Dpal ldan lha mo nag mo zhal gcig phyag bzhi ma'i bsnyen sgrub las sbyor rten bca' thabs

From Shangpa Resource Center








Resource ID SCv11p643
Title dpal ldan lha mo nag mo zhal gcig phyag bzhi ma'i bsnyen sgrub las sbyor rten bca' thabs dang bcas pa shin tu gnyan pa
Topics Pelden Lhamo
Sub-Topics Sadhana
Link BDRC W23922

༈ དཔལ་ལྡན་ལྷ་མོ་ནག་མོ་ཞལ་གཅིག་ཕྱག་བཞི་མའི་བསྙེན་སྒྲུབ་ལས་སྦྱོར་རྟེན་བཅའ་ཐབས་དང་བཅས་པ་ཤིན་ཏུ་གཉན་པ་བཞུགས་སོ།།
༈ ༼ཁུ༽ དཔལ་ལྡན་ལྷ་མོ་ནག་མོ་འདོད་ཁམས་ཀྱི་དབང་ཕྱུག་མ་ངན་སྔགས་ཀྱི་བདག་མོ་ཆེན་མོ་ལ་ཕྱག་འཚལ་ལོ།
།འདིའི་སྒྲུབ་ཐབས་ལ་རྣམ་པ་བཞི་སྟེ། བསྙེན་པ། བསྒྲུབ་པ། ལས་ལ་སྦྱོར་བ། རྟེན་བཅའ་བའོ།
འོན་ཀྱང་ལུགས་འདི་ལ་སྒྲུབ་པ་ཆིག་དྲིལ་གྱིས་དབང་དུ་བྱས་ནས་སོ་སོར་མི་བྱེད་དོ། །དེ་ལ་ཐོག་མར་ས་དང་ནམ་མཁའ་གྲུ་གསུམ་ཆོས་འབྱུང་གི་དབྱིབས་སུ་ཡོད་པའི་གནས་སམ། དུར་ཁྲོད་དམ། མ་མོའི་ཁྱིམ་མམ། རང་གི་ཁྱིམ་དུའང་རུང་སྟེ། ཤིན་ཏུ་དབེན་པར་མཚམས་དམ་པར་བྱས་ཤིང་། རྟེན་ལ་སོགས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱ་སྟེ། བྲིས་སྐུའི་མདུན་དུ། གཏོར་མ་ཟུར་གསུམ་འཐེབ་ཀྱུས་བསྐོར་ཞིང་ཤ་ཁྲག་གིས་བརྒྱན་པ་དང་། དར་སྔོན་པོ་བཙུགས་པ་དང་། རང་གི་མདུན་དུ་ནང་མཆོད་ལ་སོགས་པ་ལེགས་པར་བཤམས་ཏེ། ཡི་དམ་གྱི་བསྒོམ་བཟླས། ཡེ་ཤེས་མགོན་པོའི་བསྒོམ་བཟླས། གཏོར་མ་རྣམས་ཇི་ཙམ་མཚམས་པར་སྔོན་དུ་བཏང་ནས། རང་གཤིན་གཤེད་དང་ཕྱག་ན་རྡོ་རྗེ་གང་རུང་བའི་ང་རྒྱལ་ལ་གནས་པའི་མདུན་དུ་ལྷ་མོ་བསྐྱེད་པར་བྱ་སྟེ། རྒྱབ་ཏུ་ཉེ་ན་ལས་ལ་གཡེལ། མདུན་དུ་བུག་ན་ཁུ་ལྡོག་ཆེ། ཉེ་རིང་རན་པ་ཐད་ཀར་དུ་འོང་བའི་སྐུ་དྲང་པོར་བསྐྱེད་པར་བྱའོ། །དེ་ཡང་རྟ་ཁྲག་མི་འཁྲུགས་པའི་རྒྱ་མཚོ་དམར་ལ་དངས་པ་རྦ་ཀློང་འཁྲུགས་པའི་དབུས་སུ། དགྲ་བགེགས་བསྣོལ་བའི་གདན་སྟེང་དུ། ཡི་གེ་བརྡ་ཡོངས་སུ་གྱུར་པ་ལས་དྲེའུ་རྐང་སེར་ག་པ། དེའི་རྒྱབ་ཏུ་སྔ་རུ་སྲིན་པོའི་ཡ་འགལ་ལས་བྱས་ཤིང་ཕྱི་རུ་སྲིན་པོའི་མ་འགལ་ལ་བྱས་པའི་སྒ་ལ། མི་ལྤགས་ཀྱི་གཡང་གཞི་རློན་པ་མགོ་ལུས་ལ་བ་གཡོགས་པ་གོང་སྨད་ཐམས་ཅད་སྦྲུལ་ནག་པོ་ལས་བྱས་པ། དེའི་སྟེང་དུ་ཡི་གེ་ཕ་སྔོ་ནག་ཡོངས་སུ་གྱུར་པ་ལས། ལྷ་མོ་སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་བཞི་མ། སྤྱན་ཟུར་གཡོན་གྱི་ཕྱོགས་སུ་ཅུང་ཟད་ཕྱིར་ལ་གཟིགས་པ། ཕྱག་གཡས་ཀྱི་དང་པོ་རལ་གྲི་ཁྲག་གི་གོས་པ་དྲང་པོར་འཕྱར་བ། གཡས་ཀྱིས་འོག་མ་གྲི་གུག་ཐུགས་ཀར་འཛིན་པ། གཡོན་གྱི་དང་པོ་ནལ་བུའི་ར་རངས་པོ་མདུང་རྩེ་ལ་ལངས་ཐབས་སུ་སྐྱོན་པའི་རྒྱལ་མཚན་འཛིན་པའམ། ཡང་ན། ཕྱག་གཉིས་ནལ་བུའི་བམ་ཐད་ཀར་འཛིན་པ། གཡོན་འོག་མས་ཐོད་པ་རློན་པ་སྐྲ་དང་བཅས་པའི་ནང་ན་དགྲ་བོའི་དོན་སྙིང་ཁྲག་དང་བཅས་པས་གང་བ་ཐུགས་ཀར་འཛིན་པ། ཕྱེད་སྐྱིལ་གྱི་བཞུགས་པའི་ཞབས་གཉིས་ལ་ལྕགས་སྒྲོག་གིས་ལུ་གུ་རྒྱུད་དུ་འཁྲོལ་བ། སྤྱན་གསུམ་པ་མཆེ་བ་གཙིགས་ཤིང་ཁ་གདངས་ནས་ལྗགས་རྣམ་པར་བསྐྱོད་པ། ཤིན་ཏུ་འཇིགས་ཤིང་མི་གདུག་པ། དབུ་སྐྲ་ཁམ་སེར་འཕྱར་ཞིང་འཛིངས་པའི་སྤྱི་བོར་རྨ་བྱའི་སྒྲོ་མདོངས་ཀྱིས་བརྒྱན་ཞིང་། སྦྲུལ་མགོའི་གདེངས་ཀ་ཅན། སྙན་གཡས་པ་ལ་སེངྒེ་དང་། གཡོན་པ་ལ་སྦྲུལ་གྱིས་བརྒྱན་པ། སྐུ་སྟོད་ལ་ཞིང་ཆེན་གྱི་གཡང་གཞི་གསོལ། སྐུ་སྨད་ལ་བ་གླང་གི་ཀོ་བའི་སྨད་གཡོགས་གྲོལ་བ། རེ་ལྡེ་སེར་སེར་ཤམ་ཐབས་ལ། སྦྲུལ་ནག་པོ་སྟོང་གི་ཆུན་པོས་སྐ་རགས་བྱས་ཤིང་། ལྟེ་བའི་ཐད་ན་ཉི་མ་འཆར་བ། སྐུ་ལ་ཁྲག་གི་ཐིག་ལེ་དང་ཞག་གི་ཟོ་རིས་དང་། ཐལ་ཆེན་གྱི་ཚོམ་བུས་སྤྲས་པས། དེའི་མདུན་དུ་ཆུ་སྲིན་གདོང་ཅན་མཐིང་ཁ་ཕྱག་གཡས་ཞགས་པ་ནག་པོ་འཕེན་པས་དགྲ་བོའི་སྐེ་ནས་བཅིངས་ཤིང་། གཡོན་པ་དྲིའུའི་ཐུར་སྣ་བཟུང་ནས་གཙོ་མོ་ལ་བལྟ་བ། ཁ་གྱེན་དུ་ཕྱོགས་ཤིང་གཅེར་བུ་མོ། སླད་ཀྱི་རྗེས་འབྲང་སེངྒེའི་གདོང་ཅན་མགོ་བོ་སྒེང་མོ་ལ་སྲིན་མོའི་ལུས་ཅན་མདོག་དམར་ནག