Bde mchog lha lnga'i mngon rtogs mnyam med pas mdzad pa

From Shangpa Resource Center
Revision as of 09:11, 23 July 2021 by Sengue (talk | contribs)








Resource ID SP4
Title bde mchog lha lnga'i mngon rtogs mnyam med pas mdzad pa
Topics Chakrasamvara
Sub-Topics Canonical description
Author Sangyé Pelsang
Link BDRC W8LS32725 (p.57)

༄༅། །བདེ་མཆོག་ལྷ་ལྔའི་མངོན་རྟོགས་མཉམ་མེད་པས་མཛད་པ་བཞུགས་སོ།།

ན་མོ་གུ་རུ།
བདེ་ཆེན་ལྷན་གཅིག་སྐྱེས་པའི་སྐུ། །སྟོང་ཉིད་ཡུམ་དང་གཉིས་མེད་པ། །བླ་མ་བདེ་མཆོག་ལ་བསྟུད་ནས། །དེའི་བསྒྲུབ་ཐབས་བྲི་བར་བྱང་། །དད་རྩོན་སྙིང་རྗེ་ཤེས་རབ་ལྡན། །དབང་བཞི་བྱིན་རླབས་བཀའ་རྣམས་ཐོབ། །རྒྱུད་ཐོས་མན་ངག་ཁོང་དུ་ཆུད། །སྙིང་སྟོབས་ལྡན་པའི་རྣལ་འབྱོར་པས།
གནས་གྲོགས་ཡོ་བྱད་འཐུན་རྐྱེན་ཀུན་ཚང་ནས་སྒྲུབ་ལ་འཇུག་པར་བྱ། དེ་ལ་སྔོན་འགྲོ་དང་། དངོས་གཞི། རྗེས་གསུམ་ལས།
སྔོན་འགྲོ་ལ་བསྲུང་པའི་འཁོར་ལོ་བསྒོམ་པ། སྐྱབས་འགྲོ་སེམས་བསྐྱེད་བྱ་བ། ཚོགས་གཉིས་བསགས་པའོ།
།དང་པོ་བསྲུང་པའི་འཁོར་ལོ་ལ་གཉིས་ལས། བདག་བསྲུང་པ་ནི། རང་གི་ཐུགས་ཁའི་ཧཱུྃ་ལས་འོད་འཕྲོས་པས། མདུན་གྱི་ནམ་མཁར་རིགས་ལྔའི་ལྷ་ཚོགས་སྤྱན་དྲངས། བདག་གི་སྡིག་སྒྲིབ་སྦྱང་དུ་གསོལ་ཞེས་གསོལ་བ་གདབ་པས།
རིགས་ལྔའི་ཐུགས་ཁ་ནས་ལྷ་མོ་བདུད་རྩིའི་བུམ་ཆུ་ཐོགས་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཤི་ཀ་ཏ་ས་མ་ཡེ་ཤྲཱི་ཧཱུྃ། ཞེས་དབང་བཞིའི་ཁྲུས་བྱས་པ་དང་། རང་གི་སྡིག་སྒྲིབ་ཐམས་ཅད་དག་ནས་ལུས་ཤེལ་བསྒོང་ལྟར་དྲི་མ་མེད་པར་གྱུར། ལུས་བསྲུང་པའོ། །དེ་ནས་བདུད་རྩི་རིལ་བུ་ལྕེ་ཐོག་ཏུ་བཞག་ནས། ཨོཾ་ཨ་མྲི་ཏ་བཀ་རཀྵ་རཀྵ་ཧཱུྃ་ཕཊ། ཞེས་བརྗོད་ངག་བསྲུང་པའོ། །སེམས་རིག་སྟོང་འཛིན་མེད་དུ་གནས་པར་གྱུར། སེམས་བསྲུང་པའོ།
གཉིས་པ་གནས་བསྲུང་པ་ནི། རང་སྐད་གཅིག་གི་གཙོ་བོ་ཡབ་ཡུམ་གྱི་ཐུགས་ཁར། པད་ཉིའི་སྟེང་དུ་ཧཱུྃ་བསམ་ནས། རྡོ་རྗེ་ཐོད་སྦྱོར་གྱི་ཕྱག་རྒྱ་དང་། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པས། ཐུགས་ཁའི་ཧཱུྃ་ལས་རཾ་གཅིག་དབུ་མ་ནས་མདུན་དུ་ཆད་པ་ལས་ཉི་མའི་དལ་སྟོང་གཉིས་ཙམ་དུ་གྱུར། ཡང་ཧཱུྃ་གཅིག་ཉི་མའི་སྟེང་དུ་ཆད་པ་ལས། རྡོ་རྗེ་རྒྱ་ཁྲམ་ལྟེ་བ་མཐིང་ཁ། ཤར་གྱི་རྭ་གསུམ་དཀར། ལྷོའི་རྭ་གསུམ་གསེར། ནུབ་ཀྱི་རྭ་གསུམ་དམར། བྱང་གི་རྭ་གསུམ་ལྗང་ཁུའོ། །དེ་ཉིད་རྒྱ་ཆེ་བ་ས་གཞི། དཔངས་མཐོ་བས་རྩིགས་པ། རྡོ་རྗེའི་རྭ་རྣམས་སྟེང་དུ་འདུས་པས་བླ་བྲེའོ། །དེ་ནས་རྡོ་རྗེའི་སྟེང་དང་ཕྱོགས་བཞི་ནས་ཧཱུྃ་ཁ་དོག་ལྔ་འཕྲོས་པས། རྡོ་རྗེ་རྩེ་དགུ་པ། བདུན་པ། ལྔ་པ། གསུམ་པ་རྩེ་གཅིག་པ། སྲན་མ་ཙམ་དང་ནས་ཙམ་ཡད་ཆད་ཀྱིས། རྡོ་རྗེའི་བར་རྣམས་བསྟམས་པ་དང་། འོག་གི་ཉི་མ་ལས་མེ་འབར་བ་ལས། ཕྱིའི་རྡོ་རྗེ་རྣམས་ཁྲོ་ཆུ་ལྟར་ཞུ་ནས། སྲིད་པའི་རླུང་གིས་ཀྱང་མི་ཐར་བའི་བསྲུང་འཁོར་སྟོང་གསུམ་ཙམ་དུ་གྱུར།
