Chos drug rdo rje'i tshig rkang gi 'grel pa nor bu rin po che'i phreng ba

From Shangpa Resource Center








Resource ID SP1
Title chos drug rdo rje'i tshig rkang gi 'grel pa nor bu rin po che'i phreng ba
Topics Six doctrines of Niguma
Sub-Topics Commentary
Author Sangyé Pelsang
Link BDRC W3CN18508 (v1p252)
Notes Commentary of the root verses of the Six doctrines of Niguma. Entire parts are identical to chos drug gi 'grel pa bdud rtsi rgya mtsho / ga'u ma'i khrid yig rdo rje'i tshig gi mdud grol / mkha' spyod dmar mo'i sgrub thabs

༄༅། །ཆོས་དྲུག་རྡོ་རྗེའི་ཚིག་རྐང་གི་འགྲེལ་པ་ནོར་བུ་རིན་པོ་ཆེའི་ཕྲེང་བ་བཞུགས་སོ།།

ཆོས་དྲུག་རྡོ་རྗེའི་ཚིག་རྐང་གི་འགྲེལ་པ། ནོར་བུ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ།
བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ།
།རྒྱལ་བ་ཀུན་འདུས་ཁྱབ་བདག་རྡོ་རྗེ་འཆང་། །ཟག་མེད་སྒྱུ་མའི་སྐུ་མཉེས་ནི་གུ་མ། །གངས་ཅན་འདྲེན་མཆོག་ཁྱུང་པོ་རྣལ་འབྱུར་སོགས། །རྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ།
།རྡོ་རྗེ་འཆང་དབང་རིན་ཆེན་མཚན་ཅན་དང་། །གྲུབ་པ་མཆོག་ཐོབ་སངས་རྒྱས་དར་པོའི་ཞབས། །དབང་སྒྲུབ་གཏེར་གྱུར་ཆོས་གྲགས་རྣམས་གཉིས་ཏེ། །སྐུ་བཞིའི་དབང་ཕྱུག་བླ་མ་ལ་བཏུད་ནས། །སྙན་རྒྱུད་རྡོ་རྗེའི་ཚིག་གི་འགྲེལ་པ་ནི། །ཡེ་ཤེས་མཁའ་འགྲོའི་གདམས་པ་བཞིན་དུ་བྲི།
འདི་ལ་གསུམ། མཚན་གྱི་དོན་དང་། གཞུང་གི་དོན་དང་། འགྱུར་བྱང་སྨོས་པའོ།

།དང་པོ་ལ་གཉིས་ལས།
མཚན་བསྒྱུར་བ་ནི། རྒྱ་གར་བའི་སཾསྐྲྀ་ཏའི་སྐད་དུ། ངྷརྨ་ཥཊ་བཛྲ་ཡ་ག་ནཱ་མ། ཞེས་པ་བོད་ཀྱི་སྐད་དུ་བསྒྱུར་ན། ཆོས་དྲུག་རྡོ་རྗེའི་ཚིག་རྐང་ཞེས་བྱ་བའོ།
།དཔལ་ཟུང་འཇུག་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། ཞེས་པ་ནི། ལོ་ཙ་བས་འགྱུར་བྱེད་པའི་ཐོག་མར་ཆོས་ཀྱི་སྐུ་ལ་ཕྱག་བྱས་པའོ།
།གཉིས་པ་མཚན་བཤད་པ་ནི། མཚན་དོན་ལ་བཏགས་པ་ཡིན་ཞིང་། ཐོག་མར་སྨོམ་པས་དཔེ་བཙལ་སླ་བ་དང་། མཚན་ཙམ་གྱིས་ཀྱང་དབང་པོ་རྣོན་པོས་དོན་རགས་པ་ཁོང་དུ་ཆུད་པའི་དགོས་པ་ཡོད་དོ།

།གཉིས་པ་གཞུང་གི་དོན་ལ་གསུམ། ཆོས་འདི་གང་ལས་ཐོས་པ། གང་གིས་ཉམས་སུ་བླང་ཚུལ། ཉམས་སུ་བླང་བྱའི་ཆོས་དངོས་སོ།
།དང་པོ་ནི། གང་ཞིག་བརྗོད་བྲལ་ལྷུན་གྲུབ་འདུས་མ་བྱས། །ཁ་སྦྱོར་བདེ་ཆེན་ལོངས་སྐུ་གང་འདུལ་ཤར། །སྐུ་གསུམ་བདུན་ལྡན་རྡོ་རྗེ་འཆང་ཆེན་གྱི། །ཐེག་ཆེན་སྐྱེ་མེད་རང་སྒྲ་འདི་སྐད་ཐོས། ཞེས་གསུངས་ཏེ།
ཆོས་འདི་གང་ལས་ཐོས་ན། ཆོས་སྟོན་པ་པོ་ནི་གང་ཞིག །ངག་གི་ལམ་ལས་འདས་པས་བརྗོད་བྲལ། གནས་ལུགས་ལ་ཡོད་པ་ལྷུན་གྲུབ། རྒྱུ་རྐྱེན་ལས་མ་སྐྱེས་པས་འདུས་མ་བྱད། ཐབས་དང་ཤེས་རབ་དབྱེར་མེད་པས་ཁ་སྦྱོར། ངོ་བོ་ཟག་པ་མེད་པའི་བདེ་བ་ཆེན་པོ་སྟེ། ལྔ་པོ་འདི་རྣམས་འདུས་པ་ནི་རང་དོན་ཆོས་ཀྱི་སྐུ་ཡིན་ལ། ལོངས་སྤྱོད་རྫོགས་པའི་སྐུ་དང་། གང་ལ་གང་འདུལ་སྤྲུལ་པའི་སྐུ་ཤར་སྟེ། སྐུ་གསུམ་ནི་ནང་ཚན་གྱིས་ཕྱེ་བའི་ཆོས་བདུན་དང་ལྡན་པ། རྡོ་རྗེ་འཆང་ཆེན་དེ་ལས་ཐོས་སོ། གང་ཐོས་ན། དེ་ཉིད་ཀྱི་ཐེག་པ་ཆེན་པོ་སྐྱེ་མེད་ཀྱི་རང་སྒྲ་ལས་ཆོས་འདི་སྐད་ཐོས་སོ། གང་གིས་ཐོས་ན། དག་པའི་ས་གསུམ་ས་ལ་གནས་པ་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་བདག་གིས་ཐོས་སོ། ཞེས་པའོ།
།གཉིས་པ་གང་གིས་ཉམས་སུ་བླང་ཚུལ་ནི། །དབང་བཞིས་སྨིན་བྱས་དད་དང་བརྩོན་འགྲུས་ལྡན། །མི་རྟག་སྐྱོ་ཤས་ཉེས་དམིགས་སྔོན་འགྲོ་བས། །ལམ་མཆོག་འདི་ལ་གང་གིས་འབད་གྱུར་ན། །ཟླ་དྲུག་ལོ་འམ་ཚེ་འདིར་སངས་རྒྱས་འགྱུར། ཞེས་གསུངས་ཏེ།
ཉན་ཞིང་སྒོམ་པའི་སློབ་མ་ནི། ཆོས་ཟབ་མོ་དེ་ཉན་པའི་སྔོན་དུ་དཔལ་རྒྱུད་སྡེ་ཆེན་པོ་ལྔ་ལ་སོགས་པའི་དཀྱིལ་འཁོར་དུ་དབང་བཞི་རྫོགས་བསྐུར་ཞིང་རྒྱུད་སྨིན་པར་བྱས་པ། སྒྱུ་ལུས་སྤྱི་དང་སྒོ་སྒོའི་བྱིན་རླབས་ཀྱི་བཀའ་རྣམས་ཀྱང་ཐོབ་ལ། དམ་ཚིག་མ་ཉམས་པར་བསྲུང་ནུས་པ། དད་པ་དང་བརྩོན་འགྲུས་དང་ལྡན་པ། འཆི་བ་མི་རྟག་པ་དྲན་པས་ཡིད་སྐྱོ་བ་དང་། འཁོར་བའི་ཉེས་དམིགས་དྲན་པས་ཐར་པ་དོན་དུ་གཉེར་བའི་བློ་དང་། གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བའི་གང་ཟག་གིས། ཆོས་དྲུག་གི་ལམ་མཆོག་འདི་ལ་གང་གིས་འབད་པས་བསྒོམས་པར་གྱུར་ན། རབ་ཟླ་བ་དྲུག་གམ། འབྲིང་གིས་ལོ་འམ། ཐ་མས་ཀྱང་ཚེ་འདིར་སངས་རྒྱས་ཐོབ་པར་འགྱུར་རོ།

གསུམ་པ་ཉམས་སུ་བླངས་བའི་ཆོས་དངོས་ལ་དོན་དྲུག་སྟེ། ཐབས་ལམ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཁྲུལ་རང་དག །འོད་གསལ་གཏི་མུག་རང་སངས། འཕོ་བ་མ་བསྒོམས་སངས་རྒྱས། བར་དོ་ལོངས་སྤྱོད་རྫོགས་སྐུའོ། ཞེས་གསུངས་ཏེ།
དེ་ལ་སྤྱི་དོན་གཞུང་དོན་གཉིས་ལས།
དང་པོ་ནི། སྤྱིར་དུའང་བླ་མེད་རྡོ་རྗེ་ཐེག་པའི་ལམ་ཡིན་ན་དབང་བཞིས་འདུ་ཞིང་། ཁྱད་པར་ཆོས་འདི་པའི་ལུགས་ཀྱི་ཀྱང་དབང་བཞིར་ངེས་ཏེ། གོང་དུ་དབང་བཞིས་སྨིན་བྱས་ཞེས་པས། གྲོལ་བྱེད་ཀྱི་ལམ་ཡང་དབང་བཞི་ཡིན་ཏེ།
རྡོ་རྗེ་སྒོའི་རྒྱུད་ལས། གཞི་ནི་དབང་ལ་བརྟེན་པ་དང་། ལམ་ནི་དབང་གིས་བགྲོད་པ་དང་། འབྲས་བུ་དབང་དུ་གནས་པའོ། ཞེས་བྱ་བ་དང་།
མ་སྨིན་པར་བྱེད་པ་དང་། སྨིན་པ་གྲོལ་བར་བྱེད་པའི་ཕྱིར། དབང་བསྐུར་ཞེས་ནི་གྲགས་པ་ཡིན། ཞེས་སོགས་གྲུབ་ཐོབ་ཁྱུང་པོ་ཉིད་ཀྱིས་ཡང་ཡང་ལུང་དྲངས་ནས། གཞི་ལམ་འབྲས་གསུམ་དབང་བཞིས་བསྡུས་ནས་གསུངས་པའི་ཕྱིར་རོ། །འོ་ན་འདི་པའི་ལུགས་ཀྱི་ཆོས་འདི་དབང་བཞིར་ཇི་ལྟར་འདུ་ཞེ་ན། བུམ་དབང་གི་ལམ་འདི་དཔལ་རྒྱུད་སྡེ་ཆེན་པོ་ལྔའི་དཀྱིལ་འཁོར་གཅིག་ཏུ་བསྡུས་པའམ། གང་ལ་མོས་པ་སོ་སོའི་དཀྱིལ་འཁོར་རྒྱས་བསྡུས་བློའི་ནུས་པ་དང་བསྡུན་པ་དང་ཅི་རིགས་པར་ནུས་པ་རབ་འབྲིང་གསུམ་གང་རུང་མ་ཐོབ་ཀྱི་བར་དུ་བསྒོམ་པར་བྱ་བ་ཡིན་ཏེ།
རིམ་ལྔ་ལས། བསྐྱེད་པའི་རིམ་པ་སྔོན་སོང་ནས། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་བསྟན། ཞེས་བྱ་བ་དང་།
བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས། །རྣམ་རྟོག་རྒྱ་རུ་ཚུད་པ་ཡི། །འགྲོ་བ་རྣམ་པ་གསུམ་གཟིགས་ནས། །གང་དང་གང་གིས་འདུལ་གྱུར་པ། །དེ་དང་དེ་ཡི་ཐབས་བསྟན་ཏོ། །རྣམ་རྟོག་བག་ཆགས་ཀྱིས་བཅིངས་ལ། །ཐོག་མར་རྟོག་པའི་སྦྱོར་བ་བསྟན། །རྣམ་རྟོག་རང་བཞིན་ཤེས་པ་ན། །མི་རྟོག་པ་ལ་འཇུག་པར་བྱ། ཞེས་གསུངས་པ་དང་ཡང་དོན་བཐུན་ནོ།
།གསང་དབང་གི་ལམ་ནི། རང་ལུས་ཐབས་ལྡན་གྱི་ལམ་ལྟར་སྒོམ་པ་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་གི་ལམ་ནི། གཞན་ལུས་ཐབས་ལྡན་ཞེས་སོགས་ཀྱིས་བསྟན་ཏེ། ཐབས་ལམ་ལ་གསང་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་གཉིས་སུ་འདུ་བ་ཡིན་ནོ། །དབང་བཞི་པའི་ལམ་ནི། སྒྱུ་ལུས་དང་། རྨི་ལམ་དང་། འོད་གསལ་ཏེ་ཆོས་གསུམ་གྱིས་བསྡུས་སོ། །འཕོ་བ་དང་། བར་དོ་ནི། དབང་བཞི་ཅི་རིགས་པར་འདུ་སྟེ། ཆོས་སྐུ་དེ་བཞིན་ཉིད་ཀྱི་འཕོ་བ་དང་། བར་དོ་དང་པོའི་འོད་གསལ་ནི་འོད་གསལ་དུ་འདུ་ལ། འཕོ་བ་གཞན་གསུམ་དང་། བར་དོ་གཉིས་ནི་སྒྱུ་ལུས་རྨི་ལམ་དུ་འདུའོ། །འདི་ལྟ་བུའི་ལམ་གྱི་གནད་མི་ཤེས་པར། སྨིན་བྱེད་ཀྱི་དབང་བསྐུར་བའང་མེད། ལམ་གྱི་དབྱེ་བསྡུ་འགྲོ་ཚུལ་ཡང་མི་ཤེས་པར། བླུན་པོ་མཁས་པར་རློམ་པ་དག་ཁྲིད་འདེབས་པ་ནི། རྡོ་རྗེ་ཐེག་པའི་བསྟན་པ་ཉམས་པར་བྱེད་པ་ཁོ་ན་ཡིན་ཞིང་། རྡོ་རྗེ་ཐེག་པའི་དོན་ལ་སྦྱངས་པའི་མཁས་པ་དག་གིས་ཁྲེལ་བའི་གནས་སུ་རིག་ནས། བླུན་པོ་བླ་མ་ལྟར་འཆོས་ཤིང་། དད་ལྡན་གྱི་སློབ་མའི་རྒྱུད་ལམ་མ་ཡིན་པ་ལ་སྦྱོར་བ་རྣམས། རྩ་བཞིན་དུ་རྒྱང་རིང་པོར་དོར་བར་བྱའོ།
།གཉིས་པ་གཞུང་གི་དོན་ལ་དྲུག་སྟེ། ཐབས་ལམ། སྒྱུ་ལུས། རྨི་ལམ། འོད་གསལ། འཕོ་བ། བར་དོའོ།

དང་པོ་ཐབས་ལམ་ལ་གཉིས། མཚན་ཉིད་བསྡུས་ཏེ་སྤྱིར་བསྟན་པ་དང་། དམིགས་པའི་བྱེ་བྲག་སོ་སོར་རྒྱས་པར་བཤད་པའོ།
།དང་པོ་ནི། །རང་ལུས་ཐབས་ལྡན་རྩ་གསུམ་འཁོར་ལོ་བཞི། །ཨ་ཧཾ་འབར་འཛག་སྐད་གཅིག་དགའ་བཞིས་བརྒྱན། །ཤེས་རབ་ཁ་ག་མུ་གའི་སྙོམས་འཇུག་གིས། །ཟག་བཅས་ཟག་མེད་དགའ་བཞི་རིམས་བཞིན་ནོ། །བཅུད་བསྡུས་དག་བྱེད་སྟོང་རའི་གནད་གསུམ་དང་། །དྲོད་མྱུར་གཏུམ་མོ་ཆོས་དྲུག་རིམ་བཞིན་ནོ། །རི་བོང་དབབ་བཟུང་ལྡོག་དགྲམ་རླུང་དང་བསྲེ། །ཟག་མེད་ཡེ་ཤེས་ཆེན་པོས་བརྒྱན་པར་བྱའོ། ཞེས་གསུངས་ཏེ།
དེ་ཡང་གསང་དབང་གི་ལམ་རང་ལུས་ཐབས་ལྡན་ནི། རིང་ལུས་ལ་རྩ་གསུམ་ནི། ལུས་ཀྱི་དབུས་སུ་རྩ་དབུ་མ་ཁ་དོག་དམར་ཞིང་དྲང་བ། ཡར་རྩེ་ཚངས་བུག་དང་། མར་སྣེ་ལྟེ་འོག་སེར་བཞིར་ཟུག་པ། བདུད་རྩིའི་དངས་མས་གང་བ། གཡས་སུ་རོ་མ་དམར་མོ། གཡོན་དུ་རྐྱང་མ་དཀར་མོ་གཉིས་ཡར་རྩེ་སྣ་བུག་གཡས་གཡོན་གཉིས། མར་སྣེ་དབུ་མའི་མར་སྣར་འདུས་པ། རཀྟ་དང་བྱང་སེམས་ཀྱི་དངས་མས་སོ་སོར་གང་པའོ།
།འཁོར་ལོ་བཞི་ནི། སྤྱི་བོར་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་ཡི་གེའི་རྣམ་པར་ཡོད་པ་ཁ་འཐུར་དུ་བལྟ་བ་གདུགས་ཀྱི་རྩིབ་མ་ལྟ་བུ་དཀར་པོའོ། །མགྲིན་པར་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་ཡི་གེའི་རྣམ་པ་ཁ་དོག་དམར་པོ་གྱེན་དུ་བལྟ་བའོ། །སྙིང་གར་ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད་ཡི་གེའི་རྣམ་པ་ཐད་ཀར་རྒྱངས་པ་ལྟ་བུ་ཁ་དོག་སྔོན་པོའོ། །ལྟེ་བར་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་བཅུ་རྩ་བཞི་གྲུ་གུ་འཛིངས་པ་ལྟ་བུ་ཡི་གེའི་རྣམ་པ་ཁ་དོག་སེར་པོ་མགོ་གྱེན་དུ་བསྟན་པོའོ། །སྤྲུལ་པའི་འཁོར་ལོའི་ལྟེ་བར་མ་ལས་ཐོབ་པའི་རཀྟའི་དངས་མ་ཨ་ཡིག་ཡུ་ཤེལ་གྱི་རྣམ་པ་ལྟ་བུ་ཁ་དོག་དམར་པོ། །བདེ་ཆེན་འཁོར་ལོའི་ལྟེ་བར་ཕ་ལས་ཐོབ་པའི་ཧཾ་ཡིག་དཀར་པོ་མགོ་ཐུར་དུ་བལྟ་བ་བྱང་སེམས་ཀྱི་དངས་མའི་རང་བཞི་ཅན་གསལ་བཏབ་སྟེ། སྟེང་འོག་གི་རླུང་ཁ་སྦྱར་ཏེ་བཟུང་བའི་རྐྱེན་གྱིས། ཨ་ཡིག་དམར་པོ་གྱེན་དུ་འབར་བས་རྩ་གསུམ་འཁོར་ལོ་བཞི་རྣམས་ཀྱི་ཟག་བཅས་ཀྱི་ཁམས་རྣམས་བསྲེགས་ནས། ཐམས་ཅད་ཀྱང་ཁ་དོག་དམར་ལམ་མེ་གསལ་བར་གྱུར་ཅིང་། མེ་དེས་སྤྱི་བོའི་ཧཾ་ལ་བསྣུན་པས་ཧཾ་ཡིག་ཞུ་ནས་བདུད་རྩིའི་རྒྱུན་འཛགས་པས། དཔྲལ་བའི་འཁོར་ལོ་གང་ནས་ཁ་དོག་དཀར་དམར་དུ་གྱུར་པས་བདེ་སྟོང་གི་ཉམས་སྐྱེས་པ་དགའ་བའི་ཡེ་ཤེས་དང་། དེ་ལྟར་ཡང་མགྲིན་པར་མཆོག་དགའི་ཡེ་ཤེས་དང་། སྙིང་གར་ཁྱད་དགའ་དང་། ལྟེ་བར་ལྷན་གཅིག་སྐྱེས་པའི་ཡེ་ཤེས་ཏེ། དགའ་བ་བཞིས་རང་གི་ལུས་སེམས་ལ་བརྒྱན་ནས། ཉམས་སུ་མྱོང་བར་བྱེད་དོ། །འོ་ན་ལག་ལེན་ལ་དེ་རྣམས་མི་བསྒོམ་པ་ཅི་ཡིན་ཞེ་ན། རྩ་ཁམས་གསལ་ན་དངོས་སུ་འདེབས་ལ། ཨ་ཡིག་འབར་བའི་དོན་ནི་མེའི་སྟོང་རར་མེའི་སྒོ་ང་བཞི་དང་། ཟས་སུ་ཟ་བར་རཾ་ལས་མེ་འབར་བ་དང་། གོས་སྟན་གྱི་དམིགས་པ་སོགས་ཀྱང་དེའི་ཁོངས་སུ་འདུའོ།
།ཧཾ་ཡིག་འཛག་པའི་དོན་ནི། སྤྱི་བོར་བླ་མ་སྐུ་མདོག་དཀར་པོ་བསྒོམ་པ་དང་། སྲིད་པའི་དབང་བཞི་ཞུ་བའི་ལག་ལག་ལེན་ལ་ཚང་བ་ཡིན་ཏེ། དིང་སང་ཕལ་ཆེར་གྱིས་ངོ་ཤེས་པར་དཀའ་བར་སྣང་ངོ་། །དེ་ཡང་བླ་མ་མན་ངག་ཅན་ལ་མ་བརྟེན་པའི་སྐྱོན་དུ་གདའོ།
