Chos drug gi zhal gdams sprul sku rin chen blo gros kyis mdzad pa
Resource ID | TRL1 |
---|---|
Title | chos drug gi zhal gdams sprul sku rin chen blo gros kyis mdzad pa |
Topics | Six doctrines of Niguma |
Sub-Topics | Instructions |
Author | Rinchen Lodrö |
Link | BDRC W3CN18508 (p.402) |
Notes | This text is linked to ni gu chos drug gi zhal shes kyi lhan thabs |
༄༅། །ཆོས་དྲུག་གི་ཞལ་གདམས་སྤྲུལ་སྐུ་རིན་ཆེན་བློ་གྲོས་ཀྱི་མཛད་པ།།
སྔོན་འགྲོ་སྟོང་ར་གསུམ་གྱི་ཁྱད་པར།
སྡིག་སྒྲིབ་ལ་དམིགས་པ་ཆོས་འབྱུང་ཕྱི་ནང་གཉིས་ཀ་དཀར་བ། ནད་ལ་ཕྱི་དཀར་ལ་ནང་དམར་བ། རླུང་ལ་རང་གི་འོག་ཏུ་དམར་ནག་གི་མཚོ། ཁ་ཆུང་ལ་གཏིང་རིང་བ་རེག་བྱ་ཚ་བ། རླངས་དང་བཅས་པའི་ནང་ན། མིག་མན་ཆད་ནུབ་པ་ལ། ཨའི་བདུད་རྩི་ཞུན་མར་གྱི་རྣམ་པར་བྱུང་ནས་རླུང་གི་ནད་ཐམས་ཅད་ཞི་བར་བསམ། ཚད་པ་ལ་བདུད་རྩི་དཀར་ལ་རེག་བྱ་བསིལ་བ། གྲང་བ་ལ་བདུད་རྩི་དམར་ལ་རེག་བྱ་ཚ་བ། གདོན་ལ་དམིགས་ན་ཨ་ལས་ངོ་བོ་བདུད་རྩི་ལ་རྣམ་པ་ཁྲོ་ཆུང་མང་པོ་བྱུང་སྟེ། གདོན་ཐམས་ཅད་སྲོག་ཆགས་ཀྱི་གཟུགས་ཆེན་པོ་ལ། ནང་སྡིག་པ་དང་སྦལ་པ་ལ་པོགས་པས་གང་བ། ལུང་པར་མི་གཤོམ་པ་ཙམ་དོན་པས་ལུས་ཁྲུ་མ་ཕུས་བཏབ་པ་ལྟར་དག་པར་བསམ། རམ་རི་བོང་གི་རིལ་མ་ཙམ་ཡིན་གསུང་ངོ་།
།དབང་པོ་རབ་བླ་མའི་མོས་གུས་ལ།
ཡེ་ཤེས་གསལ་བ་སྒྲོན་མེའི་ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་པ་སྟོང་དུ་བསྒོམ་པ་བས། །བླ་མ་དྲན་པ་བསོད་ནམས་ཆེ། །ལྷ་སྐུ་མ་སྒོམ་བླ་མ་བསྒོམས། །ལྷ་སྐུ་བྱེ་བ་སྟོང་བསྒོམ་པས། །བླ་མ་དྲན་པ་བསོད་ནམས་ཆེ། །ཅེས་དང་། དེའི་རྒྱུད་ཕྱི་མ་ལས། གང་གིས་བསྐལ་པ་བརྒྱད་ཁྲི་བཞི་སྟོང་དུ་སྦྱིན་པ་བཏང་། ཚུལ་ཁྲིམས་བསྲུང་བ་ལ་སོགས་པ། ཕ་རོལ་དུ་ཕྱིན་པ་དྲུག་སྤྱད་པ་བས། ལྷའི་སྐུ་སྐད་ཅིག་མ་གཅིག་དྲན་པ་བསོད་ནམས་ཆེས་ཁྱད་པར་དུ་འཕགས་སོ། །ལྷའི་སྐུ་བསྐལ་པ་བརྒྱད་ཁྲི་བཞི་སྟོང་དུ་བསྒོམ་པ་བས། བླ་མ་སྐད་ཅིག་མ་ཅིག་དྲན་པ་བསོད་ནམས་ཆེས་ཁྱད་པར་དུ་འགསས་སོ། །ཅེས་གསུངས་སོ།