གཉིས་པ་སྐྱབས་འགྲོ་སེམས་བསྐྱེད་བྱ་བ་ནི། རང་གི་ཐུགས་ཁའི་ཧཱུྃ་གི་འོད་ཟེར་གྱིས། བླ་མ་ཡི་དམ་དྲ་གུར་གྱི་ནང་དུ་སྐྱབས་འགྲོའི་ཡུལ་དུ་སྤྱན་དྲངས་ནས་བཞུགས་པར་གྱུར། བདག་སོགས་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་ཏེ། ཇི་སྲིད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ །དམ་པའི་ཆོས༴ །འཕགས་པའི་དགེ་འདུན་རྣམས་མཁའ་འགྲོ་ཆོས་སྐྱོང་བསྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་ལ་སོགས་པས་སྐྱབས་འགྲོ་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་པར་འདོད་པའི་བྱམས་པ། སྡུག་བསྔལ་ཐམས་ཅད་ལས་སྐྱོབ་པའི་སྙིང་རྗེ། ཧེ་རུ་ཀའི་གོ་འཕང་ལ་བགོད་པར་བྱ། སེམས་བསྐྱེད་པའོ།
།གསུམ་པ་ཚོགས་བསགས་པ་ལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱི་དང་པོ་ལའང་གཉིས་ལས།
ཡུལ་མཚོག་ལ་རྟེན་པ་ནི། བཅོམ་ལྡན་འདས་ཐུགས་རྗེའི་དབང་གིས་བདག་གི་མདུན་དུ་བྱོན། དེའི་འོད་ཟེར་བདག་གི་ལུས་ལ་ཕོག་པས། ཕུང་ཁམས་སྐྱེ་མཆེད་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་ནས། མེ་ལོང་གསལ་བའི་གཟུགས་བརྙན་ཤར་བ་ལྟར་མདུན་གྱི་ལྷ་དང་། རང་ཉིད་དབྱེར་མེད་པའི་བདེ་མཆོག་གི་སྐུར་གྱུར། གཞིའི་ཧེ་རུ་ཀ་གསལ་གདབ་པའོ།
།རང་ཧེ་རུ་ཀར་གསལ་བའི་ཐུགས་ཁའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། འོག་མིན་ནས་ལྷ་ལྔའི་དཀྱིལ་འཁོར་གྱི་གཙོ་བོའི་རིགས་བདག་ཏུ་བླ་མ་ལ་བཞུགས་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས། ཚོགས་རྟེན་ནོ། །རང་གི་གནས་གསུམ་དུ་ཐལ་མོ་སྦྱར་ཏེ། ཕྱག་འཚལ་བ་ནི། ཨོཾ་ན་མ་ཏེ་ཧཱུྃ། ཨོཾ་ན་མ་མེ་ཧཱུྃ། ཨོཾ་ན་མ་ན་མོ་ཧཱུྃ། ཕྲད་ཅོག་གི་ཕྱག་གོ
།དེ་ནས་ཐུགས་ཁའི་ཧཱུྃ་ལས་སྤྲུལ་པའི། ཡོན་ཆབ་མ་དཀར་མོ། མེ་ཏོག་མ་སྔོན་མོ། གདུགས་སྤོས་མ་སེར་མོ། མར་མེ་མ་དམར། ཞལ་ཟས་མ་དཀར་སེར་ནམ་མཁའ་གང་བས་མཆོད། ཨོཾ་ཧྲི་ཧཱ་ཧ་ཧཱུྃ་ཧཱུྃ་ཕཊ། ཨརྒྷཾ་པྲ་ཏི་ཙྪ་ཡེ་སྭཱཧཱ། པ་དྱེ་པྲ་ཏི་ཙྪ་ཡེ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་ཨ་ལོ་ཀེ་ཨཱཿཧཱུྃ། །ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། །ཨོཾ་བཛྲ་ནཻ་བེ་ཏེ་ཧཱུྃ། །ཨོཾ་བཛྲ་ཤ་པ་ཏ་ཨཱཿཧཱུྃ། ཞེས་བརྗོད་དེ་ཕྱི་མཆོད་དོ།
།མཁའ་འགྲོ་མ་ལ་མ་དུམ་སྐྱེས་མ། །གཟུགས་ཅན་མ་དང་མཁའ་འགྲོ་བཞིས། །ཤ་ལྔ་བདུད་རྩི་ཐོགས་ནས་ནི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་གྷ་ན་ཙཀྲ་བཛྲ་པུ་ཙ་མེ་ག་ས་མུད་ཏྲ་སྥ་ར་ན་ས་མ་ཡེ་ཧཱུྃ། ཞེས་དབུལ་ནང་མཆོད་དོ།
།ཧཱུྃ་བདེ་བའི་རང་བཞིན་ལྷ་མོ་བཞི། །ལང་ཚོ་བཅུ་དྲུག་ལྟ་བུར་མཛེས། །གཉིས་སུ་མེད་པའི་མཆོད་པ་ཡིས། །ཟག་མེད་བདེ་བས་གཙོ་ལ་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པུ་ཙ་མེ་ག་ས་མུད་ཏྲ་སྥ་ར་ན་ས་མ་ཡེ་ཧཱུྃ། །ཞེས་ལྷ་མོ་ཡུམ་ལ་སྟིམ་ནས་སྙོམས་འཇུག་གི་མཆོད་དེ་གསང་མཆོད་དོ།
།མཆོད་བྱ་མཆོད་བྱེད་རང་བཞིན་སྟོང་པ་ཉིད་དུ་གྱུར། དེ་ཁོ་ན་ཉིད་ཀྱི་མཆོད་པ་སྟེ། དབང་བཞིའི་མཆོད་པའོ།
།དེ་ནས་དོན་ཡིད་ལ་བསམས་ཏེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ལ་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་
སྐྱབས་མཆི། །བྱང་ཆུབ་སེམས་སུ་འདི་བགྱི་ཏེ། །བདག་དང་གཞན་དོན་རབ་སྒྲུབ་ཕྱིར། །བདག་གིས་བྱང་ཆུབ་མཆོག་སེམས་བསྐྱེད། །ཨེ་མ་ཧོ་སེམས་ཅན་ཀུན་དོན་གཉེར། །བྱང་ཆུབ་སྤྱོད་མཆོད་མཛད་བཞིན་སྤྱད། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །རྒྱུན་བཤགས་སོ།
གཉིས་པ། ཡུལ་སྨན་པ་ལ་རྟེན་ནས་ཚོགས་བསག་པ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་པར་འདོད་པའི་བྱམས་པ། སྡུག་བསྔལ་ཐམས་ཅད་ལས་སྐྱོབ་པར་འདོད་པའི་སྙིང་རྗེ། །བདེ་བ་དམ་པ་དང་མི་འབྲལ་བ་ལ་སྤྲོ་བའི་དགའ་བ། ཀུན་ལ་སེམས་སྙོམས་པའི་བཏང་སྙོམས་སུ་སེམས་གནས་པར་གྱུར།
གཉིས་པ། ཡེ་ཤེས་ཀྱི་ཚོགས་བསག་པ་ནི། ཨོཾ་སྭ་བྷ་ཝ་ཤུད་དྷ་སརྦ་དྷརྨ་སྭ་བྷ་ཝ་ཤུད་དྷོ་ཧཱུཾ། །ཕྱི་བཟུང་པའི་ཡུལ་ལམ་ཆོས་ཐམས་ཅད་སྒྱུ་མ་ལྟར་དུ་གྱུར། ཨོཾ་ཤཱུ་ནྱེ་ཏ་ཛྙ་ན་བཛྲ་སྭ་བྷཱ་ཝ་ཨད་མ་ཀོ་ཧཾ། ་་་་་འཛིན་བྱེད་ཀྱི་སེམས་སམ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར།
གཉིས་པ། དངོས་གཞི་ལ་གཉིས་ལས། རྟེན་བསྐྱེད་པ་ནི། ཡཾ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་སྔོན་པོ། རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ། བཾ་ལས་ཆུའི་དཀྱིལ་འཁོར་གྲུ་ཟླུམ་པོ་དཀར་པོ། ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་གསུམ་ལས་རིའི་རྒྱལ་པོ་རི་རབ། ཤར་ཤེལ། ལྷོ་བེ་དུ་རྻ།ནུབ་པདྨ་ར་ག །བྱང་གསེར་ལས་གྲུབ་པ། ཅོག་བརྒྱད་ཀྱི་རྣམ་པར་མཛེས་པ་རྣམས་རིམས་པས་རྩེགས་པའོ།
།གཉིས་པ། རྟེན་པ་ལྷ་བསྐྱེད་པ་ལ། བསྐྱེད་རྫོགས་གཉིས་ལས།
དང་པོ་སྐྱེད་པའི་རིམས་པ་ལ། ལྷ་བསྐྱེད་པ་དང་། དེ་ལ་མཆོད་པ་གཉིས་ལས།
ལྷ་བསྐྱེད་པ་ལ་བཞི་ཡོད་པའི་དང་པོ་དམ་ཚིག་པ་བསྐྱེད་པ་ནི། རི་རབ་དེའི་སྟེང་དུ་ཧཱུྃ་ལས་བྱུང་པའི་སྣ་ཚོགས་རྡོ་རྗེའོ། །དེའི་སྟེང་དུ་ཧཱུྃ་ལ་སྣ་ཚོགས་པདྨ་འདབ་བརྒྱད་ལྟེ་བ་དང་གེ་སར་དུ་ལྡན་པའོ། །དེའི་དབུས་སུ་པཾ་ལས་པདྨ། རཾ་ལས་ཉི་མ། འཇིགས་བྱེད་དང་དུས་མཚན་ནོ། །དེའི་སྟེང་དུ་རང་སེམས་ཧཱུྃ་དུ་གྱུར་པ་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་ཕྲོས་པས། འཕགས་པ་ཐམས་ཅད་མཆོད། སྣོད་བཅུད་ཐམས་ཅད་ཀྱི་དྲི་མ་སྦྱངས། ཡེ་ཤེས་ཀྱི་གཞལ་ཡས་ཁང་དང་བདེ་མཆོག་གི་ལྷ་ཚོགས་སུ་གྱུར་པ། འོད་ཟེར་ཧཱུྃ་ལ་འདུས་པ་ལས་བདག་ཉིད་དཔལ་ཧེ་རུ་ཀར་གྱུར་པ་ནི། སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ། གཡོན་དྲིལ་བུ་འཛིན་པ་ཡུམ་ལ་འཁྱུད་པ། སྟག་གི་ཤམ་ཐབས་ཅན། ཞབས་གཡས་བསྐྱང་པས་བཞུགས་པའོ། །དེའི་ཡུམ་རྗེ་བཙུན་མ་སྐུ་མདོག་དམར་བ། ཞལ་གཅིག་ཕྱག་གཉིས་མ་གཡས་གྲི་གུག་འཕྱར་བ། གཡོན་ཐོད་ཁྲག་ཡབ་ལ་སྟོབ་པ། ལང་མཚོ་མཛེས་ཞིང་སྒེག་པ། བདེ་བའི་ཉམས་དང་ལྡན་པས་ཡབ་ལ་འཁྲིལ་བའོ། །དེ་ལྟར་ཡབ་ཡུམ་གཉིས་ཀ་སྤྱན་གསུམ་པ་མཆེ་བ་བརྩིགས་པ། ཐོར་ཚུགས་ལ་ཉི་ཟླས་མཛེས་པའོ། །ཐོད་པ་སྐམ་པོ་ལྔ་ཡིས་དབུ་བརྒྱན་པ། འཁོར་ལོ་དང་། སྣ་ཆ་དང་མགུལ་བརྒྱན་ནམ་སེ་མོ་དོ་དང་། དཔུང་བརྒྱན་དང་། ཕྱག་གདུབ་དང་། ཞབས་གདུབ་དང་། དོ་ཤལ་དང་། སྐེ་རགས་དང་། ཡབ་ལ་ཕྱག་རྒྱ་དྲུག་དང་། ཡུམ་ལ་ལྔས་བརྒྱན་པ། མི་མགོ་རློན་པ་ལྔ་བཅུས་ཡབ་དང་།
