Byin gyis brlabs pa'i nag po chen po zhal gsum phyag drug pa khrag 'thung gi rjes gnang

From Shangpa Resource Center








Resource ID SCv11p185
Title byin gyis brlabs pa'i nag po chen po zhal gsum phyag drug pa khrag 'thung gi rjes gnang
Topics Initiation
Sub-Topics Chadrupa with three faces
Associated Person Müchen Namkhé Neljor
Saraha
Shavaripa
Maitripa
Link BDRC W23922

༈ བྱིན་གྱིས་བརླབས་པའི་ནག་པོ་ཆེན་པོ་ཞལ་གསུམ་ཕྱག་དྲུག་པ་ཁྲག་འཐུང་གི་རྗེས་གནང་བཞུགས་སོ།།

༈ ༼ཆི༽ འདིའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས་གནས་ཁྱད་པར་ཅན་དུ་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས་སྟན་བདེ་བ་ལ་འདུག་སྟེ། རང་ཉིད་ཡི་དམ་གྱི་རྣལ་འབྱོར་དང་བཟླས་པ་རྫོགས་ནས་རང་གི་མདུན་དུ་ཨེ་ལས་ཆོས་ཀྱི་འབྱུང་གནས། དེའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་གྷཾ་ལས་ཚོགས་ཀྱི་བདག་པོ། དེའི་གདན་ལ་ཧཱུྃ་ཡོངས་སུ་གྱུར་པ་ལས། ནག་པོ་ཆེན་པོ་ཞལ་གཡས་དཀར་གཡོན་དམར་དབུས་མཐིང་བ། རེ་རེའང་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་ཅན། ཤིན་ཏུ་རྔམས་ཤིང་དྲག་ཏུ་ཁྲོས་པ། ཕྱག་གཡས་ཀྱི་དང་པོས་གྲི་གུག །གཉིས་པ་ན་ཐོད་པའི་ཕྲེང་བ། གསུམ་པ་ན་ཐོད་པའི་ཌཱ་མ་རུ། གཡོན་གྱི་དང་པོ་ན་ཐོད་ཁྲག །བར་པ་ན་རྩེ་གསུམ། ཐ་མས་ཞགས་པ་བསྣམས་པ། ཞབས་གཉིས་གྱད་ཀྱི་དོར་སྟབས་ཀྱིས་བཞུགས་ཤིང་། སྟག་གི་པགས་པའི་ཤམ་ཐབས་དཀྲིས་པ། མི་མགོ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། སྦྲུལ་གྱིས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པའི་མདུན་ན། ཁྲོ་མོ་ཛྭ་ལི་མ་ནག་མོ་ཕྱག་གཡས་གྲི་གུག་གཡོན་ཐོད་ཁྲག །གཡས་སུ་ཀྵེ་ཏྲ་པ་ལ་དུ་བའི་མདོག་ཅན་གཡས་ཌཱ་མ་རུ། གཡོན་སྡིགས་མཛུབ་མཛད་པ། གཡོན་དུ་ཊཀྐི་རཱ་ཛ་སེར་མོ་གཡས་རྩེ་གསུམ་འཛིན་ཅིང་། གཡོན་སྡིགས་མཛུབ་མཛད་པ། རྒྱབ་ཏུ་མ་ཧཱ་ཀ་ལི་མ་དམར་ནག་གཡས་གྲི་གུག་འཛིན་ཅིང་། གཡོན་ཐོད་ཁྲག་ཞལ་དུ་རྔུབ་པ། བཞི་ཀའང་གཅེར་མོ་རུས་པའི་རྒྱན་ཅན། ཤིན་ཏུ་དྲག་ཅིང་ཧ་ཧའི་གད་རྒྱངས་ཅན། དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ །ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་བསིལ་བ་ཚལ་ནས་ཡེ་ཤེས་པ་སྤྱན་དྲངས།