།དུས་ཀྱི་འཁོར་ལོ་ལ་སོགས་པ་ནས། སྐྱ་བ་འཛིན་པ་མེད་པར་ནི། །གྲུ་ཡིས་ཕ་རོལ་ཕྱིན་མི་ནུས། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང༌། །བླ་མ་མེད་པར་སྲིད་མཐར་མིན། ཅེས་གསུངས་སོ།
།ནོར་བཟང་གི་ཞུས་པ་ལས་དགེ་སློང་རྒྱ་མཚོའི་དབྱངས་ལ། དགེ་སློང་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་ལྟ་བུ་མངོན་དུ་གྱུར་པ་ནི། གང་ལས་བྱུང་ཞུས་པས། སྔོན་དགེ་བའི་བཤེས་གཉེན་བསྟེན་པར་བྱས། བསྙེན་པར་བྱས། རིམ་གྲོ་དང་ཕུ་དུད་དུ་བྱས་པ་ལས་བྱུང་ངོ་། །ཅེས་གསུངས།
རྟག་གཉིས་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། ཅེས་གསུངས་སོ།
།མདོ་ལས། བླ་མ་མཁས་པ་དག་ལ་རྟག་ཏུ་བསྟེན་པར་བྱ། །ཅི་ཕྱིར་ཞེས་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། ཅེས་གསུངས་སོ།
།དེ་རྣམས་བླ་མ་ཤངས་པའི་གསུང་སྒྲོས་སོ། །བླ་མ་གཉན་གྱི་གསུང་ཐོར་བུ་ལ། བླ་མ་གཙང་པ་ལ། འབྲུག་གི་དགོན་པ་འདེབས་པའི་དུས་སུ་བྱོན་ནས་མཇལ་བའི་ལོ་རྒྱུས། བླ་མ་རྗ་བཙུན་ཆེན་པོས་འགྲོ་ཆོས་སུ་མོས་གུས་ཀྱི་ཞལ་གདམས་གསུངས། རྗེ་བཙུན་མི་ལ་དང་། རས་ཆུང་པ་ཕ་བོང་དཀར་ལེབ་དུ་བྱོན་པའི་ལམ་དུ་མུན་སྲོས་ནས་མ་ཐར་ཏེ། རྗེ་བཙུན་གྱི་ཞབས་འོག་ཏུ་རྡོ་ལེབ་གཅིག་བཙུད་ནས་བཞག་པས། ནང་པར་དེ་ལ་དབུ་གཏད་ནས་བཞུག་འདུག །དེ་ལྷུང་གི་དོགས་པའི་ཞབས་བརྟེན་ལགས་ཏེ་ཞུས་པས། སྤྲིན་མ་གིའི་འོག་ན་མར་རྔོག་གི་གདན་པ་ཡོད་པས་དེ་ལ་འཕོངས་གཏོད་མི་ནུས་གསུང་།
ཡང་། བླ་མ་རིན་པོ་ཆེ་འབྲི་ཁུང་པ་དང་མཇལ་བའི་ལོ་རྒྱུས། བླ་མ་ཞང་རིན་པོ་ཆེ་དང་མཇལ་བའི་ལོ་རྒྱུས། བླ་མ་ཐམས་ཅད་མོས་གུས་ཀྱི་ས་ལམ་བགྲོད་པར་མཐུན་པར་འདུག་གསུང་ངོ་། །དབང་པོ་འབྲིང་ཚིག་གཞན་གྱི་བར་མ་ཆོད་པ་ལ།
ཁྱེའུ་རབ་སྣང་གི་ཞུས་པའི་མདོ་ལས། ཕ་མས་རབ་ཏུ་བྱུང་དུ་མ་སྟེར་བ་ལས་ཡང་དག་པ་རྫོགས་པའི་སངས་རྒྱས་ལ། བདག་རབ་ཏུ་འབྱུང་བ་ལ་དད་པས། ཕ་མའི་སྡིག་རྐྱེན་དུ་གྱུར་བར་འདུག་པས། འདོད་པའི་ཡོན་ཏན་དང་བཅས་ཏེ་ཁྱིམ་ན་གནས་བཞིན་དུ་སངས་རྒྱས་པའི་གདམས་པ་ཞིག་ཞུ། ཅེས་གསོལ་པ་དང་བཀའ་སྩལ་པ།