སྐམ་པོ་ལྔ་བཅུས་ཡུམ་ལ་དོ་ཤལ་ཅན། མཚན་དཔེས་བརྒྱན་པ། གར་གྱི་ཉམས་དགུ་དང་ལྡན་ཞིང་། འོད་དང་འོད་ཟེར་གྱི་རང་བཞིན་ཅན་མེ་དཔུང་གི་རློང་ན་བཞུགས་པའོ། །ཤར་གྱི་པད་འདབ་ལ་མཁའ་འགྲོ་མ་མཐིང་ཁ། བྱང་དུ་ལ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོ་རུ་གཟུགས་ཅན་མ་སེར་མོ། དེ་རྣམས་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། སྐྲ་གྲོལ་བ། མཆེ་བ་རྩིགས་པ། གཡས་གྲི་གུག་གཡོན་ཐོད་པ་དང་ཁ་ཊྭཾ་ཀ་བསྣམས་པ། གཅེར་བུ་མི་མགོ་སྐལ་པོ་ལྔའི་དོ་ཤལ་བྱས་པ་ཕྱག་རྒྱ་ལྔས་བརྒྱན་པ། རོའི་སྟེང་ན་ཞབས་གཡས་པ་བསྐྱངས་པས་བཞུགས་པའོ།
།གཉིས་པ་ཡེ་ཤེས་པ་བཞུགས་པ་ནི། འབར་བའི་ཕྱག་རྒྱ་བཅས་ཏེ། དཔྲལ་བའི་དབྱིངས་སུ་བསྐོར། རྐང་པ་གཡས་པའི་མཐེ་བོས་གཡས་པ་མནན། ཕེམ་གྱི་སྒྲ་དང་ཧཱུྃ་གི་འོད་ཟེར་གྱིས། འོག་མིན་ནས་ཡེ་ཤེས་ལྷ་ལྔའི་དལ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨརྒཾ་ལ་སོགས་པས་མཆོད། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་ལ་དབྱེར་མེད་དུ་ཐིམ་པར་གྱུར།
གསུམ་པ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། ལྷ་རྣམས་ཀྱི་དཔྲལ་བར་པད་ཟླའི་སྟེང་དུ་ཨོཾ་དཀར་པོ་མགྲིན་པར་པད་ཟླའི་སྟེང་དུ་ཨ་དམར་པོ། སྙིང་ཁར་པད་ཉིའི་སྟེང་དུ་ཧཱུྃ་སྔོན་པོ་གསལ་བར་གྱུར།
བཞི་པ། དབང་བསྐུར་བ་ནི། ཐུགས་ཁའི་ཧཱུྃ་ལས་འོད་ཟེར་འཕྲོས། ཕེམ་གྱི་སྒྲས་མདུན་གྱི་ནམ་མཁར་རིགས་ལྔ་སྤྱན་དྲངས། ཨརྒཾ་སོགས་ཀྱིས་མཆོད། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཅིང་གསོལ་བ་ལྟར། །བདག་ཀྱང་རབ་ཏུ་སྐྱབ་པའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཤིཉྩ་ཏུ་མཾ་ཞེས་གསོལ་བ་བཏབ་པས། རིགས་ལྔའི་ཐུགས་ཁ་ནས་ཡབ་ཡུམ་ལྔས་བདུད་རྩིའི་བུམ་པ་ཐོགས་ནས། ཧཱུྃ་ཇི་ལྟར་བསྟམས་པ་ཙ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷའི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཤི་ཀ་ཏ་ས་མ་ཡ་ཤྲི་ཧཱུྃ། ཞེས་པས་དབང་བསྐུར་བས་ལུས་ངག་ཡིད་གསུམ་གྱི་སྡིག་པ་དག་ཏེ། དབང་བཞི་ཐོབ་ནས་ཆུ་ལྷག་མ་ཡར་འཁྱིལ་བ་ལས་མི་སྐྱོད་པས་དབུ་རྒྱན་པར་གྱུར།
གཉིས་པ་དེ་ལ་མཆོད་པ་ནི། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབ་པའམ། ཡང་ན་ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུྃ། གྲིཧྣ་གྲིཧྣ་ཧཱུྃ། གྲིཧྣ་པ་ཡ་གྲིཧྣ་པ་ཡ་ཧཱུྃ། ཨ་ན་ཡ་ཧོཿ བྷ་ག་ཝན་བིདྱ་ར་ཛ་ཧཱུྃ་ཕཊ། ཅེས་པས་བསངས། སྭོ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལ་ཐོད་པའི་ནང་དུ། པད་མ་འདབ་བཞི་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཞུ་བ་ལས། དཔལ་ཧེ་རུ་ཀ་སྐུ་མདོག་སྔོན་པོ་སོགས་ནས་གཡས་རྐྱང་གི་སྟབས་ཀྱིས་བཞུགས་པའི་བར་སྔར་བཞིན་བསྐྱེད་ལ། ཡི་གེ་བདུན་པ་བཟླས་པས། ཡབ་ཡུམ་གྱི་སྦྱོར་མཚམས་ནས་བདུད་རྩི་བབས་པས། ཐོད་པ་ཁེངས་ནས། ཡབ་ཡུམ་གཉིས་ཀྱང་བདུད་རྩིར་ཞུ་བར་གྱུར། དྲིན་ཅན་རྩ་བའི་བླ་མ་ལ་ཨོཾ་ཨཱཿཧཱུྃ། སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ལ་ཨོཾ་ཨཱཿཧཱུྃ། སོགས་བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་དང་། ལྷ་ཚོགས་རྣམས་ཀྱི་སྙིང་པོ་ལ་ཨོཾ་ཨཱཿཧཱུྃ་བཏགས་པས་མཆོད། རང་གི་མྱང་པས་བདེ་སྟོང་གཉིས་སུ་མེད་པར་ཉམས་སུ་མྱོང་པར་བསྒོམ་མོ།
གཉིས་པ་རྫོགས་པའི་རིམ་པ་ནི། ལུས་གནད་རྩོག་བུ་བྱས། ལག་པ་སྤུས་འཁྱུད་སྡམ། སྒལ་ཚིགས་བསྲང་། མགྲིན་པ་ཅུང་ཟད་བཀུག་ལ། །ལུས་དྲང་པོར་བསྲང་ངོ་། །རང་ལུས་ཡི་དམ་གྱི་ལྷར་གསལ་བའི་ལུས་ཀྱི་དབུས་སུ་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། ཡར་རྩེ་ཚངས་བུག །མར་སྣ་གསང་གནས་སོ། །རྩ་རོ་རྐྱང་གཉིས་ཡར་རྩེ་སྣ་སྒོ་གཉིས། །མར་སྣ་ལྟེ་འོག་སོར་བཞིར་ཟུག་པའོ། །དེ་ཡང་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ། །འདབ་མ་སུམ་བཅུ་རྩ་གཉིས་ཀྱི་ལྟེ་བ་ལ་ཧཾ་དཀར་པོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་མདབ་བཅུ་དྲུག་གི་ལྟེ་བར་ཨཾ་སེར་པོའོ། །སྙིང་ཁ་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ཀྱི་ལྟེ་བར་ཧཱུྃ་སྔོན་པོ། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་མདབ་དྲུག་བཅུ་རྩ་བཞིའི་ལྟེ་བ་ལ་ཨ་དཀར་པོ། །དེ་ནས་རྩ་དབུ་མའི་ནང་ལྟེ་འོག་སོར་བཞིར་ཨ་དམར་པོ་མཚལ་ཤད་ལྟ་བུ་རྣམས་བསྒོམས་ལ། སྲོག་རྩོལ་གྱི་སྦྱོར་བས་རླུང་གཉིས་ཁ་སྦྱར་བས། ཨ་ལས་ཡེ་ཤེས་ཀྱི་མེ་འབར་ཏེ། དབུ་མ་ན་ཡར་སོང་པས། ལྟེ་བ་ལ་སོགས་པའི་ཡིག་གེ་རྣམས་རིམས་ཀྱིས་བསྲེགས་ཏེ། སྤྱི་བོའི་ཧཾ་ལ་ཕོག་པས། བདུད་རྩི་བབས་ནས། སྤྱི་བོ། མགྲིན་པ། སྙིང་ཁ་དང་། ལྟེ་བའི་རྩ་འདབ་རྣམས་ཁེངས་པས་ཡིག་གེ་རྣམས་བསོས་ནས། དྲོད་བདེ་བ་གསལ་བ་མི་རྟོག་པ་གསུམ་འཆར་བར་འགྱུར་རོ། །དེ་ལྟར་ཡར་མེ་འབར་མར་བདུད་རྩི་འཛགས་པའི་འབར་འཛག་ལ་རྩེ་གཅིག་ཏུ་འབད་པས། དུ་བ་ལ་སོགས་པའི་རྟགས་ལྔ་རྙེད་ནས། སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་ཆོས་ཉིད་མངོན་དུ་འགྱུར་རོ། དེ་ཡང་ཡས་བསྟན་པའི་དགའ་བ་བཞི་བསོ་བ། མས་བསྟན་པའི་དགའ་བ་བཞི་བསྟན་པར་བྱེད་དོ།

གསུམ་པ་མཇུག་གི་བྱ་བ་ལ། བཟླས་པ་དང་། གཏོར་མ་སྤྱོད་ལམ་གྱི་རྣལ་འབྱོར་དང་གསུམ་ལས།
ཟླས་པ་ནི། རླུང་ཕྱིར་འགྲོ་བ་ཧཱུྃ་རྣམས་ཐུགས་རྡོ་རྗེ། ནང་དུ་འཇུག་པ་ཨོཾ་སྐུ་རྡོ་རྗེ། ནང་དུ་གནས་པ་ཨཱཿགསུང་རྡོ་རྗེར་དམིགས་ཏེ་བགྲང་པའམ། ཨ་གསལ་ལ་རྟོག་མེད་བདེ་བ་ཆེན་པོ་ལ་རྩེ་གཅིག་ཏུ་གནས་པར་བྱ་སྟེ། རྡོ་རྗེའི་བཟླས་པའོ།
