'khor lo sdom pa'i ting 'dzin gyi dbang bskur

From Shangpa Resource Center








Resource ID SCv7p445
Title dpal 'khor lo sdom pa'i ting 'dzin gyi dbang bskur
Alt. title śrī cakrasaṃvara maṇḍala vidhi
dpal 'khor lo sdom pa'i dkyil 'khor gyi cho ga
bde mchog lha lnga'i ting nge 'dzin gyi dbang bskur ba'i cho ga
Topics Initiation
Sub-Topics Chakrasamvara
Author Niguma
Associated Person Khyungpo Neljor
Lendarma Lodrö
Jampa Rinchen Zangpo
Link BDRC W23922
BDRC W23922
BDRC W1PD95844
BDRC W3CN18508 (v2p.428)
Notes Translated in english in the book Lady of illusion p. 170

༄༅། །དཔལ་འཁོར་ལོ་སྡོམ་པའི་ཏིང་འཛིན་གྱི་དབང་བསྐུར་བཞུགས་པ་དགེ་ལེགས་འཕེལ།། །།

རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སཾ་བ་ར་མཎྜ་ལ་བི་དྷི་ནཱ་མ།
བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ག་ཆོ་ག་ཞེས་བྱ་བ།
དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ།
གང་ཞིག་ཏིང་ངེ་འཛིན་གྱི་དབང་བསྐུར་བར་འདོད་པས། ཐོག་མ་ཁོ་ནར་ཡིད་འཇུག་པའི་གནས་བསྟར་བ་༼ལ་ཕྱག་དར་བྱ་༽ལེགས་པར་༼ཡོལ་བ་དང་བླ་བྲེ་བཀྲམ་པར་༽བྱའོ། དེར་བཅོམ་ལྡན་འདས་བདེ་མཆོག་གི་བྲི། སྐུ་༼དང་བྲུག་མ་༽ལ་སོགས་པ་ལེགས་པར་བཀྲམ་མོ།
།དེ་ནས་གཞི་ལ་སོགས་པའི་རྣམ་ལྔ་དང་དྲི་༼བཟང་དང་༽ཆང་༼དང་བདུད་རྩི་ལྔ་༽ལ་སོགས་པས་ལེགས་པར་བྱག་གོ །དེ་ལ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་མཎྜལ་ལམ། ལྷ་བཅུ་གསུམ་མམ། ལྷ་ལྔའི་༼རྟེན་༽མཎྜལ་བྱས་ཏེ། དེ་ཡང་པདྨ་འདབ་བཞི་ཕྱོགས་ཚོན་༼ཤར་མཐིང་ག །བྱང་ལྗང་གུ །ནུབ་དམར། ལྷོ་སེར་པོ༽། ལྟེ་བ་དང་ལྔ་ལ་མེ་ཏོག་གི་ཚོམ་བུ་༼ལྟེ་བར་ཧཱུྃ་༽བཀོད། དེ་ལ་ལྷ་ལྔ་བསྐྱེད། མཆོད་པ་ལྔ་དང་གཏོར་མ་༼ལྔ་ལ་སོགས་༽རྒྱ་ཆེན་པོ་བཤམ་མོ།
དེ་ནས་སློབ་མ་མཚན་ཉིད་དང་ལྡན་པ་གྲལ་ལ་འཁོར་དུ་བཞུག་གོ །ཉམས་པ་ཡིན་ན་ཧེ་རུ་ཀའི་ཡི་གེ་བརྒྱ་པའམ། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་གང་རུང་བཟླས་པ་བྱེད་དུ་གཞུག །དེ་ལ་༼དལ་འབྱོར་རྙེད་པར་དང་༽འཆི་བ་མི་རྟག་པ་ནས་སྨོན་འཇུག་༼སྐྱབས་འགྲོ་ཐུན་མོང་དང་ཁྱད་པར་ཅན་ཡིན་ནོ་༽གི་སེམས་གཉིས་བསྐྱེད། བསླབ་བྱ་དང་བཅས་པ་༼གནང་བ་སྦྱིན་པ། རྟོག་པ་བསྡུ་བ། ལམ་ཡན་ལག་ལྔ། གསང་སྔགས་འབྱུང་བར་དཀོན་པ། དམ་ཚིག་གསུམ་སྦྱིན།༽དང་དཀྱིལ་འཁོར་དུ་བཞུག་པ་ལ་སོགས་པ་བྱའོ།
།དེ་ནས་རང་ཉིད་བསྐྱེད་པའི་རིམ་པའི་རྣལ་འབྱོར་དུ་ཞུགས་ཏེ། སྒྲུབ་པ་པོ་རང་གི་ཐུགས་ཀར་པྃ་ལས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ་ཅིག་བསམ། དེ་ལ་ཡི་གེ་བདུན་པས་བསྐོར་བར་བསམ་ཞིང་བསྙེན་པ་ཅི་རིགས་ཤིག་བསྐྱལ་བར་བྱའོ།
།དེ་ནས་མཎྜལ་གྱི་དབུས་ཀྱི་ཧཱུྃ་ལས་འོད་འཕྲོས་ཏེ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས་འོད་ཟེར་ཚུར་འདུས་ཧཱུྃ་ལ་ཐིམ་པ་ལས། དྲུག་ཅུ་རྩ་གཉིས་སམ། བཅུ་གསུམ་མམ། ལྷ་ལྔའི་དཀྱིལ་འཁོར་དུ་བསྐྱེད་དོ། དེ་ལས་ཡེ་ཤེས་སེམས་དཔའ་ལ་སོགས་པ་གཞུང་བཞིན་བྱའོ།
།དེ་ནས། ཨོཾ་ཧྲཱི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ། །ཅེས་པའི་སྔགས་ཀྱིས་༼ཕྱི་ཡི་དང་༽མཆོད་པ་རྣམ་ལྔ་༼སྐུ་གསུང་ཐུགས་བྱིན་གྱིས་རླབས། དབང་བསྐུར། རྒྱས་གདབ། ནང་གི་མཆོད་པ་བཟེད་ཞལ་དུ་འབུལ། གསང་མཆོད་ཕུལ་ནས་བསྟོད་པ་བྱའོ།༽འབུལ་ལོ།
དེ་ནས་ཆང་བྱིན་གྱི་རླབས་པ་ནི། ཀ་པཱ་ལའི་ནང་དུ་བདེ་མཆོག་ཡབ་ཡུམ་ལྷན་སྐྱེས་ཀྱི་ཚུལ་དུ་སྐད་ཅིག་གིས་བསྐྱེད་ལ། སྔགས་བཟླས་པས་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཐིག་ལེ་བྱང་ཆུབ་ཀྱི་སེམས་བདུད་རྩིའི་རང་བཞིན་དུ་བབས་པས་༼ཡེ་ཤེས་ཀྱི་བདུད་རྩི་དཀར་དམར་གྱིས་༽ཐོད་པའི་ཆང་བདུད་རྩིར་གྱུར། དེ་ནས་ཡབ་ཡུམ་༼གཉིས་ཀྱང་༽བདེ་བའི་ངོ་བོར་ཞུ་ནས་ཐོད་པ་ལྟེམ་གྱི་ཁེངས་པར་བསམ་མོ།