།དབང་གསུམ་པའི་ལམ་ནི། གཞན་ལུས་ཐབས་ལྡན་ཏེ། ཕྱག་རྒྱ་ཤེས་རབ་ཀྱི་རིགས་བརྟག་པ་དང་། སྨིན་པར་བྱ་བ་དང་། རྒྱུད་སྦྱང་བ་དང་། ཤེས་རབ་ཀྱི་ཁ་ག་མུ་ཁའི་རྩ་བཙལ་ཏེ། སྙོམས་འཇུག་གི་ཟག་བཅས་ཡས་བབས་ཀྱི་དགའ་བ་བཞི་དང་། མས་བརྟན་ཟག་མེད་ཀྱི་དགའ་བ་བཞི་རིམ་བཞིན་ཉམས་སུ་མྱོང་ཞིང་བྱེད་པ་ཡིན་ནོ།
།དེ་ཡང་ཐོག་མར་ཉམས་སུ་ལེན་རྒྱུའི་དམིགས་པའི་བཅུད་བསྡུས་པ་དག་བྱེད་སྟོང་རའི་གནད་གསུམ་དང་། དྲོད་མྱུར་དུ་སྐྱེ་བ་གཏུམ་མོའི་ཆོས་དྲུག་ནི། མེའི་སྟོང་ར་དང་། ཟས་དང་། གོས་དང་། སྟན་དང་། སྲིད་པའི་དབང་དང་། འཇུག་གི་ཆོས་ཏེ་དྲུག་རིམ་པ་བཞིན་འབྱུང་བ་རྣམས་ཡིན་ནོ།
།དབང་གསུམ་པའི་ལམ་ཡང་རི་བོང་ཅན་ཏེ། བྱང་ཆུབ་ཀྱི་སེམས་དབབ་པ་དང་། བཟུང་བ་དང་། ལྡོག་པ་དང་དགྲམ་པ་དང་། ཡེ་ཤེས་ཆེན་པོར་བསྐྱལ་བ་རྣམས་ཀྱང་ཞིབ་ཏུ་ཤེས་པར་བྱ་དགོས་སོ།
།དམིགས་པའི་བྱེ་བྲག་སོ་སོར་བཤད་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ།
།དང་པོ་ལ་གསུམ་ལས།
དང་པོ་དག་བྱེད་ཨའི་སྟོང་ར་ནི། ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་མང་དུ་བྱ། རང་ལྷར་དྲན་པའི་སྤྱི་བོར་སེང་གེའི་ཁྲི་དང་པདྨ་ཉི་ཟླའི་གདན་ལ། རང་གི་རྩ་བའི་བླ་མ་དེ་རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་དང་དབྱེར་མ་མཆིས་པ། སྐུ་མདོག་དཀར་པོ་ཕྱག་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་ཐུགས་ཁར་བསྣོལ་ནས་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། ལྷའི་གོས་དང་རུས་པའི་རྒྱན་དྲུག་གིས་བརྒྱན་པ་བསྒོམ། དེ་ལ་བརྒྱུད་པའི་བླ་མ་རྣམས་དང་། ཡི་དམ་གྱི་ལྷ་ཚོགས་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། ཡེ་ཤེས་ཀྱི་ཆོས་སྐྱོང་བའི་བསྲུངས་མ་རྣམས་བསྟིམ་ལ་རྒྱལ་བ་ཀུན་འདུས་ཀྱི་བདག་ཉིད་དུ་མོས་ལ། ཕྱི་མེ་ཏོག་བདུག་སྤོས་ལ་སོགས་དང་། ནང་ཤ་ལྔ་བདུད་རྩི་ལྔས་གང་བའི་ཀ་པཱ་ལི་དུ་མ་དང་། གསང་བ་གཉིས་སུ་མེད་པའི་མཆོད་པ་དང་། བཞི་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་དབུལ། དངོས་སམ་ཡིད་ཀྱིས་སྤྲུལ་པའི་མཎྜལ་མང་དུ་ཕུལ། བླ་མའི་བསྟོང་པ་ཅི་ཤེས་པ་དང་འདིའི་བརྒྱུད་པའི་གསོལ་འདེབས་མོས་གུས་ཀྱི་གདུང་ཤུགས་དྲག་ཅིང་དབྱངས་སྙན་པས་བྱས་པའི་མཐར། བླ་མ་རིན་པོ་ཆེ་བདག་གི་ནད་གདོན་ཐམས་ཅད་ཞི་བར་མཛད་དུ་གསོལ། སྡིག་སྒྲིབ་ཐམས་ཅད་དག་པར་མཛད་དུ་གསོལ། ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་ནས་རང་གི་སྨིན་སྤྲག་གི་ནང་དུ་ཆོས་འབྱུང་གྲུ་གསུམ་པ། རྩ་བ་ཕྲ་བ་འཐུར་དུ་མགྲིན་པའི་ནང་ན་མར་ཟུག་པ། གདེངས་ཀ་ཆེ་བ་གྱེན་དུ་བསྟན་པ། ཟུར་གཅིག་སྨིན་སྤྲག །ཟུར་གཉིས་རྣ་བ་གཡས་གཡོན་དུ་ཟུག་པ། ཕྱི་ནང་ཐམས་ཅད་དཀར་བའི་ནང་དུ་ཨ་དཀར་པོ་འོད་ཀྱི་རང་བཞིན་ཅན་བསམས་ནས། ངག་ཏུ་ཨ་ཨ་ཞེས་ཅི་རིགས་པ་བརྗོད་པས། ཨ་ལས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་བྱུང་པས་ཆོས་འབྱུང་ཁེངས། ལུས་ཀྱི་ཕྱི་ནང་ཐམས་ཅད་ན་མར་སོང་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་བཤང་ལམ། མཆུ་སོ་སོར་མོའི་ཕྲག བ་སྤུའི་བུ་ག་ཐམས་ཅད་ན་མར་ཐལ་བའི་རི་བོ་ཆེན་པོ་ལ་ཆུ་བོ་ཆེན་པོའི་རྒྱུན་བབས་པ་བཞིན་ནག་ནུ་རུ་རུ་ཐོན་པས། དྲི་མ་ཐམས་ཅད་སངས་དག །ལུས་ཕྱི་གསལ་ནང་གསལ་ལ། ཁྲུ་མ་ཕུས་བཏབ་པའམ། ཤེལ་གོང་གཡའ་དང་བྲལ་བ་བཞིན་བསམ། སྐབས་སུ་སྔར་བཞིན་བསྐྱར་ཞིང་དག་རྒྱས་བཏབ་ལ་མཉམ་རྗེས་ཐམས་ཅད་དུ་ཉམས་སུ་བླང་། དེས་སྡིག་སྒྲིབ་དང་། ཁྱད་པར་དུ་དཀོར་སྐུ་བླུད་འདག་གསུང་ངོ་།
།གཉིས་པ་སྟོང་ར་ནད་གདོན་སེལ་བྱེད་ཀྱི་ཁ་བསྒྱུར་ནི། ནད་ཚད་པ་ལྟ་བུ་ལ་ངོ་བོ་བདུད་རྩི་ཁ་དོག་དཀར་ལ་རེག་བྱ་བསིལ་བ། རྣམ་པ་ག་བུར་གྱི་ཆུ་རྒྱུན་ལྟ་བུ་གྲང་སི་ལི་ལི་བྱུང་པས། ཚད་ནད་ཐམས་ཅད་ཞི་བར་བསམ། ནད་གྲང་བ་ལྟ་བུ་ལ་ངོ་བོ་བདུད་རྩི་ཁ་དོག་དམར་པོ་རེག་བྱ་ཚ་བ། རྣམ་པ་ཟངས་ཞུན་ལྟ་བུའི་ཆུ་རྒྱུན་ཚ་ཆིལ་ལི་ལི་བྱུང་བར་བསམ། རླུང་ལ་རྣམ་པ་ཞུན་མར་ལྟ་བུར་བསམ། གདོན་ལ་ངོ་བོ་བདུད་རྩི་རྣམ་པ་ཁྲོ་ཆུང་མང་པོ་བྱུང་པས་གདོན་ཐམས་ཅད་འབུ་སྲིན་ལ་སོགས་པ་སྲོག་ཆགས་ཀྱི་རིགས་མང་པོར་ཐོན་པར་བསམ། མདོར་ན་ནད་གདོན་སྡིག་སྒྲིབ་གསུམ་ལ་རྩེ་གཅིག་ཏུ་འགྲོ་འཆག་ཉལ་འདུག་ཐམས་ཅད་དུ་དམིགས་པ་ནི་སྟོང་རའི་དམིགས་པའོ།
།གསུམ་པ་རྟགས་གསུམ་སྟོང་རའི་ཁྱད་པར་ནི། སྡིག་པ་དག་པའི་རྟགས་འཁྲུ་སྐྱུགས་དང་། འཕུར་བ་དང་། ལུས་ལ་རྔུལ་ཐོན་པ་དང་། གོས་དཀར་པོ་གྱོན་པ་ལ་སོགས་པ་འབྱུང་ངོ་། །ནད་ཐོན་པའི་རྟགས་རྣག་ཁྲག་ལ་སོགས་པ་འཛག་པའོ། །སྲོག་ཆགས་ཐོན་པ་ལ་སོགས་པ་ནི་གདོན་ཐོན་པའི་རྟགས་ཏེ། དངོས་སམ་རྨི་ལམ་དུ་ཅི་རིགས་པར་འབྱུང་ངོ་།
།གཉིས་པ་དངོས་གཞི་ལ་ལྔ་ལས།
དང་པོ་ལུས་གནད་མེའི་སྟོང་ར་ནི། སེམས་བསྐྱེད་སྔོན་དུ་སོང་བས་རྐང་པ་བསྣོལ། སྒལ་ཚིགས་བསྲང་། མགྲིན་པ་དགུག །ལག་པ་པུས་འཁྱུད་བཙུད་ལ། བླ་མ་སྐུ་མདོག་དཀར་པོ་རྡོ་རྗེ་འཆང་གི་རྣམ་པ་སྤྱི་བོར་བསྒོམས་ལ། བླ་མ་རིན་པོ་ཆེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་ལ་བདེ་དྲོད་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། བདེ་སྟོང་གི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཞེས་གསོལ་བ་གདབ། དེ་ནས་རང་གི་ལུས་ཕྱི་རྗེ་བཙུན་མའི་རྣམ་པ་ལ། ནང་མེ་མར་མུར་གྱི་འོབས་རྫ་དམ་བསྲེགས་པ་ལྟ་བུ་ཁ་དོག་དམར་ལ་རེག་བྱ་ཚ་བ་བསམ། ཁོག་པའི་ནང་ལྟེ་བའི་ཐད་ཀའི་ཕྱོགས་བཞི་ལ། མེ་ངང་པའི་སྒོ་ང་ཙམ་བཞི་འབར་ལ་ཁད་པར་བསྒོམས་ལ་གསལ་གདབ། རླུང་རོ་ལན་གསུམ་བསལ་ལ། རླུང་ཁ་སྦྱོར་ཐུབ་ཚད་བཟུང་། མ་ཐུབ་ན་དལ་བུས་བཏང་ཞིང་། ཁ་སྦྱར་ལ་བཟུང་ངོ་།
།གཉིས་པ་གཏུམ་མོ་ཟས་སུ་ཟ་བ། གོས་སུ་གྱོན་པ། སྟན་དུ་འདིང་བ། སྲིད་པའི་དབང་ཞུ་བ། གེགས་རང་གྲོལ། རླུང་རྟར་ཞོན་པའོ། ཞེས་གསུངས་ཏེ།
རྗེ་བཙུན་མར་བསྒོམས་པའི་སྤྱི་བོར་བླ་མ་བསྒོམས་ལ་གསོལ་བ་གདབ། རྐང་པ་བསྣོལ་ལ། ལག་པ་ཉ་ལ་འཁྱུད། གྲུ་མོ་གཉིས་པུས་ཁར་བཞག །སྒལ་ཚིགས་བསྲང་། མགྲིན་པ་དགུག །སྔར་གོང་དུ་བསྟན་པ་ལྟར་རྩ་གསུམ་འཁོར་ལོ་བཞི་གསལ་བཏབ། དབུ་མའི་མས་སྣར་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོ་སྐྱ་གཞུའི་དབྱིབས་ལྟ་བུའི་ནང་དུ། རཾ་དམར་པོ་མཚོན་གང་པ་གཅིག་བསྒོམ། རླུང་གཉིས་ཁ་སྦྱར་བས་ཡཾ་ལས་རླུང་གཡོས། རཾ་ལས་མེ་ཚ་བ། རྣོ་བ། ཕྲ་བ། གསལ་བ་མཚན་ཉིད་བཞི་ལྡན་འབར་ཏེ་ཁོང་པ་ཁེངས་པར་བསམས་ནས། རྐང་པ་གཉིས་བསྣོལ་བའི་མཐེ་བོང་གཉིས་ནས་ལག་པ་གཉིས་བསྣོལ་བའི་མཐེབ་མཛུབ་གཉིས་ཀྱིས་བཟུང་ལ། ལྟོ་བ་གཡས་གཡོན་དུ་ཅི་ནུས་སུ་བསྐོར་ཞིང་། རླུང་མ་ཐུབ་པ་དང་། དལ་བུས་བཏང་། དེ་བཞིན་དུ་ཡང་ཡང་བསྒོམས་ཏེ། ཐབས་ལམ་རྩོལ་བའི་གནད་ཅེས་གསུངས་པ་ཡིན་ནོ། །བར་སྐབས་སུ་གོང་དུ་བསྟན་པའི་ལུས་གནད་ཀྱི་སྟོང་ནས་ངལ་བསོ་ཞིང་སེམས་རྟོག་བྲལ་དུ་བཞག་གོ །འདིར་ཞལ་ལས་བྱུང་པའི་བླ་མའི་གཏུམ་མོ་བསྒོམ་ན། ལུས་གནད་སྔར་དང་འདྲ། དམིགས་པ་ལྟེ་འོག་རྩ་གསུམ་འདོམ་པར་ཉི་མའི་སྟེང་དུ། བླ་མ་སྐུ་གཅེར་བུ་ལྕགས་ཚན་འདྲ་བ་རེག་མི་བཟོད་པ་གཅིག་བསམ། རང་གི་སྤྱི་བོར་བུ་ག་འཕང་ལོ་ཙམ་གཅིག་བསམ། དེ་ནས་ཡར་བླ་མའི་ཐུགས་ཀ་ནས་འོད་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། སྟེང་གི་ནམ་མཁའ་ལ་བྱོན་པའི་ཐུགས་ཀ་ནས་འོད་ཟེར་ཐིག་ལེའི་ངོ་བོ་དཀར་ན་ར་སྤྱི་གཙུག་གི་བུ་ག་ནས་བྱོན། བླ་མའི་སྐུ་ལ་ལྕགས་ཚན་ལ་མར་བླུག་པ་ལྟར་སོ་སྒྲ་དང་བཅས་ཏེ་མེ་འབར། ལུས་ཀྱི་ནང་ཐམས་ཅད་ཁེངས་པའི་དབུས་ན་བླ་མ་བཞུགས་པ་ལ་སེམས་གཏད་ན་བདེ་དྲོ་མྱུར་དུ་སྐྱེའོ། །ཡང་བསྒོམ་པའི་ཚེ་རྔུལ་བྱུང་ན་ཐོ་རངས་ཀྱི་དྲི་ཆུ་རྫ་གསར་པར་བཏང་ལ་གྲངས་སུ་བཅུག་ལ་བཀུའོ།
།གསུམ་པ་གོས་སུ་གྱོན་པ་ནི། བདེ་བའི་མལ་དུ་པུས་བྲང་སྦྱར་ལ་ཉལ། ལྐོག་མ་པུས་མོ་ལ་སྦྱར། ལག་པ་བསྣོལ་ལ་མཁལ་རྩ་ལ་དགབ། མེ་དམིགས་གོང་བཞིན་བྱས་ལ་རླུང་བཟུང་ངོ་།
།བཞི་པ་སྟན་དུ་འདེངས་པ་ནི། རྐང་པ་རྟེན་གཅིག་ལ་གཏད་ལ། སྒྱུ་མོ་ཁུགས་ཀྱི་བོལ་གོང་མནན། གཡས་འོག་དུ་བཅུག་ལ་ཁྱི་ཉལ་སྒོར་མོ་བྱས་ལ་ཉལ།
ལྔ་པ་སྲིད་པའི་དབང་ཞུ་བ་ནི། སྤྱི་བོར་བླ་མའི་རྣལ་འབྱོར་སྔར་བཞིན་བསྒོམས་ལ་མོས་གུས་བྱས་པས། བླ་མའི་སྐུ་ལས་འོད་ཟེར་དཀར་པོའི་ཚོགས་དཔག་ཏུ་མེད་པ་བྱུང་ནས་སྤྱི་བོར་སླེབ་པས་བུམ་དབང་དང་། མགྲིན་པར་གསང་དབང་། སྙིང་ཁར་གསུམ་པ། ལྟེ་བར་སླེབ་པས་བཞི་པའོ། །དེས་ལུས་ངག་ཡིད་གསུམ་གྱི་ཀུན་གཞི་ལ་ཡོད་པའི་སྒྲིབ་པ་བག་ཆགས་དང་བཅས་པ་དག་ནས། དབང་བཞི་རྫོགས་པ་དང་སྐུ་བཞི་ཐོབ་པར་བསམ། དེས་དམ་ཚིག་ཉམས་ཆགས་སོགས་ཀྱི་སྒྲིབ་པ་དག་ནས་ཏིང་ངེ་འཛིན་འཕེལ་བར་འགྱུར་རོ། །པདྨ་དཀར་པོ་འདབ་མ་བཞི་པའི་ལྟེ་བ་ལ་བླ་མ་བསམས་ནས། ཚོགས་འཁོར་དབང་བསྐུར་སྔོན་འགྲོའི་ཆོ་ག་དང་འབྲེལ་བས་གོང་གི་དམིགས་པ་དེ་ཉིད་ཀྱིས་སློབ་མ་ལ་བསྐུར་ན་ཐབས་ལམ་དབང་བསྐུར་ཡིན་པས། དེ་ཉིད་ཐབས་ལ་བསྒོམ་པའི་དུས་སུའང་མ་ཆག་པར་བླང་ངོ་།
།གསུམ་པ་རྗེས་ཀྱི་ཆོས་ལ་གེགས་རང་གྲོལ་དང་། རླུང་རྟར་ཞོན་པ་གཉིས་ལས།
དང་པོ་ནི། དེ་ལྟར་ཐབས་ལམ་བསྒོམས་པའི་དུས་སུ། སྙིང་མི་དགའ་བ་དང་། ཤེས་པ་འཕྱོ་བ་དང་རོ་སྟོད་ན་བ་ལ་སོགས་པ་བྱུང་ན། གང་ན་སར་བུ་ག་ལྕགས་ཚགས་ཀྱི་མིག་ལྟ་བུ་བསྒོམས་པའི་ནང་ནས། ནད་གདོན་དུ་བ་ཕྱུར་བ་བཞིན་སྔོ་བུན་ནུ་ནུ་ཐོན་པར་བསམ་ལ། ལག་པ་གཉིས་སྤྲུག །རླུང་བུད་པ་དང་། ཧ་དྲག་པོ་གདབ་པར་བྱའོ། །ཡང་ན་རིན་པོ་ཆེ་འབར་བ་ལྟ་བུའི་བུ་ནས་ནད་ཐོན་པར་བསྒོམ་ཞིང་རླུང་འབུད་པའམ། ཧ་འདོན། རོ་སྟོད་ཀྱི་གེགས་སེལ་ལོ།
།སྨད་ཀུན་དའི་གེགས་ནི། རབ་དགག་སྒྲུབ་དང་བྲལ་བའི་བློས་བསལ། འབྲིང་དབང་བསྐུར་དང་ཚོགས་འཁོར། ཐ་མ་དམིགས་པ་དང་འཁྲུལ་འཁོར་གྱིས་བསལ་གསུང་ངོ་། །ཐབས་ལམ་རྩོལ་བའི་གནད་ཡིན་པས་སྙིང་རུས་བསྐྱེད་ལ་མ་དྲེད་པ་གལ་ཆེའོ།
།གཉིས་པ་རྟར་ཞོན་པ་ནི། འགྲོ་བའི་ཚེ་ལག་པ་ཁུ་ཚུར་བཅངས་ལ་འཆན་འོག་གཉིས་སམ། རྐང་འོག་ཏུ་རླུང་གི་ལྷ་མོ་དཀར་ལྗང་གཤེག་པ་ཅན་གཉིས་ཀྱིས་ནམ་མཁའ་ལ་ཁྱེར་བར་བསམས་ལ། རླུང་ཁུག་པ་ཉེར་གཅིག་བཟུང་ནས་ཕྱིན་ན་རྟ་མཆོག་དང་མཉམ་པའི་འགྲོས་འབྱུང་མེ་རྒོད་གཏུམ་མོ་ཞེས་བྱའོ། །ཐབས་ལམ་གྱི་གེགས་ནི་འབད་རྩོལ་བརྡུགས་པ་ཡིན་པས་བརྩོན་འགྲུས་དྲག་པོ་དགོས་པ་ཡིན་ནོ། །སྟེང་འོག་གི་རླུང་དབང་དུ་འདུས་ནས་དབང་གསུམ་པའི་ལམ་ལ་བསླབ་པར་འདོད་ན། གོང་དུ་བསྟན་པ་ལྟར་ཕྱག་རྒྱ་བརྟག་པ་དང་། སྨིན་པར་བྱ་བ་སོགས་ཞིབ་པར་ཞལ་ལས་བླང་བར་བྱའོ།

།གཉིས་པ་སྒྱུ་ལུས་ཆགས་སྡང་རང་གྲོལ་ལ་གཉིས། མཚན་ཉིད་བསྡུས་ཏེ་སྤྱིར་བསྟན་པ་དང་། དམིགས་པའི་བྱེ་བྲག་སོ་སོར་བཤད་པའོ།
།དང་པོ་ནི། །སྒྱུ་ལུས་བདེན་མེད་དབང་པོ་རབ་འབྲིང་གསུམ། །འབྲལ་མེད་མོས་གུས་རང་ལུས་ཅིར་སྣང་ཀུན། །སྣང་སྟོང་ཞེན་བྲལ་ལྷ་སྐུའི་ལམ་ཁྱེར་བྱ། །ཆགས་སྡང་རང་གྲོལ་བཅུ་བཞིའི་ས་ཐོབ་འགྱུར། ཞེས་གསུངས་ཏེ།
སྒྱུ་ལུས་ཀྱི་དོན་ནི། ཀུན་རྫོབ་ལས་སྣང་གི་བསྡུས་པ་ཐམས་ཅད་བདེན་པ་མེད་པར་སྟོན་པར་བྱེད་པའི་ཆོས་ནི། སྒྱུ་ལུས་དབང་པོ་རབ་དང་། འབྲིང་དང་། ཐ་མ་གསུམ་དུ་བྱེ་ནས། ཁྲིད་ལམ་འོག་ནས་འབྱུང་བ་བཞིན་ཡིན་ལ། རབ་ལ་བླ་མ་ལ་འབྲལ་བ་མེད་པའི་མོས་གུས་དང་། འབྲིང་དང་ཐ་མ་ལ། རང་ལུས་དང་ཅིར་སྣང་ཀུན་ཡེ་ཤེས་ཀྱི་སྐུར་སྣང་ཞིང་། ལས་སྣང་བས་སྟོང་པ་དངོས་པོར་ཞེན་པའི་དྲི་མ་ཐམས་ཅད་དང་། བྲལ་བའི་ལྷ་སྐུ་རྣམ་པ་ཐམས་ཅད་པའི་ལམ་ཁྱེར་བྱ། དེས་སེམས་ཅན་འཁོར་བར་སྐྱེ་བའི་རྒྱུ་ཆགས་སྡང་གི་དྲི་མ་བག་ཆགས་དང་བཅས་པ་ལས་རང་གྲོལ་ནས་བཅུ་བཞིའི་ས་ཐོབ་སྟེ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །འདི་ལའང་གྲོགས་སུ་ཐབས་ལམ་གྱི་དམིགས་པ་རླུང་རྩོལ་དང་བཅས་པ་གལ་ཆེའོ།
།གཉིས་པ་དམིགས་པའི་བྱེད་བྲག་སོ་སོར་བཤད་པ་ནི། དབང་པོ་རབ་བླ་མ་དམ་པ་གྲོགས་སུ་བརྟེན་པོ། འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་ཁྲིད་པ། ཐ་མ་མལ་གཅིག་ཏུ་ཏིང་ངེ་འཛིན་བསྐྱེད་པའོ། ཞེས་གསུངས་ཏེ། དེ་ལ་གསུམ་ལས།
དང་པོ་དབང་པོ་རབ་གྲོགས་སུ་བླ་མ་བསྟེན་པ་ལ་གཉིས་ཀྱི།
དང་པོ་གསོལ་འདེབས་བླ་མའི་ལམ་ཁྱེར་ནི། དེ་ལ་ཅིའི་ཕྱིར་གྲོགས་ཞེས་བྱ་ཞེ་ན། བླ་མའི་སྣང་བ་དང་འདུ་འབྲལ་མེད་པའི་དོན་གྱི་ན་གྲོགས། གོང་ནས་གོང་དུ་འཁྲིད་པར་བྱེད་པས་ན་གྲོགས། ཡོན་ཏན་ཐམས་ཅད་བསྐྱེད་པར་བྱེད་པའམ། ཚེ་གཅིག་གམ་ལོ་ཟླ་ཙམ་གྱིས་སངས་རྒྱས་ལ་འགོད་པར་བྱེད་པས་ན་གྲོགས་ཡིན་ཏེ།
ཡེ་ཤེས་ཀྱི་མཁའ་འགྲོ་མ་ནཻ་གུ་མའི་ཞལ་ནས། ས་བཅུ་ལམ་ལྔའི་རིམ་པ་རྣམས། །མོས་གུས་སྟོབས་ཀྱིས་བགྲོད་པར་བྱེད། །བླ་མའི་སྣང་བ་མི་འབྲལ་བ། །རྒྱུད་སྡེའི་དགོངས་པ་གནད་ཀྱི་མཆོག །ཅེས་གསུངས་ཞིང་།
བརྟག་གཉིས་ལས། གཞན་གྱིས་བརྗོད་མིན་ལྷན་གཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་སྟེ། །བླ་མའི་དུས་སྟབས་བརྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་པ་དང་།
རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད་ལས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་གཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་གསུངས་སོ།
གསང་བ་འདུས་པ་ལས། རྡོ་རྗེ་སློབ་དཔོན་ནི་བདག་ཅག་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕའོ། །མའོ་བསྐྱེད་པའོ། །ཞེས་གསུངས་ལ།
ཡེ་ཤེས་གསལ་བ་སྒྲོན་མེ་རྒྱུད་ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་པ་སྟོང་དུ་བསྒོམས་པ་བས། །བླ་མ་དྲན་པ་བསོད་ནམས་ཆེ། །ལྷ་སྐུ་མ་བསྒོམ་བླ་མ་བསྒོམས། །ལྷ་སྐུ་བྱེ་བ་སྟོང་བསྒོམས་པས། །བླ་མ་དྲན་པ་བསོད་ནམས་ཆེ། །ཞེས་གསུངས་པ་དང་།
གསང་འདུས་རིམ་ལྔ་ལས། རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ན། །ལྷུང་བར་མི་བྱ་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་བྱ་སྙམ་ཡང་གྲོལ་བར་འགྱུར། ཞེས་དང་།
ཡེ་ཤེས་གྲུབ་པ་ལས། སྐྱ་བ་འཛིན་པ་མེད་པར་ནི། །གྲུ་ཡིས་ཕ་རོལ་ཕྱིན་མི་ནུས། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང་། །བླ་མ་མེད་པར་སྲིད་མཐར་མིན། ཞེས་དང་།
རྡོ་རྗེ་དྲིལ་བུ་པས། བླ་མའི་བྱིན་རླབས་ཙམ་གྱིས་ནི། །སྐད་གཅིག་ཉིད་ལ་འབྱུང་གང་ཡིན། ཞེས་གསུངས་ཞིང་།
རིན་པོ་ཆེ་རྨོག་ལྕོག་པའི་ཐག་ཆོད་ཀྱི་གསུང་གཅིག་ལ། ཐུགས་རྗེ་ཆེན་པོ་རང་དཀར་ནའང་དཀར། །དགྱེས་རྡོར་བདེ་མཆོག་རང་སྔོ་ནའང་སྔོ། །ང་ལ་རེས་ས་བླ་མ་ལས་མེད། ཇི་ལྟར་བྱས་ཀྱང་། བླ་མའི་སྣང་བ་དང་འབྲལ་མ་མྱོང་པས། ཚེ་གཅིག་ལུས་གཅིག་གི་སངས་རྒྱས་སམ་དེ་ད་གདོད་འོང་འོང་འདྲ་གསུང་།
གཞན་མ་ཞལ་བཀོད་ཀྱི་མགུར་བཞེངས་པའི་དུས། །དུས་གསུམ་སངས་རྒྱས་ཀྱི་ངོ་བོ་དེ། །བརྒྱུད་ལྡན་གྱི་བླ་མ་དམ་པ་ཡིན། །འདི་ཕྱིའི་དགོས་འདོད་བསྒྲུབ་མཁན་ལ། །མོས་གུས་མེད་པའི་སྙིང་མེད་པོ། ཅེས་ཀྱང་གསུང་ངོ་།
དཔལ་ལྡན་སྐྱེར་སྒང་པའི་ཞལ་ནས། ཚེ་གཅིག་ལུས་གཅིག་གི་སངས་རྒྱ་བ་ལ་བླ་མའི་མོས་གུས་དགོས། བླ་མའི་མོས་གུས་ལ་བླ་མ་ཡང་ཡང་དུ་དྲན་པ། བུ་གཅིག་པོ་ཤི་བའི་མ་ལྟ་བུ་གཅིག་དགོས་གསུང་ངོ་།
སངས་རྒྱས་གཉན་སྟོན་གྱི་ཞལ་ནས། བླ་མའི་མོས་གུས་ལ་སྙིང་ཁོང་རུས་པའི་གཏིང་ནས་མཆི་མ་རང་དབང་མེད་པར་གསོལ་བ་འདེབས་པ་གཅིག་དགོས།
སངས་རྒྱས་སྟོན་པའི་གསུང་ནས། བླ་མའི་མོས་གུས་ལ་བརྗེད་ངས་ལོག་ལྟར་མ་སོང་བ་གཅིག་དགོས་གསུང་ངོ་།
།དེས་ན་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་བླ་མ་ཡིན་པར་ཐག་བཅད། བརྟེན་པར་བྱེད་པའི་ཚུལ་ཡང་། བླ་མ་ལ་ཐ་མལ་པའི་འདུ་ཤེས་སྤང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་གཅིག་དུ་འདུས་པའི་ངོ་བོ་ཡིན་པར་བསྒོམ་དགོས་ཏེ།
རྡོ་རྗེ་འཕྲེང་བ་ལས། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། །འདི་ཡི་གཟུགས་ཀྱི་ཕུང་པོ་ནི། །བཅོམ་ལྡན་སངས་རྒྱས་རྣམ་སྣང་མཛད། ཅེས་པ་ལ་སོགས་པས། བླ་མ་ལྷ་སུམ་ཅུ་རྩ་གཉིས་ཀྱི་ངོ་བོར་བཤད།
དཔལ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མ་མེད་པའི་འོད་ལས། དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པ་པོ་རྡོ་རྗེ་སློབ་དཔོན་ནི་བཅོམ་ལྡན་འདས་འཇམ་དཔལ་ཇི་ལྟ་བ་དང་། དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་ཇི་ལྟ་བ་བཞིན་དུ་ཐར་པ་དོན་དུ་གཉེར་བ་རྣམས་ཀྱིས་བལྟ་བར་བྱའོ། །ཞེས་གསུངས།
གུར་ལས། སློབ་དཔོན་སྟོན་པར་གྱུར་པ་ནི། །བདག་ཅག་རྣམས་ཀྱི་ཕ་དང་མ། །དེ་ནི་ཡིད་ལ་བསམ་པར་བྱ། །དེ་ལ་ཅིའི་ཕྱིར་ཞེ་ན། །རྡོ་རྗེ་སེམས་དཔའ་སངས་རྒྱས་དང་། །དེ་བཞིན་རྡོ་རྗེ་གཟི་བརྗིད་དང་། །པདྨ་གར་གྱི་དབང་ཕྱུག་དང་། །རྟའི་རྒྱལ་པོའི་དངོས་གྲུབ་ནི། །གང་ཕྱིར་དེ་ལ་དཀའ་བ་མེད། ཅེས་དང་།
སྡོམ་པ་འབྱུང་བ་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །ཀུན་གྱི་བྱེད་པོ་བླ་མ་ཡིན། ཞེས་གསུངས་པའོ།
དེ་ལྟར་མ་ཤེས་པ་ཁ་གཅིག་ན་རེ། བླ་མ་ནི་མན་ངག་ཞུ་བའི་སྒོ་ཙམ་ཡིན་ལ། དངོས་གྲུབ་དང་བྱིན་རླབས་རྣམས་བླ་མ་ལས་བཟང་པའི་ཡི་དམ་ལྷ་ལས་འབྱུང་བར་འདོད་དེ། དེ་ལྟར་སོང་ན་དངོས་གྲུབ་འགྱངས་ནས་འགྲོ་གསུང་།
ཁ་གཅིག་གིས་བླ་མ་ཡུན་རིང་དུ་བརྟེན་ཡང་། གུས་པ་མེད་པས་བླ་མའི་ཡོན་ཏན་མ་གཏོགས་པར། སྐྱོན་འབའ་ཞིག་ཏུ་རྟོགས་ཏེ། དེ་ལྟ་བུའི་གང་ཟག་གི་རྒྱུད་ལ་ཡོན་ཏན་སྐྱེ་བ་ག་ལ་སྲིད། དེས་ན་བླ་མ་ཚུལ་བཞིན་དུ་བརྟེན་ཚུལ་ནི། ཚེ་འདིའི་ཁ་དྲག་དང་། ནོར་ཅུང་ཟད་རེའི་རྗེ་བོ་ལ་ཡང་། ལུས་ཀྱིས་ཕྱག །སྡོན་དུ་ལྡང་བ། ཕོ་ཉ། དམག་ཚོགས་བྱེད། ངག་གིས་ཞེ་པ་བསྟོད་ར་ཆེ་བརྗོད། ཁ་འཛིན་ཤགས་འདེབས་བྱེད། སེམས་ཀྱིས་དེ་མཐོ་ན། རྒྱལ་ན། ལོངས་སྤྱོད་ཆེ་ན། འཁོར་མང་ན་སྙམ་པ་བྱེད་ཐུབ་ན་ལུས་སྲོག་ཀྱང་དེའི་ཕྱོགས་སུ་གཏོང་ཕོད་ཀྱིན་གདའ་བ། བླ་མ་ནི་དེ་དང་ཁྱད་ཆེ་སྟེ། གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་གསུངས་པས། ལུས་དང་ལོངས་སྤྱོད་ཐམས་ཅད་ཀྱིས་བསྙེན་བསྐུར་ཞིང་མཆོད་དགོས་ཏེ།
དཔལ་དོན་དམ་བསྙེན་པ་ལས། ཐུན་མཚམས་གསུམ་དུ་ཤིན་ཏུ་མཉམ་པར་གཞག་པ་ཡི། །ཁ་དང་ལག་པ་རྐང་པ་དག་ནི་བཀྲུ་བྱ་སྟེ། །མེ་ཏོག་ཡང་དག་བླངས་ཏེ་བླ་མའི་སྤྱན་སྔར་ནི། །རྒྱལ་བ་རྣམས་ཀྱི་དཀྱིལ་འཁོར་ཤིན་ཏུ་བཟླུམ་པར་བྱ། ཞེས་ཐུན་མཚམས་གསུམ་དུ་མཎྜལ་ལ་སོགས་འབུལ་བར་གསུངས་ཤིང་།
གསང་འདུས་རིམ་ལྔ་ལས། མཆོད་པ་ཐམས་ཅད་སྤངས་ནས་ནི། །བླ་མའི་མཆོད་པ་རབ་ཏུ་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་གོ་འཕང་ཐོབ་པར་འགྱུར། ཞེས་བླ་མ་མཆོད་པ་མཆོག་ཏུ་གསུངས་ཤིང་།
བླ་མ་ལྔ་བཅུ་པ་ལས། མི་ཟད་དེ་ནི་འདོད་པ་ཡི། །ཅུང་ཟད་ཡིད་འོང་གང་དང་གང་། །ཤིན་ཏུ་ཁྱད་པར་གྱུར་པ་ཉིད། །དེ་དང་དེ་ནི་བླ་མར་དབུལ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་མཆོག་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། ཞེས་པས། རབ་འབྱོར་པ་དང་ལྡན་ན། །ཡོ་བྱད་ཀྱང་བཟང་པ་དང་། རིན་ཐང་ཆེ་བ་དང་། མཁོ་བ་དང་། ཐུགས་སུ་འབབ་པའི་གཡོག་ཕོ་མོ་དང་། གསེར་དངུལ་དང་། རྐང་འགྲོས་དང་། འབྲུ་ལ་སོགས་པ་ཡོ་བྱད། མཆོག་དབུལ་བས། མཆོག་གི་དངོས་གྲུབ་འགྲུབ་ཅིང་ཞར་འབྱུང་དུ་ཐུན་མོང་ཐམས་ཅད་ཀྱང་འགྲུབ་པར་གསུངས་པ་དང་། སྔོན་གྱི་སློབ་དཔོན་མང་པོས་ཀྱང་། བླ་མ་བསྟེན་ཚུལ་མ་ནོར་བ་རྣམས་ལ་དངོས་གྲུབ་མཆོག་དང་། བར་པ་རྣམས་ལ་འབྲིང་དང་། དམན་པ་རྣམས་ལ་ཐ་མ་དང་། བསྟེན་ཚུལ་ནོར་བ་རྣམས་ལ་འབྲས་བུ་མེད་པ་དང་། ཉེས་པ་དུ་མ་བྱུང་བའི་གཏམ་རྒྱུད་རྣམས་ཀྱང་སྐབས་དང་བསྟུན་ཏེ་བླ་མས་བསྟན་པར་བྱ་ཞིང་། སློབ་མས་ཀྱང་ཚིག་སྙན་པ་ཙམ་དུ་མ་བཞག་པར་དོན་ལག་ལེན་ལ་ཅི་ཁེལ་འབད་དོ། །ལུས་ཀྱིས་ཕྱག་བསྐོར་བ། གཡོག་ལ་སོགས་པ་གང་དགོས་རྗེ་བཙུན་མི་ལ་ལྟར་དུ་བྱ། ངག་གིས་བསྟོད་བཀུར་བསྔགས་པ་སོགས་ལ་འབད། སེམས་ཀྱིས་དད་མོས་ཡོན་ཏན་བསྒོམ་པ་སོགས་ཅི་ནུས་བྱ། བདོག་པའི་དངོས་པོ་དབུལ། བཀའ་བཞིན་སྒོ་གསུམ་དགེ་བའི་ཕྱོགས་ལ་འབད་ན་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་རྒྱས་པར་འགྱུར་བ་ཡིན་ནོ།
དེ་ཡང་སེམས་བསྐྱེད་དང་ལྡན་པས་གནས་དབེན་པར་འཁོར་བ་ལ་སྐྱོ་ཤས་དྲག་པོ་སྐྱེད་ལ། སྔར་སྐྱེས་པ་ཐམས་ཅད་ཤི། ད་གཟོད་སྐྱེ་འགྱུར་ཐམས་ཅད་འཆི། །ད་ལྟ་གནས་པའི་དགྲ་གཉེན་གྱི་སྣང་བ་ཐམས་ཅད་འཆི་བ་ལས་མ་འདས། ཤི་ནས་མེད་པར་ཡང་མི་འགྱུར་ཏེ། རིགས་དྲུག་གང་དུ་སྐྱེས་ཀྱང་སྐྱིད་མེད་ཨང་སྙམ་དུ་བསམ་ལ། བདེ་བའི་སྟན་ལ་ལུས་གནད་བཅས་ནས། རང་བདེ་མཆོག་ཞལ་གཅིག་ཕྱག་གཉིས་པ་ཡུམ་དང་གཉིས་སུ་མེད་པར་བསྒོམས་པའི་སྤྱི་བོར་པད་ཟླའི་གནད་ལ། རྩ་བའི་བླ་མ་ཞལ་འཛུམ་མདངས་དང་ལྡན་པ་གཅིག་བསམ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་། ཀ་ཁ་སློབས་པ་ཡན་ཆོད་ཆོས་འབྲེལ་ཡོད་ཚད་ཀྱི་བླ་མ་རྣམས་དེ་ལ་བསྟིམ། བླ་མ་དེ་འོད་དང་འོད་ཟེར་ཅན། མཚན་ཐོས་པ་ཙམ་གྱིས་ཀྱང་ཕྱིར་མི་ལྡོག་པའི་ས་ལ་འགོད་ནུས་པ་དང་། གསོལ་བ་བཏབ་ན་སྨོས་ཅི་དགོས་པ་གཅིག་བསམ། མདུན་དུ་རང་ལ་གནོད་པར་བྱེད་པའི་གདོན། ཚེ་འདིའི་ཕ་མ། གཞི་བདག་རྣམས་ཀྱི་གཙོ་བྱས་པ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལུས་གུས་པས་ཐལ་མོ་སྦྱར། ངག་གུས་པས་གསོལ་བ་འདེབས། ཡིད་གུས་པས་མོས་གུས་རྒྱུན་ཆད་མེད་པར་བྱེད་པར་བསམས་ལ། རང་གི་ངག་ཏུ་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བྱེས་པ་དང་། སེམས་ཅན་ཐམས་ཅད་ཀྱིས་ཀུ་དི་རི་རི་གསོལ་བ་འདེབས་པར་བསམ་ལ། བླ་མ་རིན་པོ་ཆེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་འཛིན་བློས་ཐོངས་པར་བྱིན་གྱིས་བརླབ་ཏུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར། སྒྱུ་ལུས་རྨི་ལམ་འབྱོངས་པར། འོད་གསལ་ཕྱག་ཆེན་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་རྩེ་གཅིག་ཏུ་གསོལ་བ་བཏབ་པར་བྱའོ།
།གཉིས་པ་ཅིར་སྣང་བདེན་མེད་ཀྱི་ལམ་ཁྱེར་ནི། དེ་ལྟར་གསོལ་བ་ནུས་ཚད་བཏབ་པས། སྣང་བ་བདེན་མེད་དུ་ཕྱི་འགྲོ་བ་འབྱུང་། དེ་སོང་པ་དང་། སྣང་ཞིང་སྲིད་པས་བསྡུས་པའི་ཆོས་དགྲ་སྡང་པ། གཉེན་བྱམས་པ་བདག་གཞན་སྣོད་བཅུད་དང་བཅས་པ་ཐམས་ཅད། རང་གི་བློས་བཀོད་བློ་ལ་ཤར་བ་མ་གཏོགས། ཕྱི་རོལ་དོན་ལོགས་སུ་གྲུབ་པ་གཅིག་ཀྱང་མེད། སྣང་གི་འདུག་ཀྱང་བདེན་མེད་ཡིན། གཤིས་བདེན་མེད་གཅིག་ཡིན་པ་ལ། དེར་ངོ་མ་ཤེས་པས་འཁོར་བར་འཁྱམས་པ་ཡིན་སྙམ་དུ་རྩེ་གཅིག་ཏུ་བསྒོམ་ཞིང་མཉམ་པར་བཞག་གོ