ཕྱག་གཡས་གྲི་གུག་ནམ་མཁའ་ལ་འཕྱར་བས་དམ་ཉམས་ཀྱི་སྲོག་རྩ་གཅོད་ཅིང་། གཡོན་པ་སྡིགས་མཛུབ་ཀྱི་རྩེ་ལ་ཞགས་པ་ནག་པོ་རྒྱངས་པ། ཁ་གདངས་ཤིང་གཅེར་མོ་གཙོ་མོའི་ཕྱི་བཞིན་འབྲང་བ། དགྲ་བགེགས་ལ་སྡང་མིག་ཕྱིར་བལྟ་བའོ། །གཞན་ཡང་ཤ་ཟ་མ་མོ་མཁའ་འགྲོ་བྱེ་བའི་ཚོགས་དང་བཅས་པའི་གཙོ་མོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཕ་སྔོ་ནག རང་གི་ཐུགས་ཀའི་ཧཱུྃ་དང་ལྷ་མོའི་ཐུགས་ཀའི་ཧཱུྃ་ས་བོན་གྱི་ཡི་གེ་ལས་འོད་ཟེར་འཕྲོས་ལྷོ་ནུབ་མཚམས་ནས་བསྒོམས་པ་དང་འདྲ་བའི་ལྷ་མོ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དེ་ནས་ལྷ་མོའི་ཐུགས་ཀར་ས་བོན་ལ་སྲོག་སྔགས་ཀྱིས་གཡས་བསྐོར་དུ་བསྐོར་བར་བསམས་ནས། བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ལྷ་མོའི་ཐུགས་ཀའི་ས་བོན་སྔགས་འཕྲེང་དང་བཅས་པ་ལ་ཕོག་པས། ཐུགས་རྒྱུད་རང་དབང་མེད་པར་བསྐུལ་བར་བསམ་ཞིང་། བཟླས་པ་བྱ་བ་ནི། རྒྱུན་བསྙེན་གྱི་དམིགས་པ་ཐུན་མོང་བ་ཡིན། ཐུན་མོང་མ་ཡིན་པ་ཞལ་ཤེས་ཀྱི་དམིགས་པ་ཁྱད་པར་བ་ནི། རང་ཡི་དམ་དུ་གསལ་བའི་ཤངས་བུག་གཡོན་པ་ནས་ལྷ་མོའི་སྲོག་སྔགས་ཀྱི་ཕྲེང་བ་རླུང་དང་འགྲོགས་ནས་སོང་སྟེ། ལྷ་མོའི་ཤངས་བུག་གཡས་ནས་ཞུགས། ལྷ་མོའི་ཞལ་ནས་ཐོན་བདག་གི་ཞལ་དུ་ཞུགས། སླར་ཡང་བདག་གི་ཤངས་བུག་གཡོན་པ་ནས་ཐོན་ཏེ། ལྷ་མོའི་གཡས་སུ་ཞུགས་ཤིང་ཞལ་ནས་ཞལ་དང་། ཤངས་ནས་ཤངས་སུ་རྒྱུན་མི་ཆད་པ་འགལ་མེའི་འཁོར་ལོ་ལྟར་འཁོར་བར་བསམ་ལ། སྔགས་ཀྱི་ཁ་དོག་སྔོ་ནག་ལ་འོད་ཟེར་མགར་བའི་ཐབ་ཁུང་གི་མེ་ལྕེ་ལྟ་བུ་འཕྲོ་བ་ལ་ཡིད་རྩེ་གཅིག་ཏུ་གཏོད། མ་ཡེངས་པས་སྲོག་སྔགས་བཟླས་པར་བྱའོ།
།བཟླས་པའི་སྔགས་ནི། ཨོཾ་མ་མ་སརྦ་ཙ་དྷུ་ར་བྷཀྵ་ཛ་ར་ལ་ཏྲི་འུར་བ་འུར་བ་ས་མ་ཏྲི་ར་ཛ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཞེས་བྱའོ། །དེ་ལྟར་ཐུན་གྱི་དངོས་པོ་རྫོགས་པའི་མཐར་གཏོར་མ་ཕུལ་ནས་བསྟོད་དོ། །བཟོད་པར་གསོལ་ཞིང་། ཡེ་ཤེས་པ་མི་གཤེགས་པར་རང་ཉིད་ཐུན་མཚམས་ཀྱི་བྱ་བ་དག་ལ་གནས་པར་བྱའོ། ཐུན་དང་པོའི་ཐོག་མ་ལ་དེ་ལྟར་བྱས་ནས། དེ་ཕྱིན་ཆད་ཞག་གྲངས་སུ་བྱེད་པའི་ཞག་གྲངས་ཐམས་ཅད་ལ་ལྷ་མོ་ས་བོན་ལས་གསར་དུ་མི་བསྐྱེད་པར། མདུན་ན་སྔར་ཡོད་གསལ་འདེབས་པའི་བསམ་པས་ངག་ཏུ་བརྗོད་ཅིང་གསལ་བཏབ་སྟེ། ཡེ་ཤེས་པ་གཞུག་པ་མན་ཆད་སྔར་ལྟར་བྱའོ།
།དེ་ལ་འདིའི་བསྙེན་པ་ལ་ཚད་རྣམ་པ་གསུམ་སྟེ། གྲངས་དང་། །དུས་དང་། མཚན་མའོ།
།གྲངས་ནི་རྒྱུན་གཅིག་ལ་མཚམས་ནང་གཅིག་ཏུ་ངག་གཞན་གྱིས་བར་མ་ཆད་པར་བཟླས་པ་འབུམ་ཕྲག་གསུམ་མོ། །དུས་ནི་ཉིན་ཞག་བཅུ་གཉིས། མཚན་མ་ནི་རབ་དངོས་སམ་ཉམས་སྣང་ལ་ལྷ་མོའི་ཞལ་མཐོང་བ། འབྲིང་ཁྲག་གི་མཚོ་དང་རླུང་འཚུབ་མ་ལ་སོགས་པའི་ཆོ་འཕྲུལ་སྣ་ཚོགས་དངོས་སམ་ཉམས་སྣང་ལ་ཐོང་བ། ཐ་མ་རྨི་ལམ་ལ་ལྷ་མོའི་སྐུ་དང་ཁྲག་མཚོ་དང་། རླུང་ནག་འཚུབ་མ་དང་། ཆར་སྤྲིན་ནག་པོ་འབྲུག་སྒྲ་དང་བཅས་པ་དང་། དྲེའུ་དང་། བོང་བུ་དང་། བྱ་ནག་དང་། མ་དང་སྲིང་མོ་ལ་སོགས་པའི་བུད་མེད་ནག་མོ་རྒྱན་དང་ལྡན་ཞིང་སྣུམ་བག་དང་ལྡན་པས་བག་ཕེབས་པའི་གཏམ་སྨྲ་བ་དང་གྲོགས་བྱེད་པ་དང་། ཟས་སྟེར་བ་སོགས་སོ། །ནང་ཁྲོལ་ཁ་འབྱེད་པ། རྒྱུ་མ་ལ་སོགས་པའི་ཤ་དམར་པོ་སྟེར་བ་དང་། རོ་དང་། མགོ་བོ་དང་། དོན་སྙིང་ལ་སོགས་པ་ཡང་ཡང་རྨིས་ན། ལས་ལ་སྦྱོར་བ་ན་མཉེས་པའི་རྟགས་ཡིན་པས་ལས་བྱའོ། །ཐུན་བཞི་ཀ་ལ་འབུལ་བ་དང་ནར་མར་འབུལ་བ་གཉིས་ཀའི་གཏོར་ཆོག་ནི། གཏོར་མའི་བསྐྱེད་ཆོག་དང་བྱིན་རླབས་མགོན་པོ་ལྟར་བྱས་ལ། བདུད་རྩིས་བྱིན་གྱིས་བརླབས་པའི་དགྲ་བགེགས་ཀྱི་ཤ་ཁྲག་ལྷ་མོ་འཁོར་དང་བཅས་པའི་ཞལ་དུ་དམར་ཙི་རི་རི་གསོལ་བར་བསམ་སྟེ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ནས་བསྙེན་སྔགས་ཀྱི་ཧཱུྃ་ཧཱུྃ་ཕཊ་ཕཊ་ཅེས་པའི་གོང་དུ་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་བཅུག་ནས་འབུལ་བར་བྱ་ཞིང་གཏོར་སྔགས་ལན་བདུན་བདུན་བརྗོད་དོ།
