Dpal ldan shangs pa'i chos skor gyi 'byung khungs yid kyi mun sel

From Shangpa Resource Center








This text needs to be re-read
༄༅། །རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱིའི་རྣམ་བཞག་ལས་འཕྲོས་པའི་དཔལ་ལྡན་ཤངས་པའི་ཆོས་སྐོར་གྱི་འབྱུང་ཁུངས་ཡིད་ཀྱི་མུན་སེལ་བཞུགས།

ཨོཾ་སྭཱ་སྟི།
སངས་རྒྱས་ཀུན་གྱི་གསང་བའི་མཛོད་གྱུར་རྒྱལ་བའི་གཙོ། །དེ་ཡི་དགའ་མ་རྡོ་རྗེ་བཙུན་མོ་ནཻ་གུ་མ། །དེ་ཡིས་རྗེས་བཟུང་ཁྱུང་པོ་ཇོ་གིའི་བརྒྱུད་པར་བཅས། །དེ་དག་བཀའ་བརྒྱུད་སྲིད་མཐའི་བར་དུ་ཕྱག་གི་གནས། །རྣམ་དག་བརྒྱུད་པའི་ཟབ་དོན་བཅུད་བསྡུས་ནས། །བདག་རྒྱུད་ཆོས་ཀྱི་ཕོངས་པར་རབ་བསལ་བའི། ཁྱད་པར་རྩ་བའི་བླ་མ་དམ་པ་རྣམས། །སྒོ་གསུམ་གུས་པའི་ཡིད་ཀྱིས་ཕྱག་བགྱིའོ། །དེ་ལྟར་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཅེས། །འགྲན་པའི་ཟླ་བྲལ་འདི་ལ་བདག་སྤྲོས་ཏེ། རྗེས་སུ་གཞན་ཡང་འཇུག་ཕྱིར་སྤྲོ་བའི་གཏམ། །ཚུལ་འདི་འཆད་ལ་བདག་ཉིད་སྤྲོ་བ་སྐྱེས། །ཞེས་མཆོད་པར་བརྗོད་ཅིང་། རྒྱུ་མཚན་དེས་རྩོམ་པར་དམ་འཆའ་བ་སྔོན་དུ་བཏངས་ནས། བདག་ཉིད་ཀྱི་རྗེས་སུ་འཇུག་ཅིང་གསུང་རབ་མཐའ་དག་ལ་བགྱི་བ་མི་ལྷོད་ཅིང་། ལམ་སྲོལ་འདི་ལ་སྤྲོ་བ་དག་ལ་ཉེ་བར་མཁོ་ཞིང་། རང་ཉིད་ཀྱང་དད་པའི་གསོས་གདབ་ཕྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤྱིའི་རྣམ་གཞག་བསྟན་པ་དང་། དཔལ་ལྡན་ཤངས་པའི་བསྟན་པའི་རྣམ་གཞག་རྒྱས་པར་བསྟན་པའོ།
།དང་པོ་ལ་འཕགས་ཡུལ་དུ་དར་ཚུལ་དང་། གངས་ཅན་དུ་དར་ཚུལ་ལོ།
།དང་པོ་ནི། འཇིག་རྟེན་དུ་སངས་རྒྱས་བྱོན་ཞིང་བསྟན་པ་དར་བའི་སྒྲོན་བསྐལ་དང་། སངས་རྒྱས་མི་འབྱོན་ཞིང་དགེ་སྡིག་གི་བླང་དོར་དང་བྲལ་བའི་མུན་བསྐལ་ཏེ་གཉིས་ལས། བསྐལ་བ་འདི་ལ་སངས་རྒྱས་སྟོང་འབྱོན་པའི་ཕྱིར་སྒྲོན་བསྐལ་བསྐལ་བ་བཟང་པོའོ། །དེ་ལ་སངས་རྒྱས་རྣམ་གཟིགས། གཙུག་གཏོར་ཅན། ཐམས་ཅད་སྐྱོབ་གསུམ་པོ་བསྐལ་པ་འདིའི་སངས་རྒྱས་མིན་པར་བཞེད་ཀྱང་སངས་རྒྱས་བདུན་པོ་འདི་དག་འདུལ་བ་གཅིག་པས་སངས་རྒྱས་རབས་བདུན་ཞེས་བརྗོད་ལ། འགའ་ཞིག་བསྐལ་བ་འདིའི་སངས་རྒྱས་ཡི་ཟེར་རུང་སངས་རྒྱས་སྟོང་ལ་མི་བགྲང་ངོ་། །སྙིང་རྗེ་པད་དཀར་ནས་སངས་རྒྱས་སྟོང་དང་། གསང་བ་བསམ་གྱིས་མི་ཁྱབ་པ་ནས་སངས་རྒྱས་སྟོང་དང་སེམས་དཔའ་གཉིས་ཏེ་སྟོང་རྩ་གཉིས་གསུང་བའི་ཐོག་མ་ནི། འཁོར་བ་འཇིགས། གསེར་ཐུབ། འོད་སྲུང་གསུམ་གྱི་བསྟན་པ་རྫོགས་ནས་ད་ལྟ་ཤཱཀྱ་ཐུབ་པའི་བསྟན་པའོ།
།དེ་ལ་བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོ་འདི་སྔོན་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་པའི་ཚེ། ཐུབ་པ་ཆེན་པོ་ལ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས། བསྐལ་པ་གྲངས་མེད་གསུམ་ལ་ཕར་ཕྱིན་དྲུག་ལ་བསྟེན་ནས་ཚོགས་རྫོགས་པར་གྱུར་པའི་མཐར་བབས་པའི་ཚེ། འཛམ་བུ་གླིང་དུ་ཚེ་ལོ་ཉི་ཁྲི་པའི་དུས་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་པའི་ཚེ། སྟོན་པ་འདི་ཉིད་བྲམ་ཟེའི་ཁྱེའུ་བླ་མར་གྱུར་པ་སྟེ། དེ་ནས་དགའ་ལྡན་དུ་ལྷའི་སྟོན་པ་དམ་པ་ཏོག་དཀར་པོ་སྟེ་ལྷ་གཙོ་བོར་གྱུར་པའི་སྐྱབས་གནས་སུ་མཛད། འཛམ་གླིང་ཚེ་ལོ་བརྒྱ་པར་སླེབས། རང་སངས་རྒྱས་རྣམས་ཀྱི་མཆོད་པའི་ཞིང་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱོན་ནས་ཕན་བདེ་ལ་བཀོད་ཙམ་ལས། ཡང་དག་པའི་དོན་ལ་འཇུག་པའི་སངས་རྒྱས་ཀྱི་བསྟན་པ་ནི་མེད། ༡༩༦
འོད་སྲུང་རྫོགས་བྱེད་སོགས་རྟོག་གེ་པ་དྲུག བྲམ་ཟེ་རྒྱལ་སོགས་རྗེས་སྒྲོགས་པ་དྲུག རེངས་བྱེད་ཀྱི་བུ་ལྷག་སྤྱོད་སོགས་སྙོམས་འཇུག་པ་དྲུག་སྟེ། ལོག་པ་གྱུར་བའི་སྟོན་པ་བཅོ་བརྒྱད་པོ་འདི་དག་གིས་འཇིག་རྟེན་པ་རྣམས་ཀྱིས་མཆོད་པའི་ཞིང་བྱེད་པའི་དུས་ཡིན་པས། སྐྱེ་འགྲོ་རྣམས་ཡང་དག་པའི་ལམ་ལ་འཇུག་པའི་དུས་སུ་མཁྱེན་ཏེ། བསྐལ་པ་མང་པོའི་སྔོན་རོལ་ནས་སངས་རྒྱས་དབང་པོ་ཏོག་ཅེས་སངས་རྒྱས་གྲུབ་པ་ནི་ཡབ་སྲས་མཇལ་བའི་མདོ་སོགས་ལས་གསུངས་མོད། སྣང་ཚུལ་དུ་དུས་འདིར་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པར་ཉེ་བ་ན་རྒྱལ་བ་མ་ཕམ་པ་དགའ་ལྡན་དུ་རྒྱལ་ཚབ་ཏུ་དབང་བསྐུར་ཏེ། དུས་དང་། ཡུལ་དང་། རིགས་དང་། ཡུམ་དང་། རྒྱུད་ལ་གཟིགས་པ་སྟེ་གཟིགས་པ་ལྔ་དང་ལྡན་པར། དགའ་ལྡན་ནས་གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་པར་མཛད་དེ། རྒྱལ་པོ་ཟས་གཙང་གི་བཙུན་མོ་སྒྱུ་འཕྲུལ་མའམ་ལྷ་མཛེས་མའི་ལྷུམས་སུ་ཞུགས། ཡུམ་གྱིས་མནལ་ལམ་གྱི་ལྟས་བཟང་པོ་དང་། བདེ་བའི་ཉམས་དང་ལྡན་ཞིང་ཟླ་བ་བཅུ་རྫོགས་པར་ཉེ་བ་ན་ལུམ་བི་ནའི་ཚལ་དུ་ལྷ་མིའི་འགྲོ་བ་དུ་མ་ཚོགས་ཤིང་། ངོ་མཚར་བའི་ལྟས་དང་བཅས་ཡུམ་ལ་གནོད་པ་མེད་པར་སྐུའི་རྩིབ་མའི་སྒོ་བར་ནས་ལྷའི་ན་བཟས་མཛེས་ཤིང་ལྟ་བའི་ཆོག་མི་ཤེས་པ་དང་བཅས་ཏེ་བལྟམས། ཕྱོགས་བཞིར་གོམ་པ་བདུན་བདུན་བོར་ཏེ། ཚིགས་སུ་བཅད་པ་ཡང་གསུང་ཞིང་། ཞབས་རྗེས་ལ་པདྨ་རེ་ཡང་བྱུང་། དེའི་དུས་ཕྱོགས་ཀྱི་རྒྱལ་པོ་དང་ཤཱཀྱ་ལྔ་བརྒྱ་རྣམས་ལ་བུ་རེ་ཡང་བཙས། གཏེར་མཛོད་ཡང་ཐོན་རྟ་དང་གླང་པོ་སོགས་ལྔ་བརྒྱ་ཙམ་ལའང་ཕྲུ་གུ་རེ་ཡང་བྱུང་ནས། རྒྱལ་འབངས་ཐམས་ཅད་ཀྱི་འདོད་དོན་འགྲུབ་པས་མཚན་ཡང་རྒྱལ་བུ་དོན་ཐམས་ཅད་འགྲུབ་བོ་ཞེས་གསོལ། ༡༩༧
ཞག་བདུན་ནས་ཡུམ་སྐུ་ནོངས་པར་གྱུར་ཏེ། ལྷ་གནས་སུམ་ཅུ་རྩ་གསུམ་དུ་འཁྲུངས། སྲུ་སྐྱེ་དགུའི་བདག་མོ་ལ་སོགས་མ་བརྒྱད་དང་བཅས་སྐུའི་སྟོབས་བསྐྱེད། ལྷ་མཐུ་བོ་ཆེ་དག་གིས་བསྲུངས་བ་ཡང་བྱས། སྟོབས་དང་གཟི་བརྗིད་སྒྱུ་རྩལ་སོགས་ཀྱིས་ལྷས་སྦྱིན་སོགས་ཤཱཀྱ་འགྲན་ཟླར་གྱུར་པ་ཐམས་ཅད་ཟིལ་གྱིས་མནན། བཙུན་མོ་ས་འཚོ་མ་དང་། གྲགས་འཛིན་མ། རི་དྭགས་སྐྱེས་མ་དེ་མཆོག་གསུམ་དང་། འཁོར་ཉི་ཁྲི་རེ་དང་བཅས་དྲུག་ཁྲི་ཁབ་ཏུ་བཞེས། པདྨ་འདམ་གྱིས་མ་གོས་ལྟར་རྒྱལ་སྲིད་ཀྱི་འདོད་པའི་ཡོན་ཏན་ལ་རོལ་བར་མཛད་ཅིང་། སྐྱེ་རྒུ་ཀུན་བདེ་བ་ལ་བཀོད་ཅིང་། འཇིག་རྟེན་ན་འགྲན་པའི་ཟླ་དང་བྲལ་བར་མཛད་དོ།
།དགུང་ལོ་ཉེར་དགུ་བཞེས་པ་ན་རྒྱུའི་སྟོབས་ལ་ཚོགས་གཉིས་རྫོགས་པའི་མཐར་བླ་ན་མེད་པའི་བྱང་ཆུབ་བརྙེས་པའི་དུས་མཁྱེན་ཅིང་། སྐྱེས་ནས་གྲོང་ཁྱེར་གྱི་ཕྱོགས་བཞི་ན་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཉམས་ཐག་པས་ཐུགས་ཕྱུང་། ལྷའི་སྤྲུལ་པའི་དགེ་སློང་ལ་གཟིགས་པས་སྤྲོ་བ་སྐྱེས་ནས། བྱང་ཆུབ་ཐོབ་པའི་ཕྱིར་རྒྱལ་སྲིད་སྤོང་བར་བརྩམས་པ་ན། ཡབ་རྒྱལ་པོ་ཕོ་བྲང་གི་ཕྱོགས་བཞིར་དཔུང་དང་བཅས་ཏེ་བསྲུངས་ཀྱང་། ལྷའི་དབང་པོ་བརྒྱ་བྱིན་དང་ཚངས་པ་སོགས་ཀྱིས་བསྐུལ་ཏེ་བཙུན་མོ་གྲགས་འཛིན་མར་སྲས་བསྐྲུན་པར་མཛད་དེ། ཆིབས་སྔགས་ལྡན་འཁོར་འདུན་པ་དང་བཅས་ཏེ་རྒྱལ་པོ་ཆེན་པོ་བཞིས་བཏེགས་ནས་ཕོ་བྲང་གི་ཕྱི་རོལ་ཐོན་པ་ན། ལྷའི་ཚོགས་མང་པོ་དང་བཅས་ད་ལྟ་ཡང་མཆོད་རྟེན་རྣམ་དག་ཡོད་པའི་སར་དྲང་སྲོང་ངན་སྤོང་གི་གནས་སུ་བཞུགས། འཁོར་འདུན་པ་དང་ཆིབས་སྔགས་ལྡན་དང་བཅས་ཕྱིར་ལོག་ཏེ། ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བཅད་པའི་ཚེ། ༡༩༨
བརྒྱ་བྱིན་ཐ་མལ་དུ་སྤྲུལ་པའི་གཟུགས་ཀྱིས། སྔོན་རང་སངས་རྒྱས་ཀྱིས་ཤིང་གི་ལྷ་མོར་བཅོལ་བའི་ཆོས་གོས་རྣམ་གསུ་མ་སྦས་པ་ཞིག་ཕུལ་བས། རྒྱལ་པོའི་སྐུ་ཆས་རྣམས་དང་བརྗེས་ཏེ་སྐུ་ལ་གསོལ་བས་སྐུ་དང་འཚམ་པར་གྱུར་ཏེ་ངུར་སྨྲིག་རྒྱལ་མཚན་གྱི་ཆས་སུ་ཞུགས་མ་ཐག དབུ་སྐྲ་དང་ན་བཟའ་དེ་ལྷའི་གནས་སུ་ཁྱེར་ཏེ་མཆོད་པ་བྱས་སོ། །དེ་ཡང་ཧ་ཅང་ཡབ་ཀྱི་གནས་དང་ཉམས་ཏེ། བྱ་རྒོད་སྐྲུངས་རི་དང་ཉམ་པར་བསྟི་གནས་སུ་དྲང་སྲོང་རྣམས་གནས་པའི་ཕྱོགས་སུ་གཤེགས་ཏེ། དེ་དག་གིས་དཀའ་ཐུབ་ཅི་ཙམ་སྤྱོད་པ་དེ། བྱང་ཆུབ་སེམས་དཔས་གཉིས་འགྱུར་སྤྱད་པས་དྲང་སྲོང་ཆེན་པོར་གསོལ། དེ་ནས་རིང་ཕུར་དང་ལྷག་སྤྱོད་ཀྱི་གནས་སུ་གཤེགས་ཏེ། བྱང་ཆུབ་སེམས་དཔས་མཉམ་པར་བཞག་པ་ན་ཅི་ཡང་མེད་པའི་ཏིང་ངེ་འཛིན། ཅི་ཡང་མེད་མིན་གྱི་ཏིང་ངེ་འཛིན་སོགས་སྲིད་རྩེའི་བར་གྱི་ཏིང་ངེ་འཛིན་ཐོབ་སྟེ། སྐབས་དེར་ཡང་རྒྱལ་པོ་ཟས་གཙང་གིས་མི་སུམ་བརྒྱ་དང་། སྐུ་ཞང་རྒྱལ་པོ་རབ་སད་ཀྱིས་མི་ཉིས་བརྒྱས་བཀུར་བསྟི་བསྡད་པ་རྣམས་ཀྱི་ནང་ནས་ལྔས་བསྟེན། གཞན་རྣམས་ཕྱིར་ལོག་སྟེ། དཀའ་ཐུབ་མི་ཟད་པ་དྲག་ཏུ་བརྩོམས་པར་མཛད་ནས་སྐུ་ཡང་ཤིན་ཏུ་རིད་པར་གྱུར་ཀྱང་། ཞུམ་པ་མེད་པའི་ངང་ནས་ལོ་དྲུག་ཏུ་ཉེ་བ་ན་དཀའ་ཐུབ་ལས་གྲོལ་ཏེ། སྐུའི་མཐུ་བསྐྱེད་པར་དགོངས་ནས་བརྙེད་པའི་དོན་ལ་གཤེགས་པ་ན། དེའི་ཚེ་སྲི་ཞུའི་འཁོར་ལྔ་པོ་ནི་དཀའ་ཐུབ་ལས་ཉམས་སོ་སྙམ་ནས། ལོག་པར་བལྟས་ཏེ་བྱང་ཆུབ་སེམས་དཔའ་སྤངས་ཏེ་ལྔ་སྡེ་ཞེས་དབེན་པར་གནས་སོ། །བྱང་ཆུབ་སེམས་དཔའ་གྲོང་ཁྱེར་དུ་གཤེགས་པས། བདེ་ཅན་གྱི་བུ་མོ་དགའ་མ་དང་དགའ་སྟོབས་ཞེས་པ་གཉིས་ཀྱིས་བ་སྟོང་གི་འོ་མ་སྦྱངས་སྐོལ་རྫས་སྦྱོར་ཕུན་སུམ་ཚོགས་པའི་འོ་ཐུག་ཕུལ་བས་བཞེས་ཏེ། ༡༩༩