།རྗེས་ཤེས་ནི། འགྲོ་བ། འཆག་པ། ཉལ་བ། འདུག་པ། ཟས་ཟ་བ། གོས་གྱོན་པ། གཏམ་སྨྲ་བ་ལ་སོགས་པ་སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ་འཆི་བ་ཡིན། ཅིས་ཀྱང་ཅི་བྱེད་སྙམ་པ་དང་། བླ་མའི་སྣང་བ་དང་མི་འབྲལ་བར་མོས་གུས་དུངས་དུངས་པ་དང་། ངེས་པར་བདེན་མེད་ཡིན་སྙམ་པའི་འདུན་པ་དྲག་པོ་དང་གསུམ་མ་ཡེངས་པར་བསྒོམ་མོ། །དེ་ལྟར་མཉམ་རྗེས་ཐམས་ཅད་དུ་ཉམས་སུ་བླངས་ནས་ནུབ་མོ་གཉིད་ལོག་པས་གཡང་ཆེན་པོ་ལ་ཤོར་བའམ། དགྲའམ་ཁྱིས་བརྡས་པ་ལ་སོགས་པ་རྨི་ལམ་མི་འཚལ་པ་གཅིག་རྨིས། དེ་རྨི་ལམ་དུ་ཤེས། རྨི་ལམ་བདེན་མེད་སྒྱུ་མར་ཤེས། སྒྱུ་མ་སྒྱུ་འཛིན་ཐམས་ཅད་དང་བྲལ་ནས་འོད་གསལ་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་མངོན་དུ་འགྱུར་རོ།
།གཉིས་པ་དབང་པོ་འབྲིང་ནི། དབང་པོ་རབ་ལ་དགེ་སྦྱོར་མ་སྐྱེས་ན། བླ་མ་ལ་ཆོས་སྐུའི་འདུ་ཤེས་མ་སྐྱེས། མོས་གུས་ཀྱི་རྩོལ་བ་ཞན་པའི་སྟོབས་ཀྱིས་དབང་པོ་འབྲིང་དུ་སོང་བ་ཡིན་ནོ། །དེ་ལ་ཅིའི་ཕྱིར་ཚིག་གཞན་གྱིས་བར་མ་ཆོད་པར་ཁྲིད་པ་ཞེ་ན། མི་དགེ་བའི་ཚིག་བརྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ་རྣམས་ལྟ་ཅི་སྨོས། ལུང་མ་བསྟན་དང་། དགེ་བའི་ཚིག་མདོ་འདོན་པ་དང་སྔགས་འདྲེན་པ་ལ་སོགས་པའང་རེ་ཤིག་བཞག་ནས། དྲན་འདུན་རྩེ་གཅིག་ཏུ་གཏོང་བ་ཡིན་ནོ། །དེ་ལ་ཚེ་འདི་བློས་གཏོང་བའི་ཐབས་འཆི་བ་མི་རྟག་པ་བཅོས་མ་མ་ཡིན་པ་དྲན་པ་དང་། སྣང་བ་ཐམས་ཅད་རང་གི་སེམས་སུ་ཤེས་པ་དང་། སེམས་སྒྱུ་མ་རྨི་ལམ་དང་འདྲ་བར་ཤེས་པ་ལ་ཡིད་ཆེས་ཤིང་ངེས་ཤེས་བསྐྱེད་པར་བྱེད་པའི་ཐབས་མདོ་རྒྱུད་སོགས་ཀྱི་ལུང་དང་། གཏམ་བརྒྱུད་ལ་སོགས་པ་ཞིབ་དུ་གསུངས་པ་ནི། བླ་མའི་ཞལ་ལས་ཤེས་པར་བྱའོ།
།དེ་ལ་གཉིས། དང་པོ་རང་ལུས་སྣང་སྟོང་ལྷའི་སྐུ་ལམ་ཁྱེར་ནི། སེམས་བསྐྱེད་དང་བླ་མའི་རྣལ་འབྱོར་བསྒོམས་ལ། གོང་བཞིན་གསོལ་བ་བཏབ་པས། སྣང་བ་བདེན་མེད་དུ་ཕྱམ་སོང་པ་དང་། རང་བདེ་དགོ་དུ་བསྒོམས་པའི་སྐུ་མདོག་ཕྱག་མཚན། རྒྱན་ཆ་ལུགས་རྣམ་པ་བཞུགས་ཚུལ་དང་ལྡན་པ། སྣང་པ་གཟུགས་སུ་གྲུབ་པ། རེག་པ་གཟུགས་སུ་མ་གྲུབ་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ་འདི། རང་གི་བློས་བཀོད་རང་གི་སེམས་ལ་ཤར་བ་མ་གཏོགས་པ་ཕྱི་རོལ་ན་དོན་དུ་གྲུབ་པ་ཅུང་ཟད་ཀྱང་མེད། སྣང་ནི་སྣང་། རྫས་སུ་ནི་མི་བདེན། འདི་ཀ་རྨི་ལམ་ཡིན། སྒྱུ་མ་ལྟ་བུ་ཡིན་སྙམ་དུ་བསམ་མོ།
།གཉིས་པ་ཅིར་སྣང་སྒྱུ་མའི་ལམ་ཁྱེར་ནི། ཕྱི་སྣོད་ཀྱི་འཇིག་རྟེན་པ་ཆུ་མེ་རླུང་། ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ། རི་ར་བ་ཁང་ཁྱིམ། རྩིག་པ་རེ་ལྡེ། ནང་བཅུད་ཀྱི་སེམས་ཅན་སྐྱེས་པ་བུད་མེད། དགྲ་གཉེན། དུད་འགྲོ་ལ་སོགས་པ་སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད། རང་གི་བློས་བཀོད་སེམས་ལ་ཤར་བ་མ་གཏོགས་པ། ཕྱི་རོལ་ན་དོན་ལོགས་སུ་གྲུབ་པ་གཅིག་ཀྱང་མེད། སྣང་ནི་སྣང་། བདེན་ནི་མི་བདེན། འདི་རྣམས་རྨི་ལམ་ཡིན། སྒྱུ་མ་ལྟ་བུ་ཡིན། སྙམ་དུ་རྩེ་གཅིག་ཏུ་བསྒོམ་མོ།
།རྗེས་ཤེས་ནི། སྤྱོད་ལམ་ཐམས་ཅད་དུ་འཆི་བ་ཡིན་སྙམ་པ་དང་། བླ་མའི་མོས་གུས་དང་། ཁྱད་པར་དུ་འགྲོ་འཆག་ཉལ་འདུག་ཟས་གོས་གཏམ་སྙན་མི་སྙན་ལ་སོགས་པ། ཆགས་སྡང་གི་ཡུལ་དང་། ཕྲད་པའི་ཚེ། ང་གཉིད་དུ་སོང་འདུག །འདི་རྨི་ལམ་གྱི་འགྲོ་འདུག་དང་། རྨི་ལམ་གྱི་ཆགས་སྡང་ལ་སོགས་པར་འདུག་སྙམ་དུ་བསམས་ལ། ངག་དུ་ཡང་སྒྱུ་མ་རྨི་ལམ་བརྗོད། སེམས་ཀྱིས་ཀྱང་སྒྱུ་མ་རྨི་ལམ་གྱི་རྩིས་ཟིན་པར་བྱས་པས་ཅི་བྱས་ཐམས་ཅད་དགེ་སྦྱོར་དུ་འགྲོ་བ་ཡིན་ནོ།
།གསུམ་པ་དབང་པོ་ཐ་མ་མལ་གཅིག་ཏུ་ཏིང་ངེ་འཛིན་བསྐྱེད་པ་ནི། དབང་པོ་རབ་འབྲིང་གཉིས་ལ་དགེ་སྦྱོར་མ་སྐྱེས་ན། བླ་མ་ལ་ཆོས་སྐུའི་འདུ་ཤེས་མ་སྐྱེས་མོས་གུས་དང་འདུན་པ་ཞེན་པའི་སྟོབས་ཀྱིས་དབང་པོ་ཐ་མར་སོང་པ་ཡིན་ནོ།
།མལ་གཅིག་ཏུ་ཏིང་ངེ་འཛིན་བསྐྱེད་པ་ནི། སད་བཞི་སྤངས་ནས་མལ་གྱི་དྲོད་མ་ཤོར་བར་བྱས་ནས་བསྒོམ་པའོ།
།སད་བཞི་ནི་འགྲོ་འདུག་མང་པོ་དགེ་སྦྱོར་གྱི་སད། འཕོ་སྐྱས་མང་པོ། བློ་སྣ་མང་པོ། ལོང་ལྟམ་མང་པོ་དགེ་སྦྱོར་གྱི་སད་དོ། །དེ་ལ་གཞི་ལས།
དང་པོ་འགྲོ་དྲུག་སྒྱུ་མར་འཆར་བྱེད་ནི། བླ་མའི་རྣལ་འབྱོར་བསྒོམ་ལ། བདག་འཛིན་དགོས་མེད་སྒྱུ་ལུས་འབྱོངས་པར་བྱིན་གྱིས་རླབས་ཏུ་གསོལ། ཞེས་གསོལ་བ་བཏབ། ལུས་གནད་བཅས་ལ། རང་ཡི་དམ་དུ་བསྒོམས་པའི་ལྟེ་འོག་ཏུ་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ། འོད་ཀྱི་རང་བཞིན་ཅན་ཅིག་གི་ནང་དུ། དམྱལ་བ་ལ་སོགས་པའི་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་འོད་དུ་ལྟེམ་བསམས་ནས། འོག་རླུང་བསྐུམ་ནས། འགྲོ་དྲུག་གི་སེམས་ཅན་འདི་རྣམས་མི་བདེན་པ་ལ་བདེན་པར་བཟུང་པས་འཁོར་བ་འབའ་ཞིག་ཏུ་འཁྱམས་པ་སྙིང་རེ་རྗེ། འདི་ཐམས་ཅད་སྣང་ནི་སྣང་། བདེན་ནི་མི་བདེན། འདི་ཀ་རྨི་ལམ་ཡིན། སྒྱུ་མ་ལྟ་བུ་ཡིན་སྙམ་དུ་བསམ་མོ།
།རྗེས་ཤེས་ནི་སྔར་ལྟར་རོ། །འདུན་པས་སྟེང་རླུང་མནན་པ་བཞིན་སོང་ནས་དྲོད་སྐྱེའོ། །མོས་གུས་དང་འདུན་པས་རྒྱབ་ཕུལ་ནས་སྒྱུ་མ་རང་ཤར་དུ་མི་འབྱུང་མི་སྲིད་དོ།
།གཉིས་པ་ནད་གདོན་སྒྱུ་མའི་ལམ་ཁྱེར་ནི། རང་ལ་ན་ཚ་དང་གདོན་གནོད་ན། ནད་གདོན་ཐམས་ཅད་བདེན་མེད་སྒྱུ་མ་རྨི་ལམ་དུ་བསྒོམ། ཁྱད་པར་གདོན་ལ་ནི། གང་གནོད་པ་དེ་རླུང་ནང་དུ་འཇུག་པ་དང་གདོངས་ནས་སྐེད་པ་ཉག་བྱས་ཆོས་འབྱུང་ཁ་བསྡུས་ནས་འཁྲུལ་འཁོར་བྱ། གདོན་སྒྱུ་མར་བསྒོམས་པས། གནོད་བྱེད་དེས་འགྲོ་དྲུག་གི་སྡུག་བསྔལ་མྱོང་ཞིང་། སྡིག་པ་ལ་འགྱོད་པ་སྐྱེས་ནས་གནོད་སེམས་ཞི་སྟེ། རླུང་ཕྱིར་འགྲོ་བ་དང་སྡོངས་ནས་མདུན་དུ་ཐོན་པ་ལ། ལན་ཆགས་གཏོར་མ་བྱིན་ལ་མི་དམིགས་པར་བྱའོ།
།གསུམ་པ་འཆར་བྱེད་ཡོན་ཏན་ཚོགས་དྲུག་ནི། འོག་རླུང་བསྐུམ་པས་དྲོད་སྐྱེ་ཞིང་དེས་ཐིག་ལེ་ཐུབ་པ་དང་། སྒྱུ་མ་རང་ཤར་དང་། རྨི་ལམ་རང་ཟིན་དང་། སྦྱོང་སྤེལ་དང་། ཡུལ་སྣང་དང་། འགྲོ་དྲུག་གི་སྨིན་གྲོལ་སོགས་འབྱུང་ངོ་།
།གཞི་པ་ཞེན་མེད་སྒྱུ་མ་རང་ཤར་ནི། དེ་ལྟར་མཉམ་རྗེས་ཐམས་ཅད་དུ་ཆགས་སྡང་ལ་སོགས་པ་ཅིར་སྣང་ཐམས་ཅད་ལ་གཉེན་པོ་བསྟེན་ཞིང་བསྒོམས་པས། བདེན་འཛིན་གྱི་དྲི་མ་ཐམས་ཅད་དང་བྲལ་ཞིང་། སྣང་བ་བདེན་མེད་སྒྱུ་མར་ཤར་ནས་གཡས་ནས་བསྟོད་པ་དང་ཙན་དན་གྱི་བྱུགས་པ་ལ་དགའ་བ་མེད། གཡོན་ནས་དམོད་པ་དང་མི་གཙང་པ་བྱུགས་པ་ལ་མི་དགའ་བ་མེད། དགག་སྒྲུབ་དང་བླང་དོར་མེད་པ་ཆགས་སྡང་ཐམས་ཅད་ལས་གྲོལ་ནས། སྒྱུ་མ་རང་ཤར་དང་ཆགས་སྡང་རང་གྲོལ་དུ་འཆར་བར་འགྱུར་རོ།

།གསུམ་པ་རྨི་ལམ་ཉིད་འཁྲུལ་རང་དག་ནི།
།གང་གིས་བསམ་པ་ཐམས་ཅད་ཡོངས་སྤངས་ནས། །རྨི་ལམ་འདུན་པའི་གནད་ལ་འབྲལ་མེད་བྱ། །ཉིང་འཁྲུལ་རང་དག་སྒྱུ་མ་ལམ་རིམ་གྱིས། །ཡོན་ཏན་ཉིན་མཚན་དུས་སུ་རང་ཤར་འབྱུང་། ཞེས་གསུངས་ཏེ།
འདི་ལ་གསུམ། མཚན་ཉིད་བསྡུས་ཏེ་སྤྱིར་བསྟན་པ་དང་། དམིགས་པའི་བྱེ་བྲག་སོ་སོར་བཤད་པ་དང་། གེགས་སེལ་བསྟན་པའོ།
དང་པོ་ནི། གང་གི་མི་དགེ་བ་དང་། ལུང་དུ་མ་བསྟན་པའི་ཚེ་འདིའི་བསམ་པ་ཐམས་ཅད་ཡོངས་སུ་སྤངས་ནས། རྨི་ལམ་འདུན་པའི་གནད་ཡིན་པས། འོག་ནས་འབྱུང་བའི་དམིགས་པ་རྣམས་ལ་སྐད་ཅིག་ཀྱང་འབྲལ་བ་མེད་པར་ཉམས་སུ་བླང་བར་བྱ། དེ་ཉིང་འཁྲུལ་རྩ་བ་ནས་རང་སར་དག་ནས། སྒྱུ་མ་ལམ་རིམ་གྱི་གཞུང་ནས་བཤད་པའི་ལམ་གྱི་རྟགས་དང་ཡོན་ཏན་རྣམས། ཉིན་མཚན་གཉིས་ཀྱི་དུས་སུ་ཅི་རིགས་པ་རང་ཤར་དུ་འབྱུང་ངོ་།
།གཉིས་པ་དམིགས་པའི་བྱེ་བྲག་སོ་སོར་བཤད་པ་ནི། རྨི་ལམ་བཟུང་བ། སྦྱང་པ། སྤེལ་བ། སྤྲུལ་བ། བསྒྱུར་བ། ཡུལ་སྣང་ངོ། ཞེས་གསུངས་ཏེ། དེ་ལ་དྲུག་ལས།
དང་པོ་རྨི་ལམ་བཟུང་བ་ལ་གཉིས་ལས།
དང་པོ་རང་ཟིན་ནི། སེམས་བསྐྱེད་བླ་མའི་རྣལ་འབྱོར་བསྒོམས་ལ། བདག་འཛིན་དགོས་མེད། རྨི་ལམ་ཟིན་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་ལ། རང་ཡི་དམ་དུ་བསམས་པའི་སྤྱི་བོར་ཧཾ་ལས་ཐིག་དཀར་པོ་གཅིག་ཆད་སྙིང་ཁར་བྱུང་བས་གཏི་མུག་དག །གསང་གནས་ཀྱི་ཧཱུྃ་ལས་ཐིག་ལེ་དམར་པོ་གཅིག་ཆད། སྙིང་ཁར་བྱུང་བས་འདོད་ཆགས་དག ཞེ་སྡང་རང་དག་ཡིན། ཐིག་ལེ་གཉིས་པོ་སྙིང་ཁར་སྒོར་རོ་རོ་འཁོར་བ་བུམ་དབང་། གཅིག་ལ་གཅིག་རེག་པ་གསང་དབང་། རེག་པས་བདེ་བ་འབྱུང་པ་ཤེས་རབ་ཡེ་ཤེས། གཅིག་ལ་གཅིག་ཐིམ་པས་འོད་དུ་ཡལ་སོང་པ་དེ་དབང་བཞི་པ་སྟེ།
ཐིག་ལེ་དབང་བཞིའི་གནད་དོ། །དེ་ཡང་འཁོར་བ་ལ་ཤེས་པ་གཏད་ལ། གཉིད་དུ་སོང་འདུག །རྨི་ལམ་ཡིན། སྒྱུ་མ་ལྟ་བུ་ཡིན་ནོ། །ངེས་པ་རང་དུ་གཉིད་དུ་སོང་འདུག་སྙམ་པའི་དྲན་འདུན་རྩེ་གཅིག་ཏུ་བཏང་ངོ་།
།རྗེས་ཤེས་ནི། རྨི་ལམ་གྱི་འགྲོ་འཆག་ལ་སོགས་པ་སྔར་ལྟར་རོ། དེ་ལྟར་མཉམ་རྗེས་ཐམས་ཅད་དུ་ཉམས་སུ་བླངས་ནས་གཉིད་དུ་འགྲོ་ཁར་ཐིག་ལེ་གཉིས་གཅིག་ལ་གཅིག་ཐིམ་ནས། མཐར་འོད་དུ་ཡལ་སོང་བའི་མི་རྟོག་པའི་ངང་ལ་རྨི་ལམ་བཟུང་ངོ་།
།དེ་ལ་གཉིས་ལས། འཇམ་འཛིན་ནི། རྨི་ལམ་དུ་འདུག་སྙམ་པ་དང་། གཉིད་ཐུམ་ཕྲས་མང་པོ་འབྱུང་ངོ་།
།རྩུབ་ཟིན་ནི། གཡང་ཆེན་པོ་ལ་ཤོར་བའམ། མིའམ། ཁྱིས་དེད་པ་ལ་སོགས་པ་དྲེད་དང་ངས་པ་ཆེན་པོ་གཅིག་རྨིས་ཏེ་རྨི་ལམ་དུ་ཤེས། རྨི་ལམ་བདེན་མེད་སྒྱུ་མར་ཤེས། སྒྱུ་མ་སྒྱུ་འཛིན་དང་བྲལ་ནས་འོད་གསལ་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་མངོན་དུ་འགྱུར་རོ། །དེ་ལ་ཉིན་མོའི་དགེ་སྦྱོར་གྱི་ཤུགས་མེད་ན་ནུབ་མོ་རྨི་ལམ་མི་ཟིན་པས། ཉིན་པར་འདུ་འཛི་དང་གཡེང་བ་མེད་པར་མོས་གུས་དང་འདུན་པ་དྲག་པོས་ཉམས་སུ་བླངས་པས། རྨི་ལམ་རང་ཟིན་མི་འབྱུང་མི་སྲིད་པའི་གནད་དོ།
།གཉིས་པ་གནད་འཆུག་མེད་ལ་དགུ་སྟེ། དུས་ཀྱི་གནད་གསུམ་ནི། ཐོ་རངས། ནམ་ལངས། ཉི་ཤར་རོ། །ལུས་ཀྱི་གནད་གསུམ་ནི། སྐྱིལ་ཀྲུང་། ཙོག་པུ། སེང་གེའི་ཉལ་སྟབས་སོ། །དམིགས་པའི་གནད་གསུམ་ནི། རྟོག་མེད་ལ་བཟུང་བ་གཉིས་དང་། རྟོག་བཅས་ལམ་དུ་འཁྱེར་བའོ།
།དང་པོ་ནི། གསོལ་བ་གོང་ལྟར་བཏབ་ལ། སྟེང་རླུང་ཐིག་ལེ་དཀར་བ་དང་འགྲོགས། འོག་རླུང་ཐིག་ལེ་དམར་བ་དང་འགྲོགས་ཏེ་ལྟེ་བར་བྱུང་། ཐིག་ལེ་གཉིས་པོ་ལྟེ་བར་འགྲོས་འདེད་ཀྱི་ཚུལ་དུ་འཁོར་བ་ལ་སེམས་གཏད་ལ་རླུང་ཁ་སྦྱར་ལ་རྨི་ལམ་སྒྱུ་མའི་དྲན་འདུན་བཏང་ངོ་། །གཉིད་དུ་འགྲོ་ཁར་ཐིག་ལེ་དཀར་བ་སྣ་བུག་གཡས་ན་ཐོན། དམར་བ་གཡོན་ནས་ཐོན་སྨིན་ཕྲག་ཏུ་འཁོར་བ་ལ་དྲན་འདུན་བཏང་སྟེ། དེ་གཉིས་འདུན་དུ་ཐོན་པ་ལས་བདེ་མཆོག་ཡབ་ཡུམ་དུ་བསྒོམ་པ་ལ་དྲན་འདུན་བཏོང་། དེ་ནས་ཡབ་ཡུམ་ལ་ཐིམ། ཡབ་འོད་དུ་ཡལ་སོང་པའི་མི་རྟོག་པའི་ངང་ལ་རྨི་ལམ་བཟུང་ངོ་།
།གཉིས་པ་དེས་ཀྱང་མ་ཟིན་ན་གསོལ་བ་གོང་ལྟར་བཏབ་ལ། རང་བདེ་མཆོག་ཏུ་བསྒོམས་པའི་ཐུགས་ཀར་བླ་མ་འོད་ཀྱི་རང་བཞིན་ཅན་ཅིག་བསམ། དེའི་ཐུགས་ཀར་ཧཱུྃ་དཀར་པོ་ཅིག་བསམས་ལ། ཁྱད་པར་དུ་ཧཱུྃ་དང་བླ་མ་ལ་སེམས་གཏད་ནས་དྲན་འདུན་རྩེ་གཅིག་ཏུ་བཏང་ངོ་། །གཉིད་དུ་འགྲོ་ཁར་ཡི་དམ་བླ་མ་ལ་ཐིམ། བླ་མ་ཧཱུྃ་ལ་ཐིམ། ཧཱུྃ་འོད་དུ་ཡལ་སོང་པའི་མི་རྟོག་པའི་ངང་ལ་རྨི་ལམ་བཟུང་ངོ་།
།གསུམ་པ་ནི་རྨི་ལམ་གྱི་གནས་མགྲིན་པ། རྨི་ལམ་གྱི་རྒྱུ་ཡི་གེ་ཨོཾ། རྨི་ལམ་ཟིན་པར་བྱེད་པའི་རྒྱུ་གཉིད་དང་རྨི་ལམ་གྱི་བར་གྱི་རྟོག་པའོ། །དེའང་གསོལ་བ་གོང་ལྟར་བཏབ་ལ། ཉིན་པར་སྔར་གྱི་དམིགས་པའམ། ཡང་ན་དེ་ལས་བོགས་འདོན་པའི་ཕྱིར། འདུན་པ་རྐྱང་པས་འཛིན་པ་ཡིན་བས། མཉམ་རྗེས་ཐམས་ཅད་དུ་དྲན་སྣང་རྟོག་པའི་རི་མོ་བྱུང་ཚད་སྒྱུ་མ་རྨི་ལམ་དུ་ཐག་བཅད་ཅིང་འདུན་པ་དྲག་པོ་རྒྱུན་མ་ཆད་པར་བྱས་ལ། ནུབ་མོ་གཉིད་དུ་འགྲོ་ཁར་གཉིད་དུ་མ་སོང་པའི་སྣང་པ་འགགས། རྨི་ལམ་རགས་པ་མ་ཤར་བའི་གཉིད་དང་རྨི་ལམ་གྱི་བར་དེར་མ་ཡེངས་པར་བྱས་ནས། རྨི་ལམ་ཡིན་སྙམ་པའི་འདུན་པ་ཡང་ཡང་བཏང་པས་ལྷ་སྐུའམ། མེའམ་ཆུ་ལ་སོགས་པའི་རྟོག་པ་རབ་རིབ་འབྱུང་སྟེ། རྟོག་པ་གང་བྱུང་པ་དེ་རྨི་ལམ་གྱི་རྒྱུ་ཡིན་པས་དེ་རྨི་ལམ་དུ་ངོས་ཟིན་པར་བྱས་པས། ཁབ་མིག་ཏུ་སྐུད་པ་འཛུལ་བ་ལྟར་རྨི་ལམ་མུ་འབྱོར་བར་འགྱུར་རོ། །དེའི་དུས་སུ། མིག་མི་འབྱེར་པར་འོག་རླུང་བསྐུམ་ལ་གང་ཟིན་པ་དེ་མང་པོ་དཔག་ཏུ་མེད་པར་སྤྲུལ་ནས། འདུན་པ་དྲག་པོ་བྱས་པས་རྨི་ལམ་ཟིན་མ་ཐོག་སད་འབྱམས་སུ་མི་འགྲོ་ཞིང་། སྦྱོང་སྤེལ་ཡུན་རིང་དུ་བྱར་འབྱུང་ངོ་། །དེས་རྨི་ལམ་རྨིས་ཚད་ཟིན། ཟིན་ཚད་སྦྱོང་སྤེལ་དུ་འབྱུང་ངོ་།
།གཉིས་པ་སྦྱང་པ་ལ་གཞི་ལས།
དང་པོ་སེམས་ཀྱིས་ལུས་སྦྱང་པ་ནི། བླ་མའི་རྣལ་འབྱོར་བསྒོམས་ལ། བདག་འཛིན། དགོས་མེད། སྒྱུ་ལུས་རྨི་ལམ་འབྱོངས་པར་གསོལ་བ་བདབ། རང་ཡི་དམ་དུ་བསྒོམས་ལ། གཡང་ངམ། མཁར་རྩེ་ལྟ་བུར་ཕྱིན་པར་བསམས་ལ། ཡ་ང་རྟིང་བ་ལྟ་བུས་གཡང་ཟར་བཅུག་སྟེ། ང་གཉིད་དུ་སོང་འདུག །འདི་རྨི་ལམ་གྱི་གཡང་དང་འཇིགས་པར་འདུག །རྨི་ལམ་ལ་བདེན་པར་གྲུབ་པ་མེད། གང་སྦྱངས་སྦྱང་ཡིན་སྙམ་དུ་བསམས་ལ་ས་ལ་མར་ཆད་ཀྱིས་ལྷུང་དུ་བཞུག །ཡར་བྱུང་པ་དང་ལྷ་སྐུའི་ཕྲེང་བ་རྒྱུན་མི་འཆད་པ་སྣང་ལ་རང་བཞིན་མེད་པར་འཇའ་ཚོན་ལྟ་བུར་བསྒོམས་ལ། རྨི་ལམ་སྒྱུ་མའི་འདུན་པ་དྲག་པོ་བཏང་། དེ་ཁོ་ན་ལྟར་ཡང་ཡང་བསྒོམ་མོ།
།གཉིས་པ་ལུས་ཀྱིས་སེམས་སྦྱངས་པ་ནི། བླ་མའི་རྣལ་འབྱོར་གོང་ལྟར་བསྒོམས། རང་གི་ལུས་ཀྱི་ཚིགས་ཐམས་ཅད་ལ་ཡི་དམ་ལྷའི་ས་བོན་ཧཱུྃ་སྔོན་པོ་རེ་རེ་བསམ། དེ་ཐམས་ཅད་འོད་དུ་ཞུ་བ་ལས་ཤ་རུས་ནད་གདོན་སྡིག་སྒྲིབ་ལ་སོགས་པ། ལས་དང་རྣམ་པར་སྨིན་པའི་སྒྲིབ་པ་ཐམས་ཅད་སྦྱངས་ནས། ཡི་དམ་གྱི་ལྷ་སྣང་ལ་རང་བཞིན་མེད་པ་འཇའ་ཚོན་ལྟ་བུར་བསྒོམས་ལ། ལྷ་སྐུ་འདི་ཀ་རང་གི་སེམས་རིག་པ་ཙམ་པོ། རང་བཞིན་སྐྱེ་བ་མེད་པ། མཚན་ཉིད་འགག་པ་མེད་པ། ཟུང་འཇུག་བདེ་བ་ཆེན་པོའི་རང་བཞིན་དུ་བསམས་ནས། གསལ་སྟོང་འཛིན་མེད་སྒྱུ་མ་རང་ཤར་གྱི་ངང་ལ་བཞག་གོ
།གསུམ་པ་བདག་མེད་མས་སྦྱང་བ་ནི། བླ་མའི་རྣལ་འབྱོར་གོང་ལྟར་བསྒོམ། རང་ཡི་དམ་དུ་གནས་པའི་རྩེ་མོ་ལ་ཧཱུྃ་སྔོན་པོ་འོད་འཕྲོ་བ་གཅིག་བསམ། མདུན་དུ་བདག་མེད་མ་སྔོན་མོ་གྲི་ཐོད་ཅན་གྱི་གསང་གནས་སུ་ཨོཾ་ཨཱཿསྭཱ་ཧཱ་དམར་བ་ལ་དམིགས་ནས་བཟླས་པ་བྱས་པས། སྔགས་ལས་འོད་ཟེར་བ་ཐག་གི་རྣམ་པ་ལྟ་བུ་ནར་གྱིས་བྱུང་ནས་ཧཱུྃ་ལ་ཕོག་པ་དང་། འོད་ཀྱི་རྣམ་པ་ལྟ་བུར་སོང་ནས་རང་གི་གསང་གནས་ན་ཡར་བ་ཐག་གི་རྣམ་པ་ལྟ་བུ་སོང་ནས། རྩ་ལམ་ཐམས་ཅད་སྦྱངས་ལུས་འོད་ཀྱི་གའུ་ལྟ་བུར་བདེ་སིང་གིས་སོང་བར་བསམ་ཞིང་བདུན་པ་བྱ། ཡང་བདག་མེད་མ་ལ་དམིགས་ནས་བཟླས་པ་བྱས་པས། བདག་མེད་མ་འོད་དུ་ཞུ་ནས་རང་གི་གསང་གནས་ན་ཡར་ཞུགས་ནས་ལུས་ཐམས་ཅད་ལ་ཁྱབ་པ་དང་། ལུས་འོད་དུ་སྔོ་ཡལ་གྱི་ཡལ་ནས་སྟོང་སང་གིས་སོང་ནས། ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲིན་མེད་པའི་ནམ་མཁའ་ལྟ་བུར་བསྒོམ། དེའི་ངང་ལས་ལྷ་སྐུ་སྒྱུ་མ་ལྟ་བུར་ལངས་ལ། གསལ་སྟོང་འཛིན་མེད་སྒྱུ་མ་རང་ཤར་ལ་བཞག་གོ
།བཞི་པ་འདུན་པས་སྦྱང་བ་ནི། བླ་མའི་རྣལ་འབྱོར་གོང་ལྟར་བསྒོམས་ལ་གསོལ་བ་དྲག་པོ་བཏབ་པས། སྣང་པ་བདེན་མེད་དུ་ཕྱམ་སོང་བ་དང་། ང་གཉིད་དུ་སོང་འདུག །ངའི་རྣམ་སྨིན་གྱི་ལུས་མལ་ན་ཡོད་པ་ཡིན། ལུས་འདི་ཡིད་ཀྱི་ལུས་སུ་འདུག །སྣང་པ་འདི་རྨི་ལམ་གྱི་སྣང་པར་འདུག་རྨི་ལམ་གྱི་སྣང་པ་དང་ཡིད་ཀྱི་ལུས་ལ་ཇི་ལྟར་སྦྱངས་སྦྱངས་ཡིན་སྙམ་དུ་བསམས་ནས། འབྱུང་བཞི་ཕྲ་རགས་དང་སེམས་ཅན་ཕྲ་རགས་ཐམས་ཅད་ལ་ཕར་ཐལ་ཚུར་ཐལ། ཡར་ཐལ་མར་ཐལ་དུ་སྦྱང་ངོ་། ཁྱད་པར་དུ་ཅིར་སྣང་ཐམས་ཅད་ལ་སྦྱང་ངོ་།
།གསུམ་པ་སྤེལ་བ་གཉིས། ཐུག་ཕྲད་དུ་སྤེལ་བ་དང་། གང་འདུལ་དུ་སྤེལ་བའོ།
།དང་པོ་ལ་བཞི་ལས། དང་པོ་འབྱུང་བཞི་ཕྲ་བ་ལ་སྤེལ་བ་ནི། གསོལ་བ་བཏབ་པས་སྣང་བ་བདེན་མེད་དུ་ཕྱམ་སོང་བ་དང་། ང་གཉིད་དུ་སོང་འདུག །ཡིད་ལུས་དང་རྨི་ལམ་གྱི་སྣང་པ་ལ་ཇི་ལྟར་སྤེལ་སྤེལ་ཡིན་སྙམ་དུ་བསམས་ནས། འབྱུང་བཞི་ཕྲ་བ་རེ་རེ་ལའང་གཅིག་ལས་བཅུ། བཅུ་ལས་བརྒྱ་སྟོང་ཁྲི་འབུམ་ལ་སོགས་པར་སྤེལ་ཞིང་། ས་གཞི་དང་བར་སྣང་ཁེངས་པར་བསམ་མོ། །གཉིས་པ་འབྱུང་བ་རགས་པ་ལ་སྤེལ་བ་དང་། གསུམ་པ་སེམས་ཅན་ཕྲ་བ་ལ་སྤེལ་བ་དང་། བཞི་པ་སེམས་ཅན་རགས་པ་ལ་སྤེལ་བའང་དེ་བཞིན་དུའོ།
།གཉིས་པ་གང་འདུལ་བ་ལ་གཉིས་ལས།
དང་པོ་འཇིག་རྟེན་པའི་གང་འདུལ་ནི། བྱི་བ་འདུལ་བ་ལ་བྱི་ལ། བྱེའུ་ལ་ཁྲ། ཁྱི་ལ་སྤྱང་ཀི །སྤྱང་ཀི་ལ་སྟག །སྟག་ལ་སེང་གེ །མི་ལ་སྲིན་པོ་ལ་སོགས་པ་གང་ལ་གང་འདུལ་དུ་སྤྲུལ་ཞིང་། དེར་སྤེལ་ནས་འདེད་པ་དང་། ཟ་བ་ལ་སོགས་པའི་སྒོ་ནས་འདུལ་བར་བྱའོ།
།གཉིས་པ་འདས་པའི་གང་འདུལ་ནི། ཀླུ་འདུལ་བ་ལ་ཁྱུང་། རྒྱལ་པོ་ལ་རྟ་མགྲིན། ཀླུ་བདུད་དང་ཀླུ་སྲིན་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའ། སྲིན་པོ་དང་གནོད་སྦྱིན་ལ་སོགས་པ་ལ་ཕྱག་ན་རྡོ་རྗེ་ལ་སོགས་པའི་སྒོ་ནས་བརྟུལ་བས། སྲོག་སྔགས་འབུལ་ཞིང་བཀའ་འབངས་བྱེད་པ་ལ་སོགས་པ་འབྱུང་ངོ་།
།བཞི་པ་སྤྲུལ་པའང་དེ་བཞིན་ནོ།
།ལྔ་པ་བསྒྱུར་བ་ལ་བཞི་ལས།
དང་པོ་འབྱུང་བཞི་ཕྲ་རགས་སུ་བསྒྱུར་བ་ནི་གསོལ་འདེབས། བདེན་མེད། ཡིད་ལུས། རྨི་ལམ་གྱི་སྣང་པ་དང་ལྡན་པས། ས་ལ་ཆུར། ཆུ་ལ་སར། དེ་བཞིན་དུ་ཆུ་ལ་མེར། མེ་ལ་རླུང་དུ་བསྒྱུར་རོ། །དེ་རྣམས་ཀྱང་ཕྲ་བ་ལས་རགས་པ། རགས་པ་ལས་ཕྲ་བར་བསྒྱུར་རོ།
།གཉིས་པ་སེམས་ཅན་ཕྲ་རགས་སུ་བསྒྱུར་བའང་དེ་བཞིན་ནོ།
།གསུམ་པ་ལྷ་སྐུ་སྣ་ཚོགས་སུ་བསྒྱུར་བ་ནི། ལྷ་སྐུ་སྔོན་པོ་ལས་དཀར་པོ། དཀར་པོ་ལས་སེར་པོ། དེ་ལས་དམར་པོ་ལ་སོགས་པ་དང་། ཞལ་ཕྱག་མང་ཉུང་དུ་བསྒྱུར་བར་བྱའོ།
།བཞི་པ་སྣང་སྟོང་ཞེན་བྲལ་དུ་བསྒྱུར་བ་ནི། ལྷ་སྐུ་དེ་རྣམས་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ། སྣང་ལ་རང་བཞིན་མེད་པ། བཟུང་འཛིན་གྱི་བློ་ལ་སོགས་པ་ཞེན་པའི་དྲི་མ་ཐམས་ཅད་དང་བྲལ་བ། མ་འདྲེས་མ་ཡོངས་སུ་རྫོགས་པ། གསལ་སྟོང་འཛིན་མེད་སྒྱུ་མ་རང་ཤར་དུ་རྟོགས་པར་བྱའོ། །དེ་དག་སྒྲིལ་ནས་ཉམས་སུ་ལེན་པ། སྒྱུ་ལུས་གདན་ཐོག་གཅིག་མ་ལ། གསོལ་འདེབས་བཞི་ལ་འདུན་པ་བརྒྱད། དེ་ལ་གསོལ་འདེབས་བཞི་ནི་གོང་བཞིན་ནོ།
།འདུན་པ་བརྒྱད་ནི། འཆི་ངེས་སྙམ་པ་དང་། མོས་གུས་དང་། གཉིད་དུ་སོང་འདུག་སྙམ་པ་དང་། རྨི་ལམ་དུ་འདུག་སྙམ་པ་དང་། སྦྱང་བ་དང་། སྤེལ་བ་དང་། སྤྲུལ་བ་དང་། བསྒྱུར་བའོ།
།མདོར་ན་སྒྱུ་ལུས་དབང་པོ་འབྲིང་གི་སྟེང་དུ། སྒྱུ་ལུས་རྨི་ལམ་གཉིས་གདན་ཐོག་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་པ་ཡིན་ཏེ། རྒྱུན་གྱི་ཉམས་ལེན་ཡིན་ནོ།
།དྲུག་པ་ཡུལ་སྣང་ལ་བཞི་སྟེ།
དང་པོ་དབང་པོ་རབ་དམིགས་མེད་གསལ་མཁྱེན་ནི། བག་ཆགས་འཁྲུལ་པའི་རླན་དང་བྲལ་བས་ཉིན་མཚན་མེད་པར་སངས་རྒྱས་ཀྱི་ཞིང་ཁམས་དང་། རིགས་དྲུག་གི་གནས་ལ་སོགས་པ་དག་པའི་ས་གསུམ་ལ་གནས་པ་ལྟར་མཁྱེན་ནོ།
།གཉིས་པ་འབྲིང་གང་བསམས་གསལ་མཐོང་ནི། རྨི་ལམ་ཟིན་ནས་སངས་རྒྱས་ཀྱི་ཞིང་ཁམས་ལ་སོགས་པ་བལྟ་བར་བསམས་པ་དང་། མཐོང་པ་དུས་གཅིག་ལ་འབྱུང་ངོ་།
།གསུམ་པ་ཐ་མ་ཡིད་ལུས་མཁའ་ལྡིང་ནི། རྨི་ལམ་ཟིན་ནས་ཁྱུང་ངམ། བྱ་རྒོད་ལ་སོགས་པའི་ལུས་སུ་སྤྲུལ་ནས་འཕུར་ཏེ་བལྟར་ཕྱིན་པས། གང་བལྟ་བར་འདོད་པ་དེ་ཉིད་དུ་སླེབ་ཅིང་མཐོང་བར་འགྱུར་རོ།
།བཞི་པ་དམན་པ་དམིགས་པའི་ཡུལ་སྣང་ལ་གསུམ་ལས།
དང་པོ་བདག་མེད་མས་ཡུལ་སྣང་གསལ་བྱེད་ནི། བླ་མའི་རྣལ་འབྱོར་བསྒོམས་ལ། བདག་འཛིན། དགོས་མེད། ཡུལ་སྣང་གཏན་ལ་ཕེབས་པར་གསོལ་བ་བཏབ་ལ། རང་ཡི་དམ་དུ་བསྒོམས་པའི་ལྟེ་བར་ཐོད་པ་ཕྱི་དཀར་ལ་ནང་དམར་བའི་ནང་དུ། ཨོཾ་ཨཱཿསྭཱ་ཧཱ་ཁ་དོག་སྣ་ཚོགས་སུ་འདུག་པ་ལ་དམིགས་ནས་བཟླས་པ་བྱས་པས། སྔགས་ལས་འོད་ཟེར་སྣ་ཚོགས་བྱུང་པའི་སྣ་ལས་བདག་མེད་མས་དབུ་བྱས་པའི་ཡི་དམ་གྱི་ལྷ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཆོས་སྐྱོང་དཔག་ཏུ་མེད་པ་བྱུང་ནས་སྣ་བུག་གཡོན་ནས་ཕར་བྱོན། འཇིག་རྟེན་གྱི་ཁམས་ཐམས་ཅད་གང་ནས་རང་རང་གི་སྔགས་དི་རི་རི་བཟློས་པར་བསམ། ཡང་བཟླས་པ་བྱས་པས། སྔགས་ལས་འོད་ཟེར་ཁ་དོག་ལྔས་སྣ་དྲངས་པའི་ཕྱི་ནང་གསང་གསུམ་གྱི་མཆོད་པ་དཔག་ཏུ་མེད་པ་བྱུང་ནས། སྣ་བུག་གཡས་ན་ཕར་ཐོན་ཏེ། འོད་ཟེར་གྱིས་ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་བསྒོམ། ནང་དུ་གནས་པའི་ཡི་དམ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་མཆོད་པ་ཕུལ་བར་བསམ། དེ་ནས་གཟུགས་སུ་སྣང་བ་ཐམས་ཅད་ཡི་དམ་ལྷ། སྒྲ་གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲ། དྲན་རྟོགས་ཐམས་ཅད་སྒྱུ་མ་རྨི་ལམ་དུ་བསྒོམ་པ་ནི་ཉིན་མོའི་དམིགས་པའོ། །ནུབ་མོ་ཉལ་རྩ་ན་ལྟེ་བའི་ཐོད་པའི་ནང་གི་ཡི་གེ་ཞུ་བ་ལས་བདག་མེད་མར་བསམས་ལ། ཡི་དམ་གྱི་ལྷ་ཁྱོད་ཀྱིས་དོ་ནུབ་ཀྱི་སྐབས་སུ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་མཐོང་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པ་རྒྱ་ཆེན་པོ་འབྱུང་བར་བྱིན་གྱིས་རླབས་ཏུ་གསོལ། ཞེས་གསོལ་བ་བཏབ་ལ། བདག་མེད་མའི་ཐུགས་ཀར་མེ་ལོང་གི་ངོས་ལྟ་བུར་ཕྱི་གསལ་ནང་གསལ་བའི་ནང་དུ་འཇིག་རྟེན་གྱི་ཁམས་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་གང་བལྟ་བར་འདོད་པ་དེ། མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་བཀྲ་ལམ་མེ་བ་ལ་དམིགས་པ་གཏད་ནས་གཉིད་ལོག་པས། རྨི་ལམ་ཟིན་པ་དང་ཡུལ་སྣང་གཏན་ལ་ཕེབས་པ་དུས་མཉམ་དུ་འབྱུང་ངོ་།
།གཉིས་པ་ཨས་ཡུལ་སྣང་རང་གསལ་ནི། གསོལ་བ་བཏབ་ལ། རང་ཡི་དམ་དུ་བསྒོམས་པའི་རྩ་དབུ་མ་ཁྲུ་མ་ཕུས་བཏབ་པ་ལྟ་བུའི་ནང་དུ་ལྟེ་འོག་སོར་བཞིར། ཨ་དཀར་པོ་འོད་ཀྱི་རང་བཞིན་ཅན་གཅིག་ལ་ཉིན་མཚན་མེད་པར་རྩེ་གཅིག་ཏུ་བསྒོམ་པར་བྱའོ། །དེ་ལུས་ཀྱི་ཕྱི་ནང་དང་། ཕྱིའི་ཡུལ་སྣང་ཐམས་ཅད་ཇི་ལྟ་བ་བཞི་མཐོང་བ་འབྱུང་ངོ་།
།གསུམ་པ་ཐིག་ལེས་ཡུལ་སྣང་གསལ་བྱེད་ནི། གསོལ་བ་བཏབ་ལ། རང་ཡི་དམ་དུ་བསྒོམས་པའི་སྤྱི་བོའི་ཧཾ་ལས་ཐིག་ལེ་དཀར་པོའི་སྙིང་གར་བྱུང་། གསང་གནས་ཀྱི་ཧཱུྃ་དང་ལྟེ་བའི་ཨཾ་ལས་ཐིག་ལེ་དམར་པོ་སྙིང་གར་བྱུང་སྟེ། ཐིག་ལེ་གསུམ་པོ་འོད་དུ་འཁྲུག་འཁྲུག་འདུག་པ་ལས་གཅིག་ཏུ་གྱུར་ནས། རང་གི་སྙིང་གི་དཀྱིལ་དུ་ཐིག་ལེ་འོད་ཀྱི་རྣམ་པ། སྣང་ལ་རང་བཞིན་མེད་པར་བསམ། དེ་ལས་འོད་ཟེར་བྱུང་ནས་རང་གི་སྣ་བུག་ན་ཕར་འཕྲོས་ཏེ། གང་བལྟ་བར་འདོད་པ་དེའི་ཐུགས་ཀར་བཅུག་ལ། རང་གི་སྙིང་ཁའི་ཐིག་ལེ་དང་དེ་གཉིས་འོད་བ་ཐག་ལྟ་བུས་སྦྲེལ་ནས་སྐྱ་ནར་རེ་བ་དེ་ལ་སེམས་གཏད་དོ། །དེ་རྣམས་ཀྱི་ཡུལ་སྣང་ཇི་ལྟ་བ་བཞིན་དུ་གཏན་ལ་ཕེབས་པར་འགྱུར་རོ།