དེ་ནས་ཚོགས་ཀྱི་ཡོ་བྱང་དང་། མཆོད་རྫས་ཐམས་ཅད་ལ་གཏོར་བས་ཐམས་ཅད་བདུད་རྩིར་བྱིན་གྱིས་རླབས་པར་བྱའོ།
།དེ་ནས་སློབ་མའི་སྤྱི་བོར་པཾ་ལས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར་༼འཇིགས་བྱེད་དང་དུས་མཚན་༽གྱི་སྟེང་དུ་ཧཱུྃ་བསམ། མགྲིན་པར་པཾ་ལས་པདྨ་དམར་པོ་འདབ་མ་བཞི་པའི་དཀྱིལ་འཁོར་དུ་ཨཱཿདམར་པོ་འབུར་སྐྱེས་ཅིག །སྙིང་གར་ཡང་པད་ཉིའི་༼དང་འཇིགས་བྱེད་དུས་མཚན་གྱི་༽སྟེང་དུ་ཧཱུྃ་ཅིག་བསམ། ལྟེ་བར་ཆོས་འབྱུང་༼དམར་བའི་༽གི་ནང་དུ་བྃ་དམར་པོ་ཅིག་བསམ་དུ་གཞུག་གོ
།དེ་ལས་སྤྱི་བོའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་༼ཌཱ་ཀི་མས་བཞིས་བསྐོར་བ་༽གི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་ནས་ཧཱུྃ་ལ་ཐིམ། ཧཱུྃ་ཡོངས་འགྱུར་པ་ལས་ཧེ་རུ་ཀ་བླ་མ་དང་གཉིས་སུ་མེད་པའི་རང་བཞིན་རྒྱན་ཆུ་ལུགས་དང་ལྡན་པ་ཡབ་ཡུམ་གྱི་རྣམ་པ་ཅན་དུ་བསྒོམ་མོ་དེའི་ཐུགས་ཀའི་ས་བོན་གྱི་ཡི་གེ་ཧཱུྃ་ལས་༼ལྷ་མོ་བཞིས་བསྐོར་བ་བྱེད་༽འོད་ཟེར་བྱུང་བས་རང་གི་སྤྱི་བོ་བདེ་བ་ཆེན་པོ་འོད་ཀྱིས་ཁྱབ་པས་ལུས་ཀྱི་སྡིག་སྒྲིབ་དག་པར་༼བུམ་པའི་དབང་ངོ་།༽བསམ་མོ།
དེ་ནས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་འོད་ཀྱིས་ཁྱབ་པས། ངག་གི་སྡིག་སྒྲིབ་དག་པར་༼གསང་དབང་ཐོབ་༽བསམ།
དེ་ནས་སྙིང་ག་ཆོས་ཀྱི་འཁོར་ལོ་འོད་ཀྱིས་ཁྱབ། ཡིད་ཀྱི་སྡིག་སྒྲིབ་དག་པར་༼ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་༽བསམ།
དེ་ནས་ལྟེ་བ་སྤྲུལ་པའི་འཁོར་ལོ་འོད་ཀྱིས་ཁྱབ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་པར་༼དབང་བཞི་པ་ཐོབ་༽བསམ།
དེ་ནས་སྙིང་གའི་ཧཱུྃ་ཡོངས་སུ་འགྱུར་པ་ལས་བཅོམ་ལྡན་འདས་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་རོ།
།དེ་ཡང་རྩ་བའི་མཁའ་འགྲོ་མ་བཞིས་གཙོ་བོ་ལ་བསྐོར་བ་བྱེད་པ་ལ་ཤེས་པ་གཏད་དོ།