ལོངས་སྤྱོད་པར་མཛད་པས་སྐུ་ཉམས་སྟོབས་དང་ལྡན་ཞིང་གསེར་གྱི་ཁ་དོག་ལྟ་བུར་གྱུར། དེ་ནས་རྡོ་རྗེ་གདན་དུ་གཤེགས་པའི་ལམ་དུ་ཆུ་ཀླུང་ནི་རཉྫ་ནར་ཀླུ་རྒྱལ་དུས་ཅན་ཁས་ཆེ་ཤིན་ཏུ་རིང་བ་འཇིག་རྟེན་དུ་སངས་རྒྱས་འབྱོན་པའི་ཚེ་མིག་གིས་མཐོང་ལ། རྒྱུན་དུ་མིག་ལོང་བཞིན་པ་དེ་ཡང་མིག་ཕྱེ་སྟེ། བྱང་ཆུབ་སེམས་དཔའ་མཐོང་མ་ཐག་སངས་རྒྱ་བར་ཤེས་ནས། དེས་སྨྲས་པ། བདག་གིས་སྔོན་ནས་མཐོང་བ་ཡི། སངས་རྒྱས་མཐུ་ཆེན་དེ་རྣམས་དང་། ཐུབ་པ་ཁྱོད་ནི་མཐོང་གྱུར་ནས། །དེ་དག་ཐ་དད་དབྱེར་མེད་མཆིས། །ཞེས་བརྗོད་དོ།
།ཡང་རྩྭ་ཚོང་བཀྲ་ཤིས་དང་མཇལ་ནས་རྩ་འཇམ་པོའི་ཁུར་ཕུལ་བ་བསྣམས་ཏེ། རྡོ་རྗེ་གདན་དུ་ཤིང་ཨ་ཤྭ་ཏ་བྱང་ཆུབ་ཀྱི་དྲུང་དུ། རྩྭའི་གདན་ལ་རྡོ་རྗེ་དཀྱིལ་ཀྲུང་བཅས་ཏེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་དཀྱིལ་དཀྲུང་མི་འཇིགས་པའི་དམ་བཅའ་མཛད་དེ་མཉམ་པར་བཞག་པས། བདུད་ཀྱི་གནས་སུ་ལྟས་ལོགས་པས་ཡིད་མ་རངས་ཏེ་བར་དུ་གཅོད་པའི་ཐོ་བརྩམ་བའི་ཕྱིར་བརྩོད་པས། སའི་ལྷ་མོས་ཚོགས་རྫོགས་པའི་དཔང་པོ་ཚིགས་སུ་བཅད་པ་བརྗོད་པས། བདུད་དཔའ་ཞུམ་ཀྱང་སླར་བར་ཆད་ཀྱི་མཚན་མ་སྣ་ཚོགས་བསྟན་པས། ཏིང་ངེ་འཛིན་གྱིས་ཟིལ་གྱིས་མནན་ཏེ། ས་ག་ཟླ་བའི་ཚེས་བཅོ་ལྔར་རབ་མཐའི་བསམ་གཏན་ལ་བརྟེན་ནས་མངོན་ཤེས་རྫུ་འཕྲུལ་སོགས་མཐའ་ཡས་པ་ཐོབ་སྟེ། ཐོ་རངས་ཀྱི་ཐུན་ཐ་མ་ལ་བླ་ན་མེད་པའི་ཡེ་ཤེས་བརྙེས། ཟག་ཟད་ཀྱི་མངོན་ཤེས་གྲུབ། མངོན་པར་རྫོགས་པར་སངས་རྒྱས་ནས་ཐམས་ཅད་མཁྱེན་པ་དེ་བཞིན་གཤེགས་པར་གྱུར་ཏོ། །ནང་ལྟར་དུ་འོག་མིན་སྟུག་པོ་བཀོད་པར་འདས་པའི་སངས་རྒྱས་རྣམས་དང་ཆོས་ཀྱི་དབྱིངས་རོ་གཅིག་པར་ལོངས་སྐུ་ཡན་ལག་བདུན་པ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོན་པར་གྱུར། ༢༠༠
སྐབས་དེར་བཙུན་མོ་གྲགས་འཛིན་མའི་ལྷུམ་སུ་སྲས་བསྐྲུན་པའང་སྐུ་བལྟམས་ཏེ་ཟླ་བ་ཡང་སྒྲ་གཅན་གྱིས་བཟུང་བས། སྲས་ཀྱི་མཚན་སྒྲ་གཅན་འཛིན་དུ་གྲགས་སོ། །དེའི་ཚེ་བདུད་རྩི་ཟས་ཀྱི་བུ་ཀུན་དགའ་བོ་ཡང་བཙས་སོ། །གཞན་ཡང་ས་གཡོ་བ་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས་འགྲོ་བ་ཀུན་ལུས་སེམས་བདེ་བས་གྱ་ནོམ་པ་ཐོབ་པར་གྱུར་ཏོ།
།མཉམ་པར་བཞག་སྟེ་སངས་རྒྱས་ནས་ཞག་བདུན་ཕྲག་གསུམ་ནས་ཚོང་པ་ག་གོན་དང་བཟང་སྐྱོང་གིས་རྙེད་པ་ཕུལ་བ་སྣོད་ཕལ་པར་ལོངས་སྤྱོད་པར་མི་རུང་བར་དགོངས་པ་ན། རྒྱལ་ཆེན་བཞིས་རྡོའི་ལྷུང་བཟེད་རེ་ཕུལ་བས། བཞི་པོ་གཅིག་ཏུ་བྱིན་གྱིས་རླབས་ཏེ་ལོངས་སྤྱོད་པར་མཛད་ཅིང་། སྐྱབས་འགྲོ་ལ་བཀོད། སྦྱིན་པའི་ཡི་རངས་ཀྱི་ཆོས་བསྟན། བདུན་ཕྲག་དྲུག་པ་ལ་ནགས་སུ་གཤེགས་ཏེ། བདག་གིས་བདུད་རྩིའི་ཐོབ་པ་འདི་གཞན་ལ་བསྟན་ཀྱང་གོ་བར་མི་འགྱུར་བ་ཞིག་གོ་དགོངས་ཏེ་ཐུགས་ལས་སུ་གྱུར་པ་ན། ལྷ་ཚངས་པ་ཆེན་པོས་ཤེས་ཏེ་གསོལ་བ་བཏབ་པ་ནི། མ་ག་རྡ་ར་ན་སྔོན་ཆད་ཆོས་བྱུང་བ། །དག་པ་མ་ལགས་དྲི་མར་བཅས་པར་རྟོགས། བདུད་རྩི་ཆོས་ཀྱི་སྒོ་ནི་ཕྱེ་མཛོད་ལ། །དྲི་མ་མེད་པའི་རྟོགས་པ་བཤད་པར་མཛོད། །ཅེས་ཞུས་པ་ལ། བཀའ་སྩལ་པ། །བདུད་རྩིའི་སྒོ་ནི་བདག་གིས་དབྱེ་བར་བྱ། །ཉན་པ་སུ་འདོད་སོམ་ཉིས་གསོལ་ཞིག་དང་། །ཚངས་པ་མི་རྣམས་ལ་ནི་གྱ་ནོམ་ཆོས། །གླན་ཀ་མི་བཙལ་མདོ་ཙམ་བཤད་པར་བྱ། །ཞེས་ཞལ་གྱིས་བཞེས་ཏེ། ཞག་བདུན་ཕྲག་བདུན་པར་བབས་པ་ན། ཆོས་ཀྱི་སྣོད་ལྷག་སྤྱོད་དང་རིང་འཕུར་གཉིས་དགོངས་པས་དེ་གཉིས་དུས་ལས་འདས་པར་མཁྱེན་ཏེ། ༢༠༡
ད་ནི་ལྔ་སྡེར་དཀའ་བ་སྤྱོད་དུས་གུས་པ་དང་ལྡན་པ་ཡིན་པས། ཆོས་ཐོག་མར་བསྟན་པར་བྱའི་དགོངས་ནས། ཝཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་གཤེགས། འཁོར་ལྔ་སྡེ་དང་ལྷན་ཅིག་ཏུ་གནས་ཤིང་། བདེན་པ་བཞི་དང་ལྡན་པ་ཟླས་པ་ལན་གསུམ་སྟེ། བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་བསྐོར་བའི་བརྗོད་བྱ་ནི། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་གསུམ་ལ་བརྩམས། ལྟ་བ་གང་ཟག་བདག་མེད། སྒོམ་པ་ཞི་ལྷག་གི་རྣལ་འབྱོར་སྟོན་སྤྱོད་པ་འཚེ་བ་མེད་པ། བརྩོན་འགྲུས་ཅན་རབ་ཀྱིས་བསྒོམ་ན་ཚེ་གསུམ་ལ་ཉན་ཐོས་དགྲ་བཅོམ་དང་། བསྐལ་པ་བརྒྱར་རང་སངས་རྒྱས་ཐོབ་ནུས་པ་དང་། ཕར་ཕྱིན་དྲུག་ལ་སོགས་པའི་མིང་ཙམ་ལས་ངོ་བོ་ཚང་བར་མ་བཤད་པ་དང་། ཐེག་དམན་གྱི་སྡེ་སྣོད་གསུམ་པོ་འདི་ཁོ་ནའི་ལམ་གྱིས་