།ཡུལ་སྣང་གི་དམིགས་པ་འདི་རྣམས་བསྒོམ་དུས། དམིགས་རྟེན་ལ་མ་ཡེངས་ཙམ་དུ་སེམས་འཛིན་ཞིང་ཧ་ཅང་རྩོལ་བ་དྲག་པོ་མི་བྱེད་སྟེ། འདི་རྣམས་ནི་འོད་གསལ་ལ་རིམ་པས་འཇུག་པའི་ཐབས་ཡིན་པས་སོ།
།རྨི་ལམ་བསྒྱུར་བ་ཡན་ཆད་ནི་འདུན་པའི་གནད་ཡིན་པས་རྩོལ་བ་ཤིན་ཏུ་ཆེ་བས་བསྒོམ་ཞིང་། རྨི་ལམ་གྱི་གེགས་འཁྲུལ་པ་མེད་པར་བྱའོ།
།གསུམ་པ་གེགས་སེལ་བསྟན་པ་ནི། འཁྲུལ་འབྱམས་སད་འབྱམས་བདེ་འབྱམས་སྟོང་འབྱམས་རྣམས། །མོས་གུས་ཚོགས་སོག་གེགས་སེལ་བརྒྱན་པར་བྱའོ། །ཞེས་གསུངས་ཏེ། རྨི་ལམ་མ་ཟིན་པའི་འཁྲུལ་འབྱམས་དང་། གཉིད་ཡང་ཡང་སད་པའི་སད་འབྱམས་དང་། ཁྱམས་ཡང་ཡང་ཟགས་པའི་བདེ་འབྱམས་དང་། ཀུན་རྫོབ་དུ་ལས་རྒྱུ་འབྲས་ཙམ་ཡང་མེད་པར་བལྟ་བའི་སྟོང་འབྱམས་རྣམས། བླ་མའི་མོས་གུས་དང་། རྣལ་འབྱོར་ནང་གི་ཚོགས་སོག་དང་། འབྱམས་གཅོད་ལ་སོགས་སུ་བཤད་པའི་མན་ངག་གི་གེགས་སེལ་སོགས་ཀྱིས་བརྒྱན་པར་བྱའོ།

།བཞི་པ་འོད་གསལ་གཏི་མུག་རང་སངས་ལ་གཉིས། མཚན་ཉིད་བསྡུས་ཏེ་མདོར་བསྟན་པ་དང་། དམིགས་པའི་བྱེ་བྲག་སོ་སོར་བཤད་པའོ།
།དང་པོ་ནི། འོད་གསལ་འཆར་བྱེད་བླ་མའི་མོས་གུས་དང་། །བདེ་ཆེན་ཟག་བཅས་ཟག་མེད་བལྟ་སྟེངས་ཀྱིས། །འོད་གསལ་མི་རྟོག་དབྱེར་མེད་རང་ཤར་འབྱུང་། །སྦྱོར་དངོས་རྗེས་གསུམ་གནད་ཀྱིས་བརྒྱན་པར་བྱ། ཅེས་གསུངས་ཏེ།
འདོ་གསལ་འཆར་བར་བྱེད་པའི་གནད་བླ་མ་ལ་ཆོས་སྐུའི་འདུ་ཤེས་བསྐྱེད་ནས། ཚད་མེད་པའི་མོས་གུས་ཀྱིས་གསོལ་བ་དྲག་པོ་འདེབས་པ་དང་། བདེ་བ་ཆེན་པོ་ཟག་བཅས་དང་ཟག་མེད་རྣམ་པར་མི་རྟོག་པའི་ཏིང་ངེ་འྫིན་བལྟ་སྟངས་ཀྱིས་བསྒོམས་པས། འབྲས་བུ་འོད་གསལ་འཆར་བ་སྟེ། དག་པའི་སྣང་པ་དང་མི་རྟོག་པ་དབྱེར་མེད་པའི་ཟུང་འཇུག་བདེ་བ་ཆེན་པོ་རང་ཤར་དུ་འབྱུང་། དེའང་འོག་ནས་འབྱུང་བའི་སྦྱོར་བ་དང་དངོས་གཞི་དང་རྗེས་ཀྱི་ཆོས་གསུམ་གསུམ། གོང་གི་རྨི་ལམ་གྱི་སྐབས་ལྟར་དུས་གནད་དང་ལུས་གནད་དང་དམིགས་པའི་གནད་གསུམ་གྱིས་ཀྱང་བརྒྱན་པར་བྱའོ།
།གཉིས་པ་དམིགས་པའི་བྱེ་བྲག་སོ་སོར་བཤད་པ་ནི། འོད་གསལ་བཟུང་པ། ལམ་ཁྱེར། བསྲེ་བ། མཐར་ཐུག་གོ །ཞེས་གསུངས་ཏེ།
དེ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ།
།དང་པོ་ལ་བཞི་ལས།
དང་པོ་རྩ་བ་མི་རྟག་སྐྱོ་ཤས་ནི། འཆི་བ་མི་རྟག་པ་དང་འཁོར་བ་ལ་སྐྱོ་ཤས་དྲག་པོ་བསྐྱེད་པར་བྱའོ།
།གཉིས་པ་ཡལ་ག་སྤྱོད་ལམ་དམ་རྫས་ནི། ལུས་དལ་ལ་ཁ་ཟས་སྣུམ་པ་དང་། ངལ་དུབ་ཀྱི་ལས་རྣམས་སྤང་བར་བྱའོ། །དམ་རྫས་ཀྱི་ཚོགས་དང་གཏོར་མ་ལྔ་བཟང་དུ་བཤམས་ལ་དབུལ། གུ་གུལ་དང་ཚིལ་ཆེན་གྱི་དུད་པ་བཏང་། ཐོད་པ་མཚན་ཉིད་དང་ལྡན་པའི་ནང་དུ་གཏོར་མ་བཤམས་ལ་ཤ་ལྔ་བདུད་རྩི་ལྔར་བྱིན་གྱིས་བརླབས་ནས། རས་སམ་དར་གྱིས་དྲིལ་ནས་སྔས་འོག་ཏུ་བཅུག །མཁའ་འགྲོ་འདུ་བའི་རྟེན་འབྲེལ་ལོ།
།གསུམ་པ་ལོ་འདབ་ཐབས་ལམ་རང་མདངས་ནི། ཁ་ཟས་བཅུད་ཅན་བརྟེན་པ་དང་། ཐབས་ལམ་གྱི་དམིགས་པ་བསྒོམས་པས་རླུང་སེམས་དངས་རྙིགས་ཕྱེད་ནས་འོད་གསལ་འཆར་རོ།
།བཞི་པ་ལོ་ཏོག་གསོལ་འདེབས་འཆར་བྱེད་ནི། འོད་གསལ་བྱིན་རླབས་ཀྱི་གནད་དང་། བྱིན་རླབས་མོས་གུས་ཀྱི་གནད་ཡིན་པས་བླ་མ་ལ་ལོག་ལྟ་སྤངས་ལ་ཆོས་སྐུའི་འདུ་ཤེས་བསྐྱེད་ནས། གསོལ་བ་རྩེ་གཅིག་ཏུ་བཏབ་པས། མོས་གུས་རབ་འབྲིང་དང་སྦྱར་ན་འོད་གསལ་འཆར་བར་འགྱུར་རོ།
།གཉིས་པ་དངོས་གཞི་ལ་བཞི་སྟེ། འོད་གསལ་བཟུང་བ། ལམ་ཁྱེར། བསྲེ་བ། མཐར་ཐུག་གི་འོད་གསལ་ལོ།
།དང་པོ་ལ་དགུ་སྟེ། དུས་ཀྱི་གནད་གསུམ་ནི། ཐོ་རེངས། ནམ་ལངས། ཉི་ཤར་རོ།
།ལུས་ཀྱི་གནད་གསུམ་ནི། སྐྱིལ་ཀྲུངས། ཙོག་བུ། སེང་གེའི་ཉལ་སྟབས་སོ།
།དམིགས་པའི་གནད་གསུམ་ལས། དང་པོ་ཨས་འོད་གསལ་བཟུང་པ་ནི། སེམས་བསྐྱེད་དང་བླ་མའི་རྣལ་འབྱོར་བསྒོམས་ལ། བདག་འཛིན། དགོས་མེད། འོད་གསལ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་གདབ། རང་ཡི་དམ་དུ་བསྐྱེད་པའི་ལུས་ཀྱི་དབུས་སུ་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། འོད་ཀྱི་རང་བཞིན་ཅན། ཡར་རྩེ་ཚངས་བུག །མར་སྣ་གངས་གནས་སུ་ཟུག་པ། ཁྲུ་མ་ཕུས་བཏབ་པ་ལྟ་བུའི་ནང་ལྟེ་འོག་སོར་བཞི་བཙལ་བར་ཨ་དཀར་ལ་དངས་པ། གསལ་ལ་མཚེར་བ་འོད་ཀྱི་རང་བཞིན་ཅན་ཅིག་ལ་སེམས་གཏད་ལ། རིག་པ་འཇུར་འཇུར་དུའང་མ་སོང་ཡེངས་ཀྱང་མ་ཡེངས་པར་བྱས་ལ། ཉིན་མཚན་དང་མཉམ་རྗེས་ཐམས་ཅད་དུ་གསལ་ལ་རྟོག་པ་མེད་པར་བསྒོམ་མོ། །ཨ་སེམས་ཉིད་སྐྱེ་བ་མེད་པའི་རང་བཞིན་དུ་ཤེས་པར་བྱའོ། །གཉིད་དུ་འགྲོ་བའི་དུས་སུ་གཉིད་དང་རྨི་ལམ་གྱི་བར་དུ་རྟོག་པ་མ་ཞུགས་པར་བྱས་ནས་མ་ཡེངས་པར་ཨ་ལ་སེམས་གཏད་པས། མ་གཏོགས་པ་རྣམས་ལ་གཏི་མུག་གི་གཉིད་མུན་པ་བཞིན་དུ་ཐིབས་ཀྱིས་འགྲོ་རྒྱུ་གཅིག་ཡོད་པ་དེ། འོད་གསལ་ཟིན་ཅིང་རྟོགས་པ་རྣམས་ལ་སྤྲིན་མེད་པའི་སྟོན་ཀའི་ནམ་མཁའ་དངས་པ་ལ་ཉི་མའི་མདངས་ཕོག་པ་བཞིན་དུ། སྣང་བ་ཐམས་ཅད་གསལ་ལ་རྟོག་པ་མེད་པ་བདེ་ལ་ཞེན་པ་མེད་པའི་ཉམས་གཅིག་འཆར་རོ། །དེ་ལ་འོད་གསལ་ཟིན་པ་ཞེས་བྱའོ།
།གཉིས་པ་བདག་མེད་མ་ལ་བཟུང་བ་ནི། བླ་མའི་རྣལ་འབྱོར་སྔར་བཞིན་བསྒོམས། རང་གི་སྤྱི་བོར་ཀླད་རྒྱ་དང་ཐོད་པའི་བར་དུ་བདག་མེད་མ་དཀར་མོ་གྲི་ཐོད་བསྣམས་པ་མཚོན་གང་པ་གཅིག་བསམས། དེའི་ཐུགས་ཀར་ཨ་དཀར་པོ་གཅིག་བསམ། དེ་ལས་འོད་ཟེར་འཕྲོས་པས། ཀླད་པ་གཏི་མུག་ཡིན་པས་ཐམས་ཅད་རང་བཞིན་མེད་པར་སྦྱངས་ནས་ཐོད་པ་དུང་ཁང་གི་གཞལ་ཡས་ཁང་སྐྱ་ལམ་མེ་བ་ལ་ཉིན་མཚན་དང་། ཁྱད་པར་གཉིད་དུ་འགྲོ་ཁར་དམིགས་པ་གཏད་དོ།
།གསུམ་པ་བླ་མ་ལ་བཟུང་པ་ནི། བླ་མའི་རྣལ་འབྱོར་སྔར་བཞིན་བསྒོམས་ལ། ལུས་ཡི་དམ་དུ་བསྒོམས་པའི་སྙིང་ཁར་པད་ཉིའི་སྟེང་དུ། བླ་མ་ཐིག་ལེའི་རང་བཞིན་དངུལ་ཆུའི་མདོག་ཅན་ཉི་མ་འབུམ་གྱི་གཟི་བརྗིད་ལྟ་བུ་གཅིག་བསམ། དེའི་ཐུགས་ཀར་ཧཱུྃ་དཀར་སིང་བ་འོད་ཀྱི་རང་བཞིན་ཅན་གཅིག་བསམ། ཧཱུྃ་གི་འོད་ཀྱི་བླ་མ་གསལ། བླ་མས་ཡི་དམ་གསལ་བ་ལ་སེམས་གཏད་དོ། ཁྱད་པར་ཧཱུྃ་དང་བླ་མ་ལ་ཉིན་མཚན་དང་། གཉིད་དུ་འགྲོ་ཁར་དམིགས་པ་རྩེ་གཅིག་དུ་གཏད་པར་བྱའོ། །དེ་རྣམས་ཀྱིས་འོད་གསལ་མི་ཟིན་མི་སྲིད་དོ།
།གཉིས་པ་ལམ་ཁྱེར་ལ་གཉིས་ལས།
དང་པོ་ཉིན་པར་སྐུ་གསུམ་ལམ་ཁྱེར་ནི། ཨ་ལ་སེམས་གཏོད་པ་བཞིན་དུ་རིག་པ་གྲིམས་ལྷོད་རན་པར་བྱས་ལ། ཕྱིའི་རྡེའུའམ། ཤིང་བུ་སོགས་དམིགས་རྟེན་གཅིག་ལ་མིག་འབུར་ཚུགས་སུ་བལྟ། སེམས་ཀྱང་དེ་ཀར་འཛིན། མདོག་དབྱིབས་སྤྲུ་རིས་སོགས་ཀྱི་བརྟག་བཞིག་མི་བྱེད། གཞན་དུ་ཡེངས་སུ་ཡང་མི་འཇུག་པར་བསྒོམས་པས་ཇི་ཞིག་ན་བལྟ་ཡུལ་དེ་མེད་འགྲོ་བའམ། འགུལ་བ་སོགས་ཀྱི་རྣམ་པ་འབྱུང་བ་ཞི་གནས་ཀྱི་ཉམས་དང་། དེ་འགགས་པའི་རྗེས་སུ་འཇའ་འོད་སོགས་ཡེ་ཤེས་ཀྱི་སྣང་བ་འཆར་བ་ནི། ལྷག་མཐོང་གི་ཡེ་ཤེས་ཏེ་ཞི། ལྷག་ཟུང་སྦྲེལ་དེའི་དོན། དག་པའི་སྣང་བ་མ་འགགས་པ། ལས་སྣང་གི་འཛིན་པ་མ་ཞུགས་པའི་གསལ་སྟོང་འཛིན་མེད་དུ་འཆར་རོ། །ཅིར་སྣང་ཐམས་ཅད་ལའང་དེ་བཞིན་དུ་བལྟ་ཞིང་ཉམས་སུ་བླང་ངོ། །བདེ་ལ་གསལ་བ་སྤྲུལ་སྐུ། འཛིན་པ་མེད་པ་ཆོས་སྐུ། བདེ་བར་ཤར་བ་ལོངས་སྐུའོ།
།གཉིས་པ་མཚན་མོ་སྐུ་གསུམ་རང་ཤར་ནི། གཉིད་དང་རྨི་ལམ་གྱི་བར་དུ་རྟོག་པ་མ་ཞུགས་པ་བྱས་ལ། སྔགས་གྱི་དམིགས་པ་གསལ་བ་ལ་སེམས་གཏད་ནས་གཉིད་ལོག་པས་གསལ་སྟོང་འཛིན་མེད་རང་ཤར་དུ་འབྱུང་ངོ་།
།གསུམ་པ་བསྲེ་བ་ལ་བཞི་ལས།
དང་པོ་གསལ་སྟོང་བདེ་ཆེན་དུ་བསྲེ་བ་ནི། སྒོ་ལྔའི་ཡུལ་དུ་སྣང་བ་མ་འགགས་པས་རྣམ་པ་གསལ་བ། འཛིན་པའི་རྣམ་རྟོག་རགས་པ་མེད་པས་སྟོང་པ། དོན་དུ་གང་དུའང་གྲུབ་པ་མེད་པས་ངོ་བོ་སྟོང་པ། དེ་ལ་ཡིད་མ་ཡེངས་པར་གཏད་པས་འཛིན་པ་དག་ནས་ཉམས་མྱོང་བདེ་བའི་གཤིས་སུ་འཆར་རོ།
།གཉིས་པ་ཉིན་མཚན་དབྱེར་མེད་དུ་བསྲེ་བ་ནི། གསལ་ལ་རྟོག་མེད་དེ་ཉིད་ཉིན་མཚན་གཉིས་གཅིག་གིས་གཅིག་སྟབས་བསྐྱེད་ཅིང་གསལ་གདབ་བོ།
།གསུམ་པ་ལྟ་སྟངས་ཀྱིས་མཉམ་རྗེས་སུ་བསྲེ་བ་ནི། མཉམ་བཞག་ལ་གསལ་སྟོང་འཛིན་མེད་ཤར་ཡང་རྗེས་ཤེས་ལ་འགྲོ་འཆག་གིས་གཡོས་པར་གྱུར་ན། སྤྱོད་ལམ་ཐམས་ཅད་དུ་སྤྱིར་སྣང་ཐམས་ཅད་ལ་གླང་པོ་ཆེའི་ལྟ་སྟངས་ཀྱི་བལྟས་པས་གསལ་ལ་རྟོག་མེད་དུ་འཆར་རོ།
།བཞི་པ་ཤེས་རབ་བདེ་སྟོང་དུ་བསྲེ་བ་ནི། རང་ལུས་ཐབས་ལྡན་གྱི་བདེ་བ་དང་། གཞན་ལུས་ཤེས་རབ་མའི་བདེ་བ་གང་སྐྱེས་ཀྱང་། དེ་ཉིད་ལ་ཡིད་མ་ཡེངས་པར་གཏད་པས། བདེ་བའི་ཞེན་པ་དག་ནས་སྟོང་པར་འཆར་རོ།
།བཞི་པ་མཐར་ཐུག་པ་ལ་ལྔ་ལས།
དང་པོ་གསལ་སྟོང་རང་ཤར་གྱི་འོད་གསལ་ནི། དེ་ལྟར་བསྲེས་ནས་ཉམས་སུ་བླངས་པས་མངོན་དུ་འགྱུར་པ་ན། ཚོགས་དྲུག་ཡུལ་དང་ཡུལ་ཅན་གྱི་སྣང་པ་ཐམས་ཅད་གསལ་སྟོང་རང་ཤར་དུ་འཆར་རོ།
།གཉིས་པ་བདེ་སྟོང་རང་ཤར་གྱི་འོད་གསལ་ནི། བདེ་བ་དེ་ཉིད་ཞེན་པའི་དྲི་མ་ཐམས་ཅད་དང་འབྲལ་བ། ཟག་པ་མེད་པའི་བདེ་སྟོང་ཆེན་པོར་འཆར་རོ།
།གསུམ་པ་ཟབ་ཞི་སྤྲོས་བྲལ་གྱི་འོད་གསལ་ནི། བློའི་ཡུལ་ལས་འདས་པས་ཟབ་པ། གཟུང་འཛིན་གྱི་རྟོག་པ་དག་པས་ཞི་བ། མཐའ་གཉིས་སམ། བཞི་འམ་བརྒྱད་ལས་གྲོལ་བས་སྤྲོས་པ་དང་བྲལ་བ། སེམས་ཀྱི་རང་འོད་ཤར་བས་འོད་གསལ་བ། རྒྱུ་རྐྱེན་དང་བྲལ་བས་འདུས་མ་བྱས་པའོ།
།བཞི་པ་དབྱེར་མེད་མཐར་ཐུག་གི་འོད་གསལ་ནི། བདེ་གསལ་མི་རྟོག་པ་གསུམ་དབྱེར་མེད་པ་རང་ཤར་དུ་ཉམས་སུ་མྱོང་ཞིང་། ཐག་ཆོད་ངེས་ཤེས་སྐྱེས་པའོ།
།ལྔ་པ་དག་པ་གཉིས་ལྡན་གྱི་འོད་གསལ་ནི། དབྱིངས་རང་བཞིན་གྱི་རྣམ་པར་དག་པ་ལ། སྤང་བྱ་བློ་བུར་གྱི་དྲི་མ་དག་པ་ནི་སངས་རྒྱས་ཀྱི་སར་འབྱུང་ལ། སྐབས་སུ་བབ་པ་ནི། སྒྱུ་མ་རྨི་ལམ་དུ་བསྒོམས་པས་ཉོན་མོངས་པའི་སྒྲིབ་པ་དག་པ་དང་། སྒྱུ་འཛིན་དང་བྲལ་བའི་འོད་གསལ་ཕྱག་རྒྱ་ཆེན་པོ་བསྒོམས་པས་ཤེས་བྱའི་སྒྲིབ་པ་དག་པའོ།
།གསུམ་པ་རྗེས་ནི། འོད་གསལ་མངོན་གྱུར་དམ་པ་ཉམས་མྱོང་ཅན། །འཆར་སྒོ་བོགས་འདོན་གེགས་སེལ་བརྒྱན་པར་བྱ། ཞེས་གསུངས་ཏེ།
དེ་ལ་ལྔ་ལས། དང་པོ་དམ་ཚིག་སྤྱི་དང་བྱེ་བྲག་ནི། རྩ་བའི་ལྟུང་བ་བཅུ་བཞི། ཡན་ལག་གི་ལྟུང་བ་བརྒྱད་དེ་ཉི་ཤུ་རྩ་གཉིས་དང་། འོད་གསལ་གྱི་དམིགས་པ་ལས་སྐད་ཅིག་ཀྱང་མ་གཡོས་ཤིང་མི་འདའ་བ་དང་། ལས་དང་པོ་པ་རྣམས་ཀྱིས་ཀྱང་བླ་མ་དང་གྲོགས་མཆེད་ལ་ལོག་ལྟ་སྤངས་ཏེ། མོས་གུས་དང་དག་སྣང་ཕྱོགས་མེད་དུ་བསྐྱེད་པ་དང་། འོད་གསལ་ཐིག་ལེའི་མདངས་ཡིན་པས་ཁམས་མི་ཉམས་ཤིང་འཕེབ་བ་དང་བཅས་པའོ།
།གཉིས་པ་གེགས་སེལ་ཉེས་སྐྱོན་རང་གྲོལ་ནི། གསལ་སྟོང་འཛིན་མེད་ཀྱི་གགས་སམ་བདུད་འཛིན་པའི་རྣམ་རྟོག་ཡིན། རྟོག་པ་སེམས་ཡིན། སེམས་སྐྱེ་མེད་ཡིན་པས་ཉེས་སྐྱོན་ཅི་བྱུང་ཡང་རང་གྲོལ་རང་སྟོང་དུ་ཤེས་པར་བྱའོ།
།གསུམ་པ་བོགས་འདོན་ཐེ་ཚོམ་གཙོད་བྱེད་ནི། དུས་གསུམ་སངས་རྒྱས་བྱོན་ཀྱང་གསལ་སྟོང་འཛིན་མེད་ལ་ལྷག་པ་བསྟན་རྒྱུ་མེད་པར་ཐག་བཅད་ཅིང་ངེས་ཤེས་བསྐྱེད་པར་བྱའོ།
།བཞི་པ་ཁྱད་འཕགས་འཆར་སྒོ་ངོས་འཛིན་ནི། བླ་མའི་ཞལ་ལས་ཤེས་པར་བྱའོ།
།ལྔ་པ་ཉམས་རྟོགས་ཉིན་མཚན་ཁྱད་པར་ནི། ཞིག་ཅིང་ཡལ་ནས་འགྲོ་བས་ཉམས། མི་འགྱུར་ཞིང་བརྟན་པས་རྟོགས་པའོ།
།ཉིན་མོ་བསྒོམས་པའི་ཚེ་འོད་གསལ་གྱི་གསལ་སྣང་ཤར་བ་ན། ཉིན་པར་གྱི་འོད་གསལ་དང་། གཉིད་དུ་སོང་དུས་གཉིད་དང་འོད་གསལ་འདྲེས་པ་ནི། མཚན་མོའི་འོད་གསལ་ལོ།