ཆོས་རྣམས་རྨི་ལམ་སྒྱུ་མ་ཞེས། །གང་གིས་ཚིག་བརྗོད་དྲན་གྱུར་པ། །སྲིད་པའི་འཆིང་བ་ལས་གྲོལ་ཏེ། །ཚེ་འདི་ཉིད་དུ་མངོན་སངས་རྒྱ། ཞེས་གསུངས་སོ།
།ལས་རྒྱ་མཚོའི་རྒྱུད་ལས་ཀྱང་། འགྲོ་ཀུན་སྐྱེས་པ་བུད་མེད་སྣ་ཚོགས་པ། །དེ་དག་རང་གི་སེམས་དང་ཐ་དད་མེད། །ཐམས་ཅད་སྒྱུ་མའི་སྣང་བར་རབ་ཤེས་ནས། །དེ་ཚེ་སངས་རྒྱས་ལག་པའི་མཐིལ་གཏོད་འགྱུར། ཞེས་གསུངས་སོ།
ལང་ཀར་གཤེགས་པ་ལས། ཕྱི་རོལ་གཟུགས་ནི་ཡོད་མིན་ཏེ། །རང་གི་སེམས་ནི་ཕྱི་རོལ་སྣང་། ཞེས་དང་། ཀྱཻ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། ཞེས་གསུངས་པས།
རང་ལུས་ལྷ་སྐུར་བསྒོམ་པ་ལ་སོགས་པ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་སེམས། སེམས་བདེན་མེད་སྒྱུ་མ་རྨི་ལམ་ཡིན་ལ། བསམ་ཞིང་ཚིག་གཞན་གྱིས་བར་མ་ཆོད་པར་བརྗོད་པས་ཉིན་བར་གྱི་དུས་འདའ། མཚན་མོའི་དུས་སུ་རང་གི་དགོན་པ་དང་། བླ་མ། གྲོགས་མཆེད་ལ་སོགས་པ་ཡིད་ལ་བཅག་པའི་བག་ཆགས་རྣམ་རྟོག་འགྱུ་བས། དེ་བཀག་པས་མི་ཁེགས། སྤངས་པས་མི་སྤོངས། བཞག་པར་མི་སྡོད་པས། གང་སྐྱེས་སྔོན་པའི་ཁྱིས་རི་དགས་དེད་པ་བཞིན་དུ་ཉམས་སུ་བླངས། བླ་མ་རྨོག་ལྕོག་པའི་གསུང་ངོ་།
།ལྷའི་བུ་པདྨ་རྣམ་པར་རོལ་པས་ཞུས་པའི་མདོ་ལས། ལྷའི་བུས་འཕགས་པ་འཇམ་དཔལ་ལ་གསོལ་པ། འཕགས་པ། སྣང་བ་འདི་ཇི་ལྟར་བལྟ་བར་བགྱི། ཅེས་ཞུས་པས། བཀའ་སྩལ་པ། ལྷའི་བུ་དག་སྣང་བ་འདི་མ་ངེས་པ་དང་། བརྫུན་པ་དང་། སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུར་བལྟ་བར་བྱའོ། །ཞེས་གསུངས་པ་དང་།
གསོལ་པ། ཅིའི་ཕྱིར་མ་ངེས་པར་ལྟར་གྱི་ཞུས་པ་དང་། བཀའ་སྩལ་པ། ལྷའི་བུ་དག །ས་ལ་པར་ངེས་པ་ཡོད་དོ། །ས་ལ་ཆུར། ས་ལ་མེར། ས་ལ་རླུང་། ས་ལ་ནམ་མཁར་མཐོང་བ་ཡོད་དོ། །དེའི་ཕྱིར་མ་ངེས་སོ།
།དེས་ན་སྣང་ན་ཕྱི་རོལ་གྱི་དོན་དུ་མ་གྲུབ་པས་ངེས་མེད་སྣ་ཚོགས་སུ་སྣང་། སྣ་ཚོགས་སུ་སྣང་བ་རང་གི་སེམས་ཡིན་ཏེ། ཆུ་ལྟ་བུ་གཅིག་ལ། ལྷ་ལ་བདུད་རྩི། ལྷ་མིན་ལ་གོ་མཚོན། མི་ལ་ཆུ། དུད་འགྲོ་བྱིངས་ན་གནས་པ་ལ་ཤ་ཁྲག །ཡི་དགས་ལ་རྣག་ཁྲག །དམྱལ་བ་ལ་ཁྲོ་ཆུ་ཁོལ་མར་སྣང་། སངས་རྒྱས་བྱང་ཆུབ་སེམས་དཔའ་ལ་ཆུ་ལ་མཱ་མ་ཀིའོ།