སངས་རྒྱས་ཐོབ་པར་མི་ནུས་སོ། །རྫོགས་པའི་སངས་རྒྱས་དངོས་སུ་བཞུགས་པའི་དུས་ནི་འབྲས་བུའི་དུས་ཡིན་པས། བཀའ་དང་པོའི་ཆོས་འཁོར་ལ་བརྟེན་ནས། ཚེ་གཅིག་རང་ལ་དགྲ་བཅོམ་པ་ཐོབ་པ་ནི་མང་དུ་བྱུང་ངོ་། །ལམ་འདི་སྟོན་བྱེད་གསུང་རབ་འཕགས་ཡུལ་དུ་མང་པོ་དག་བཞུགས་མོད། བོད་དུ་འགྱུར་བ་རགས་རིམ་ཙམ་ནི། སོ་ཐར་གྱི་མདོ། འདུལ་བ་ལུང་སྡེ་བཞི། གདགས་པའི་བསྟན་བཅོས། མདོ་སྡེ་ལས་བརྒྱ་པ། རྟེན་འབྲེལ་གྱི་མདོ། དོན་དམ་ངེས་པའི་མདོ་སོགས་འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར་གྱི་མདོ་ཆེ་ཆུང་བསྡོམས་པ་ལྔ་བཅུ་ཙམ་ཡོད་པར་གདའ། བཅོམ་ལྡན་འདས་ཀྱིས་བྱ་རྒོད་ཕུང་པོའི་རི་ལ་འཁོར་བྱང་ཆུབ་སེམས་དཔའ་གཙོ་བོར་གྱུར་པའི་ཐེག་པ་ཆེན་པོའི་གདུལ་བྱ་རྣམས་ལ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར་བའི་བརྗོད་བྱ་དང་། ༢༠༢
རྒྱལ་པོའི་ཁབ་དང་ཡངས་པ་ཅན་སོགས་སུ་བྱང་ཆུབ་སེམས་དཔའ་བློ་གྲོས་མཆོག་དང་ལྡན་པ་གཙོ་བོར་གྱུར་པ་རྣམས་ལ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་འཁོར་ལོ་བསྐོར་བའི་བརྗོད་བྱ་ནི། བསམ་པ་གཞན་ཕན་བྱང་སེམས། སྤྱོད་པ་ཕར་ཕྱིན་བཅུ་དང་བསྡུ་དངོས་བཞི། ལྟ་བ་བདག་མེད་གཉིས། བསྒོམ་པ་རྣམ་པར་མི་རྟོག་པ་སྟེ། དེ་རྗོད་བྱེད་གསུང་རབ་ནི་འབུམ་ཉི་ཁྲི་བརྒྱད་སྟོང་པ་སོགས་བཀའ་བར་པ་ཤེར་ཕྱིན་རྒྱས་འབྲིང་བསྡུས་པ་རྣམས་དང་། བྱང་ཆུབ་སེམས་དཔའི་གཞི་ལམ་འབྲས་གསུམ་སྟོན་པ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དང་། དགོངས་པ་ངེས་འགྲེལ་སོགས་ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ་སྟོན་བྱེད་མདོ་ཉི་ཤུ་ཙམ་ཡོད་པ་དང་། གཞན་ཡང་ཀུན་མཛེས་འདུས་པ་ཆེན་པོ། སྡོང་པོ་བཀོད་པ། ཕལ་ཆེན། སྐལ་བཟང་། མ་སྐྱེས་དགྲའི་འགྱོད་ཚངས་བསལ་བ་སོགས་མང་པོ་དག་འཁོར་ལོ་ཐ་མའི་མདོ་ཡིན་པར་བཞེད། འཁོར་ལོ་བར་ཐ་གཉིས་བསྡོམས་པར་ཐེག་ཆེན་གྱི་མདོ་ཞེས་གྲགས་ཤིང་། ཡོངས་སྒྲིལ་སུམ་བརྒྱར་ཉེ་བ་ཙམ་བཞུགས་པ་ཡིན་འདུག །འཁོར་ལོ་བར་ཐ་གཉིས་སྤྱོད་པ་ཕར་ཕྱིན་བཅུ་སོགས་ཁྱད་པར་མེད་ཀྱང་ནང་ཚན་དུ་ཐེག་པ་ཆེན་པོ་དབུ་སེམས་གཉིས་ཡོད་པས། སེམས་ཙམ་པ་རྣམ་རིག་ཙམ་ལ་མཐའ་དྲུག་ཏུ་འདོད་པ་དང་། དབུ་མ་པ་སྤྲོས་བྲལ་དུ་འདོད་པ་སོགས་དང་། གཞན་ཡང་སེམས་ཙམ་པའི་ནང་ཚན་དུ་རྣམ་བདེན་དང་རྣམ་རྫུན། དབུ་མ་པ་ལ་ཡང་ཐལ་འགྱུར་བ་དང་རང་རྒྱུད་པ། ཆོས་ཐམས་ཅད་རང་གི་ངོ་བོ་སྟོང་པས་དོན་དམ་ཀྱང་རང་གི་ངོ་བོས་སྟོང་པའི་རང་སྟོང་པ། ཀུན་རྫོབ་ཀྱི་ཆོས་རྣམས་དཔྱད་བཟོད་པས་རང་གི་ངོ་བོས་སྟོང་ལ། དོན་དམ་གནས་ལུགས་འགྱུར་མེད་ཡོངས་གྲུབ་སྲ་བརྟན་གཡུང་དྲུང་དཔྱད་མི་བཟོད་པས་རང་གི་ངོ་བོས་སྟོང་མི་དགོས་པའི་དོན་དམ་སྟོང་ཉིད་ཅེས་གཞན་སྟོང་ལུགས་སུ་གྲགས་པ་འདི་ཉིད་ད་ལྟའི་སྐབས་སུ་བློའི་ཡུལ་ལམ་ཚིག་ཏུ་བརྗོད་པའི་སྐབས་སུ་དགག་སྒྲུབ་མི་མཐུན་པ་འདུག་ཀྱང་། ༢༠༣
མཉམ་པར་བཞག་པའི་ཚེ་གཞན་སྟོང་ཇི་ལྟ་བ་བཞིན་དུ་གནས་ལུགས་བརྗོད་བྲལ་ལམ་སྤྲོས་བྲལ་ལ་མཐུན་འགྲོ་བས་མཉམ་པར་འཇོག་པའི་སྐབས་ཀྱང་བློའི་རི་མོ་ཐམས་ཅད་སྟོང་ཉིད་དུ་ཐག་བཅད། ཡོད་མེད་རྟག་ཆད་སྟོང་མི་སྟོང་ཐམས་ཅད་ལས་འདས་པའི་གསལ་སེང་ངེ་རྗེན་ནེ་ལྷན་ནེ་ལྷོད་དེ་ཤིག་གེ་བསྐྱང་བ་རང་རིག་རྗེན་པར་རྟོགས་པའི་འཇོག་བསྒོམས་སྐབས། ཉམས་སུ་བླངས་ན་ཐམས་ཅད་མཐུན་པས། དོན་དམ་ལ་ནི་ཁྱད་པར་མེད་དོ། །སྒོམས་ཞིང་རྟོགས་ན་མཐུན་འགྲོ། གཞན་སྟོང་དུ་ཁྱི་འཁྲུགས་པ་ལྟར་ཚིག་གི་སྤྲོས་པ་བསྐྱུར། དེ་དག་ནི་གདུལ་བྱ་ཐུན་མོང་པ་དག་ལ་གསུང་བའི་འཁོར་ལོ་གསུམ་སྟེ། འཁོར་ལོ་གསུམ་པོ་འདི་ནི་གནས་དར་དུས་སོ་སོར་གསུང་བས་གདུལ་བྱ་རང་རང་གི་སྐལ་བ་དང་འཚམ་པར་དགོངས་ནས་གསུམ་དུ་བཞག ཞེས་པའི་ལུགས་ཀྱང་འདུག་སྟེ། སྤྲོས་པས་ཆོག་པར་གདའ། གཡིན་ཡང་ཕྱི་ལྟར་ཆོས་འཁོར་འདི་དག་བསྐོར་བའི་དུས། ནང་ལྟར་སྔགས་རྒྱུད་སྡེ་བཞི་སོགས་ཀྱི་ཆོས་སྙེན་ར་བསྐོར་བའི་ཚུལ་བཤད་པའང་ཡོད་དོ། །དབང་པོ་རྣོ་ཞིང་སྐལ་བ་དང་ལྡན་པ་དག་ལ། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་འཁོར་བསྐོར་བ་ནི། མདོ་སྡེ་གདམ་ངག་འབོགས་པའི་རྒྱལ་པོ་ལས། ཞུས་ལན་གྱི་བཀའ་ནི། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་སུ་འབྱུང་བར་འགྱུར། །ཞེས་གསུངས་ཤིང་། མདོ་དེ་བོད་དུ་མ་འགྱུར་ཡང་། ལོ་ཆེན་རིན་བཟང་གིས་ཆོས་ལུག་སུན་འབྱིན་དུ་ལུང་དྲང་བས་ཚད་མར་བྱའོ། ༢༠༤