།གཙོ་བོའི་ཐུགས་ཁར་པད་ཉིའི་སྟེང་དུ་ཧཱུྃ་ལ་ཡིག་གེ་བདུན་པས་བསྐོར་བ་དང་། ཡུམ་གྱི་ཐུགས་ཁར་པད་ཉིའི་སྟེང་དུ་བཾ་ལ་བཻ་རོ་ཙ་ནས་བསྐོར་བ་ལ། བགྲང་བའི་ཚུལ་གྱིས་ཡིད་ཀྱི་བཟླས་པས། ཡིག་འབྲུའི་འོད་ཀྱིས་ཁོང་པའི་ནང་ཁེངས་པས་སྡིག་སྒྲིབ་དག་པ་ནི་བསམ་བཏན་གྱི་བཟླས་པའོ། །ཡང་དེ་ལྟར་ཡིད་བསྟད་དེ་ངག་ཏུ་བཟླས་པ་བྱས་པས། ཡབ་ཀྱི་ཐུགས་ཁའི་སྔགས་རྣམས་དབུ་མར་བརྒྱུད། རྡོ་རྗེ་ནས་ཡུམ་གྱི་པདྨ་དང་དབུ་མ་ན་ཡར་སོང་། ཡུམ་གྱི་ཐུགས་ཁའི་སྔགས་དང་བཅས་ཏེ། ཞལ་ནས་ཞལ་དང་། གསང་གནས་ནས་གསང་གནས་སུ་འཁོར་བའི་འོད་ཟེར་རྣམས་བདེ་བའི་རང་བཞིན་དུ་བསམ་ལ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། །ཌཱ་ཀི་ནཱི་ཛྭ་ལ་སཾ་བྷ་ར་སྭཱཧཱ། །སྙིང་པོའོ། །ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། །ཉེ་སྙིང་ངོ་། །ཨོཾ་སརྦ་བུད་དྷ་ཌཱ་ཀི་ནི་ཡེ་བཛྲ་ཝརྣ་ནི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱཧཱ། །སྙིང་པོའོ། །བཛྲ་བེ་རོ་ཙ་ནི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། །ཉེ་སྙིང་ངོ་། ཨོཾ་ཌཱ་ཀི་ནི་ཡེ་ཧཱུྃ་ཧཱུྃ་ཕཊ། །ཨོཾ་ལ་མ་ཡེ་ཧཱུྃ་ཧཱུྃ་ཕཊ། །ཨོཾ་ཁཎྜ་རོ་ཧེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་རུ་པི་ནི་ཡེ་ཧཱུྃ་ཧཱུྃ་ཕཊ། །ལྷ་མོ་བཞིའོ། གཞན་དོན་ལས་བཞིའི་བཟླས་པ་སོགས་ནི་ལོགས་སུ་ཤེས་པར་བྱའོ།
།གཉིས་པ། གཏོར་མའི་རྣལ་འབྱོར་ནི། གཏོར་མ་ལྔའམ་གསུམ་མམ་གཉིས་ལ་སོགས་པ་ཅི་འབྱོར་པ་བཤམས་ལ། གཏོར་མ་དང་པོ། སུཾ་བྷ་ནིས་སངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དལ་སྔོན་པོའི་སྟེང་དུ། རཾ་ལས་མེའི་དལ་འཁོར་དམར་པོ། ཀཾ་ཀཾ་ཀཾ་ལས་མི་མགོའི་བསྒྱེད་བུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ་སྟོང་གསུམ་ཙམ་པའི་ནང་དུ་པདྨ་མདབ་མ་བརྒྱད་པའི་དབུས་དང་ཕྱོགས་བཞིར། ན་ གྷོ་ ཀུ་ དྷ་ ཧ་ལས་མིའི་ཤ་བ་གླང་གི་ཤ་ཁྱིའི་ཤ་རྟའི་ཤ་གླང་པོ་ཆེའི་ཤ་ལྔ་རི་རབ་ཙམ་མོ། །དབུས་དང་ཕྱོགས་བཞིར། ཝི་མུ། ཤུ་རྭ་མ་ལས། དྲི་ཆེན་དྲི་ཆུ། བྱང་ཆུབ་ཀྱི་སེམས། རག་ཏ། ཤ་ཆེན་ཏེ་བདུད་རྩི་ལྔ་རྒྱ་མཚོ་ཙལ། ཨོཾ་ཧཱུྃ་ཏྲཾ་ཧྲཱིཿ་ཨ་ཏེ་རིགས་ལྔའི་ས་བོན། དེའི་སྟེང་དུ་ཨོཾ་དཀར་པོ། ཨ་དམར་པོ། ཧཱུྃ་སྔོན་པོ་རྣམས་སྟེང་ནས་སྟེང་དུ་རྩེགས་པ། དེའི་སྟེང་དུ་ཧཱུྃ་ལས་བྱུང་པའི་ཁ་ཊྭཾ་ཀ་དཀར་པོ། མགོ་ཐུར་དུ་བལྟ་བ་བདུད་རྩིའི་རང་བཞིན་ཅན་ཧཱུྃ་གིས་མཚན་པར་གྱུར། དེ་ནས་ཡཾ་ལས་རླུང་གཡོས་པས་རཾ་ལས་མེ་འབར་ཏེ། རྫས་རྣམས་ཁོལ། ཨོཾ་ཨཱཿཧཱུྃ་བརྗོད་པས། ཧཱུྃ་གིས་སྦྱངས། ཨས་དག་པར་བྱས། ཨོཾ་གྱིས་སྤེལ་ནས་ཁ་ཊྭཾ་ཀའི་ཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་དགུག་ནས་ཁ་ཊྭཾ་ག་ལ་ཐིམ་པ་དང་། དེ་ཉིད་ཀྱིས་བཀྲུགས་པས་ཟླ་བ་དང་བཅས་པ་ཞུ་ནས་གཉིས་སུ་མེད་པར་གྱུར། གཏོར་མ་བྱིན་གྱིས་བརླབ་པའོ། །དེ་ནས་མདུན་གྱི་བྲིས་སྐུ་ལ་སོགས་པའི་རྟེན་ནམ། ནམ་མཁར་ཐུགས་ཁའི་ཧཱུྃ་ལས་རཾ་ཅིག་དབུ་མ་ནས་མདུན་དུ་ཆད་པ་ལས་ཉི་མའི་དཀྱིལ་འཁོར་སྟོང་གཉིས་ཙམ་དུ་གྱུར། ཅེས་པ་ནས། བསྲུང་འཁོར་སྟོང་གསུམ་ཙམ་དུ་གྱུར་གྱི་བར་གསལ་གདབ། དེའི་ནང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་ཅེས་པ་ནས། མི་སྐྱོད་པས་དབུ་བརྒྱན་པར་གྱུར་གྱི་བར་བདག་བསྐྱེད་ལྟར་གསལ་གཏབ། འོན་ཀྱང་བདག་ཉིད་ཅེས་པ་མི་དགས་སོ། དེ་ནས་མཆོད་ཕྲེང་ལྟར་བརྒྱས་པར་བྱེད་པའམ། སྡུ་ན། སྐད་གཅིག་གི་མདུན་གྱི་ནམ་མཁར། བདེ་མཆོག་གི་དཀྱིལ་འཁོར་སྤྱན་དྲངས་པར་བསམས་ལ། རྐང་བསྟབས་འབར་བའི་ཕྱག་རྒྱ་དང་བཅས་པ་བཅའ། ཕེཾ། ཨོཾ་བཛྲ་ཨ་ར་ལི་ཧོ། ཛཱཿཧཱུྃ་བཾ་ཧོ། བཛྲ་ཌཱ་ཀི་ནི་ས་མ་ཡ་སྟྭཾ། ཏྲི་ཤ་ཧོ། ཞེས་པས་སྤྱན་དྲངས། ཨརྒཾ་ནས། ཤཔྡའི་བར་གྱིས་མཆོད། ལྷ་ཚོགས་རྣམ་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གཏོར་མ་ལ་ཟུག་ནས་གསོལ་བར་གྱུར། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་བཛྲ་ཌཱ་ཀི་ནི་ཨི་དམ་བ་ལིཾ་གྷྲིཧྣ་གྷྲིཧྣ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ཎི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱཧཱ། ཨོཾ་ཌཱ་ཀི་ནི་ཡེ་ཧཱུྃ་ཕཊ། ཨོཾ་ལཱ་མཱ་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཁཎྜ་རོ་ཧི་ཧཱུྃ་ཧཱུྃ་ཕཊ། ཨོཾ་རུ་པི་ནི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨི་དམ་བ་ལིཾ་ཏ་ཁ་ཁ། ཁཱ་ཧི་ཁཱ་ཧི་ཞེས་གསུམ་མམ་ལྔས་འཇིག་རྟེན་ལས་འདས་པའི་འགྲོན་ལ་དབུལ། གཏོར་མ་གཉིས་པ་ཡོད་དམ་མེད་ན་དེ་ཉིད་ལག་པ་གཡོན་པ་བསྟན་སྟེ། ཨོཾ་ཞེས་བརྗོད་པས་སྟོང་པ་ཉིད་དུ་གྱུར། ལག་པ་གཡས་པ་བསྟན་ཏེ། ཨ་ཞེས་བརྗོད་པས་སྣོད་ཀ་པ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཉིས་ཀ་བསྟན་ཏེ་ཧཱུྃ་ཞེས་བརྗོད་པས་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་དམ་ཚིག་གི་བདུད་རྩིར་གྱུར། བྱ་ཁྱུང་གི་ཕྱག་རྒྱ་བསྟན་ཏེ་ཧོ་ཞེས་བརྗོད་པས། ཡེ་ཤེས་ཀྱི་བདུད་རྩིར་གྱུར། སྔགས་གྱི་ཕྱག་རྒྱ་དང་། ཕེཾ་ཞེས་པ་དང་། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཀྵ། བྷུ་ཏ། པྲེ་ཏ། བི་ཤ་ཙ། ཨུད་མ་ཏ། ཨ་པ་སྨ་ར་ཌཱ་ཀ །ཌ་ཀི་ནྱཻ་ཏ་ཡ། ཨི་མཾ། བ་ལིཾ་གྷྲི་ཧན་ཏུ། ས་མ་ཡ་རཀྵན་ཏུ། མ་མ་སརྦ་སིདྡྷི་མེ་པྲ་ཡད་ཚན་ཏུ། ཡ་ཐཱཻ་བཾ། ཡ་ཐཱེ་ཥྚན། བྷུ་ཉྫ་ཐ། པི་བ་ཐ། ཛི་གྷ་ཐ། མ་ཏྲིི་ཀྲ་མ་ཐ། མ་མ་སརྦ་ཀ་ར་ཏ་ཡ། སད་སུ་ཁཾ། བི་ཤུད་དྷ་ཡ། ས་ཧ་ཡི་ཀ་བྷ་ཝན་ཏུ། ཧཱུྃ་ཧཱུྃ་ཕཊ་སྭཱཧཱ། ༼ཨོཾ་ཟོ་ཟོ་ཟོ་ཅིག་ཟོ་ཅིག །ཐམས་ཅད་གནོད་སྦྱིན། སྲིན་པོ། འབྱུང་པོ། ་་་། ཤ་ཟ། སྨྱོ་བྱེད། རྗེད་བྱེད། མཁའ་འགྲོ། མཁའ་འགྲོ་མ་ལ་སོགས་པ། བདེ་ལེགས། གཏོར་མ་བཞེས་སུ་གསོལ། དམ་ཚིག་བསྲུང་དུ་གསོལ། བདག་གི་དངོས་གྲུབ་ཐམས་ཅད་བདག་ལ་བརྩལ་དུ་གསོལ། ཇི་ལྟ་བ་བཞིན། ཇི་ལྟར་འདོད་པ། གསོལ་ཆིག །་་་་་ས་ཅིག །དགོངས་ཅིག །མ་འདའ་བར། བདག་གི་དགོངས་པ་ཐམས་ཅད་དང་། བདེ་ལེགས་ཐམས་ཅད། རྣམ་པར་དག་པ་ཡི། གྲོགས་མཛད་དུ་གསོལ།༽ ཅེས་ཕུལ་བས་དགེས་པར་གྱུར། ཨརྒཾ་ལ་སོགས་པས་མཆོད།
བཅོམ་ལྡན་མགོན་པོ་དཔའ་བོའི་དབང་ཕྱུག་ནི། །སྐལ་པའི་མེ་དཔུང་ལྟ་བུར་རབ་ཏུ་འབར། །རལ་པའི་སྤྱོད་པན་བུའི་རྒྱན་དུ་བྱས། །མཆི་བ་རབ་བརྩིགས་དྲག་ཤུལ་འཇིགས་པའི་ཞལ། །སྐུ་ལ་གཟི་བརྗིད་ཕྱག་སྟོང་ལྡན་པ་པོ། །དགྲ་ཏ་ཞགས་པ་ཁ་ཊྭཾ་མདུང་བསྣམས་ཤིང་། །རབ་འཇིགས་སྟག་གི་ལྤགས་པ་སྐུ་ལ་གསོལ། །སྐུ་ཆེན་དུད་ཁ་བགེགས་མཐར་མཛད་ལ་འདུད།