།སྲོག་ཆགས་སྣལ་པ་ལ། ས་ལ་ནམ་མཁའི་འདུ་ཤེས་ཡོད་པས་ཁོ་ས་འོག་ལ་རྒྱུག་པ་ལ་རྟས་མི་ཟིན་པ་ཡོད་གསུང་། རྒྱ་ཡུལ་ན་རྡོ་སོལ་གྱི་ཕུང་པོ་ལ་ཆར་བབ་པས་མེར་འབར་བའི་ནང་ན་མེ་བྱི་ཡོད་པས་མེ་ལ་ཟས་གོས་ཀྱིས་སྣང་བ་ཤར་ནས། མེ་ཆེ་ན་ཁོའི་ལུས་ཉམས་དང་ལྡན་ལ་ལུག་ཙམ་འོང་། ཆུང་ན་མདངས་མེད་པ་བྱི་ལ་ཙམ་དུ་འགྲོ་བ་ཡོད་ཟེར། ནམ་མཁའ་སྟོང་པ་ལ་སར་འདུ་ཤེས་པ་ཡོད་དེ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ལྷོ་ཕྱོགས་ཀམ་ཀ་ནར་བྱོན་པས། ལོ་ཐོག་དང་རྩི་ཤིང་ནགས་ཚལ་ཐམས་ཅད་ནམ་མཁའ་ལ་སྐྱེས་པ་འདུག་ནས། ངེད་ཀྱི་ཡུལ་ན། ས་ལ་སྐྱེ་བྱེས་པས་བློར་མ་གཤོམ་པ་ལྟ་བུའོ། །གཞན་ཡང་། བྱ་རོག་དང་མིའི་ཉིན་པར་ལ། སྲིན་བྱ་དང་འུག་པའི་མཚན་མོ་དང་། ཁོའི་ཉིན་མོ་ལ་མི་དང་བྱ་རོག་གི་མཚན་མོར་འདུ་ཤེས་པས། དེའི་ཕྱིར་ཡང་སྣང་བ་མ་ངེས་པའོ། །ཞེས་གསུངས་པ་དང་།
ལྷའི་བུས་གསོལ་པ། སྣང་བ་མི་བདེན་རྫུན་པ་ཡིན་ན། ཅིའི་ཕྱིར་ས་རྡོ་རི་བྲག་ལ་སོགས་པ་བསྲ་ཞིང་འཐས་སར་སྣང་། །ཞེས་གསོལ་པ་དང་།
བཀའ་སྩལ་པ། ལྷའི་བུ་དག །དྲང་སྲོང་མེ་བྱིན་གྱིས་སྟག་ཏུ་བསྒོམ་པས། སྟག་ཏུ་སོང་ནས་མི་མང་པོ་ཟོས་པ་དང་། ཡང་། དགེ་སློང་གཅིག་ལ་ཀླུ་སྲིན་མོ་གནོད་པ་ལ། ཀེང་རུས་སུ་བསྒོམས་པས་དེའི་བག་ཆགས་བལྟས་ནས་ང་ལ་མ་རེག །གཅིག་འཇིག་པར་འགྱུར་རོ་ཞེས། བག་ཆག་ཡུན་ཐུངས་པས་ཀྱང་དེ་ལྟར་ཨ་འཐས་སུ་འགྱུར་ན། ཐོག་པ་མེད་པའི་བག་ཆགས་ངན་པ་ཡུན་རིང་དུ་གོམས་པས། ཅིའི་ཕྱིར་བདེན་པར་མི་འཛིན་ཏེ་ཨ་འཐས་སུ་ཞེན་པའོ། །ལྷའི་བུ་དེའི་ཕྱིར་མི་བདེན་པར་རྟོགས་པར་བྱའོ།
།གསོལ་པ། ཇི་ལྟར་སྒྱུ་མ་ལྟ་བུར་བལྟ་བར་བགྱི། བཀའ་སྩལ་པ། རྒྱ་གར་གྱི་ཕྱོགས་གཅིག་ན་རྒྱལ་པོ་དཔའ་བ། ཕྱུག་ཅིང་ལོ་ལེགས་པ་ཞིག་ལ་རྟ་སྲེད་བྱུང་ནས། རྒྱལ་སྲིད་ཉམས་ནས་འགྲོ་བ་བྱུང་པ་ལ། བཙུན་མོས་སྒྱུ་མ་མཁན་དཔོན་གཡོག་གསུམ་སྒོ་དྲུང་དུ་བོས་ནས། གྱོ་མོ། རྡེའུ། རས་སྐུད་ལ་སོགས་པ་ལ་སྔགས་བཏབ་ནས། རྟ་བཟང་པ། ཚུགས་ཆེ་བ། སྒ་སྲབ་དང་བཅས་པ་གཅིག་སྤྲུལ་ནས། རྒྱལ་པོ་ཕོ་བྲང་ན་རིན་པོ་ཆེའི་ཁྲིའི་སྟེང་ན། དུ་གུ་ལའི་རས་དང་། མོན་དར་ལ་སོགས་པ་གྱོན་ནས་གཉིད་དུ་སོང་ཡོད་པ་ཐབས་ཀྱིས་བསླང་ནས། རྒྱལ་པོ་ཆེན་པོ་རྟ་ཁྱད་པར་དུ་འཕགས་པ་གཅིག་འཚོང་གིན་འདུག་པ་མི་ཉོ་འམ་བྱས་པ་དང་། རྒྱལ་པོས་སྒོ་དྲུང་དུ་འོངས་ནས་གཟིགས་པ་དང་། སྒྱུ་མ་མཁན་བཟང་པོའི་གཟུགས་སུ་ཡོད་པ་ཀུན་ལ། རྟ་འདི་ལ་ཇི་ཙམ་འདོད་ཟེར་བ་དང་། གཅིག་ན་རེ་ཁྱོད་རང་གི་རྒྱལ་སྲིད་ཐམས་ཅད་མཇལ་ན་ཚོང་ཟེར། གཅིག་ན་རེ། འདི་ང་དབང་པས་རྒྱལ་སྲིད་དང་བཙུན་མོ་མཇལ་ན་འཚོང་ཟེར་བ་དང་། གཅིག་ན་རེ། ཁོང་གཉིས་ངའི་གྲོགས་ཡིན། རྒྱལ་སྲིད་བཙུན་མོ་སྲས་ཚོའི་ཁྱེད་འཇལ་ན་འཚོང་ཟེར་བ་དང་། རྟ་ལ་བལྟས་ནས་འཇལ་བར་ཁས་བླངས་ནས། རྒྱལ་པོས་རྟ་ལ་ཞོན་ནས་བལྟས་པས། རྟས་ཁྱེར་ནས་མི་མེད་ཀྱི་ས་ཆུ་མེད་པ་རྩྭ་མེད་པ་གཅན་ཟན་དུག་པ་ཅན་མང་པོས་གང་བ་གཅིག་དུ་བསྐྱུར་བ་དང་། རྒྱལ་པོ་མྱ་ངན་དུ་གྱུར་ཏེ། ཕྱོག་གཅིག་ན་ཕར་སོང་བ་དང་། དུད་པའི་དྲི་ཚོར་ནས། ད་ནི་རིང་པོར་མི་ཐོགས་པར་མི་དང་འཕྲད་པར་འགྱུར་གོར་མ་ཆག་གོ་སྙམ་པ་དང་། ཁང་ཆུང་གཅིག་ན་རྒན་རྒོན་གཉིས། བུ་ལྐུགས་པ་གཅིག །བུ་མོ་གཞོན་ནུ་མ་གཅིག་དང་བཞི་འདུག་པའི་རྒན་པོ་ན་རེ། རྒྱལ་པོ་ཆེན་པོ་ཁྱོད། བསོད་ནམས་དང་ལྡན་པ་ཡིན་ཀྱང་། ཁྱེད་རང་གི་ཁ་ཟས་རོ་བརྒྱ་དང་ལྡན་པ་ད་མི་མྱོང་བས། འདི་ཟོ་ཟེར་ནས་ཟོས། ཁྱེད་རང་གི་རིན་པོ་ཆེའི་མཁར་དུ་ད་མི་ཕྱིན་པས་ཟེར་ནས་ཁང་པ་བརྩིགས། བཙུན་མོ་དམ་པ་དང་ཕྲད་པའི་སྐབས་མེད་པས་ཟེར་ཏེ། བུ་མོ་དེ་བཙུན་མོར་བྱིན་པས། བུ་ཚ་མིང་སྲིད་བདུན་བྱུང་ནས། དེ་རྣམས་ནར་སོན་པ་དང་། རྒྱལ་པོ་ཆེན་པོ་ཁྱེད་བསོད་ནམས་དང་ལྡན་པ་ཡིན་གྱིས། ངའི་བུ་ལྐུགས་པ་འདི་ལ་བྱམས་པར་བགྱིས་ཟེར་ནས། རྒད་པོ་ཤི་བར་གྱུར། དེ་ནས་ཁོང་དེ་རྣམས་ཐམས་ཅད་དེ་སྐད་ཟེར་ཞིང་རིམ་པ་བཞིན་དུ་ཤི་བ་དང་། རྒྱལ་པོ་མྱ་ངན་དང་ལྡན་པར་གྱུར། ལོ་རྩིས་པས་བདུན་བརྒྱ་ཙམ་སོང་ཡོད་པ་ན། བཙུན་མོ་ན་རེ། ད་ནི་སྒྱུ་མ་བཤིག་ཅིག །རྒྱལ་པོ་ལ་ཐུགས་རླུང་འཇུག་གོ་ཟེར་བ་དང་། སྒྱུ་མ་མཁན་གྱི་སྒྱུ་མ་བཤིག་པས། རྒྱལ་པོ་ཉི་གྲིབ་མཚམས་ན་ཡོད་པ་ལ། གྲིབ་མ་སོར་གཉིས་སོང་འདུག་པ་མཐོང་ནས། ད་ནི་བདག་གི་རྒྱལ་སྲིད་བཙུན་མོ་དང་བཅས་པ་ཐམས་ཅད་སྔར་གྱི་སྒྱུ་མ་དང་ཁྱད་པར་མི་འདུག་སྙམ་ནས། སངས་རྒྱས་ཀྱི་དྲུང་དུ་རབ་ཏུ་བྱུང་། ནས་བསྒྲུབས་པས། དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏེ། ལྷའི་བུ་དག་སྒྱུ་མ་ནི་དེ་ལྟ་བུའོ། ཞེས་གསུངས་སོ།
ཡང་གསོལ་པ། འཕགས་པ་རྨི་ལམ་ཇི་ལྟ་བུར་བལྟ་བར་བགྱི། བཀའ་སྩལ་པ། རྒྱ་གར་གྱི་ལྷོ་ཕྱོགས་ན། རྒྱལ་པོ་ཟླ་བ་ཞེས་བྱ་བ་ཞིག་ཡོད་པར་གྱུར་ཏོ། དེ་ལ་བུ་མོ་གཟུགས་མཛེས་པ་ལྟ་ན་སྡུག་པ་རིན་པོ་ཆེའི་རྒྱན་རང་ཆས་སུ་ཡོད་པ་ལོ་བཅུ་དྲུག་ལོན་པ་གཅིག་ཡོད་པར་གྱུར་པ་དེ། མྱ་ངན་གྱི་ཁང་པར་ཞུགས་པ་དང་། མངག་ཤུགས་མ་སུམ་ཅུའི་དྲག་ཤོས་སུ་གྱུར་པ་ན་རེ། ལྷ་འདི་ལྟ་བུའི་ཕུན་སུམ་ཚོགས་པའི་དུས་སུ། ཅིའི་ཕྱིར་མྱ་ངན་བྱེད། ཅེས་དྲིས་སོ།
།ལྷ་ན་རེ། འདི་ལྟར་འབྱོར་པ་ཉིད་ཀྱིས་མྱ་ངན་དུ་གྱུར་ཏེ། བདག་གི་ཁྱིམ་ཟླར་འོས་པ་ཇི་སྙེད་ཡོད་ཟེར་བ་དང་། ལུང་པའི་ཕུ་ན་འོ་སྐོལ་རང་གི་འགྲན་ཟླར་གྱུར་པའི་རྒྱལ་པོ་དེ་ལ་རྒྱལ་བུ་མཛེས་ཤིང་ལྟ་ན་སྡུག་པ་གཅིག་ཡོད་པར་འདུག་པས། དེ་དང་གཉེན་བྱའོ་བྱས་པ་དང་། རུང་ཟེར་ནས་རིན་པོ་ཆེའི་རྒྱན་ཁལ་བྱེ་བ་རི་བ་གཅིག་བསྐུར་ནས་རྒྱལ་པོའི་རྩར་ཕྱིན་པས། འོ་སྐོལ་གཉེན་མ་སྦྲེལ་ན་གཡུལ་ལན་རེ་ལ་མི་དང་གླང་པོ་ལ་སོགས་པ་མང་པོ་འཆི་བར་འདུག་བྱས་པས། རྒྱལ་བུ་ན་རེ་འཐད། ཁྱེད་ཀྱི་ལྷ་དེ་ཇི་ལྟ་བུ་ཟེར་བ་དང་། རྒྱལ་བུས་ནག་གསེབ་ཀྱི་སྤྲ་རྒད་པོ་མཐོང་ངམ། ཐོས་སམ་བྱས་པས། མཐོང་ཟེར། དེ་དང་རྒྱལ་བུ་གཉིས་འགྲན་ན་བྱས་པས། བརྒྱ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོ་ཟེར། ངེད་ཀྱི་ལྷ་དང་རྒྱལ་བུ་འགྲན་ནའང་དེ་བཞིན་ནོ། །བྱས་པས། གང་གི་ཡིད་ཆེས་ཟེར་བ་དང་། རིན་པོ་ཆེའི་རྒྱན་ཁལ་བྱེ་བ་རི་བ་བསྐུར་རོ་བྱས་པས་ཤིན་ཏུ་དགའ་སྟེ། རྒྱལ་བུས་ཀྱང་དེ་བས་ཆེས་ཁྱད་པར་དུ་འཕགས་པ་གཅིག་བསྐུར་ནས། ལྷའི་དྲུང་དུ་ལོག་པ་དང་། ལྷ་ན་རེ། གཉེན་བྱུང་ངམ་ཟེར་རོ། །བྱུང་བྱས་པས། རྒྱལ་བུ་དེ་ཇི་ལྟ་བུ་ཟེར། ལྷས་ནགས་སེབ་ཀྱི་སྤྲ་མོ་ཞར་མ་མཐོང་བྱས་པས་མཐོང་ཟེར། དེ་དང་ལྷ་ཉིད་འགྲན་ན་བྱས་པས། དེས་ངའི་ཚ་ཙམ་དུ་ཡང་མི་ཕོད་ཟེར། རྒྱལ་བུ་དང་ལྷ་གཅིག་འགྲན་ན་ཡང་དེ་བཞིན་ནོ་བྱས་པས། དགྱེས་ཏེ་ཅིའི་ཕྱིར་ཡིད་ཆེས་ཟེར། ལྷ་ཉིད་ཀྱི་དེ་བས་ཀྱང་ཁྱད་པར་དུ་འཕགས་པའི་རྒྱན་འདི་བསྐུར་རོ་བྱས་པས། དགྱེས་ཏེ་མྱ་ངན་གྱི་ཁང་པ་ནས་ཐོན་པར་གྱུར་ཏོ། ལྷའི་རྨི་ལམ་དུ་རྒྱལ་བུ་མཛེས་པ་དེ་དང་འགྲོགས་པས་བུ་ཡིད་དུ་འོང་བ་གཅིག་བཙས་པས་དགའ། དེ་ནས་བུ་ཤི་བས་མྱ་ངན་དུ་གྱུར་པ་དང་གཉིད་པད་ནས། རྒྱལ་བུ་དང་འགྲོགས་པ། བུ་སྐྱེས་པ། ཤི་བ་གང་དུ་ཡང་མི་བདེན་པར་མི་འདུག་ནས། ད་རྒྱལ་བུ་དེ་ལ་དངོས་སུ་ཕྱིན་པ་ལ་སོགས་པའང་དེ་དང་ཁྱད་པར་མི་འདུག་སྙམ་པ་དང་། སྒོ་དྲུང་ན་ཡར་སངས་རྒྱས་བླ་མ་ཞེས་བྱ་བ་བསོད་སྙོམས་ལ་བྱོན་ནས། ཛ་ཡ་སིདྡྷི་བཀྲིས་པར་གྱུར་ཅིག་བྱས་པ་དང་། མོའི་རྣ་བར། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། བུ་ཕོ་སྐྱེས་ནས་ཤི་བ་དེ་མཐོང་ནས། བྱུང་ན་དགའ་ཞིང་ཤི་ན་མི་དགའ་ལྟར། ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། བྱ་བར་གོ་ནས། སངས་རྒྱས་ཀྱི་དྲུང་དུ་རབ་ཏུ་བྱུང་པས་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །ལྷའི་བུ་དག་རྨི་ལམ་ནི་དེ་ལྟ་བུའོ།
།ཡང་། བླ་མ་སྟོན་པའི་ཞལ་ནས། རྒྱུད་སྡེ་བཞིའི་དོན་ཧྲིལ་གྱིས་དྲིལ་ན། ཆོས་རྣམ་པ་དྲུག །དེའི་བརྗོད་བྱ་མཐར་ཐུག་འོད་གསལ། དེ་མངོན་དུ་གྱུར་པ་ལ་རྨི་ལམ་འབྱོང་དགོས། དེ་ཉིན་པར་སྒྱུ་ལུས་བསྒོམ་པའི་སྟོབས་ལས་འབྱུང་། དེ་ལ་བླ་མའི་མོས་གུས་དགོས་བླ་མ་སངས་རྒྱས་སུ་མཐོང་པ་ལ་ཚེ་བློས་ཐོངས་དགོས། འཆི་བ་མ་དྲན་ན་ཚེ་འདི་བློས་མི་ཐོངས་པས། འཆི་བ་རྒྱུད་ལ་མ་སྐྱེས་པའི་ཆོས་པ་ནི། འཁྱགས་ཐོག་ཏུ་མཁར་བརྩིགས་པ་དང་འདྲ་སྟེ།
རྐྱེན་མི་ཐུབ། འཁོར་ལོས་བསྒྱུར་བའི་ཚིག་གི་འགྲུབ། ལྷ་རྣམས་ཀུན་གྱིས་བསམ་པས་འགྲུབ། རྣལ་འབྱོར་པས་ཏིང་ངེ་འཛིན་གྱིས་འགྲུབ། ཅེས་གསུངས་སོ།
།འཁོར་ལོས་བསྒྱུར་བའི་བྱ་བ་ཐམས་ཅད་ཚིག་ཙལ་གྱིས་འགྲུབ་ཀྱང་འཆི་བའི་དུས་སུ་འཕྲོ་ལ་འཆི་ན། འོ་སྐོལ་རྣམས་ཀྱིས་དོན་མེད་བྱ་བ་ལ་ཟིན་པ་མེད་པས། འཕྲལ་དུ་བློ་སྣ་བཏུང་དགོས་ཏེ།
