Byin gyis rlabs pa'i nag po chen po nyams su len pa'i tshul

From Shangpa Resource Center








Resource ID SCv11p29
Title byin gyis rlabs pa'i nag po chen po 'di nyams su len pa'i tshul dpal phyag drug pa'i sgrub yig mngon rtogs rgyas pa'i yi ge
Topics Chadrupa
Sub-Topics Canonical description
Link BDRC W23922

༈ བྱིན་གྱིས་བརླབས་པའི་ནག་པོ་ཆེན་པོ་འདི་ཉམས་སུ་ལེན་པའི་ཚུལ་དཔལ་ཕྱག་དྲུག་པའི་སྒྲུབ་ཡིག་མངོན་རྟོགས་རྒྱས་པའི་ཡི་གེ་བཞུགས་སོ།།

༈ ༼ཅ༽ ན་མོ། བྱིན་གྱིས་བརླབས་པའི་ནག་པོ་ཆེན་པོ་འདི་ཉམས་སུ་ལེན་པའི་འདོད་པས། དུས་ཁྱད་པར་ཅན་ལ་སོགས་པ་ལ། རང་ཡི་དམ་ལྷ་ཡི་བསྐྱེད་རིམ་ལ་སོགས་པ་རྫོགས་པར་བསྒོམ་སྟེ། དེ་ནས་མདུན་གྱི་ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཡི་དམ་གྱི་ལྷ་དང་བླ་མ་རྣམས་བཞུགས་པར་དམིགས་ལ་སྐྱབས་སུ་འགྲོ་བ་མང་དུ་བྱའོ། །དེ་ནས་འདི་ལྟར་སེམས་ཅན་ཐམས་ཅད་ནི་ཕ་ཡིན་མ་ཡིན། ཕ་མ་རྣམས་འཁོར་བའི་རྒྱ་མཚོ་ཆེན་པོ་ན་སྡུག་བསྔལ་ཞིང་ཉམ་ཐག་པ་འདི་རྣམས་སྙིང་རེ་རྗེ་ན་སྙམ་དུ་སྒོམ། ད་ཕན་ཆད་སྙིང་རྗེ་བའི་སར་མི་བཞག་པར་སངས་རྒྱས་ཀྱི་ས་ལ་བདག་གིས་འགོད་པར་བྱ། དེ་འགོད་པ་ལ་སེམས་ཅན་མ་རུང་པ་གདུག་པ་ཅན་སངས་རྒྱས་ཀྱི་བསྟན་པ་བཤིག་པ། དཀོན་མཆོག་གི་དབུ་འཕང་དམོད་པ། བླ་མ་དང་སློབ་དཔོན། ཕ་མ་དང་མཁན་སློབ་ལ་སོགས་པའི་སྐུ་ལ་སྡོ་བ། མཚམས་མེད་པ་ལ་སོགས་བྱེད་པ། སེམས་ཅན་ཐམས་ཅད་ལ་གནོད་པ་འདི་རྣམས་སྒོས་སུ་སྙིང་རེ་རྗེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཆོས་སྐྱོང་བའི་སྲུང་མ་ཐམས་ཅད་ཀྱིས་སྡིག་ཅན་འདི་རྣམས་སངས་རྒྱས་ཀྱི་ས་ལ་ཁོད་ཅིག་སྙམ་དུ་བསམ་མོ། །དེ་ནས་རང་གི་མདུན་དུ་པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། དེའི་ལྟེ་བར་རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་གཾ་ལས་ཚོགས་བདག །དེའི་སྟེང་དུ་ཧཱུྃ་མཐིང་ནག་དེ་ལས་འོད་འཕྲོས་སངས་རྒྱས་མཆོད། སེམས་ཅན་སྨིན་གྲོལ་བྱས། གདུག་པ་ཐམས་ཅད་ཚར་བཅད། ཚུར་འདུས་པ་ལས་དཔལ་ནག་པོ་ཆེན་པོ་བསྐྱེད། དེ་ཡང་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་དྲུག །ཞབས་གྱད་ཀྱི་དོར་སྟབས་སུ་བཞུགས་པ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ། སྤྱན་གསུམ་དམར་ཞིང་ཟླུམ་པ། ཞལ་བགྲད་པ། མཆེ་བ་རབ་ཏུ་གཙིགས་པ། སྨ་རའི་ཨག་ཚོམ་བརྗིད་པ། སྨིན་མ་ཁམས་སེར་གློག་ལྟར་འཁྱུག་པ། ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་པ། སྦྲུལ་ནག་པོ་ཐོད་དུ་བཅིངས་པ། དམར་པོའི་སྙན་ཆ། སེར་པོའི་མགུལ་རྒྱན། དཀར་པོས་ཕྱག་གདུབ་དང་ཞབས་གདུབ་དཔུང་རྒྱན་བྱས། སྟག་གི་པགས་པའི་ཤམ་ཐབས་ཀྱི་སྟེང་ན་དར་ལྗང་གུའི་སྐ་རགས་བཅིངས་པ། མི་མགོ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ། ཕྱག་གཡས་དང་པོ་ན་ཐོད་པའི་ཕྲེང་བ། བར་པ་ན་གྲི་གུག །ཐ་མ་ན་ཌཱ་མ་རུ་དྲག་ཏུ་ཁྲོལ་བའོ། །ཕྱག་གཡོན་དང་པོ་ན་ཐོད་པ། བར་པ་ན་རྩེ་གསུམ། ཐ་མ་ན་རྡོ་རྗེའི་ཞགས་པ་བསྣམས་པའོ། །དཔྲལ་བར་སིནྡྷུ་ར་ཡི་ཐིག་ལེས་བྱུགས་པའོ། །སྤྱི་བོར་མི་བསྐྱོད་པས་རྒྱས་བཏབ་ནས་བཞུགས་པ། གཞན་ཡང་ཕྱག་དང་ཞབས་ཐམས་ཅད་དྲིལ་བུ་གཡེར་ཁས་བརྒྱན་པ་གཅིག་ཏུ་ཀྲོང་བསྐྱེད་དོ། །དེའི་ཐུགས་ཀར་ཡང་པཾ་ལས་པདྨ། དེའི་ལྟེ་བར་རཾ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་འོད་འཕྲོས་པ་དང་། བདག་གི་སྔགས་ཀྱི་སྒྲས་སྤྱན་དྲངས་པ་ནི། ཨོཾ་བཛྲ་མ་ཧཱ་ཀཱ་ཀྵིཾ་ཀྵེ་ཏྲ་བིགྷྣན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ། ཅེས་མང་དུ་བརྗོད་པས། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་གྱི་ཤིང་རྐང་གཅིག་པའི་དྲུང་ནས་སྐད་ཅིག་གིས་བཞེངས་ཏེ། ཌཱ་མ་རུ་ཁྲོལ་ལོ་ལོ་དཀྲོལ་བས་དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པའི་གནས་ཉི་ཤུ་རྩ་བཞི་ནས་མཁའ་འགྲོ་མའི་འཁོར་དམ་ཅན་རྒྱ་མཚོ་དང་བཅས་པ་ཐམས་ཅད་སྤྲིན་ཕུང་པ་བཞིན་དུ་འདུས་ཏེ། ནམ་མཁའ་ན་ཚུར་ནག་པོ་ཆེན་པོ་ལ་འཁོར་དམ་ཅན་རྒྱ་མཚོས་བསྐོར་བ་ནས། མདུན་གྱི་ནམ་མཁའ་ན་ཚུར་དྲིལ་བུ་གཡེར་ཁ་དང་ཌཱ་མ་རུའི་སྒྲ་སི་ལི་ལི། ཁྲོ་ལོ་ལོ་བྱོན་ནས་མདུན་བསྐྱེད་པ་དེ་ལ་ཛཿཧཱུྃ་བཾ་ཧོཿས་སྟིམ། དེ་ནས་སྔགས་གོང་མ་དེ་བརྒྱ་ཙམ་བཟླས། དེའི་རྗེས་ལ་ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་དགྲ་བོ་མཱ་ར་ཡ་ཕཊཿ ཅེས་བརྗོད་པས་ནག་པོ་ཆེན་པོས། གོང་གི་སྡིག་ཅན་གནོད་བྱེད་དེ་རྣམས་ཞགས་པས་སྐེ་ནས་བཟུང་སྟེ། མདུན་དུ་ཁྲིད་ནས་འདར་ཧེ་ཧེ་འདུག་པ་ལ་རྩེ་གསུམ་བརྒྱབ་པས་དཔྲལ་བ་མགྲིན་པ་སྙིང་ག་གསུམ་ཕུག །དེ་ནས་གྲི་གུག་གིས་ཁོག་པ་གཤགས་ཏེ་ཁ་ཕྱེ་ནས་དོན་སྙིང་ལྔ་ལ་སོགས་པ་ཕྱུང་ནས་ཐོད་པར་བཅུག །ཞལ་དུ་ཆོམ་ཆོམ་གསོལ་བར་བསམ་ཞིང་། དེའི་ཤེས་པ་མི་བསྐྱོད་པའི་ཞིང་དུ་འཕངས་པར་བསམ་མོ། །དེ་ནས་གཏོར་སྔགས་རིང་པོ་དེ་བཟླས་པ་འཁོར་གྱི་དམ་ཅན་རྒྱ་མཚོ་ཐམས་ཅད་ཀྱིས་དེའི་ཤ་དང་། ཁྲག་དང་། རུས་པ་ལ་སོགས་པ་ཆོམ་ཆོམ་གསོལ་བར་བསྒོམས་ལ། དཔལ་མ་ཧཱ་ཀཱ་ལ་མགོན་པོ་ལེགས་ལྡན་ནག་པོ། བདུད་གཅོད་ཀྱི་སྐྱེས་བུ། སྲོག་གཅོད་ཀྱི་ཤན་པ། བདུད་འདུལ་གྱི་དམག་དཔོན། སྲིན་པོ་ལང་ཀ་པུ་རིའི་གྲོང་ཁྱེར་སུམ་བརྩེགས་རློག་པར་བྱེད་པ། རྣལ་འབྱོར་གྱི་དགྲ་ལྷ། བསྟན་པའི་སྲོག་ཤིང་། སངས་རྒྱས་བསྟན་པ་སྲུངས་ཤིག་ཅེས་བརྗོད་ལ། ལས་བཅོལ་འཇོག་པའི་དུས་སུ་སྤྱན་དྲངས་པ་ནི། ཨོཾ་ཨཱཿཧཱུྃ་མུཾཿབྱས་ལ་གཤེགས་སུ་གསོལ། བསྐྱེད་པ་དེ་རང་གི་སྙིང་གའི་ས་བོན་ལ་བསྡུའོ།
།དཔལ་ཕྱག་དྲུག་པའི་སྒྲུབ་ཡིག་མངོན་རྟོགས་རྒྱས་པའི་ཡི་གེའོ།། །།