།ལྔ་པ་འཕོ་བ་མ་བསྒོམས་སངས་རྒྱས་ལ་གསུམ་ལས། མཚན་ཉིད་བསྡུས་ཏེ་མདོར་བསྟན་པ་དང་། དམིགས་པའི་བྱེ་བྲག་སོ་སོར་བཤད་པ་དང། མན་ངག་གི་གནད་བསྟན་ཏེ་དོན་བསྡུ་བའོ།
།དང་པོ་ནི། །འཕོ་བྱ་འཕོ་བྱེད་བྲལ་བ་ཡང་རབ་སྟེ། །འབྲིང་དང་ཐ་མ་ཆགས་སྡང་སྤངས་བྱས་ནས། །དགའ་ཞིང་མོས་གུས་དམིགས་པ་རྩེ་གཅིག་གིས། །གྱེན་དུ་འཕང་ཞིང་སྨོན་ལམ་བརྒྱན་པར་བྱའོ། ཞེས་གསུང་སྟེ།
དེའང་འཕོ་བར་བྱ་བའི་གང་ཟག་དང་། འཕོ་བར་བྱེད་པའི་དམིགས་པ་དང་། འཕོ་བར་བྱ་བའི་ཡུལ་སྣང་རྣམས་འོད་གསལ་ཆོས་ཉིད་དུ་རོ་མཉམ་པར་ཤར་ནས། ཐ་དད་ཀྱི་རྟོག་པ་དང་བྲལ་བའི་རྣལ་འབྱོར་པ་དེ་ནི་དབང་པོ་ཡང་རབ་སྟེ། དབང་པོ་འབྲིང་དང་ཐ་མ་འཆི་བའི་ཚེ། ཚེ་འདི་ལ་ཆགས་པ་དང་། ཕ་རོལ་དུ་འགྲོ་བ་ལ་སྡང་པའི་བློ་སྤང་བར་བྱས་ནས། དག་པའི་ཞིང་དུ་འགྲོ་བ་ལ་སྤྲོ་ཞིང་དགའ་བས་འཕོ་ཡུལ་ལ་མོས་གུས། འཕོ་བའི་དམིགས་པ་རྩེ་གཅིག་གིས། རྣམ་ཤེས་ལུས་ལས་ཕྱུང་ནས་གྱེན་དུ་འཕང་ཞིང་། དེ་དག་གི་སྔོན་དུ་བསག་སྦྱང་དང་སྨོན་ལམ་གྱིས་བརྒྱན་པར་བྱའོ།
།གཉིས་པ་དམིགས་པའི་བྱེ་བྲག་སོ་སོར་བཤད་པ་ནི། ཆོས་སྐུ་དེ་བཞིན་ཉིད་ཀྱི་འཕོ་བ། ཟུང་འཇུག་ཡི་དམ་གྱི་འཕོ་བ། བྱིན་རླབས་བླ་མའི་འཕོ་བ། འཆུག་མེད་མཁའ་སྤྱོད་ཀྱི་འཕོ་བའོ། ཞེས་གསུངས་ཏེ།
དེ་ལ་བཞི་ལས། དང་པོ་ཆོས་སྐུ་དེ་བཞིན་ཉིད་ཀྱི་འཕོ་བ་ནི། རང་སེམས་འཆི་མེད་ཀྱི་དོན་འོད་གསལ་ལ་དབང་འབྱོར་པས། འཆི་བའི་ཚེའང་འོད་གསལ་གྱི་སྣང་པ་ལ་སེམས་རྩེ་གཅིག་ཏུ་བསྲེས་ནས་བཞུགས་པ་ནི་ཆོས་སྐུ་དེ་བཞིན་ཉིད་ཀྱི་འཕོ་བའོ།
།གཉིས་པ་ཟུང་འཇུག་ཡི་དམ་གྱི་འཕོ་བ་ནི། རང་གི་སྤྱི་གཙུག་ཏུ་ཡི་དམ། དེའི་སྤྱི་བོར་བླ་མ་བསྒོམས་ལ། བདག་འཛིན། དགོས་མེད། བར་དོར་སངས་རྒྱ་བར་གསོལ་བ་གདབ། ལྟེ་བར་རང་གི་རྣམ་ཤེས་ཡི་དམ་གྱི་ས་བོན་དང་དབྱེར་མེད་ཧཱུྃ་དུ་བསམས་ལ། ས་བོན་དེ་ཉིད་སྤྱི་གཙུག་ནས་ཐོན་ཏེ། ཡི་དམ་གྱི་ཐུགས་ཀར་ཐིམ་པས། རང་སེམས་དང་ཡི་དམ་དབྱེར་མེད་དུ་གྱུར་པར་བསམ་མོ།
།གསུམ་པ་བྱིན་རླབས་བླ་མའི་འཕོ་བ་ནི། རང་ཡི་དམ་དུ་བསྒོམས་པའི་སྤྱི་བོར་མདའ་གང་ཙམ་གྱི་ནམ་མཁའ་ལ་བླ་མ་བསྒོམས་ལ་གསོལ་བ་སྔར་བཞིན་གདབ། ལྟེ་བར་རང་གི་སེམས་ཉིད་ཆོས་སྐུའི་རང་བཞིན་ཐིག་ལེ་དཀར་པོ་གཅིག་ཏུ་བསམ། ཐིག་ལེ་དེ་མདའ་འཕངས་པ་བཞིན་དུ་སྤྱི་བོ་ནས་ཐོན་ཏེ་བླ་མའི་ཐུགས་ཀར་ཐིམ་པས། བླ་མའི་ཐུགས་ཆོས་སྐུ་དང་། རང་གི་སེམས་ཉིད་རྣམ་པར་མི་རྟོག་པ་ཆོས་སྐུའི་རང་བཞིན་དབྱེར་མེད་དུ་གྱུར་པར་བསམས་ལ། མོས་གུས་རྩེ་གཅིག་དུ་བྱའོ།
།བཞི་པ་མཁའ་སྤྱོད་མའི་འཕོ་བ་ནི། སེམས་བསྐྱེད་བླ་མའི་རྣལ་འབྱོར། གསོལ་འདེབས་གོང་དང་འདྲ། རང་གི་འདུན་དུ་ཆོས་འབྱུང་སྔོན་པོ་གཅིག་བསམ། དེ་ལས་འོད་འཕྲོས་འདས་པའི་མངལ་གྱི་ལན་ཆགས་དག །མ་འོངས་པའི་མངལ་སྒོ་དགག །ད་ལྟར་གྱི་དྲི་མ་སྦྱངས། ཧཱུྃ་དེ་གྱུར་པ་ལས། རང་ཉིད་དགྱེས་མཛད་དམ། བདེ་མཆོག་འཁོར་ལོ་བསྒོམས་པའི་སྤྱི་བོར་ཆོས་འབྱུང་དམར་པོ་གྲུ་གསུམ་གྱི་ནང་དུ། མི་རོ་དཀར་པོ་མགོ་གཡོན་དུ་བསྟན་པའི་སྟེང་དུ། བླ་མ་དང་དབྱེར་མེད་པའི་རྗེ་བཙུན་མཁའ་སྤྱོད་མ་ཞལ་གཅིག་ཕྱག་གཉིས་མ། སྐུ་མདོག་དམར་པོ་རུས་པའི་རྒྱན་ལྔས་སྤྲས་པ། གཅེར་བུ་སྐྲ་གྲོལ་བ། ཐོད་སྐམ་ལྔས་དབུ་བརྒྱན་པ། སྤྱན་གསུམ་གྱེན་ལ་ཧྲིག་ཧྲིག་གཟིགས་པ་མཆེ་བ་ཅུང་ཟད་གཙིགས་ཤིང་འཇིགས་པ། ཕྱག་གཡས་རྡོ་རྗེ་གྲི་གུག་འཕྱར་ཐབས་སུ་བསྣམས་ཤིང་། གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། རྡོ་རྗེ་ཁ་ཊྭཱཾ་ག་མཆན་ཁུང་དུ་བཅུག་པ། མི་མགོ་ལྔ་བཅུའི་དོ་ཤལ་ཅན། གཞོན་ནུ་ལང་ཚོ་དར་ལ་བབ་པ། སྐུ་ཤ་རྒྱས་ཤིང་ནུ་མ་འབུར་བ། ཞབས་གཡས་བརྐྱང་གཡོན་བསྐུམ་པས་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་གསེབ་ན་འཕིར་ལ་ཁད་པ་གཅིག་བསམ་མོ། །དེ་ནས་རང་དགྱེས་མཛད་དམ། བདེ་མཆོག་དུ་གསལ་བའི་ལྟེ་བར་ཐིག་ལེ་དཀར་པོ་ཨའི་ངོ་བོར་གནས་པ་གཅིག་ལས་འོད་ཟེར་ལྔ་འཕྲོས་པས། བདག་གཞན་གྱི་མངལ་གྱི་དྲི་མ་སྦྱངས་པར་བསམ་མོ། །དེ་ནས་ཨ་དེ་ཡར་ལྟེ་བ་ནས་དཀར་ཡོར་རེ་བྱུང་སྟེ། སྣམ་བུག་གཡོན་ནམ། སྤྱི་བོ་ནས་རྗེ་བཙུན་མའི་ཐུགས་ཀར་ཐིམ་པས། རང་ལུས་སྟོང་པར་བསྒོམ། རྗེ་བཙུན་མ་དེ་ཡར་ཏོག་གི་འཕར་ཏེ། མཁའ་སྤྱོད་ལ་མདའ་འཕངས་པ་བཞིན་དུ་རྒྱངས་ཀྱིས་སོང་པར་བསམ། དེ་འདྲ་བ་ཐེབས་བདུན་བསྒོམ་པར་བྱའོ། །དེའི་རྗེས་ལ་རྗེ་བཙུན་མ་མཁའ་སྤྱོད་ནས་མར་བྱོན་ཏེ། རང་གི་སྤྱི་བོར་ཞབས་གཉིས་བསྒྲད་ནས་བཞུགས་པར་བསྒོམ། དེའི་པདྨ་ནས་བྱང་ཆུབ་ཀྱི་སེམས་དམར་བ་ལ་དཀར་བའི་མདངས་ཆགས་པ། བདེ་ཕྲི་ལི་ལི་བབས་ཏེ་སྤྱི་བོའི་ཚངས་བུག་ན་མར་སོང་པས། ལུས་ཐམས་ཅད་བྱང་སེམས་ཀྱི་ཁེངས་པ་དང་། དབང་བཞི་ཐོབ་ནས་ཟག་པ་མེད་པའི་བདེ་བ་ཆིལ་ཆིལ་རྒྱས་པར་བསམས་མོ། །དེ་ལ་སེམས་དར་གཅིག་བཞག་གོ །དེ་ནས་རྗེ་བཙུན་མ་སྤྱི་བོ་ན་མར་ཐིམ་ནས་ལྟེ་བར་སླེབ་པ་དང་། བདེ་བ་ལ་སྟོང་པས་ཁྱབ་བདེ་སྟོང་གཉིས་སུ་མེད་པའི་ཉམས་སིང་གི་སྐྱེས་པར་བསམ་ལ། དེའི་ངང་ལ་སེམས་མ་བཅོས་པར་བཞག་གོ །དགེ་བ་བྱང་ཆུབ་ཏུ་བསྔོ་བོ། དེ་ལྟར་ཡུན་རིང་དུ་བསྒོམས་པ་གཅིག་གིས་འཆི་རྟགས་རྣམས་བྱུང་ནས་འཆི་བར་ངོ་ཤེས་པའི་དུས་སུ་ལུས་དང་ལོངས་སྤྱོད་ལ་ཆགས་པ་མེད་པར་སྦྱིན་པར་བཏང་། འདུ་འཛི་གཡེང་བ་ཕྱིར་བསྐྱེད་ལ། རང་གི་བླ་མ་དང་དཀོན་མཆོག་ལ་གསོལ་བ་བཏབ། སྨོན་ལམ་རྣམ་པར་དག་པ་ཡང་གདབ། དེ་ནས་སྣར་བཞིན་དུ་བསྒོམས་ཏེ། རང་གི་ལྟེ་བའི་ཐིག་ལེ་དེ་རྗེ་བཙུན་མར་བསམས་ལ། རྗེ་བཙུན་མ་རྣམ་པར་ཤེས་པའི་ངོ་བོ་དེ་ཡར་ལྟེ་བ་ནས་རྒྱངས་ཀྱི་སོང་སྟེ། སྤྱི་བོའི་ཚངས་བུག་ནས་དོན་ཏེ་མཁའ་སྤྱོད་ན་ཡར་གཤེགས་པ་དང་། སྐྱེ་མེད་ཕྱག་རྒྱ་ཆེན་པོའི་ངང་དུ་བཞག་གོ །དེས་མཁའ་སྤྱོད་དུ་འགྲོ་བར་འགྱུར་རོ།
།འདིར་བླ་མ་ཤངས་པས་ཡེ་ཤེས་སྐོར་ཁུང་མ་ལ་ཕྱག་ལེན་མཛད་ཏེ། དེ་ལ་སེམས་བསྐྱེད་དང་བླ་མའི་རྣལ་འབྱོར་བསྒོམས་ལ། །སྔར་བཞིན་གསོལ་བ་གདབ་པ་ཅི་རིགས་བྱའོ།
།དེ་ནས་རང་ཡི་དམ་དུ་གནས་པའི་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་འོད་ཀྱི་རང་བཞིན། ཡར་རྩེ་ཚངས་བུག་ཏུ་སླེབ་པ། མར་སྣ་གསང་གནས་སུ་ཟུག་པ། སྟོང་སང་ངེ་ཡོད་པའི་ནང་ལྟེ་བའི་ཐད་ཀར་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ། འོད་ཀྱི་རང་བཞིན་ཟུར་མདུན་དུ་བསྟན་པ། ལོགས་སྒལ་ས་ལ་གཏད་པ་གཅིག་བསམ། དེའི་ནང་དུ་རྣམ་པར་ཤེས་པའི་རང་བཞིན་ཨ་དཀར་པོ་འོད་འཕྲོ་བ་དང་བཅས་འཕིར་ལ་ཁད་པ་ཅིག་བསྒོམ་པར་བྱའོ།
།དེ་ནས་རླུང་རོ་ལན་གསུམ་ཕྱིར་བསལ་ལ། སྐེད་པ་ཉག་ཉག་པ་ལན་གསུམ་བྱས་ནས། སྟེང་འོག་གི་རླུང་ནར་གྱིས་དྲངས་ནས་དྲག་ཏུ་བཟུང་། ཁྱད་པར་འོག་རླུང་དྲག་ཏུ་དྲངས་ཏེ་ལྟེ་བ་སྒལ་པ་ལ་ཆར་གྱིས་སྦྱར་བས། ལྟེ་བའི་ཆོས་འབྱུང་ཁ་ནང་དུ་བཅར་གྱིས་སོང་པ་དང་། ལྟེ་བའི་ནང་གི་ཨ་དེ་རང་དབང་མེད་པར་ཨ་ཝ་དྷུ་ཏཱིའི་ནང་ན་ཡར་རྒྱངས་ཀྱིས་སོང་སྟེ། སྤྱི་བོའི་ཚངས་བུག་ན་ཡར་རྒྱངས་ཀྱིས་སོང་པས། ཨ་འོད་དུ་ཡལ་སོང་སྟེ། དེའི་ངང་ལ་ཕྱག་རྒྱ་ཆེན་པོར་ལྷན་གྱིས་བཞག །དེ་འདྲ་བ་ཐེབས་བདུན་བྱའོ།
།དེ་ནས་རྗེས་ལ་སྤྱི་བོར་ཨ་གཅིག་ལམ་གྱིས་བྱུང་པར་བསམ་ལ་དེ་ཚངས་པའི་བུ་ག་ན་མར་སོང་པས་རྩ་དབུ་མའི་ནང་ན་མར་བདེ་ཕྲི་ལི་ལི་སོང་པས། ཆོས་འབྱུང་ནང་དུ་དཀར་མེར་གྱི་བྱུང་པ་དང་། བདེ་སྟོང་གཉིས་སུ་མེད་པའི་ངང་དུ་སིང་གིས་བཞག་གོ །དེ་ལྟ་བུའི་སྦྱོར་བ་ནུས་ཚད་དུ་བསྒོམ་པར་བྱའོ། །དེ་ལྟར་བསྒོམས་པས་རྟགས་རབ་འབྲིང་གསུམ་འབྱུང་སྟེ། རབ་ལ་སྤྱི་བོ་བརྡོལ་ནས་ཁྲག་དང་ཆུ་སེར་འབྱུང་། འབྲིང་གི་སྤྱི་བོ་སྐྲངས་ནས་འོང་། ཐ་མ་སྤྱི་བོ་ཟ་བ་དང་འགུལ་བ་དང་འཁྲིག་པ་དང་། །དང་པོ་ལྟག་པའི་རྩ་གཡས་གཡོན་རྒྱངས་ཏེ་ན་བ་དང་མི་རྟོག་པར་སོང་ན་རབ། མདུན་གྱི་རྩ་ན་བ་དང་མི་རྟོག་པ་འབྲིང་། ཐ་མ་མགོ་ཟ་རྩཻག་པ་མང་པོ་འོང་སྟེ། དེས་མི་འོང་བས་གོང་མ་གཉིས་པོ་རང་དགོས་གསུང་། དེ་ལྟ་བུ་བྱུང་ཙ་ན་འབྱོངས་པའི་རྟགས་ཡིན་ནོ། །བསྒོམ་པའི་དུས་སུ་ཐལ་གྱིས་དོགས་ན་རིན་པོ་ཆེའི་སྣོད་ཀྱིས་མགོ་ནས་མནན། དེས་ཐུབ་ལ་གཞན་གྱིས་མི་ཐུབ་གསུང་ངོ་། །དེ་ལྟར་བསྒོམས་པའི་རྟེན་གྱི་གང་ཟག་དེ་ལ་ནམ་ཞིག་འཆི་རྟགས་ཚང་ཞིང་། ངེས་པར་འཆི་བར་ཡིད་ཆེས་སམ། ཡང་ན་ཁྱད་པར་གྱི་རྟགས་ནི། ར་ཧུ་ལའི་བཞེད་ཀྱིས། མཉམ་དུ་རྒྱུ་ན་རྣལ་འབྱོར་མྱུར་དུ་འཆི། ཞེས་བཤད་པས། སྲོག་གི་རླུང་དབུ་མར་འདུས་པའི་རྟགས་ཁ་སྣ་གཉིས་ནས་རླུང་དུས་གཅིག་ལ་མཉམ་ཤྭ་ཤྭ་འབྱུང་པའི་རྟགས་དེ་བྱུང་ན་འཆི་ངེས་པ་ཡིན་པས། སྔོན་དུ་རང་གི་རྩ་བའི་བླ་མ་ཡོད་ན་མཆོད་པ་ཅི་འབྱོར་པ་ཕུལ་ལ། སྡོམ་པ་གསུམ་གྱི་ཉེས་ལྟུང་རྣམས་བཤགས། སེམས་བསྐྱེད་དང་དབང་བསྐུར་ཞུ། ཡོ་བྱད་རྣམས་སྟེར་འོས་པ་ལ་བྱིན་སྤོང་ཐག་སོགས་བྱས་པ་ལ། བྱང་ཆུབ་མ་ཐོབ་བར་དུ་མིར་སྐྱེ་བ་དང་། བླ་མ་དམ་པ་དང་མཇལ་ཞིང་ལམ་ཟབ་མོ་བསྒོམས་ནས་གཞན་དོན་དུ་སངས་རྒྱས་པར་སྨོན་ལམ་གདབ་བོ།
།དེ་ནས་རང་གི་ལུས་དང་ལོངས་སྤྱོད་ཉེ་དུ་སོགས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་ཤིང་ཆགས་པར་མི་བྱ། སྐྱབས་འགྲོ་སེམས་བསྐྱེད་བསྡུས་པ་བྱ། ལུས་ལྷ་སྐུར་དྲན་པ་བྱས་ལ་སྤྱི་བོར་བླ་མ་སྒོམས་ལ་གསོལ་བ་བཏབ། འདུ་འཛི་དང་གཡེང་བ་ཕྱིར་བསྐྱེད་ནས། བླ་མའམ་གྲོགས་དམ་ཚིག་ཅན་ཡོད་ན་རྩར་བཞག །མེད་ན་རང་གཅིག་པུར་བསྡད་ནས་འཕོ་བར་བྱ་སྟེ།
དེའང་སྔོན་དུ་རྩ་ཁ་འབྱེད་པའི་གདམས་ངག་ནི། རང་དང་བུད་མེད་ཐིག་ལེ་ཡིས། རླུང་སེམས་གཉིས་པོ་ཡར་ལ་འདྲེན། ཚྭ་ལས་རྩ་ཁ་འབྱེད་པར་བྱེད། མི་ཡི་གླད་པས་བར་ཆད་བསྲུང་། ཞེས་བཤད་དོ།
།དེ་ལྟར་རྫས་བཞི་པོ་དེ་ལག་མཐིལ་དུ་སྲིན་ལག་གཡོན་པས་གཉེས་ལ་ཡི་དམ་ལྷའི་སྔགས་བཏབ་ཏེ། སྤྱི་བོར་བྱུགས་ལ་རླུང་མི་བཟུང་པར་རང་སོར་བཞག་གོ
།དམིགས་པ་ནི་ཆོས་འབྱུང་གི་ཨ་ཡར་རྒྱངས་ཀྱིས་བཏང་ནས། སྐྱེ་མེད་ཀྱི་ངང་དུ་བཞག་ལ། དེའི་ངང་ལས་འཕོ་བར་བྱའོ།
།ཡང་ན། བསྡུས་པ་ནི། བྱང་ཆུབ་ཀྱི་སེམས་སྔོན་དུ་སོང་པས། རང་ཡི་དམ་དུ་བསྐྱེད་པའི་ལྟེ་བར་ཆོས་འབྱུང་གི་ནང་དུ་ཡི་གེ་ཨ་དཀར་པོ་གཅིག་བསྒོམ། དེ་ནས་འོག་རླུང་ཐེན་སྟེང་རླུང་མནན་པས། ཨ་དེ་ཨ་ཝ་དྷུ་ཏཱིའི་ནང་ན་ཡར་སོང་པས། སྤྱི་བོ་ན་ཡར་དཀར་རྒྱང་རྒྱང་སོང་པས་སྟོང་པ་ཉིད་ཀྱི་ངང་དུ་སོང་པར་བསམ་མོ། །དེས་ནི་བར་དོར་སངས་རྒྱས་བར་འགྱུར། བསྡུས་པའོ།
།དེ་ལྟར་ལམ་ཟབ་མོ་བརྟེན་པས་རབ་མཆོག་གི་དངོས་གྲུབ་ཐོབ། ཐ་མའང་རིག་པ་འཛིན་པའི་གོ་འཕང་ཐོབ་ནས། རིམ་གྱིས་སངས་རྒྱས་ཐོབ་པར་འཇམ་དཔལ་ཞལ་ལུང་ལས་གསུངས་སོ། ༢༩༩
།གསུམ་པ་མན་ངག་གི་གནད་བསྟན་ཏེ་དོན་བསྡུ་བ་ནི། དུས་གནད་ལུས་གནད་རྫས་གནད་ངག་གནད་ལ། །སྦྱང་ཞིང་བརྟན་པས་འཕོ་བ་མཆོག་ཡིན་ནོ། ཞེས་གསུངས་ཏེ།
རླུང་གཉིས་མཉམ་དུ་རྒྱུ་བ་དུས་ཀྱི་གནད་དང་། སྐྱིལ་ཀྲུང་དང་ཙོག་བུ་ལུས་ཀྱི་གནད་དང་། རྫས་བཞི་སྤྱི་བོར་བྱུགས་པའི་རྫས་གནད་དང་། རླུང་རང་སོར་བཞག་པའི་ངག་གནད་རྣམས་དང་ལྡན་པར་བྱས་ལ་གོང་དུ་སྦྱངས་ཤིང་། ལས་ལ་སྦྱོར་བའི་དུས་ཙབ་ཙུབ་མི་བྱེད་པར་བློ་བརྟན་པར་གློད་ནས་འཕོ་བ་ནི་མཆོག་ཡིན་ནོ།

།དྲུག་པ་བར་དོ་རྒྱལ་བ་ལོངས་སྐུ་ལ་གསུམ། མཚན་ཉིད་བསྡུས་ཏེ་སྤྱིར་བསྟན་པ། དམིགས་པའི་བྱེ་བྲག་སོ་སོར་བཤད་པ། རང་བཞིན་བརྒྱད་བཅུ་ཤེས་པར་གདམས་པའོ།
།དང་པོ་ནི། བར་དོ་སྣང་སོགས་འོད་གསལ་ལྷ་སྐུ་དང་། །གང་འདུལ་སྤྲུལ་སྐུ་འཚམས་སྦྱོར་སྐྱོ་ཤས་གནད། །ཆགས་སྡང་ཕྲག་དོག་འོད་གསལ་ལྷ་སྐུས་སྦྱངས། །དུས་དེར་སྒྲིབ་གཉིས་རང་དག་སྐུ་གསུམ་མངོན་དུ་འགྱུར། ཞེས་གསུངས་ཏེ།
བར་དོ་དང་པོར་འབྱུང་བ་ཐིམ་པའི་དུས་སུ། སྣང་པ་ལ་སོགས་པའི་འོད་གསལ་ངོས་བཟུང་ཞིང་ཆོས་སྐུ་སྒྲུབ་པར་བྱས་ཤིང་། དེ་ལ་མ་བརྟན་ན་བར་སྲིད་ལྡང་དུས་སུ། གསུམ་ལྡན་གྱི་ལྷ་སྐུར་ལྡང་བས་ལོངས་སྐུ་བསྒྲུབ་པ་དང་། དེ་ལ་མ་བརྟན་ན་སྐྱེ་བ་ལེན་ཁར་མངལ་སྒོ་བཀག་ལ། གང་འདུལ་སྤྲུལ་སྐུ་གསུམ་ལྡན་དུ་ལྡངས་ཏེ། མོས་གུས་ཀྱི་མཚམས་སྦྱོར་དང་། ཆགས་སྡང་གི་ཡུལ་སྐྱོ་ཤས་བསྐྱེད་པ་གནད་དུ་ཆེའོ།
།དེ་ནས་ཕ་མ་ལ་ཆགས་སྡང་མིག་སེར་གྱི་ཕྲག་དོག་གི་བློ་རྣམས། འོད་གསལ་ལྷ་སྐུ་ཡབ་ཡུམ་དུ་བསྒོམས་པས་སྦྱངས། དུས་དེར་སྒྲིབ་པ་གཉིས་རང་སར་དག་ནས་སྐུ་གསུམ་མངོན་དུ་ཐོབ་པར་འགྱུར་རོ།
།གཉིས་པ་དམིགས་པའི་བྱེ་བྲག་སོ་སོར་བཤད་པ་ལ་གསུམ་ལས།
རབ་བར་དོ་དང་པོའི་འོད་གསལ་རང་ཤར་ནི། ཡུལ་དང་། དབང་པོ་དང་། འབྱུང་བ་དང་། སྣང་མཆེད་ཐིམ་འགྲོས་ངོས་བཟུང་ཞིང་འོད་གསལ་གྱི་ངང་དུ་བཞག་པས། བླ་མའི་བྱིན་རླབས་དང་གདམས་ངག་གི་གནད་ཀྱིས། རང་བཞིན་གྱི་འོད་གསལ་རྣམ་པ་ཐམས་ཅད་པ་དང་། བསྒོམས་པའི་འོད་གསལ་གཉིས་རོ་གཅིག་ཏུ་འདྲེས་ནས་འོད་གསལ་ཆོས་ཀྱི་སྐུར་སངས་རྒྱས་ནས། བར་དོར་རིགས་དྲུག་གི་གྲོང་ཁྱེར་མི་མཐོང་པར། ལམ་དུས་ཀྱི་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་གཟུགས་སྐུ་རྣམ་པ་གཉིས་རང་ཤར་དུ་བྱུང་ནས། རྟོག་པ་དང་འབད་རྩོལ་མེད་བཞིན་དུ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས་འཁོར་བ་མ་སྟོངས་བར་དུ་གཞན་དོན་རྒྱ་ཆེན་པོ་མཛད་པར་འགྱུར་རོ།
།གཉིས་པ་འབྲིང་རྒྱལ་བ་ལོངས་སྐུ་རང་ཤར་ནི། སྔར་འོད་གསལ་ལ་གོམས་པ་ཆུངས་པས་འཆི་ཁར་འོད་གསལ་མ་ཟིན་ན། བར་དོར་སྔར་གྱི་ལུས་སམ། སྐྱེ་བ་ཕྱི་མ་ལེན་འགྱུར་གྱི་གཟུགས་གང་རུང་དུ་བསྡུས་ཏེ། སྐྱེ་བ་འབྱུང་པས། དེའི་མགོ་རྩོལ་པ་དང་མཉམ་དུ་སྔར་སྒྱུ་ལུས་གོམས་པ་ཆེ་ན་དེའི་མན་ངག་དྲན་པར་བྱ་སྟེ། བར་སྲིད་ལྡང་བའི་ལུས་དེ་འཁོར་ལོ་བདེ་མཆོག་ཡབ་ཡུམ་གྱི་སྐུར་བསྒྱུར་ཏེ་ལྡང་པར་བྱའོ། །དེ་ལ་གལ་ཏེ་མ་ཟིན་ན། ལུས་ལ་གྲིབ་མ་དང་། རྐང་པའི་རྗེས་མེད་པ་དང་། ལས་ཀྱི་རྫུ་འཕྲུལ་ཐོགས་མེད་དུ་འགྲོ་བ་དང་། ཕྱི་མའི་ལུས་ཀྱི་སྣང་པ་ཤར་བ་ལ་བརྟེན་ནས། ང་ཤི་འདུག་སྙམ་པའི་དུས་དེར། དེའི་དུས་སུ་སྔར་གདམས་ངག་ཡོད་པ་རྣམས་ཀྱིས་བླ་མའི་ཞལ་ནས་བར་དོ་བར་དོར་ངོ་ཤེས་པར་གྱིས་ལ། རྒྱལ་བ་ལོངས་སྐུ་ཉམས་སུ་ལོང་གཅིག་གསུང་པའི་དུས་དེར་སླེབ་འདུག་པས། བར་དོ་ལ་སྐྲག་པར་མི་བྱ་སྟེ། དུས་དེར་སངས་རྒྱས་པའི་ཕྱིར་རོ་སྙམ་དུ་བསམས་ནས་དག་པའི་སྒྱུ་ལུས་བསྒོམ་པ་ནི། སེམས་བསྐྱེད་དང་། བླ་མའི་རྣལ་འབྱོར་བསྒོམས་ལ། བདག་འཛིན། དགོས་མེད། བར་དོ་རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པར་གསོལ་བ་གདབ། བར་དོའི་སྣང་བ་འདི་ཐམས་ཅད་བདེན་མེད། རང་སྣང། སྒྱུ་མ། རྨི་ལམ་དུ་བསྒོམས་ལ། ཡི་དམ་གྱི་སྤྲུལ་བསྒྱུར་ལ་འདུན་པ་བཏང་། ཁྱད་པར་ཕྱི་སྣོད་གཞལ་ཡས་ཁང་། ནང་བཅུད་ལྷ་དང་ལྷ་མོ། རང་ལུས་གསུམ་ལྡན་གྱི་ལྷ་སྐུར་བསྒོམ་པ་ནི། རང་གི་ལུས་ལྷ། ངག་སྔགས། ཡིད་དྲན་རྟོག་སྒྱུ་མ་རྨི་ལམ་དུ་བསྒོམ། དེ་ལྟར་ཉམས་སུ་བླངས་པས་སྔར་བསྒོམས་པ་དང་། རྨི་ལམ་དུ་བྱུང་པའི་སྟོབས་གཉིས་ཀྱིས་རང་ཉིད་རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། སྣང་ལ་རང་བཞིན་མེད་པ། གསལ་ལ་རྟོག་པ་མེད་པ། བདེ་ལ་ཞེན་པ་མེད་པའི་ལྷ་སྐུ་ཕྱག་རྒྱ་ཆེན་པོ། ཆོས་སྐུའི་ངོ་བོ། ལོངས་སྐུའི་རྣམ་པ། སྤྲུལ་སྐུའི་ཕྲིན་ལས། དབྱེར་མེད་བདེ་བ་ཆེན་པོའི་སྐུ་རང་ཤར་དུ་འབྱུང་སྟེ། དེས་འཁོར་བའི་རྒྱ་མཚོ་མ་སྟོངས་ཀྱི་བར་དུ། གང་ལ་གང་འདུལ་གྱིས་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་བྱེད་པར་འགྱུར་རོ། །རྨི་ལམ་དུ་ལྷ་སྐུ་རང་ཤར་ཡུད་ཙམ་གཅིག་བྱུང་ན་ལོངས་སྐུའི་ས་བོན་ཐེབས་པ་ཡིན་པས། བར་དོར་ལོངས་སྐུར་སངས་མི་རྒྱ་མི་སྲིད་གསུང་ངོ་།
།གསུམ་པ་ཐ་མ་སྤྲུལ་སྐུ་འཆུག་མེད་རང་ཤར་ནི། ལོངས་སྐུ་ལ་མ་གནས་ན། རང་ཉིད་ཤི་ནས་བར་དོར་ཤེས་ཏེ། སྔངས་སྐྲག་སྡུག་བསྔལ་ཆེན་པོ་འབྱུང་ངོ་། །དེའི་རྗེས་ལ་ཕ་མ་དང་། ཕོ་མོ་ལ་སོགས་པ་ལ་འདོད་ཆགས་སྐྱེས་ནས། དེ་ལ་བརྟེན་པའི་ཕྲག་དོག་མིག་སེར་སྐྱེས་ཏེ། ཆགས་སྡང་དེས་མཚམས་སྦྱར་ནས་སྐྱེ་བ་ལེན་པར་འགྱུར་རོ། །དེ་ལ་ང་ཤི་འདུག་སྙམ་པའི་དུས་དེར་བར་དོ་ལ་མི་སྐྲག་པར་བྱས་ལ། ཀྱེ་མ་ཆགས་སྡང་གི་སྐྱེ་བ་ལེན་པ་ནི་ཤིན་ཏུ་སྡུག་བསྔལ་བ་སྟེ། ད་ནི་བདེ་ཆེན་གྱི་ཞིང་དུ་འགྲོའོ་སྙམ་དུ་བསམས་ལ། བླ་མའི་རྣལ་འབྱོར་བསྒོམས་ནས། བདག་འཛིན། དགོས་མེད། བར་དོར་སྤྲུལ་སྐུར་སངས་རྒྱ་བར་གསོལ་བ་གདབ། སྣང་པ་འདི་བར་དོའི་སྣང་པ་ལ་སོགས་གོང་དང་མཐུན། བར་དོའི་སྣང་པ་ཐམས་ཅད་རང་སྣང་། རང་སྣང་ཐམས་ཅད་བདེན་མེད་སྒྱུ་མ་རྨི་ལམ་དུ་བསྒོམ། དེ་ནས་རང་གི་མདུན་དུ་ཆོས་འབྱུང་གྲུ་གསུམ་མཐིང་ཁའི་ནང་དུ། རང་གི་སེམས་ཧཱུྃ་སྔོན་པོ་གཅིག་ཏུ་བསམ། དེ་ལས་འོད་ཁ་དོག་སྣ་ལྔ་འཕྲོས་པས་སྐྱེ་གནས་ལྔའི་འདས་པའི་མངལ་གྱི་ལན་ཆགས་དག །ད་ལྟར་གྱི་དྲི་མ་སྦྱངས། མ་འོངས་པའི་མངལ་སྒོ་བཀག་པར་བསྒོམ། དེ་ནས་ཧཱུྃ་དེ་ཡོངས་སུ་གྱུར་པ་ལས། རངཉིད་ཡི་དམ་ཡབ་ཡུམ་དུ་བསམ། བར་དོའི་ཆགས་སྡང་གི་ཡུལ་ཕོ་མོར་སྣང་བ་དེ་ལ། ཞེ་སྡང་སྐྱེ་བའི་ཡུམ་དེ་བདེ་མཆོག་ཡབ་དང་། འདོད་ཆགས་སྐྱེ་བའི་ཡུལ་དེ་རྗེ་བཙུན་མ་ཡུམ་དུ་བསྒོམས་ལ། ཡིད་ཀྱིས་སྤྲུལ་པའི་མཆོད་པ་འབུལ་ཞིང་གསོལ་བ་གདབ། སྒྲ་གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲ། དྲན་རྟོག་ཐམས་ཅད་ལ་གླང་པོ་ཆེའི་ལྟ་སྟངས་ཀྱིས། ལྷ་སྐུ་ཕྱག་རྒྱ་ཆེན་པོ་ལ་སྐད་གཅིག་མ་གསུམ་ཙམ་མཉམ་པར་བཞག་པ་དང་། བར་དོའི་གཤིན་རྗེའི་གཟུགས་ཡི་དམ་ཡབ་ཡུམ་གྱི་སྐུར་གྱུར། སོད་གཅིག་ཆོམ་གཅིག་གི་སྒྲ་ལྷའི་སྔགས་སུ་གྱུར། སྔངས་སྐྲག་དང་དྲན་རྟོག་ཆོས་ཉིད་དུ་གྲོལ་ནས། ཕྱི་ནང་སྣོད་བཅུད་རང་ལུས་ཐམས་ཅད་སྣང་སྟོང་ཞེན་བྲལ་གྱི་ལྷ། སྤྲུལ་སྐུའི་སྣང་བ་འབའ་ཞིག་རང་ཤར་དུ་བྱུང་ནས། དུས་དེ་ཉིད་དུ་སྤྲུལ་སྐུར་སངས་མི་རྒྱ་མི་སྲིད་དོ།
།འདི་རྣམས་ལ་སྔོན་དུ་འོད་གསལ་དང་། རྨི་ལམ་དང་། སྒྱུ་ལུས་ལ་ལེགས་པར་གོམས་ཤིང་། དམ་ཚིག་གཙང་བ་ཤིན་ཏུ་གནད་ཆེའོ།
།འདིའི་སྐབས་སུ་བླ་མ་ཁྱུངཔོ་ཉིད་ཀྱིས་མཛད་པའི་འཆུག་མེད་བར་དོ་གསུམ་གྱི་གདམས་པ་བླ་མས་ཞིབ་ཏུ་བཤད་ཅིང་། སློབ་མ་རྣམས་ཀྱིས་ཚིག་དང་དོན་ལ་ངོ་འཕྲོད་ཅིང་འདྲིས་པར་བྱ་བ་གཅེས་སོ།
།བཞི་པ་སྤྱི་གནད་འཕྱུག་མེད་ལམ་ཁྱེར་ནི། །བླ་མ་ཡི་དམ་སྒྱུ་མ་གསུམ། །འབྲལ་བ་མེད་པར་ལམ་དུ་ཁྱེར། །བར་དོའི་འཇིགས་པ་ཆེན་པོ་ལ། །འཆུག་པ་མེད་པའི་གདམས་ངག་གཅེས། །དེ་ལྟར་ཉམས་སུ་བླང་ངོ་།
།གསུམ་པ་རང་བཞིན་བརྒྱད་བཅུ་ཤེས་པར་གདམས་པ་ནི། གཟུགས་སྒྲ་ས་ཆུ་སྣང་མཆེད་ལ་སོགས་པའི། །ཐིམ་འགྲོས་རང་བཞིན་བརྒྱད་བཅུ་ཤེས་པར་བྱའོ། ཅེས་གསུངས་ཏེ།
གཟུགས་སྒྲ་སོགས་ཡུལ་དང་དབང་པོ་ཐིམ་པ་དང་། ས་ཆུ་སོགས་འབྱུང་བ་ཐིམ་པ་དང་། སྣང་མཆེད་ཐོབ་གསུམ། རྣམ་པ་ཐམས་ཅད་པའི་འདོལ་ལ་སོགས་པའི་ཐིམ་འགྲོས་དང་། རང་བཞིན་བརྒྱད་བཅུའི་རྟོག་པ་འགག་ཚུལ་རྣམས་ཞིབ་ཏུ་ཤེས་པར་བྱའོ།
།གསུམ་པ་གཞུང་མཐར་ཕྱིན་པའི་བྱ་བ་ལ་གསུམ་ལས།
དང་པོ་ཆོས་འདི་སྐྱོན་དང་མ་འདྲེས་པར་བྱ་ཚུལ་ནི། །ལོག་ལྟས་རྒྱུད་དཀྲུགས་རྩོད་ལྡན་སྙིགས་མའི་དུས། །ཡང་དག་ཆོས་ནི་ཉིན་སྐར་རུས་སྦལ་སྤུ། །ལོག་ཆོས་ཚོང་འདུས་འོ་མའི་ཆོས་སྤྱོད་ཚེ། །ཉམས་མྱོང་ལུང་དང་ཐིམ་ཡིག་བརྒྱན་པ་གཅེས། ཞེས་གསུངས་ཏེ།
གནས་ལུགས་ལ་དོན་དམ་གྱི་སངས་རྒྱས་དང་། ཆོས་དང་དགེ་འདུན་རྣམས་མེད་པར་བལྟ་ཞིང་། ཀུན་རྫོབ་ཙམ་དུ་རྒྱུ་འབྲས་མེད་པར་ལྟ་བའི་ལོག་ལྟས་རྒྱུད་དཀྲུགས་ཤིང་། སངས་རྒྱས་ཀྱི་ཆོས་ཀྱི་བཞི་ཆ་ཙམ་ཞིག་ལུས་པས་སེམས་ཅན་དང་། དུས་དང་ཚེ་དང་ལྟ་བ་དང་ལོངས་སྤྱོད་ཀྱི་རྙིགས་མ་ལྔའི་དུས་སུ། ཡང་དག་པའི་ཆོས་ནི་ཉིན་མོའི་སྐར་མ་དང་། རུས་སྦལ་གྱི་སྤུ་ལྟར་དཀོན་ཞིང་ལོག་པའི་ཆོས་མང་པོ་ནི་བསྲེས་ཏེ། དཔེར་ན་ཚོང་འདུས་སུ་བ་དང་ཁྱི་ཕག་ལ་སོགས་པའི་འོ་མ་སྣ་ཚོགས་བསྲེས་ནས། བ་ཁོ་ནའི་འོ་མར་མིང་བཏགས་ནས་འཚོང་བ་བཞིན་དུ། ལོག་པའི་ཆོས་མང་པོ་སྤྱོད་པའི་ཚེ། རང་གིས་བསྒོམས་པའི་ཉམས་མྱོང་དང་། མདོ་རྒྱུད་དྲི་མ་མེད་པའི་ལུང་དང་། དམིགས་པའི་ཐིམ་ཡིག་གིས་བརྒྱན་ཏེ། ནོར་པ་རྣམས་སྤངས་ཏེ་མ་ནོར་བ་དང་དུ་བླངས་པ་གཅེས་སོ།
།གཉིས་པ་འབྲས་བུ་མྱུར་དུ་ཐོབ་ཚུལ་ནི། །ལམ་གྱི་མཆོག་གྱུར་འདི་ཉིད་ཉམས་ལེན་ཚེ། །གཞན་གྱི་དུས་མིན་འདི་འམ་བར་མ་དོར། །བདེ་སྟོང་དབྱེར་མེད་འོད་གསལ་རང་ཤར་ནས། །རྣམ་པར་དག་པའི་མཁའ་སྤྱོད་ཉིད་དུ་འགྲོ། ༼ཞེས་གསུངས་ཏེ།༽
ལམ་གྱི་མཆོག་གྱུར་ཆོས་དྲུག་པོ་འདི་ཉམས་སུ་ལེན་པའི་ཚེ། གྲངས་མེད་གསུམ་ལ་སོགས་པ་གཞན་གྱི་དུས་ལ་ལྟོས་པ་མིན་ཏེ། ཚེ་འདིའི་སྲིད་པ་བར་མ་དོར་ཟག་མེད་ཀྱི་བདེ་བ་དང་། ཟབ་གསལ་གྱི་སྟོང་པ་ཉིད་དབྱེར་མེད་པའི་ཟུང་འཇུག་འོད་གསལ་རང་ལ་གནས་པ་ཤར་བ་སྟེ་མངོན་དུ་གྱུར་ནས། རྣམ་པར་དག་པ་བདེ་བ་ཆེན་པོའི་མཁའ་སྤྱོད་ཉིད་དུ་འགྲོའོ།
།གསུམ་པ་མི་རབས་བདུན་དུ་ཆིག་བརྒྱུད་དུ་བསྟན་པ་ནི། །འདི་ཉིད་མི་རབས་བདུན་དུ་ཆིག་བརྒྱུད་ལས། །མི་སྤེལ་རྡོ་རྗེའི་རྒྱ་ཡིས་གདབ་པར་བྱའོ། །ཞེས་གསུངས་ཏེ།
ཆོས་འདི་ཉིད་རྡོ་རྗེ་འཆང་ནཻ་གུ་མ་ཁྱུང་པོ་རྣལ་འབྱོརརྨོག་ཅོག་པསྐྱེར་སྒང་པགཉན་སྟོན་པའགྲོ་མགོན་སྟོན་པ་སྟེ། མི་རབས་བདུན་གྱི་བར་དུ་ཆིག་བརྒྱུད་ལས་མི་སྤེལ་བར་རྡོ་རྗེའི་བཀའ་རྒྱ་ཡིས་གདབ་པར་བྱའོ།
།བཞི་པ་གཞུང་རྫོགས་པའི་ཐ་ཚིག་ནི། ཆོས་དྲུག་རྡོ་རྗེའི་ཚིག་རྐང་ཞེས་བྱ་བ་རྫོགས་སོ། ཞེས་གསུངས་ཏེ། གོང་དུ་བསྟན་པའི་ཆོས་དྲུག་རྡོ་རྗེའི་ཚིག་གི་རྐང་གྲངས་དང་། མཚན་ཉིད་མདོར་བསྡུས་པ་ཞེས་བྱ་བ་རྫོགས་སོ།
།ལྔ་པ་འགྱུར་བྱང་སྨོས་པ་ནི། ཡེ་ཤེས་ཀྱི་ཌཱ་ཀི་མའི་ཞལ་ནས། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ། །བདག་ཁྱུང་པོ་རྣལ་འབྱོར་པས་གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་ཏེ། ཉམས་སུ་མྱོང་པར་བྱས་པའོ། །ཕྱིས་མཐོ་མཐིང་དུ་ལོ་ཙཱ་བ་རིན་ཆེན་བཟང་པོས་གཏན་ལ་ཕབ་པའོ། ཅེས་པ་ནི་གོ་སླའོ།། །།
རྡོ་རྗེ་འཆང་དབང་ཐུགས་ཀྱི་རྒྱ་མཚོ་ཆེར། །ཁྱུང་པོ་རྣལ་འབྱོར་དད་པའི་གྱུར་ཞུགས་ཏེ། །ཡེ་ཤེས་མཁའ་འགྲོའི་དེད་དཔོན་ལ་བརྟེན་ནས། །བོད་ཡུལ་དབུལ་སེལ་ནོར་བུའི་ཕྲེང་བ་བླངས། །གྲུབ་ཐོབ་བརྒྱུད་པའི་མགུལ་བརྒྱན་འདི་ཉིད་ནི། །བཤེས་གཉེན་དཔལ་ལྡན་གྲགས་པས་གསོལ་བཏབ་ནས། །མདོ་རྒྱུད་དགོངས་པའི་རིན་ཆེན་སྤེལ་བའོ། །ཕྲེང་བ་འདི་ཡང་བསྟན་པའི་རྒྱན་གྱུར་ཏེ། །མཐའ་ཡས་འགྲོ་བའི་རེ་འདོད་ཡོངས་བསྐང་ནས། །ཁྱབ་བདག་རྡོ་རྗེ་འཆང་དབང་གནས་ཐོབ་ཤོག
།ཅེས་པ་འདི་ཉིད་བསོད་སྙོམས་པ་སངས་རྒྱས་དཔལ་བཟང་པོས། དཔལ་ལྐུག་ལུང་གི་གཙུག་ལག་ཁང་དུ་ཡིག་གེར་བཀོད་པའོ། །འདིའི་དགེ་བའི་རྩ་བས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོར་གྱུར་ཅིག །མངྒ་ལཾ།། །།