ་ཟིན་པ་རྡོ་རྗེ་གདན་ལྟར་ཕྱིན་པ་དང་། བདེ་བ་ཅན་གྱི་ཞིང་ཁམས་མཐོང་བ་སོགས་བྱུང་ངོ་།
།འོད་གསལ་གྱི་སྐབས་སུ་བླ་མ་རིན་པོ་ཆེ་དོན་ཡོད་གྲུབ་པ་བྱོན་ནས། ཁྱོད་ཞིང་ཁམས་ཀྱི་མིང་ཅུང་ཟད་མི་གསལ་བ་དྲི་མ་མེད་པའི་འོད་བྱ་བ་གཅིག་དུ། སངས་རྒྱས་བྱུབ་འབྱུང་གནས་བྱ་བར་ལུགས་བསྟན་ནེ། དེར་ཁོ་བོའི་བསམ་པ་ལ་ཐེན་སེམས་ཀྱི་ཨ་ལ་མེད་པ་འདྲ་སྙམ་པ་དེ་མ་ཐག །ནཻ་གུ་མ་བུད་མེད་ཀྱི་རྣམ་པར་བྱོན་ནས་བྱུབ་རིན་པོ་ཆེ་ཐོབ་པར་ལུང་བསྟན་པ་དང་། ཤར་རིའི་རྩེ་ལ་ཉི་མ་ཤར་བ་སྙམ་དུ་བྱུང་།
འཕོ་བའི་སྐབས་སུ་བུད་མེད་དམར་མོ་མེ་ཏོག་དམར་མོའི་ཐོད་བཅིངས་ཤིང་། རུས་བརྒྱན་ཐོར་རེ་ཡོད་པ་འགས་བདེ་བ་ཅན་དུ་དུས་བཏབ་ཏེ་ལོ་སུམ་བཅུ་པོ་བདུན་བཞུགས་པ་ཞུ་ཞུ་ཟེར་བའི་འབོད་མཁན་ལན་མང་པོ་བྱུང་བ་དང་།
བར་དོའི་སྐབས་སུ་སྣང་བ་བར་དོར་འཆར་བ་མེད་པར། བདེན་མེད་དུ་འཆར་བ་དང་། བླ་མ་རིན་པོ་ཆེ་ཀུན་བཟང་ཆོས་ཀྱི་ཉི་མའི་དྲུང་དུ། ཆོས་བདག་ཌཱ་ཀི་མ་བུད་མེད་དམར་མོ་ཤ་དང་ནུ་མ་རྒྱས་པ་རྣམས་བྱུང་ནས། ནཻ་གུའི་ཆོས་བསྐོར་མ་ལུས་པ་འདི་ལ་བྱིན་ཞེས་བསྐུལ་བ་དང་།
ཕྱག་རྒྱ་ཆེན་པོ་སྒོམ་པའི་སྐབས་སུ། ནཻ་གུ་མ་བྱོན་ནས། ལྟ་བ་ལ་བློ་ཞོག་ནང་ནས་མི་འཆར་ན་སྒོམ་མི་ཟེར་གསུང་། སྤྱི་བོར་ཕྱག་བཞག་ནས་བྱིན་རླབས་མཛད་པས་མཉམ་རྗེས་གཅིག་ཏུ་བསྲེས་པའི་རྟོག་པ་གཅིག་དང་། ལན་གཅིག་པཎྜི་ཏ་ལེགས་ལྡན་བྱེད་ཡིན་ཟེར་བའི་དགེ་སློང་མདོག་སྔོ་བ། ཆོས་གོས་རྣམ་གསུམ་གྱོན་པ་ཞིག་གིས་ལྟེ་བའི་ཐད་ནས་ཐོད་པ་གཅིག །གྲི་གུག་གཅིག །མགོན་པོ་དང་ལྷ་མོའི་ཡིན་ཟེར་བའི་སྤུ་ཏི་གཅིག་གནང་བའི་ནང་བར། བླ་མ་རིན་པོ་ཆེ་ལགས་པའི་འབྱུང་གནས་པས། བདེ་མཆོག་སྔོན་འགྲོ་ནགས་སྟོང་ནས་རྒྱུད་པའི་དབང་དང་སེམས་བསྐྱེད་ཐོབ་བོ། །གཞན་ཡང་གཙུག་གི་ནོར་བུ་ལེགས་པའི་འབྱུང་གནས་ལ། ཁྱི་ལོ་ས་ག་ཟླ་བའི་ཚེས་བཅུའི་ཉིན། བདེ་མཆོག་ནག་པོ་རྡུལ་མཚོན་ལ་རྟེན་པའི་དཀྱིལ་འཁོར་དུ་དབང་ཐོབ་པའི་ལྟ་གོན་གྱི་ནུབ་རྨི་ལམ་དུ་དབང་གི་ཆུ་རྒྱུན་ཡིན་ཟེར་དབང་གི་བུམ་པ་གཅིག་ནས་ཁྲུས་ཆུ་མང་པ་འཐུངས་པ་དང་། གཞན་ལ་གཏེར་བའི་སྣང་བ་མང་དུ་བྱུང་། དབང་གི་དངོས་གཞིའི་མཐའ་བརྟེན་སྦྱིན་པའི་དུས་སུ་བུས་གསུང་དུ་བུས་པའི་ཚེ། སྔར་དང་མི་འདྲ་བའི་སྐད་དེ་བཟང་བར་བྱུང་བ་ན། འོ་བརྟེན་འབྲེལ་ནན་ལྟར་བཟང་། གྲགས་པས་སྲིད་མཐར་ཕྱིན་གསུང་པ་དང་། ནག་པོ་རིམ་བཞིའི་ཉམས་ཁྲིད་ཞུ་དུས་སྐབས་ཤིག་དུ། བསྐྱེད་རིམ་ཉམས་ཁྲིད་ཀྱི་དུས། གཙོ་བོར་བཅོམ་ལྡན་འདས་ཀྱི་དབུའི་གཙུག་གཏོར་གྱི་དགོས་འདོད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལས་སེམས་བཟུང་བ་ན། དེའི་དབྱིབས་བློ་ཡུལ་དུ་ཡེ་མི་འབྱུང་བ་ཞིག་བྱུང་བ་ན། བླ་མ་ཡི་དཾ་ཆོས་བདག་ཌཱ་ཀིའི་ཚོགས་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པས། མཚོན་བྱེད་ཙམ་གྱི་ཉམས་སྣང་ལ་ཡི་དམ་འཁོར་ལོ་སྡོམ་པ་ཞལ་བཞི་ཕྱག་བཅུ་གཉིས་པ་མེ་དཔུང་གི་དབུས་ན་བཞུགས་པ་མཐོང་བ་ན། དེའི་གཙུག་གི་ནོར་བུ་ལ་སེམས་བཟུང་བས་བསྐྱེད་རིམ་ཀྱི་དམིགས་པ་རྣམས་འབད་མེད་དུ་འཆར་བ་ཞིག་བྱུང་ཞིང་། ཉམས་ཁྲིད་གྲོལ་དུ་ཉེ་བ་ན་སྔ་དྲོ་གཅིག་རྨི་ལམ་དུ་གཙུག་གི་ནོར་བུ་ལེགས་པའི་འབྱུང་གནས་ཀྱིས། དུང་དཀར་པོ་གཡས་སུ་འཁྱིལ་བ་འོད་འཕྲོ་བ་གཅིག་བདག་ལ་གནང་ནས།
དུང་གི་ཆོས་ཀྱི་སྒྲ་རྣམས་སྒྲོག་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ནི་ཚིག་དབང་ཐོབ་པར་ཤོག
།ཅེས་གསུངས་པ་རྨི་ཞིང་། གཉིད་པད་ཙ་ནའང་། གསུང་སྣ་ཡུལ་ན་ལྷང་ངེར་ཡོད་པའི་སྣང་བ་དང་། ཡང་བདེ་མཆོག་གི་བསྙེན་པ་གཅིག་བྱེད་པའི་དུས་གཅིག་ན། རྗེ་བླ་མས་ཕྱག་རྟགས་གནང་བའི་ནང་ན་ཡང་།
དིང་སང་དུས་ན་བློ་གསལ་གཞོན་ནུ་ཁྱེད། །གཤེས་གཉེན་འགའ་དང་འགའ་ཡི་སྐྱེ་བ་བཞེས། །ཚོད་གཏམ་དབྱངས་སུ་ལེན་པ་མང་ན་ཡང་། །ཁྱོད་ཉིད་ནག་པོ་སྤྱོད་པའི་རྣམ་འཕྲུལ་ཡིན།
།ཞེས་གསུངས་པ་ཡང་བྱུང་། དེ་དུས་སྲིན་ལག་གཡོན་པའི་ནང་ནས་ཁྲག་གི་རྒྱུན་རྡོལ་བ་སོགས་རྟགས་ཅུང་ཟད་བྱུང་། ཡང་དགོན་པའི་མགོན་ཁང་དུ་གཏོར་བསྔོས་ཞག་འགའ་བྱས་དུས། དཔལ་མགོན་གྱི་སྤྱན་འདྲེན་གྱི་སྐབས་སུ་སྣང་བ་ལ། དཔལ་མགོན་ཞལ་བཞི་པའི་ཕཡག་གི་རལ་གྲི་དེ་མོན་གྱི་ཤེལ་ལྟོ་ལྟ་བུ་ཕྲ་ཞིང་། ཡུ་བ་གསེར་ཤོག་གིས་བཏུམས་པ་ལྟ་བུ་གཅིག་འདུག དེའི་མཐའ་བསྐོར་དུ་ཡུམ་ཆེན་བཞི་ཡང་། གྲི་གུག་དང་ཐོད་པ་འཛིན་པས་བསྐོར་བ་བྱེད་པའི་རྣམས་པས། དཔལ་མགོན་བྲམ་ཟེའི་གཟུགས་སུ་བཞུགས་པའི་ཐད་དེ་ན། བུན་ལོང་ལོང་བཞུགས་པའི་སྣང་བ་ལྟ་བུ་གཅིག་གི་ངང་ལ་གཉིས་སྣང་གི་རྟོག་པ་ཐམས་ཅད་འོད་གསལ་ངང་ལ་ཐིམས་ནས་བརྒྱལ་བའི་སྣང་བ་ལྟ་བུ་གཅིག་ཏུ་སོང་འདུག །ས་སྐྱ་པ་ཀུན་དགའ་བཟོད་པ་བཟང་པོ་ཡང་ལོགས་ན་ཡོད་པས། ཁོང་ནང་པར་ཟིར་བུན་མང་པོ་བྱུང་ཟེར་རོ།
།ཡང་གཙུག་གི་ནོར་བུ་ལེགས་པའི་འབྱུང་གནས་ལ་རི་བོ་གསེར་ལོགས་ཀྱི་བྱང་ཕྱོགས་བས་མཐའི་གནས་ཡང་དབེན་བསམ་གླིང་གི་དགོན་པ་ཏུ། རྡོ་རྗེ་འཆང་ཀུན་དགའ་དབང་ཕྱུག་པ་མངའ་རིས་གློ་བོར་ལན་རྗེས་མ་ཕེབས། ཆོས་འཁོར་བྱམས་གླིང་དུ་གནང་གསུང་པ་ལྟར་ཅི་ཡོང་བྱེད་གསུང་། གསུང་ངག་རིན་པོ་ཆེའི་ཞལ་བཞེས་ཀྱི་མན་ངག་མཐའ་དག་དང་བཅས་ཀྱི་མན་ངག་དང་བཅས་ཇོ་བོ་ག་ཡ་རྡ་ར་ནས་རྒྱུད་པའི་ཆ་ལག་ཡོངས་སུ་རྫོགས་པ། དཔལ་ས་སྐྱ་པ་ཆེན་པོ་ལ། དཔལ་བིརྺ་པས་གནང་བ་བཞིན་གྱི་བླ་མའི་རྣལ་འབྱོར་མཐོངས་མ་ཡིན་པ་རྣམས་ཐོབ་ཅིང་། མདོར་ན་སྙན་རྒྱུད་བཞིས་རྗེས་སུ་གདམས་ཤིང་། རྒྱུད་བྱིན་གྱི་རླབས་པར་མཛད་དོ། །དེ་དུས་ཐད་པོའི་ཉམས་རྣམས་ཀྱང་མི་ཞན་ཙམ་བྱུང་ཞིང་། གཙུག་གི་འབྱུང་གནས་ལེགས་པའི་འབྱུང་གནས་ཉིད་ཀྱིས། རྡོ་རྗེ་འཆང་ཀུན་དགའ་དབང་ཕྱུག་ལ་ཇི་ལྟར་གསན་པ་ལྟར་གྱི་དཔལ་བིརྺ་པའི་ཐུགས་ཀྱི་བཅུད་རྣམས་མ་ལུས་པ་ཐོབ། ཡང་གཙུག་གི་ནོར་བུ་ཉིད་ཀྱི་པཎྜི་ཏ་གྲགས་པ་རྒྱལ་མཚན་དང་། ར་སྟོན་ཡོན་ཏན་བཟང་པོ་སོགས་ལ་གསན་པའི་བིརྺ་པ་ནས་ས་སྐྱ་པ་ལ་ཉེ་རྒྱུད་པའི་གདམས་པ་འགའ་ཞིག་འདུག་ནའང་། སྔར་གྱིས་ཚིམས་ནས་མ་ཞུས། ཡང་གཙུག་གི་ནོར་བུ་ཉིད་ཀྱིས་གནང་བའི་ཕྱག་རྟགས་ནང་དུ། ཇི་སྲིད་ནམ་མཁའ་གནས་པ་དང་། ཁྱོད་སོགས་གདུལ་བྱ་གནས་ཀྱི་བར་དེ་སྲིད་བདག་ཀྱང་གནས་གྱུར་ནས། ཁྱོད་ཀྱི་དོན་ཀུན་གྲུབ་པར་ཤོག །ཅེས་བདག་གི་བྱ་བ་ཐམས་ཅད་བླ་མས་ཞལ་བཞེས་ཁྱད་པར་ཅན་དང་། ཡར་སྔར་བཞིན་བརྩེ་བ་ཆེན་པོས་དུས་ཀུན་དུ་རྣམ་པ་སྐྱེ་བ་ལ་ངལ་བའི་སེམས་མེད་ཅིང་། བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར་བཞེད་དགོངས་བཞིན་དུ་ཕ་བུ་འཇལ་བར་སྨོན། ཅེས་ཚེ་ཕྱི་མ་ཡང་དག་པའི་ཞིང་དུ་འཇལ་བའི་ཞལ་བཞེས་ཡོད་པ་ཡིན་པས། དེ་རིང་བེམ་རིག་བྲལ་ཀྱང་འགྱོད་པའི་གནས་མེད་ཅིང་། བདེ་བ་ཅན་དུ་བླ་མའི་ཞབས་དྲུང་དུ། སྐྱེ་བའི་དགེ་སློང་ཐོབ་པ་ཡིན་ཞིང་། དད་ལྡན་གྱི་བུ་སློབ་རྣམས་ཀྱང་འཇལ་འདོད་ན་དེར་སྨོན་ལམ་མཛད་པ་ཞུ།
།དེ་ལྟར་ཁོ་བོའི་སྤྱོད་པ་བགྲངས་ཡས་པ། །མཐའ་དག་ཡི་གེར་བྲིས་པས་ངལ་བས་ཅི། །ཆ་ཤས་ཙམ་ཞིག་བཀོད་པའི་དགེ་བ་དེས། །དོན་རྒྱུད་བླ་མ་སྙིང་ལ་འཕོ་བར་ཤོག །གཙུག་བརྒྱན་ནོར་བུས་ལུང་བསྟན་དབུགས་དབྱུང་མཛད། །རིན་ཆེན་རྣམ་བཞིས་གདམས་པའི་གནད་རྣམས་གནང་། །པཎ་ཆེན་གཉིས་ཀྱི་ཐེ་ཚོམ་དྲ་བ་བསལ། །བྱ་བཏང་གཉིས་ཀྱིས་རྟོགས་པའི་དགོས་དབྱུང་མཛད། །ངག་གི་དབང་པོས་ཐ་སྙད་སྤྲོ་བ་བསྐྱེད། །དེ་ལྟར་འདྲེན་མཆོག་བླ་མའི་ཚོགས་རྣམས་ཀྱིས། །རྗེས་སུ་བཟུང་ཞིང་མཁའ་འགྲོ་ནཻ་གུ་དང་། །མི་ཏྲ་ཛོ་གིས་དགེས་པའི་འཛུམ་ཞལ་བསྟན། །ལྷག་པའི་ལྷ་ཡི་རྒྱུད་ལ་བྱིན་རླབས་ཤིང་། །ཆོས་སྐྱོང་བསྲུང་མས་སྐྱོང་ཞིང་འཕྲིས་བསྒྲུབས། །གང་སྣང་སྒྱུ་མའི་རྣམ་རོལ་དུ་ཤར་ནས། །འཛིན་མེད་རང་གྲོལ་མ་བཅོས་ཞེན་བྲལ་བློས། །མ་ཆེ་བུ་ཆུང་སྤྱོད་པའི་ངང་ཚུལ་གྱིས། །བྱས་ཚད་ཆོས་སུ་འགྲོ་བའི་སྤྱོད་ཚུལ་ཅན། །བདག་ནི་བླ་མ་རྣམས་ཀྱི་རྗེས་བཟུང་ཞིང་། །ཡི་དམ་ལྷ་ལས་སྣང་བ་ཅུང་ཟད་ཐོབ། །མཐོང་ཐོས་དྲན་ཚད་ངན་འགྲོའི་གནས་སྤོང་བའི། །འབྲེལ་ཚད་དོན་དང་ལྡན་པའི་སྐྱེས་བུ་ཡིན། །དེ་ལྟ་བས་ན་བླ་མའི་མཛད་པ་ལ། །མ་དད་ལོག་ལྟའི་དྲི་མ་རྣམས་སྤང་ནས། །ལྷག་བསམ་གདུང་བའི་ཤུགས་ཀྱི་གསོལ་བཏབ་ན། །འཕྲུལ་དང་ཡུན་དུ་བདེ་བ་མ་ལུས་འབྱུང་། །འདི་བྲིས་པ་ལས་བྱུང་བའི་དགེ་བ་ཡིས། །ཉི་འོད་གང་དེས་ལོག་ལྟའི་མུན་གསལ་ཏེ། །བསྐལ་མེད་རྣམས་ཀྱི་སྙིང་གི་མདྨོའི་ཚལ། །དད་པའི་ཟེ་འབྲུས་བརྒྱན་པའི་རྒྱུར་གྱུར་ཅིག
།ཅེས་བློ་གསལ་གྱི་ལྡོམ་བུ་པ། ཀུན་དགའ་གྲོལ་མཆོག་རང་གི་མྱོང་བ་བརྒྱན་གྱི་མེ་ཏོག་ཅེས་བྱ་བ་འདི། རྩ་བའི་བླ་མ་མ་ཎི་པ་ཤེས་རབ་དཔལ་འབྱོར་གྱིས་བཀའ་གནང་བའི་ཁུར་སྤྱི་བོར་བླངས་ནས། བྲག་སྟེང་རྡོ་རྗེ་བྲག་རྫོང་ནས་ཕུལ་བའི་ཐོ་གཞིར་བཞག་ནས། དེར་མ་ཚངས་པ་ཅུང་ཟད་ཁ་སྐང་སྟེ། སྒྲོ་བསྐུར་རང་གཟོའི་དྲི་མ་སྤང་ནས་ཞིབ་པར་བྲིས་པའི་ཡི་གེ་པ་ནི་ས་སྐྱ་པ་ཀུན་དགའ་བཟོད་པས་བགྱིའོ། འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པར་གྱུར་ཅིག །ས་མ་པ་ཏ། བསྐལ་མེད་ལོག་ལྟ་ཅན་རྣམས་ལ་ཤིན་ཏུ་གསང་པ་ཞུ། མངྒ་ལཾ།། །།