།དེ་ནས་བསྙེན་སྔགས་རྫོགས་པའི་མཇུག་ཏུ་ཨོཾ་ཨཱཿཧཱུྃ་བཏགས་པས་བྱིན་གྱིས་རླབས་པའི་ནང་མཆོད་དབུལ་ཞིང་། དེ་ནས་འཕྲིན་ལས་བཅོལ་ནས་ཐལ་མོ་གདབ། དེ་ནས་བསྟོད་པ་བྱའོ། །ཞག་གྲངས་རྫོགས་པ་ན་ཐུན་ཐ་མ་ལ་གཏོར་མ་དགྲ་བགེགས་ཀྱི་ཕྱོགས་སུ་བཏང་། ནང་དུ་འོང་ནས་མཆོད་པ་དང་ནང་མཆོད་དབུལ། བཟོད་པར་གསོལ། ཡེ་ཤེས་པ་བྲིས་སྐུ་ལ་བརྟན་བཞུགས་བྱ། མེད་ན་རང་གནས་སུ་གཤེགས་སུ་གསོལ། དམ་ཚིག་པ་རང་གི་ལྟེ་བར་ཆོས་འབྱུང་སྨུག་ནག་གི་ནང་དུ་ཡི་གེ་ཕ་སྔོ་ནག་བསྒོམས་པ་ལ་བསྟིམས་ནས། རང་དང་ལྷ་མོ་འབྲལ་མེད་དུ་བསྒོམ་པར་བྱའོ། །དེ་ནས་བསྔོ་བ་དང་བཀྲ་ཤིས་བྱ། ལས་ཀྱི་རྗེས་མི་མངོན་པར་བསྡུའོ། །བར་མ་སྲོད་ཀྱི་ཐུན་ལྟ་བུ་ལ་རྒྱུན་བསྙེན་མ་ཆགས་པར་བྱེད་ནའང་དམིགས་པ་ལ་སོགས་པ་གོང་ལྟར་རོ། །བསྙེན་སྒྲུབ་ཇི་ལྟ་བར་བྱ་བ་བརྗོད་ཟིན་ཏོ། །

༈ ༼ཁུ༽དཔལ་ལྡན་ལྷ་མོ་ལ་ཕྱག་འཚལ་ལོ།
།ད་ནི་ལས་ལ་སྦྱར་བའི་མན་ངག་བཤད་པར་བྱ་སྟེ། དེ་ལ་སྒྲུབ་པ་ཚད་ལ་ཁེལ་བས་ཟླ་བ་མར་གྱི་ངོའི་ཉེར་དྲུག་བརྒྱད་དགུ་ལ་སོགས་པ་དྲག་པོའི་ཉི་མ་ལ་བརྩམ་པར་བྱ་སྟེ། ཕུང་ཤུལ་གྱི་ས་ལས་བྱས་པའི་སྟེགས་བུ་ཟུར་གསུམ་པ་ལ་དུག་ཁྲག་གིས་བྱུགས། དེ་ནས་རོ་སོལ་གྱི་ནག་པོར་བྱས། དེའི་དབུས་སུ་ནས་ནག་གི་ཕྱེ་མ་ལ་ཁུ་བ་ཁྲག་གིས་བྱས་པའི་གཏོར་མ་སྣོད་ཆེན་པོར་བཤམས་ལ། མཉྫི་ལ་སོགས་པའི་སྟེང་དུ་བཞག །དར་སྔོ་ནག་མདའ་དར་ལ་ལྷ་མོའི་བྲིས་སྐུས་བརྒྱན་པ་གཏོར་མ་ལ་བཙུགས། ས་སྟེང་དེའི་སྟེང་དུ་འབྲུབ་ཁུང་མཛུབ་གང་པ་ཟུར་གསུམ་ཟབས་སུ་སོར་བཞི་བསྐོས་པའི་ནང་ལ་རོ་སོལ་གྱིས་བྱུགས་ཤིང་། ཁ་ལ་མེ་རིས་བསྐོར། ཤོག་བུའམ་བག་ཟན་ལ་དགྲ་བོའི་གཟུགས་བྲིས་པའམ། བཟོ་བྱས་པའི་ལིངྒ་དབང་པོ་ཚང་བ་བྱས་ལ། དེ་ལ་དགྲ་བོ་ཡང་ཡང་བཀུག་ནས་བསྟིམ་པ་ཡིད་ཆེས་ཀྱི་བར་དུ་བྱས་ལ། འབྲུབ་ཁུང་ནང་དུ་གན་རྐྱལ་དུ་བཞག་ཅིང་། དགྲ་བོ་དངོས་སུ་མོས་པ་བྱས་ལ། ས་སྟེང་དབུས་ཀྱི་གཏོར་མ་ཆེ་བ་དེའི་མདུན་དུ་ཡང་ཐུན་རེ་རེ་ལ་གཏོར་མ་ཤ་ཁྲག་གིས་བརྒྱན་པ་རེ་རེ་བཤམས། དེ་ནས་སྦྱོར་བའི་ཆོ་ག་གཞན་རྣམས་བསྙེན་སྒྲུབ་དང་འདྲ་བ་ལ། དངོས་གཞིའི་དུས་སུ་གཏོར་མ་ཆེ་བ་ལྷ་མོར་བསྐྱེད། དེ་ནས་འཁོར་བསྐྱེད། དེ་ནས་ཡེ་ཤེས་པ་གཞུག་པ་སོགས་སྔར་ལྟར་བྱ། དེ་ནས་སྔར་གྱི་བསྙེན་སྔགས་ཀྱི་བཟླས་པའི་དམིགས་པ་དེ་ལྟ་བུ་མི་བྱ་བར། རང་ཡི་དམ་གྱི་ང་རྒྱལ་གདེངས་དང་ལྡན་པའི་ཐུགས་ཀའི་ས་བོན་ལས་འོད་ཟེར་དམར་ལ་རྩུབ་པ་འཕྲོས། ལྷ་མོའི་ཐུགས་ཀའི་ས་བོན་ལ་ཕོག་པས་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་ཏེ། ཁྲོས་འཁྲུགས་རྔམས་པས་འཁོར་ཤ་ཟ་མ་མོ་སྲོག་ལ་རྔམས་པ་དཔག་ཏུ་མེད་པ་སྤྲོས་ནས། དགྲ་བོ་བསད་བཅད་བསྒྲལ་བའི་ལས་དུ་མ་རིངས་པ་རིངས་པར་བྱེད་པར་བསམ་ལ། ཨོཾ་མ་མ་སརྦ་ཙ་དྷུ་ར་བྷཀྵ་ཛ་ཏ་མ་ཏྲི་འུར་བ་འུར་བ་ས་མ་ཏྲི་ར་ཛ་མིང་རུས་ཆྒཻ་མོ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་ཐུན་རེའི་ནང་དུ་སྟོང་ཕྲག་རེ་ཙམ་བཟླས། དེ་ནས་རང་དང་ལྷ་མོའི་ཐུགས་ཀའི་ས་བོན་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། དགྲ་བོའི་སྙིང་ག་ནས་རྣམ་པར་ཤེས་པའི་ངོ་བོ་ཨ་ཐུང་ཏིལ་མར་གྱི་མར་མེ་ལྟ་བུ་བླངས་ནས་བཀུག་སྟེ་ལིངྒའི་སྤྱི་གཙུག་ནས་ཞུགས། སྙིང་གར་གནས་པར་གྱུར་པ་དེ་དགྲ་བོ་དངོས་སུ་བསམ་ལ། དེ་ཉིད་ཀྱི་ལྷ་དང་བསྲུང་མ་འཇིག་རྟེན་ལས་འདས་པ་ཐམས་ཅད་ལ་ཁོའི་ཉེས་པ་སྒྲགས་ནས་སྐྱབས་མི་མཛད་པར་གསོལ་བ་བཏབ་སྟེ་རང་ལ་བསྟིམ། འཇིག་རྟེན་པ་ཐམས་ཅད་ལྷ་མོའི་ཐུགས་ཀའི་ཡི་གེ་ཕ་སྔོ་ནག་ལས་དུག་པའི་མེ་འོད་རབ་ཏུ་ཚ་བ་སྤྲོས་པས་བསྲེགས་ཤིང་བརྡུང་པར་བྱས། ཞལ་ནས་དུག་དང་ནད་ཀྱི་ཁ་རླངས་སྤྲོས་པས་མྱོས་ཤིང་རྒྱལ། འཇིགས་པའི་ཕོ་ཉ་དཔག་ཏུ་མེད་པས་རྒྱ་མཚོའི་མཐའ་བར་དུ་དེད་ཅིང་ཚར་བཅད་པར་བསམ་ལ། ལྷ་དང་བྲལ་བར་བྱའོ། །དེ་ནས་དུག་དང་ལྕགས་ཕྱེ་རྡོ་ཕྱེ། ཉུངས་ཀར། ཉུངས་ནག །སྐེ་ཚེ་ལ་སོགས་པའི་ཐུན་གྱིས་བྲབ་ཅིང་། ལྷ་མོ་འཁོར་བཅས་ཀྱི་མཚོན་ཆའི་ཆར་འབེབས། ནད་དང་དུག་གི་ཁ་རླངས་ན་བུན་ལྟར་འཐིབས་པས་དགྲ་བོ་སེམས་མྱོས། ལུས་དང་ཡན་ལག་ཐམས་ཅད་བཅད་ཅིང་གཏུབས། དབང་པོའི་སྒོ་ཐམས་ཅད་ནས་ཁྲག་འཛག སྙིང་གི་དཀྱིལ་ན་རྣམ་ཤེས་མར་མེ་ལྟ་བུ་ཡོད་པ་དེ་ནག་ཐུམ་ཐུམ་བསམ་ལ། སི་ཏི་ཡམ་དུ་ཛ། མ་ར་ཡ་སོད་སོད། ཀྲིཾ་གྷ་ལ། འུར་བ་འུར་བ་སོད་སོད། རྒྱུག་རི་རྒྱུག་རི་སོད་སོད། ཅེས་དྲག་ཏུ་ཞེ་སྡང་གི་སེམས་ཀྱིས་བཟླས་པ་བྱའོ།