།དེའི་ཐུགས་ཀ་ནས་འོད་ཟེར་བྱུང་བས་ཆོས་འབྱུང་ནང་གི་པཾ་ཀ་ཕོག་པ་དང་། པཾ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་མ་ཞལ་གཅིག་ཕྱག་གཉིས་མ། གཡས་ན་ཅང་ཏེའུ་སྒྲ་དང་བཅས་པ་བསྣམས་པ། གཡོན་ན་ཐོད་པ་བསྣམས་པ། སྐུ་མདོག་དམར་མོ་རུས་པའི་རྒྱན་ཆ་༼ལྔས་བརྒྱན་པ་༽ཅན་ཁྲོ་བ་འཛུམ་པ་སྒེག་པ་གར་བྱེད་པ་དེ་ལ་ཤེས་པ་གཏད་དོ།
།དེ་ནས་སྤྱི་བོའི་བླ་མ་འོད་ཞུ་ནས་སྙིང་གའི་བཅོམ་ལྡན་འདས་ལ་ཐིམ། བཅོམ་ལྡན་འདས་འོད་དུ་ཞུ་ལྟེ་བའི་རྣལ་འབྱོར་ལ་རྣལ་འབྱོར་མའི་སྣ་བུག་གཡས་ནས་ཨཱ་ལི་བྱུང་། གཡོན་པ་ཀཱ་ལི་བྱུང་། སྨིན་མཚམས་སུ་གཡུང་དྲུང་དམར་པོ་ཅིག་ཏུ་གྱུར་ནས་༼དྲག་ཏུ་༽འཁོར་བར་བསམ་མོ།
དེ་ནས་རྣལ་འབྱོར་མ་འོད་དུ་ཞུ་ནས་རང་ལ་ཐིམ། རང་གི་ཕུང་པོ་ཡང་འོད་ཕུང་ལྟ་བུ་ལ་སྟོང་སངས་ཀྱིས་སོང་ནས་ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་ལ་དར་ཅིག་བསྒོམ་དུ་བཞུག་གོ
།དེ་ལྟར་སྤྱི་བོའི་བླ་མ་ལ་སེམས་གཏད་ནས་བསྒོམ་པས་དྲོད་སྐྱེའོ།
དེ་བུམ་པའི་དབང་གི་ངོ་སྤྲོད་དོ།
།དགའ་བའི་དབང་དུ་བྱས་ན་ཉམས་སུ་མྱོང་བའི་དགའ་བའོ།
།སྙིང་གའི་ལྷ་ཚོགས་ལ་ཤེས་པ་གཏད་པའི་དུས་སུ་ལུས་སེམས་ལ་བདེ་བ་སྐྱེས་པ་དེ། གསང་བའི་དབང་གི་ངོ་སྤྲོད་དོ།
།དགའ་བའི་དབང་དུ་བྱས་ན་མཆོག་དགའོ།
།ཆོས་འབྱུང་གི་རྣལ་འབྱོར་མ་ལ་ཤེས་པ་གཏད་པའི་དུས་སུ། ལུས་སེམས་ལ་མི་རྟོག་སྐྱེ། དེ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་སྤྲོད་དོ། །དགའ་བའི་དབང་དུ་བྱས་ན་དགའ་བྲལ་གྱི་དགའ་བའོ།
།དབང་གསུམ་པོ་ངོ་བོ་གཅིག་ཏུ་འདུག་པ་དེ་དབང་བཞི་པའི་ངོ་སྤྲོད་དོ། །དགའ་བའི་དབང་དུ་བྱས་ན་ལྷན་ཅིག་སྐྱེས་པའི་དགའ་བའོ།
།དེ་ནས་ཆོས་༼སྐུ་༽ལ་༼སྐྱེ་མེད་༽ལོངས་སྐུའི་༼འགག་མེད་༽ཚུལ་གྱི་སྒྱུ་མ་ལྟ་བུའི་ལྷ་སྐུ་སྣང་ལ་༼རང་བཞིན་མེད་པ་སྣང་སྟོང་ཙམ་དུ་ཡང་༽ཞེན་པ་མེད་པ་མེ་ལོང་༼གསལ་འཛིན་མེད་པ་༽ནང་གི་གཟུགས་བརྙན་༼ལྡང་བའི་ཚུལ་གྱིས་༽ལྟ་བུར་བསྒོམ་དུ་གཞུག་༼སློབ་མ༽། །དེ་ལ་མཆོད་པ་ལྔ་ཚན་གཅིག་ཏུ་འབུལ་དུ་གཞུག་གོ །མཎྜལ་གྱི་སྟེང་གི་ཡེ་ཤེས་སེམས་དཔའ་གཤེགས་དམ་ཚིག་པ་སློབ་མའི་སྙིང་ཁར་བསྡུའོ།
།དེས་ནི་དབང་བཞི་པ་ཐོབ། སྡིག་པ་ཐམས་ཅད་མྱུར་དུ་ཟད་ནས་དཔལ་བདེ་བ་ཆེན་པོའི་༼འཁོར་དང་བཅས་པ་༽སྐུ་མངོན་སུམ་དུ་མཐོང་བར་འགྱུར་རོ།
།ལྷན་ཅིག་༼སྣང་སྟོང་བདེ་སྟོང་དབྱེར་མེད་ཀྱི་སེམས་ཉིད་༽སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་ནས་ཚེ་འདི་ཉིད་དུ་བཅུ་བཞི་བདེ་བ་ཆེན་པོའི་ས་ཐོབ་པར་འགྱུར་རོ།
།དེ་ནས་གཏོར་མ་བཏང་། ཚོགས་ལ་ལོངས་སྤྱད། ཡི་གེ་བརྒྱ་པ་བཟླས་༼བཟོད་པར་གསོལ། སྨོན་ལམ་གདབ། ཕྱི་མ།༽ བསྔོ་བ་བྱའོ།
།བདེ་མཆོག་ལྷ་ལྔའི་ཏིང་ངེ་འཛིན་གྱི་དབང་བསྐུར་བའི་ཆོ་ག་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མས། སྡོམ་པ་རྒྱ་མཚོའི་རྒྱུད་ནས་ཕྱུངས་བའོ། །བདག་ཁྱུང་པོ་རྣལ་འབྱོར་པས་མཁའ་འགྲོ་མ་༼གསེར་སྤང་ལྔ་བརྒྱ་ཕུལ་ནས་༽དེ་ཉིད་མཉེས་པར་བྱས་ནས་ཞུས་ཏེ། ལོཙྪ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ། །མངྒ་ལཾ།།

BDRC W3CN18508: ༼རྡོ་རྗེ་འཆང་། ནཻ་གུ་མ། ཁྱུང་པོ། རིམ་པ་བཞིན་སངས་རྒྱས་སྟོན་པའི་བར། དེ་ནས་ཤངས་སྟོནཚུལ་ཁྲིམས་མགོན་པོརི་ཁྲོདཤངས་དཀརསངས་རྒྱས་དཔལནམ་མཁའ་རྒྱལ་མཚན༼ དེ་ལ་ངག་དབང་པས་ཀྱང་གསན་ནོ། ༽
ཡང་ན། སངས་རྒྱས་དཔལ་ལ། ཤཱཀྱ་རིན་ཆེན། དེ་ལ་ངག་གི་དབང་པོའོ། ལུང་གཉིས་ཀྱི་ཕྱི་མ་གཉིས་ལ་བདག་བྱམས་པ་རིན་ཆེན་བཟང་པོའོ།
དེ་ཡང་དབང་ལ་གསུམ་སྟེ། མ་སྨིན་པ་སྨིན་པ་སྨིན་པར་བྱེད་པ། གཞིའི་དབང། སྨིན་པ་གྲོལ་བར་བྱེད་པ་ལམ་གྱི་དབང་། གྲོལ་བ་མཐར་ཕྱིན་པར་བྱེད་པ་འབྲས་བུའི་དབང་ངོ་། །དེ་ལྟར།
རྡོ་རྗེ་སྒོའི་རྒྱུད་ལས། གཞི་ནི་དབང་ལ་བརྟེན་པ་དང་། རྒྱུད་ནི་དབང་གིས་བསྐྱེད་་་ ལམ་ནི་དབང་གིས་བགྲོད་པ་དང་། འབྲས་བུ་དབང་དུ་གནས་པའོ། མ་སྨིན་སྨིན་པར་བྱེད་པ་དང་། སྨིན་པ་གྲོལ་བར་བྱེད་པའི་ཕྱིར། དབང་ཞེས་སུ་ནི་གྲགས་པ་ཡིན། ཞེས་སུངས་སོ། མངྒལཾ།།༽