།ཚུལ་དེས་སྔགས་གསུང་བའི་དུས་ནི། སྟོན་པ་མངོན་པར་སངས་རྒྱས་པའི་ཕྱི་ལོ་ཤྲཱི་དྷ་ན་ཀ་ཊ་ཀ་སྟེ་དཔལ་ལྡན་འབྲས་སྦུངས་ཀྱི་མཆོད་རྟེན་དུ། ཆོས་རྒྱལ་ཟླ་བ་བཟང་པོ་སོགས་ལ་དཔལ་དུས་ཀྱི་འཁོར་ལོ་གཙོ་བོ་གྱུར་པའི་རྒྱུད་སྡེ་དུ་མ་གསུངས་པ་དང་། གཞན་ཡང་རི་རབ་ཀྱི་རྩེ་མོ་དང་། ཨུ་རྒྱན་གྱི་ཡུལ་དང་། རྡོ་རྗེའི་གདན་སོགས་གདུལ་བྱ་སོ་སོའི་ངོར་གནས་དུས་ངེས་མེད་དུ་མར་གསུང་བའི་རྒྱུད་མཐའ་དག་རྣམས་ནི། རྒྱུད་སྡེ་ཆེན་པོ་བཞིར་མ་འདུས་པ་མེད་ཅིང་དེ་ཡང་བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། བླ་མེད་དང་བཞིའོ། དེ་དག་གི་ནང་ཚད་དབྱེ་བསྡུས་གཉིས་དང་། གསུམ་དང་། དྲུག་ཏུ་བཞག་པ་ཡང་ཡོད། རྒྱུད་སྡེ་བཞིར་དབྱེ་པའང་གདུལ་བྱའི་ཁྱད་པར་བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་དམངས་རིགས་གདོལ་བའི་རིགས་བཞི་ལ་དགོངས་ནས་གསུངས་པའི་ཚུལ་དང་། འདོད་ཁམས་ན་ཆགས་པ་བཞི་ཡོད་པ་དགོངས་ཏེ་གསུང་པའི་ཚུལ་དང་། དབང་པོ་རྣོ་རྟུལ་རིམ་པ་བཞི་ལ་དགོངས་པ་སོགས་ཏེ།
རྡོ་རྗེ་ས་འོག་གི་རྒྱུད་ལས། བྲམ་ཟེ་རྗེ་རིགས་རྒྱལ་རིགས་དང་། །དམངས་རིགས་གདོལ་པ་འདུལ་དོན་དུ། །ཞེས་དང་།
སམ་བྷུ་ཊི་ལས། ལྟ་དང་རྒོད་དང་ལག་བཅང་དང་། །གཉིས་གཉིས་འབྱུད་འབྱུད་རྣམ་པ་བཞི། །ཞེས་དང་།
རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་དག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་དག་ལའོ། །ཞེས་གསུངས་པས་སོ།
།དེ་ལྟར་རྒྱུད་སྡེ་བཞི་པོ་དེ་དག་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་ཡེ་ཤེས་ལས་བྱུང་བའི་སྔགས། དེའི་ཆོ་ག་ལམ་གྱི་གཙོ་བོར་སྟོན་པ་ལ་སྔགས་རྡོ་རྗེ་ཐེག་པ་ཞེས་བྱ་བ་ཡིན་ཏེ། ཐེག་པ་གཞན་ལས་ཁྱད་པར་དུ་འཕགས་པའི་ཕྱིར། ༢༠༥

འཇམ་དཔལ་མཚན་བརྗོད་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལས། །ཐེག་པ་གཅིག་གིས་འབྲས་བུ་གནས། །ཞེས་གསུངས་ཤིང་།
གཙོ་བོ་ནི་ལས་ཚོགས་དང་། དངོས་གྲུབ་སྒྲུབ་ཚུལ་ལྷ་སྔགས་ལུས་ལ་གནད་དུ་བསྣུན་ཚུལ་འདོད་ཡོན་ལམ་འཁྱེར་སོགས་གཞན་ན་མེད་པའི་ཐབས་མང་པོ་དར་དཀའ་བ་མེད་པ་ཡིན་ཏེ།
སློབ་དཔོན་ཀྲི་པི་ཊ་ཀ་མ་ལའི་ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ནའང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་པའོ།
།གཞན་ཡང་དབང་བསྐུར་བ་ཙམ་གྱིས་མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་ཐོབ་པའི་ཁྱད་པར་ཡོད་དེ།
གསང་བ་མཛོད་ཀྱི་རྒྱུད་ལས། དབང་བསྐུར་ཡང་དག་སྤྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ནས་ནི། །མ་སྒོམ་པར་ཡང་སངས་རྒྱས་འགྱུར། །ཞེས་གསུངས།
གསང་འདུས་ལས། སེམས་ཅན་མཚམས་མེད་ལ་སོགས་པ། །སྡིག་པ་ཆེན་པོ་བྱས་པ་ཡང་། །རྡོ་རྗེ་ཐེག་པ་རྒྱ་མཚོ་ཆེ། །ཐེག་པ་མཆོག་ནི་འདི་ལས་འགྲུབ། །ཅེས་དང་།
ཡང་དེ་ཉིད་ལས། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །བསྟེན་ནས་མྱུར་དུ་འགྲུབ་པར་འགྱུར། །ཞེས་པ་ལྟར་རོ།
།རྒྱུད་སྡེ་ཆེན་པོ་བཞི་པོ་དེ་དག་བརྗོད་བྱའི་དབང་དུ་བྱས་ན་བྱ་རྒྱུད་ལ་མདོ་ནས་ཇི་སྐད་བཤད་པའི་ལམ་རྣམས་ཀྱི་སྟེང་དུ། ཆུ་དང་ཅོད་པན་གྱི་དབང་ཙམ་དང་། མདུན་བསྐྱེད་ཀྱི་ལྷ་སྤྱན་དྲངས་མཆོད་པ་ཕུལ། དམ་ཚིག་གི་རྒྱས་བཏབས། སྔགས་བཟླས་པས་ཐུགས་རྒྱུད་བསྐུལ་བའི་བསྙེན་པ་དང་། ལས་ཚོགས་སྣ་ཚོགས་པ་དང་། ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཐབས་རྒྱ་ཆེར་བསྟན། རྒྱུད་འདི་ལ་བདག་བསྐྱེད་མ་བཤད་པས། རང་ཉིད་ཐ་མལ་དུ་གནས་པའི་རྗེ་འབངས་ལྟ་བུའི་དངོས་གྲུབ་ལེན་པའི་ཐ་སྙད་བྱེད། ༢༠༦
དཀའ་ཐུབ་དང་གཙང་སྦྲ་གཙོ་བོར་སྤྱོད། འདིའི་རང་ལམ་གྱིས་བསྐལ་ཆེན་བརྒྱད་ནས་ས་བཅུ་ཐོབ་པར་བཞེད། སྤྱོད་རྒྱུད་ནི་ཕལ་ཆེར་བྱ་རྒྱུད་དང་འདྲ་བ་ལས། དབང་གི་ཚེ་རིག་པའི་དབང་ལྔ་དང་། ཉམས་ལེན་སྐབས། སྟོང་པའི་ལྷ། ཡིག་གེའི་ལྷ། སྒྲའི་ལྷ། གཟུགས་ཀྱི་ལྷ། ཕྱག་རྒྱའི་ལྷ། མཚན་མའི་ལྷ་སྟེ་ལྷ་དྲུག་སྒོམས་པ་དང་། བདག་དམ་ཚིག་པར་བསྐྱེད་པ་དང་། མདུན་བསྐྱེད་ལ་སྔགས་བཟླས་སོགས་གྲོགས་པོ་ལྟ་བུའི་དངོས་གྲུབ་ལེན། བསྐལ་པ་ཆེན་པོ་གསུམ་མམ། གཅིག་གིས་ས་བཅུ་པ་ཐོབ་པར་འདོད། བྱ་སྤྱོད་དེ་གཉིས་ལ་ཐུན་མོང་གི་དངོས་གྲུབ་ཚེའི་རིག་འཛིན་གྲུབ་ནས། རྟེན་དེ་ལ་སྟོང་ཉིད་སྙིང་རྗེ་དབྱེར་མེད་དེ་ཐུན་མོང་བ་དེས་འཕགས་པའི་ས་འགྲུབ་པ་ལས་རང་ལམ་དེས་མཆོག་གི་དངོས་གྲུབ་འཕགས་པའི་ཡེ་ཤེས་སྒྲུབ་པའི་ཐབས་མ་བཤད། རྣལ་འབྱོར་རྒྱུད་ནི། སྤྱོད་རྒྱུད་མན་ཆད་ཀྱི་ཉམས་ལེན་ཡོད་ཀྱི་སྟེང་དུ། དབང་གི་སྐབས་རིག་པའི་དབང་ངམ། སློབ་མའི་དབང་ལྔ། རྟུལ་ཞུགས་རྡོ་རྗེ་སློབ་དཔོན་གྱི་དབང་སྟེ་བདུན་ནོ། །བུམ་དབང་གི་སྡེ་ལ་རྗེས་གནང་། ལུང་བསྟན། དབུགས་དབྱུངས། གཟེངས་བསྟོད་མཐའ་རྟེན་བཞི་དང་བཅས་པ་ནི་བུམ་དབང་བཅུ་གཅིག