།དེ་ནས་གཏོར་ཆུང་དེ་བྱིན་གྱིས་བརླབས་ཏེ། དགྲ་བོའི་ཤ་ཁྲག་ཏུ་བསམ་ལ་ལག་ཏུ་བཟུང་ནས་དེངས་བྱས་པས་ལྷ་མོ་འཁོར་བཅས་ཞལ་དམར་དང་ངེ་བ་དེར་སིབ་སིབ་སོང་ནས། ཤ་ཁྲག་དམར་ཙིར་རི་རི་གསོལ་བར་བསམ་ནས། གཏོར་སྔགས་ལ། དགྲ་བོ་ཆྒཻ་མོ་མཱ་ར་ཡ་ཨི་དམ་བ་ལིཾ་ཅེས་སྦྱར་ནས་ལན་བདུན་བརྗོད་དེ་གཏོར་ཆུང་གཏོར་མ་ཆེ་བའི་ནང་བླུགས། དེ་ནས་དམོད་བཅོལ་བྱ། ཐལ་མོ་བརྡབ། བསྟོད་བསྐུལ་དྲག་ཏུ་བྱ། ཞག་རེ་ལ་ཐུན་བཞིར་དེ་ལྟ་བུ་རྫོགས་པ་རེ་བྱ་སྟེ། ཞག་བདུན་གྱི་བར་དུའོ། །ཞེས་ཟེར་ཡང་མཚན་མ་ཡིད་མ་བྱུང་གི་བར་བྱ་དགོས་སམ་སྙམ་མོ། །འདི་དག་གི་སྐབས་སུ་ས་སྟོང་གཏོར་མ་འབྲུབ་ཁུང་གསུམ་གྱི་ཟུར་རང་ལ་ཡེ་མི་ཡོང་བར་བྱས་དགྲ་ཕྱོགས་ལ་བསྟན། ལིངྒ་འབྲི་ན་དུག་ཁྲག་བསྲེས་པས་བྲི་ཞིང་། བག་ཟན་ལ་བྱེད་ན་དགྲ་བོའི་ཟས་རྫས་དང་། རྐང་རྗེས་ཀྱི་ས་གང་རུང་བསྲེ་བ་གྲུབ་ན་ཆེས་མྱུར་བར་འགྱུར་རོ། །དེ་ལྟར་ཞག་གྲངས་ཐེམས་ན། གཏོར་མ་ཆེ་བའི་ལྷ་མོ་ནམ་མཁའ་ལ་བཏེགས་ནས་གཏོར་མ་ཆེ་བ་ལེགས་པར་བསོ། བསངས་སྦྱངས་བསྐྱེད་ཅིང་བྱིན་གྱིས་བརླབས། དེ་ནས་ལིངྒ་ཕྱིར་ཕྱུང་ནས་འབྲུབ་ཁུང་གི་མཐའ་ལ་སྐྱོར་ས་ལ་སོགས་པའི་དུད་པ་དུག་གི་རིགས་ཀྱིས་ཤིང་ཚེར་མ་ཅན་སྙིང་པོ་འདབ་མ་མེད་པས་འཁོར་བར་གྲུ་གསུམ་དུ་བཙིགས། དབུས་སུ་ཡང་ཅུང་ཟད་ཅིག་བཞག །རང་གི་གཡོན་དུ་ལིངྒ་དང་། གཡས་སུ་དུག་དང་ཉུངས་ཀར་ལ་སོགས་པའི་བསྲེག་རྫས་བཞག