།བཅོམ་ལྡན་རྣམས་ཀུན་རྡོ་རྗེ་ཕག་མོ་ནི། །འཇིག་རྟེན་གསུམ་སོགས་ཕྱོགས་གཞན་རྒོལ་བས་མི་ཐུབ་ཅིང་། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཆེན་པོས་འཇོམས། །རྡོ་རྗེའི་གདན་བཞུགས་ཚངས་སོགས་དབང་བྱེད་ལས་རྒྱལ་ཞིང་། །རྡོ་རྗེ་ཕག་མོ་ཁྲོ་མོའི་གཟུགས་ཅན་དྲག་སྙེམས་མ། །སྨུགས་བྱེད་སྨོངས་བྱེད་རེངས་བྱེད་ལས་ནི་རྣམ་བརྒྱལ་ཞིང་། །བདུད་ཀྱི་འཇིགས་པ་མ་ལུས་སྐེམས་ཤིང་ཕམ་པར་མཛད་པ་མོ། །རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་མ་ལ་འདུད།
།བཅོམ་ལྡན་བདེ་མཆོག་འཁོར་དང་བཅས། །ཁྱེད་ལ་མཆོད་ཅིང་བསྟོད་པ་ཡིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་དྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་རྩོལ། །དམ་ཚིག་ཅན་གྱིས་བདག་ལ་བསྲུངས། །དངོས་གྲུབ་ཀུན་གྱིས་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་དང་ཆོས་རྣམས་འཕེལ་བར་ཤོག །བདེ་ལེགས་ཐམས་ཅད་འབྱུང་བ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་བརྗོད།
གཏོར་མ་ལྔ་ཡོད་ན་དང་པོ་ཡི་དམ། གཉིས་པ་ཆོས་སྐྱོང་། གསུམ་པ་མཁའ་འགྲོ་སྤྱི་གཏོར། བཞི་པ་གཞི་བདག །ལྔ་པ་བགེགས་ལ་སྦྱིན་ནོ། །གཏོར་མའོ།
།གསུམ་པ་སྤྱོད་ལམ་གྱི་རྣལ་འབྱོར་ལ། ཁྲུས་ཀྱི་རྣལ་འབྱོར་ནི། དབང་བསྐུར་བའི་ཆོ་གས་སོ།
།ཟས་ཀྱི་རྣལ་འབྱོར་ནི། ཟས་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། རང་ཡི་དམ་དུ་གསལ་བས། ལྷ་མཆོད་པའི་བསམ་པས། ཚིམ་པར་ལོངས་སྤྱོད་ལ། ལྷག་མ་ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི་ཨུ་ཙྪི་ཥྚ་བྷ་ལིཾ་ཏ་བྷཀྵ་བྷཀྵ་སི་སྭཱཧཱ། ཞེས་ལྷག་མ་ལ་དབང་པའི་འབྱུང་པོ་ལ་སྦྱིན་ནོ།
།གོས་དང་བརྒྱན་ལ་སོགས་པའི་རྣལ་འབྱོར་ནི། ཧཱུྃ་ལས་སྟག་ལུགས་ཀྱི་ཤམ་ཐབས་དང་མི་ལྤགས་ཀྱི་སྟོད་གཡོགས་དང་། རུས་པའི་བརྒྱན་ལ་སོགས་པ་གང་འོས་སུ་བྱིན་གྱིས་བརླབས་ལ་ལོངས་སྤྱོད། གཞན་ཡང་སྣང་བ་ཐམས་ཅད་ལྷ། གྲྭགས་པ་ཐམས་ཅད་སྔགས། སེམས་ཀྱི་ཆོ་འཕྲུལ་ཐམས་ཅད་ཡེ་ཤེས་སུ་ཤེས་པར་བྱས་ལ། དག་པའི་སྣང་བས། དུས་འདའ་བར་བྱའོ།
།ཉལ་བའི་ཚེ་ནི། སྣོད་བཅུད་གཞལ་ཡས་ཁང་ལྷ་དང་བཅས་པ་ཐུགས་ཁའི་ཧཱུྃ་ལས་བསྡུས་ལ། འོད་གསལ་གྱི་ངང་ལ་ཉལ་ལོ། །ལྡང་པའི་ཚེ། ནམ་མཁར་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་ཌ་མ་རུའི་སྒྲས་འོད་གསལ་ལས་བླངས་ཏེ། ལྷའི་སྐུར་གསལ་བས་སྔར་བཞིན་རིམ་པ་གཉིས་ཀྱི་རྣལ་འབྱོར་ཡན་ལག་དང་བཅས་པ་ལ་ལོངས་སྤྱད་པས། གནས་སྙབས་སུ་གྲུབ་པ་ཆེན་པོ་བརྒྱད་དང་། མཐར་ཐུག་འཁོར་ལོ་ལྡོམ་པའི་གོ་འཕང་ཐོབ་པོར་འགྱུར་རོ།

།མ་རྒྱུད་སྙིང་པོ་བདེ་མཆོག་གི་བསྒྲུབ་ཐབས་ཁྱུང་པོའི་མན་ངག་བཞིན། ཉམས་སུ་བླངས་བདེར་ཀུང་ལུངས་ཀྱི། གཙུག་ལག་ཁང་དུ་དད་ལྡན་ངོར། སངས་རྒྱས་དཔལ་གྱིས་བྲིས་པ་ཡིན། །ནོངས་ན་མཁའ་འགྲོས་བཟོད་པར་མཛོད། །དགེ་བས་སྲིད་གསུམ་མ་ལུས་ཀུན། །བདེ་བའི་མཆོག་ཏུ་གྲུབ་གྱུར་ཅིག །སེར་མ་རྣམས་ཀྱི་དོན་བསམ་ཞིང་། །བསྒོམ་ཚེ་ངག་ཏུ་མི་བརྗོད་དོ།