ཇོ་བོའི་ཞལ་ནས། དི་རིང་འདི་བྱ་སང་ནི་འདི་བྱ་ཞེས། བསམ་མནོའ་ལྡན་པ་དེ་ནི་འཆི་བདག་དབང་དུ་འགྲོ། ཅེས་གསུངས་སོ།
།ཆེད་དུ་བརྗོད་པའི་ཚོམས་ལས། འཆི་བའི་རྐྱེན་དུ་མ་གྱུར་པའི། །དངོས་དེ་གང་ནའང་ཡོད་མ་ཡིན། ཞེས་དང་།
གང་དུ་ཕྱིན་ན་འཆི་བར་མི་འགྱུར་བའི། ས་ཕྱོགས་དེ་ནི་གང་ནའང་ཡོད་མིན་ཏེ། །རི་བོ་ལ་མེད་རྒྱ་མཚོའི་གཏིང་ནའང་མེད། །ནམ་མཁའི་མཐོངས་སུ་ཕྱིན་ཀྱང་རྙེད་མི་འགྱུར། ཞེས་གསུངས།
མཚན་བཟང་གི་མདོ་ལས། སང་ཙམ་འཆིའམ་སུས་ཤེས་ཀྱིས། །དེ་རིང་ཉིད་དུ་བསྟུན་ཏེ་བྱ། །འཆི་བདག་འདེ་ཆེན་དེ་དང་ནི། །རྟག་ཏུ་གནས་པ་མ་ཡིན་ནོ། ཅེས་གསུངས་སོ།
།སློབ་དཔོན་ཀླུ་སྒྲུབས་ཀྱིས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པའི་རྐྱེན་ནི་ཉུང་ཟད་དེ། ཞེས་གསུངས་པས།
ཚེ་ལའང་ངེས་པ་མེད་པས། དི་རིང་འདི་བྱ། སང་ནི་འདི་བྱ་ལ་མི་བཞག་པར། འཕྲལ་དུ་བློ་སྣ་བཏུངས་ནས་ཉམས་སུ་ལེན་པ། ལོ་ཙ་བ་རིན་ཆེན་བཟང་པོ་ལྟ་བུའམ། དགེ་བཤེས་སྟོན་པ། ཁམ་པ་མཛེ་སངས་རྒྱས་རྣལ་འབྱོར་པ། དགེ་བཤེས་པོ་ཏོ་བ། ཁ་རག་སྒོམ་ཆུང་པ། དེའི་སློབ་མ་ལྷོ་པ་ལྟ་བུ་ཡིན་གསུང་།
དེ་ཡང་དང་པོ་ནས་ངང་གིས་མི་སྐྱེ་བས། གཉེན་པོ་བསྟེན་ལ་བཅོས་ཤིང་ཡང་བསྒོམ་དགོས་ཏེ། འབན་གུང་རྒྱལ་ལྟ་བུའོ།
།དེས་ན་འཆི་བ་མི་རྟག་པ་འདི་རྒྱུད་ལ་སྐྱེས་ན། ཚེ་འདི་ལ་བློ་ལྡོག །མི་ཆོས་དགོས་མེད་དུ་འབོར། ཐར་ལམ་ལ་བརྩོན་པར་འཇུག ཅི་བྱས་ཆོས་སུ་འགྱུར་བ་ལ་སོགས་པ་ཕན་ཡོན་དཔག་ཏུ་མེད་པར་གསུངས་ལ། ལུས་ངག་ཡིད་གསུམ་ཐ་མལ་དུ་མི་ལུས་པར་དགེ་སྦྱོར་ལ་ངང་གིས་འཇུག་པས། དེས་ན་དགེ་སྦྱོང་ལ་འཆུན་ཆེ་དགོས་པ་ཡིན་གསུངས། ཡང་སྒྱུ་མ་རྨི་ལམ་རྒྱུད་ལ་སྐྱེས་པ་རྣལ་འབྱོར་ཆོས་དབྱུང་གི་ལོ་རྒྱུས་ལྟ་བུ་དང་། ངམ་ཤོད་ཀྱི་སློབ་དཔོན་རོ་ཟན་ནག་པོའི་ལོ་རྒྱུས་ཀྱང་གསུངས།
རབ་སྣང་གི་མདོ་ལས། རྨི་ལམ་སྣ་ཚོགས་རྨིས་པའི་དཔེས། སྣང་བ་སེམས་སུ་གཏན་ལ་ཕོབ། ཅེས་སོ།
།སྤྲུལ་སྐུ་རིན་ཆེན་བློ་གྲོས་མཛད་པའོ། །མངྒ་ལཾ། བྷ་ཝནྟུ།