ཐབས་ནང་གི་ཤིང་ལ་མེ་སྦར། ནང་མཆོད་ཀྱིས་ཀྱང་བསངས་སྦྱངས་ནས་གོང་དུ་ནམ་མཁའ་ལ་བཏེགས་པའི་ལྷ་མོ་དེ་ཐབ་ནང་དུ་སྤྱན་དྲངས། དེ་ནས་ཤར་ལྷོ་ནས་མེ་ལྷ་སྤྱན་དྲངས། ལྷ་མོའི་ཐུགས་ཀར་བཞུགས་པར་བསྒོམ། སྲེག་རྫས་རྣམས་བསང་སྦྱངས་བསྐྱེད། ལིངྒ་ལའང་སྔར་ལྟར་དགུག་གཞུག་ལྷ་དབྱེ་བྱས་ནས་རང་ལྷའི་ང་རྒྱལ་དང་ལྡན་པས་གྲི་ལྕགས་ཀྱི་བྱས་པའི་ཕུར་བུའམ་མི་བསད་པའི་གྲིས། རྐང་པ་གཡས་ནས་རིམ་པ་བཞིན་གཏུབས་ཏེ། ལག་པ་གཡོན་པས་ལིངྒ་དུམ་བུ་རེ་དང་། གཡས་པས་སྲེག་རྫས་རེ་སྤེལ་ནས་དགྲ་བོའི་ཤ་ཁྲག་རུས་པ། ནང་ཁྲོལ་དོན་སྙིང་སོགས་སུ་བསམ་ལ། མེ་ནང་གི་ལྷ་མོ་རབ་ཏུ་ཁྲོས་པའི་ཞལ་དམར་དང་ངེ་བ་དེར་སིབ་སིབ་ཕུལ་བས། ལྷ་མོ་དང་ཐུགས་ཀའི་མེ་ལྷ་གཉིས་ཀ་ཚིམ་པར་བསམ་ལ། ཁྲོས་པའི་སེམས་ཀྱིས་སྲོག་སྔགས་སྤེལ་ཚིག་དང་བཅས་པ་གོང་དུ་བཟླས་པའི་སྐབས་སུ་བཤད་པ་དེ་ལྟར་དྲག་ཏུ་བརྗོད་ཅིང་། སྔགས་རེ་རྫས་རེའི་ཚུལ་དུ་འབུལ། ཡིག་ཆུང་ན་ཁུ་བ་འབུལ་བའི་བཤད་པ་མི་འདུག །བླ་མས་ཀྱང་དགོས་པར་མི་གསུང་ཡང་། མར་ནག་ཅུང་ཟད་ཀྱང་ཕུལ་ན་ལེགས་སོ་སྙམ། དེས་རྙིང་པ་ལ་ལ་ན་བསྲེག་རྫས་ལག་པ་གཡོན་དང་། ལིང་རོ་གཡས་པས་འབུལ་བྱ་བ་འདུག་སྟེ། ཚད་ལྡན་གྱི་གཞུང་སྤྱིའི་བཤད་པ་དང་མི་མཐུན་པས་མི་ལེགས་པ་འདྲའོ། །དེ་ལྟར་ན་བཤོམས་ཀྱང་སྔར་ལས་ལྡོག་དགོས་སོ། །དེ་ནས་ཐུགས་ཀའི་མེ་ལྷའི་ཡེ་ཤེས་པ་རང་གནས་སུ་གཤེགས། ལྷ་མོ་མདུན་གྱི་ནམ་མཁའ་ལ་བཏེགས། མེ་དང་པོ་སྤར་ནས་ཕྱིས་ལྷག་མ་མེད་པར་མ་ཤིའི་བར་དུ་མེ་དང་བུད་ཤིང་ལ་མི་རེག །མི་སྒུལ་བ་གལ་ཆེའོ། །དེ་ནས་གཏོར་མ་ཆེ་བ་དེ་ལྷ་མོ་ལ་འབུལ། ནང་མཆོད་འབུལ། བསྟོད་བསྐུལ་དང་དམོད་བཅོལ་རྒྱས་པར་བྱ། དེ་ནས་གཏོར་མ་དགྲ་ཕྱོགས་སུ་ཁྱེར་ལ་འཕང་། གོས་བརྡབ། དམོད་བསྐུལ་བྱ། ཕྱིར་མིག་མི་བལྟ་བར་འོངས་ནས་ལམ་རྒྱ་གྲམ་གྱི་དབུས་སུ་ས་དོང་གྲུ་གསུམ་བྱས་ནས་དེར་སྦྱིན་སྲེག་གི་ཐལ་བ་མ་ལུས་པ་བླུག །རྡོ་རྗེ་རྒྱ་གྲམ་བྲིས་པའི་རོ་གཡས་གྲུ་གསུམ་གྱི་ཁ་བཅད། ས་ལེགས་པར་གཡོགས། རང་ལྷའི་ང་རྒྱལ་དང་ལྡན་པའི་རྐང་པས་བཅགས། ནང་དུ་འོངས་ནས་ལྷ་མོ་ལ་མཆོད་བསྟོད་བྱ། བཟོད་པར་གསོལ། ལྷ་མོ་བྲིས་སྐུ་ལ་བསྟིམ། བསྲུང་འཁོར་བསྒོམ། བཀྲ་ཤིས་རྒྱས་པར་བརྗོད་དོ། །ལས་ཀྱི་རྗེས་མི་མངོན་པར་བྱའོ།
།ལས་ལ་སྦྱར་བ་ས་མ་ཡ་གུ་ཧྱ།། །།