ཧཱུྃ། བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །ཆོས་དབྱིངས་རྣམ་དག་ངང་ནས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་ཁྲོ་བོའི་ཆ་ལུགས་ཅན། །མ་ཧཱ་ཀཱ་ལ་འདིར་འབྱོན་བཞུགས་སུ་གསོལ།
།ཅེས་ལན་གསུམ་གྱིས་སྤྱན་དྲངས་ནས། ཛཿཧཱུྃ་བཾ་ཧོཿ །གཉིས་སུ་མེད་པར་བྱ། དབང་གི་ལྷ་རྣམས་སྤྱན་དྲངས་མཆོད་ནས། དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་བུམ་པའི་ཆུས་དབང་བསྐུར་བས་མགོན་པོའི་སྤྱི་བོར་མི་སྐྱོད་པས་དབུ་རྒྱན་པར་བསམ་ལ། མཆོད་པ་ལྔ་པ་མཆོད། ནང་མཆོད་དབུལ། ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་མཐིང་གའི་མཐར་སྔགས་གསུམ་གྱིས་བསྐོར་བར་དམིགས་ལ།
ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་སྭ་སྛ་ཥྛ་ན་མ་མ་ཧཱུྃ་ཧཱུྃ་ཕཊ། ཅེས་སྙིང་པོ་དང་། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་སོགས་ཉེ་སྙིང་དང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཤཱ་ས་ན་སོགས་རྩ་སྔགས་བཅས་པའི་བསྙེན་པ་བྱ། གཏོར་མ་བྱིན་བརླབས་སྤྱི་དང་འདྲ། ཤཱ་ས་ནའི་མཐར་ཨི་དཾ་བ་ལིཾ་བཏགས་པ་ལན་གསུམ་མམ་ལྔའམ་བདུན་གྱིས་དབུལ། བསྟོད་པས་བསྟོད། ཡེ་ཤེས་པ་གཤེགས། དགེ་བ་བསྔོ་བར་བྱའོ། །འདི་མགོན་པོ་གསང་སྒྲུབ་ཡིན་ཞེས་བྱ་བའི་ལུགས་ཀྱང་ཡོད་དོ།
།མགོན་པོ་ཞལ་གཅིག་ཕྱག་དྲུག་པ་དང་། ཞི་དྲག་ཏུ་འདོད་པ་སོགས་སྣ་ཚོགས་པ་ཞིག་ཡོད་མོད་ཀྱང་། བདག་གི་བླ་མ་རྗེ་བཙུན་ནམ་མཁའི་རྣལ་འབྱོར་པ་ལ་སོགས་པ་དག །གྲུབ་ཆེན་ས་ར་ཧ་པ་དང་། གྲུབ་ཆེན་ཤ་བ་རི་པའི་ཞལ་གཟིགས་སོ་སོའི་ལུགས་སུ་བཞེད་པ་ལྟར་འདོད་པར་བྱའོ།
།འདིའི་རྗེས་ལ། བཅའ་གཞི་དང་ཆོ་ག་གཞན་ཐམས་ཅད་མགོན་པོའི་རྗེས་གནང་། གཏོར་དབང་བར་ཆད་ཀུན་སེལ་དང་འདྲ་བ་ལས། གཏོར་མ་སྤྱིར་འཇོག་པ་ན། ན་མོ་བུདྡྷ་ཡ་སོགས་མི་བརྗོད། བླ་མ་བརྒྱུད་པའི་མཚན་ལ་ཡེ་ཤེས་མགོན་པོ། དཔལ་ལྡན་ས་ར་ཧ། མངའ་བདག་མཻ་ཏྲི་པ་ལ་སོགས་པའི་ཞེས་བརྗོད་དོ། །མདུན་བསྐྱེད་མངོན་རྟོགས་གོང་གི་འདི་ལྟར་སློབ་མ་ལ་བརྡའ་སྤྲད། སྔགས་ཀྱི་རྗེས་གནང་ལ་སྔགས་གསུམ་ཀའི་རྗེས་ཟློས་བྱའོ།། །།