ཉམས་ལེན་སྐབས། བདག་བསྐྱེད་ཀྱི་དཀྱིལ་འཁོར་ལ་དམ་ཡེ་ཕྱག་རྒྱ་བཞིས་རྒྱས་བཏབ་སྟེ་སྒོམས་པ་དང་། ཐུན་གྱི་མཐར་ཕྱག་རྒྱ་བཀྲོལ་ཏེ། ཡེ་ཤེས་པ་གཤེགས། འབྲས་བུ་སངས་རྒྱས་ཀྱི་སའི་རྣམ་པ་ལམ་བྱེད་ཐུན་མོང་གི་མངོན་བྱང་ལྔ་སོགས་བསྒོམས་པས། མཆོག་གི་དངོས་གྲུབ་སྒྲུབ་པའི་ཐབས་མང་པོ་དང་ཁྱད་པར་དུ་གྱུར་པ་ཡོད་པར་གྲགས། འདིའི་རང་ལམ་གྱིས་ཚེ་ལོ་བརྒྱའི་དབང་དུ་བྱས་བའི་མའི་སྐྱེ་བ་བཅུ་དྲུག་གི་ཡུན་ཚོད་ཙམ་ལ་དབང་པོ་རྣོ་ཤོས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པ་དང་། ༢༠༧
ཡུན་དེ་གཉིས་འགྱུར་ཙམ་གྱིས་ས་བཅུ་པ་ཐོབ་པར་གསུངས། དཀའ་སྤྱད་གཙང་སྦྲ་ཡང་མི་དགོས། གཙང་རྨེ་མེད་པ་ཡང་མི་བྱེད། རྒྱུད་གསུམ་པོའི་དབང་བསྐུར་ཚུལ་ནི། ཆགས་པ་བཞི་ཡོད་པའི་དང་པོ་གསུམ་དང་མཚུངས་ཕན་ཚུན་བལྟས་པས་ཚིམ་པ་དང་། རྒོད་པས་དབང་བསྐུར་ཚུལ་ནི། མིག་ཚིམ་པ་ཙམ་གྱིས་ཆགས་ལམ་སྟོན་ཞིང་། ཡང་སོ་སོའི་དབང་བསྐུར་ཚུལ་ནི།
ཡེ་ཤེས་ཐིག་ལེ་ལས། ཆུ་ཡི་དབང་བསྐུར་ཅོད་པན་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལ་རབ་ཏུ་གསལ། །ཕྱིར་མི་ལྡོག་པ་བུམ་པའི་དབང་། །རྣལ་འབྱོར་རྒྱུད་ལ་གསལ་བར་ཕྱེ། །འདི་ནི་དྲུག་གི་བྱེ་བྲག་དབང་། །དེ་ནི་སློབ་དཔོན་དབང་ཞེས་བརྗོད། །ཅེས་སོ།
།རྒྱུད་སྡེ་གསུམ་པོ་དེས་ས་བཅུ་པ་ཐོབ་ནས་སངས་རྒྱ་ཁ་མར་བླ་མེད་ཀྱི་དབང་བཞི་རྫོགས་ནས་སངས་རྒྱ་བ་དང་། བླ་མེད་ཀྱི་རྒྱུད་ནི། དབང་གི་སྐབས། བུམ་དབང་། གསང་དབང་། ཤེར་དབང་། དབང་བཞི་པ་སྟེ་དབང་བཞི་རྫོགས་པ་དང་། ལམ་བསྐྱེད་རིམ་མ་དག་པ་དག་སྣང་དུ་འཆར་བྱེད། སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་ཚངས་པའི་དཀྱིལ་འཁོར་བསྒོམས་པ་དང་། མཚན་བཅས་དང་མཚན་མེད་ཀྱི་རྫོགས་རིམ་བསྒོམས་པ། སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་དམ། ཀུན་བཟང་ཀུན་འདར་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་སྤྱད་ནས། འབྲས་བུ་ལ་མཚམས་སྦྱོར་བར་བཞེད། ཇི་ལྟར་བཤད་པའི་དོན་བརྩོན་པ་དྲག་པོས་ཉམས་སུ་བླངས་ཤིང་། བར་ཆད་མེད་པའི་དབང་དུ་བྱས་ན་ཚེ་ལོ་བརྒྱ་བའི་ཚེ་གཅིག་ལ་སངས་རྒྱས་གྱི་ས་ཐོབ་ངེས་པར་བཤད་དེ།
རྡོ་རྗེ་རྩེ་མོ་ལས། བསྐལ་པ་གྲངས་མེད་པ་རུ་འགྱུང་། ༢༠༨
།ས་ཡི་ཕ་རོལ་ཕྱིན་པའི་མཆོག །གང་ཕྱིར་གསང་བ་པོ་ཐོབ་པ། །རབ་ཏུ་དགའ་བ་ཐོབ་པར་འགྱུར། །གལ་ཏེ་རྣལ་འབྱོར་པ་ངེས་བརྩོན། །ཚེ་འདི་ཉིད་ལ་མྱ་ངན་འདའ། །ཞེས་སོ།
།བླ་མེད་ཀྱི་དབང་བསྐུར་ཚུལ་ནི།
བརྟགས་གཉིས་ལས། སློབ་དཔོན་གསང་བ་ཤེས་རབ་དང་། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་དང་།
གསང་འདུས་ལས། དབང་ནི་རྣམ་པ་བཞི་དག་ཏུ། རྒྱུད་འདི་ལ་ནི་རབ་ཏུ་གྲགས། །བུམ་པའི་དབང་ནི་དང་པོ་སྟེ། །གཉིས་པ་གསང་དབང་ཞེས་བྱར་བརྗོད། ཁྲེས་རབ་ཡེ་ཤེས་གསུམ་པ་ཡིན། །དེ་བཞིན་དེ་ལྟར་ཡང་བཞི་པ། །ཞེས་སོ།
།རྗོད་བྱེད་རྒྱུད་ཀྱི་རྣམ་གྲངས་ནི། བྱ་རྒྱུད་རིགས་དྲུག་སྟེ། དམ་ཚིག་བཀོད་པ་སོགས་དེ་བཞིན་གཤེགས་པའི་རིགས། དོན་ཞགས་སོགས་པད་མའི་རིགས། ཕྱག་རྡོར་རིག་པ་མཆོག་སོགས་རྡོ་རྗེ་རིགས། ནོར་རྒྱུན་མ་སོགས་ནོར་བུའི་རིགས། མེ་ཁ་ལ་སོགས་ལྔ་བརྩེན་གྱི་རིགས། ལྷ་ཀླུ་གནོད་སྦྱིན་ཕལ་པས་ཕུལ་བ་རྣམས་འཇིག་རྟེན་ཕལ་པའི་རིགས། དྲུག་དེའི་ནང་དུ། རིགས་ཀྱི་གཙོ་བོ། རིགས་ཀྱི་ཁྲོ་བོ། རིགས་ཀྱི་ཁྲོ་མོ། རིགས་ཀྱི་ཕོ་ཉ་མོ་སོགས་པ་རྣམ་གྲངས་དུ་མ་ཡོད་དོ།
།སྤྱོད་རྒྱུད་ལ་རིགས་གསུམ་ལས། རྣམ་སྣང་མངོན་བྱང་སོགས་སྐུའི་རིགས། གསུང་གི་རིགས་ནི་བོད་དུ་མ་འགྱུར། ཕྱག་རྡོར་དབང་བསྐུར་བའི་རྒྱུད་སོགས་ཐུགས་ཀྱི་རིགས། རྣལ་འབྱོར་རྒྱུད་ལ་ཕ་རྒྱུད་མ་རྒྱུད་གཉིས་ལས། དེ་ཉིད་འདུས་སོགས་ཕ་རྒྱུད། དཔལ་མཆོག་དང་པོ་སོགས་མ་རྒྱུད། བླ་མེད་ལ་ཕ་རྒྱུད་མ་རྒྱུད་གཉིས་སམ། བོད་དུ་བཏགས་པའི་གཉིས་མེད་རྒྱུད་དང་གསུམ། ཕ་རྒྱུད་ལ་གསུམ་ཡོད་དེ། གསང་བ་འདུས་སོགས་ཆགས་ཅན་རྗེས་སུ་འཛིན་པའི་རྒྱུད། འཇིགས་བྱེད་ཀྱི་རྟོགས་པ་བདུན་ལྡན་སོགས་ཞེ་སྡང་ཅན་ཚར་གཅོད་པའི་རྒྱུད། ༢༠༩
སྒྱུ་འཕྲུལ་དྲྭ་བ་སོགས་གཏི་མུག་ཅན་རྗེས་སུ་འཛིན་པའི་རྒྱུད། འདིའི་དུམ་བུ་མཚན་བརྗོད་མ་གཏོགས་བོད་དུ་མ་འགྱུར་རོ། །མ་རྒྱུད་ལ་དབྱེ་ན་རིགས་དྲུག་སྟེ། བདེ་མཆོག་མ་ཡ་སོགས་ཧེ་རུ་ཀའི་རིགས། གདན་བཞི་རྣམ་སྣང་གི་རིགས། རིགས་ཀྱི་འཇིག་རྟེན་མགོན་པོ་པདྨའི་རིགས། རྡོ་རྗེ་བདུད་རྩི་རིན་འབྱུང་གི་རིགས། སྒྲོལ་མ་བླ་མེད་སོགས་རྟའི་རྒྱལ་པོའི་རིགས། སངས་རྒྱས་མཉམ་སྦྱོར་སོགས་རྡོ་རྗེ་སེམས་དཔའི་རིགས། དཔལ་དུས་ཀྱི་འཁོར་ལོ་ཡང་རྡོ་རྗེ་སེམས་དཔའི་རིགས་གཙོ་ཆེར་གདའ། གཉིས་མེད་རྒྱུད་ཀྱི་དབང་དུ་བྱས་ན། དགྱེས་རྡོར་དང་དུས་འཁོར་གྱི་རྒྱུད་ལ་ངོས་འཛིན། ཕ་རྒྱུད་མ་རྒྱུད་ཀྱི་ཐ་སྙད་ནི། ལྷ་ཡབ་ཀྱི་དཀྱིལ་འཁོར་དང་སྔགས་ཆོག་རྩལ་འདོན་དུ་སྟོན་པ་ཕ་རྒྱུད། ལྷ་ཡུམ་གྱི་དཀྱིལ་འཁོར་དང་སྔགས་རྩལ་འདོན་དུ་སྟོན་པ་མ་རྒྱུད། ཆ་མཉམ་དུ་སྟོན་པ་གཉིས་མེད་རྒྱུད། ཡང་ན་ཞུ་བ་ཕོ་ཡིན་པས་ཕ་རྒྱུད། མོ་ཡིན་པས་མ་རྒྱུད། གཞན་ཡང་ལྷའི་རྒྱན་དང་དུར་ཁྲོད་ཡོད་མེད་སོགས་ལ་ཡང་སྦྱོར་བ་ཡོད་ཅེས་ངོས་འཛིན་པ་ཡང་སྣང་ངོ་། །གསང་སྔགས་རིགས་སྔགས་གཟུངས་སྔགས་ཞེས་པ་ནི། ལྷ་ཕོ་གཙོ་ཆེ་བ་གསང་སྔགས། ལྷ་མོ་གཙོ་ཆེ་བ་རིགས་སྔགས། སྔགས་གཅིག་ཕོ་མོ་གཉིས་ཀ་ལ་འགྱུར་བ་ནི། གཟུགས་སྔགས་ཞེས་པའི་ཐ་སྙད་ཙམ་ཡོད་པའོ། །དེ་ལྟར་རྒྱུད་སྡེ་དེ་དག་དཔལ་ཕྱག་ན་རྡོ་རྗེ་ལ་གཉེར་གཏད་ཅིང་། མ་འོང་པ་ན་ཕྱག་ན་རྡོ་རྗེས་འཆད་པར་ཡང་ལུང་བསྟན་ཏེ། ཡེ་ཤེས་ཐིག་ལེའི་རྒྱུད་ལས། མ་འོངས་དུས་སུ་གསང་བའི་རྒྱུད་སྐལ་བ་དང་ལྡན་པའི་སེམས་ཅན་སུས་བཤད་པར་བྱེད་པར་འགྱུར་ཞུས་པས། བཀའ་སྩལ་པ། ཕྱག་ན་རྡོ་རྗེ་མགོན་པོས་བྱེད་པར་འགྱུར་རོ། །ཞེས་ལུང་བསྟན་པའི་ཕྱིར་རོ།
།འོ་ན་རྒྱུད་ཡོངས་སུ་བསྡོམས་ན་གྲངས་ཇི་ཙམ་བཞུགས་ཞེ་ན། ༢༡༠

བདེ་མཆོག་སྡོམ་འབྱུང་ལས། རྣལ་འབྱོར་རྒྱུད་ཀྱི་གྲངས་རྣམས་ནི། །བྱེ་བ་ཕྲག་ནི་དྲུག་ཏུ་ངེས། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་སྟེ། །གྲངས་སོགས་བརྗོད་ལས་འདས་པའོ།
།ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། རྣལ་འབྱོར་ཆེན་པོ་རྒྱུད་ཀྱི་མིང་། །སྟོང་ཕྲག་བཅུ་གཉིས་ཞེས་བྱ་སྟེ། །རྒྱས་པར་བྱས་ན་གྲངས་མེད་དོ། །གཉིས་ཀའི་རྒྱུད་སྟོང་ཕྲག་དྲུག སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱ། བྱ་བའི་རྒྱུད་སྟོང་ཕྲག་བཞིའོ། །ཞེས་གསུངས་སོ།
།མདོར་བསྡུས་ན་རྒྱུད་དེ་དག་གི་བརྗོད་བྱ་སྨིན་གྲོལ་གཉིས་སུ་འདུས་ཏེ།
སྣང་བ་རྡོ་རྗེ་འཆར་བའི་རྒྱུད་ལས། གང་ཕྱིར་རྡོ་རྗེ་འཆང་ཆེན་གྱི། །གསུངས་པའི་ཆོས་ནི་རྣམ་མང་པོ། །མདོར་བསྡུས་རྣམ་པ་གཉིས་ཡིན་ཏེ། །སྨིན་པ་དང་ནི་གྲོལ་བའོ། །ཞེས་སོ།
།གཞན་ཡང་གྲུབ་ཐོབ་དབུས་སྙོན་པ་ཆེན་པོ་ནས། དཔལ་ས་ར་ཧེའི་རྣམ་པར་ཞིག་བསྒྲིགས་པ་དེ་ལ་བརྟེན་པའི་གང་ལྟར་བླ་མ་འགས་གསུང་རྒྱུན་ལས། བཅོམ་ལྡན་འདས་མྱ་ངན་ལས་འདས་ཁར། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ངེས་དོན་གྱི་འཁོར་ལོ་བསྐོར་བ་འདི། འཁོར་ལོ་གསུམ་དང་སྔགས་ཀྱི་འཁོར་ལོ་དང་བཅས་པ། བཀའི་འཁོར་ལོ་བཞི་གར་མི་གཏོགས་ཤིང་། ཆེས་རྨད་དུ་བྱུང་བའི་འཁོར་ལོ་ཞེས་གསུངས་པ། འཁོར་ལོ་བར་ཐ་དང་། སྔགས་ཀྱི་འཁོར་ལོའི་བརྗོད་བྱ་ལས་འཕྲོས་པའི་ངེས་དོན་བཟང་པོ་གཞན་ཞིག་སྟོན་པའི་ཆོས་འཁོར་ཇི་ལྟར་འགྱུང་ངམ་སྙམ་མོད། རེ་ཞིག་བཏང་སྙོམས་སུ་བཞག །འདིར་ཐུགས་རྗེས་དང་ཐབས་ལ་མཁས་པའི་རྒྱལ་བའི་དབང་པོ་དེས་ཆོས་འཁོར་རིམ་པ་བཞི་ལ་བརྟེན་ནས། གདུལ་བྱ་རིགས་ཅན་གསུམ་དང་། རྡོ་རྗེའི་རིགས་ཏེ་སྔགས་ཀྱི་གདུལ་བྱ་མང་པོ་དག་བྱང་ཆུབ་གསུམ་དང་། ༢༡༡
ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་ས་ལ་འགོད་པར་མཛད། སྐུ་དངོས་ཀྱི་གདུལ་བྱ་རེ་ཞིག་རྫོགས་པར་ཉེ་བ་ན། མ་འོངས་པའི་དུས་འགྲོ་བ་རྣམས་ཡང་དག་པའི་ལམ་ལ་འཇུག་པའི་ཐབས་རྒྱུན་མི་འཆད་པའི་ཕྱིར། བསྟན་པ་རིན་པོ་ཆེའི་འཕེལ་བར་ནུས་པའི་གདུལ་བྱ་མཆོག་རྣམས་ལ། བསྟན་པ་གཏོད་པར་མཛད་ཚུལ་ནི། དཔལ་ཕྱག་ན་རྡོ་རྗེ་ལ་གསང་སྔགས་ཀྱི་བསྟན་པ་གཏད། འོད་བསྲུང་ཆེན་པོ་ལ་མདོའི་བསྟན་པའི་བདག་པོར་བསྐོས། གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་པའི་དུས་ལ་བབ་ཅིང་། རྟག་འཛིན་ཅན་རྣམས་ངེས་པར་འབྱུང་བའི་ཕྱིར། དགུང་ལོ་བརྒྱད་ཅུ་ལ་བབ་པའི་ཚེ། ཀུན་དགའ་བོས་གསོལ་བ་མ་བཏབ་པའི་བར་དུ་བདུད་ཀྱིས་མྱ་ངན་ལས་འདའ་བར་གསོལ་བ་བཏབ་པ་ལ་བརྟེན་ནས། གྲོང་ཁྱེར་རྩ་ཅན་དང་ཉེ་བའི་སར། ཤིང་སྭ་ལ་ཟུང་གི་བར་དུ་ཁྲི་བརྩིགས་ཏེ། མྱ་ངན་ལས་འདའ་བའི་ཚུལ་སྟོན་པའི་སྔོན་རོལ་དུ་ཀུན་ཏུ་རྒྱུ་རབ་བཟང་དང་། དྲི་ཟའི་རྒྱལ་པོ་རབ་དགའ་འདུལ་བར་མཛད་རྗེས། ཞིང་འདིར་སྐུ་དངོས་ཀྱི་གདུལ་བྱ་མེད་པར་དགོངས་ཏེ། ངོ་མཚར་བའི་ལྟས་དུ་མ་དང་བཅས་མྱ་ངན་ལས་འདས་སོ། །སྐུ་གདུང་གྱད་ཀྱི་བཏེགས་པའི་མཆོད་རྟེན་གྱི་དྲུང་དུ། མཆོད་སྤྲིན་རྒྱ་མཚོ་ལྟ་བུ་དང་བཅས། འོད་སྲུང་ཆེན་པོ་འཁོར་དང་བཅས་པས་ཞུགས་སུ་ཕུལ་ལོ། །ཚེམས་མཆེ་བ་བཞི་མ་གཏོགས་རིང་སྲེལ་གྱི་ཕུང་པོར་གྱུར། གདུང་སྐལ་བ་རྩོད་པའི་ཕྱིར་སྐྱེས་བུ་མང་པོ་འཐབ་པར་བརྩམས་པ་ན། བྲམ་ཟེ་བྲེ་བོ་མཉམ་པ་ཞེས་བྱ་བ་བསོད་ནམས་དང་ལྡན་ཞིང་དྲང་པོར་བརྗོད་པ་ཞིག་ཡོད་པ་དེས། ཆ་བརྒྱད་དུ་བགོས་ནས་རྩོད་པ་མེད་པར་བྱས། ཚེམས་མཆེ་བ་དང་པོ་སུམ་ཅུ་རྩ་གསུམ་ན། གཉིས་པ་ཡུལ་མཆོག་འཛིན་ན། གསུམ་པ་ཀ་ལིང་ཀ་ན། ༢༡༢
བཞི་པ་གྲོང་ཁྱེར་སྒྲ་སྒྲོགས་པས། ཐོབ་ཀྱང་ཀླུ་རྣམས་ཀྱིས་འཕྲོག་ཏེ་ཀླུ་ཡུལ་ན་ཁྱེར་དེ་མཆོད་པ་བྱེད་དོ། །དེ་ནས་མི་རིང་བ་ནས་འོད་སྲུང་ཆེན་པོས་བཅོམ་ལྡན་འདས་ཀྱི་འཁོར་རྣམས་བསྡུས་ཏེ་ཚོགས་པ་ན། ཀུན་དགའ་བོ་ལ་དྲི་མ་ཡོད་པར་མཁྱེན་ཏེ། དྲག་པོས་བཅོས་ནས་རེས་ཤིག་དབྱུང་པས་བརྩོན་འགྲུས་དྲག་པོ་བརྩམས་ནས་དྲི་མ་དང་བྲལ་ཏེ་དགྲ་བཅོམ་པར་གྱུར་ཏོ།
།བཀའ་བསྡུ་དང་པོ་མཛད་པའི་དུས་ལ་བབས་པས་སེང་གེའི་ཁྲི་བཤམས། ཀུན་དགའ་བོ་ཁྲི་ལ་བཞུགས་ནས། མདོ་སྡེ། ཉེ་བ་འཁོར་ཁྲི་ལ་བཞུགས་ནས་འདུལ་བ། འོད་སྲུང་ཆེན་པོས་ཁྲི་ལ་བཞུགས་ཏེ། མངོན་པ་བསྡུས། དེ་ནས་འོད་སྲུང་ཆེན་པོས་སྡེ་སྣོད་གསུམ་གྱི་བདག་པོ་ཀུན་དགའ་བོ་ལ་བསྐོས། དེས་ཤ་ནའི་གོས་ཅན་ལ། དེས་ཉེར་སྦས་ལ། དེས་དྷི་ཏི་ཀ་ལ། དེས་འཕགས་པ་ནག་པོ་ལ་གཏད། དེས་འཕགས་པ་ལེགས་མཐོང་ལ་བསྟན་པ་གཏད་པས། གཏད་རབས་བདུན་ཞེས་གྲགས་སོ། །ཡང་ན་ཀུན་དགའ་བོའི་སློབ་མ་འཕགས་པ་ཉི་མ་གུང་ཆེན་པོས་ཡུལ་དབུས་ལ་བསྟན་པ་བསྐྱངས་ཤིང་། ཁ་ཆེའི་ཡུལ་སོགས་ལ་འཕེལ་པས་རབས་བརྒྱད་དོ། །དེ་ཡན་ཆད་བསྟན་པ་གཅིག་གིས་སྐྱོང་ཤིང་སངས་རྒྱས་དང་འདྲ་བའི་ཉན་ཐོས་ཆེན་པོ་ཁོ་ནའོ། །དེའི་རྗེས་གྲོང་ཁྱེར་ནག་པོ་ཅན་ནས་དགྲ་བཅོམ་གྲགས་པའི་གཟིགས་པས། ཡངས་པ་ཅན་དུ་དགེ་སློང་བཞི་བཅུ་ཙམ་གྱིས་གསེར་དངུལ་གྱི་རུང་པ་སོགས་ཉེས་པ་བྱས་པའི་རྒྱུ་ལ་བརྟེན་ནས། གྲགས་པས་དགྲ་བཅོམ་པ་མང་པོ་ལ་སྦྲན་ཏེ། སྡེ་སྣོད་གསུམ་དག་པར་སྟོན་ཅིང་། དགེ་སློང་བཞི་བཅུ་ཙམ་གནས་ནས་དབྱུང་། བཀའ་བསྡུ་བར་པ་མཛད་དོ། །འདི་དགྲ་བཅོམ་པ་བདུན་བརྒྱས་བསྡུས་ཞེས་གྲགས་སོ། ཁ་ཆེའི་ཡུལ་དུ་རྒྱལ་པོ་སེང་གེ་གྲ་མ་ཞེས་པ་རབ་ཏུ་བྱུང་ནས། ༢༡༣
དགྲ་བཅོམ་པ་ཐོབ་པ་དེས་ཆོས་བསྟན་ཅིང་། ཛ་ལན་དྷ་རའི་རྒྱལ་པོ་ཀ་ནི་ཀས་སྦྱིན་བདག་བྱས་དགེ་འདུན་མང་དུ་འདུས། འཕགས་པ་བརྩིབ་ལོགས་ཞེས་བྱ་བས་ཀྱང་ཆོས་བསྟན་ནས། ཁ་ཆེའི་ཡུལ་རྣམས་རྒྱ་ནགས་ཀྱི་གཙུག་ལག་ཁང་དུ་དགེ་འདུན་མང་དུ་ཚོགས་ནས་བཀའ་བསྡུ་བ་གསུམ་པ་མཛད་ཅེས་གྲགས་ཤིང་། ཁ་ཅིག་ལ་ནི་ཛ་ལན་དྷ་རའི་དགོན་པ་ཀུ་བ་ནའི་གཙུག་ལག་ཁང་དུ་བསྡུས། དེ་ཡང་དགྲ་བཅོམ་བྱང་སེམས་སོ་སྐྱེ་བ་ལྔ་བརྒྱ་ལྔ་བརྒྱ་ཚོགས་ནས་བསྡུས་ཞེས་སོགས་རྣམ་གཞག་མང་པོ་ཡོད་པས། བཀའ་བསྡུ་ཐ་མ་མཛད་ཞེས་བརྗོད་དོ། །དེ་ནས་རེས་ཤིག་ཉན་ཐོས་བྱེ་བྲག་སྨྲ་བ་དང་། མདོ་སྡེ་བ་གཉིས་ཀྱི་བསྟན་པ་ཁོ་ནས་ཁྱབ་པ་ལ། སངས་རྒྱས་མྱ་ངན་ལས་འདས་ནས་མི་རིང་བར་དཔལ་ས་ར་ཧ་ཆེན་པོས་ཐོག་མར་ ཨིནྟྲའི་༼ཏན་ལེ་སྤྲོའི་༽དགེ་འདུན་གྱི་སྡེ་སྐྱོང་བར་མཛད། ཕྱིས་རིམ་གཉིས་ལ་བརྟན་པ་ཐོབ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་དེ་མཆོག་གི་དངོས་གྲུབ་བརྙེས་ནས་ངེས་དོན་གྱི་ཆོས་འཁོར་བསྐོར། སློབ་དཔོན་འཕགས་པ་ཀླུ་སྒྲུབ་རྗེས་སུ་བཟུངས་ཏེ། རྡོ་རྗེ་ཐེག་པའི་བསྟན་པ་དར་བའི་མགོ་བརྩམས། གཞན་ནམ་ཨིནྡྲ་བོ་དྷི་ཆེན་པོས་ཨུ་རྒྱན་དུ་གསང་སྔགས་དར། ཀླུ་སྒྲུབ་ནི་ལུང་ཟིན་གྱི་སྐྱེས་བུ་ཡིན་ཏེ།
རྫོགས་པའི་སངས་རྒྱས་ཀྱིས་ལང་ཀར་གཤེགས་པའི་མདོ་ལས། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིགས་པ། །ང་ཡི་བསྟན་པ་འཇིག་རྟེན་དུ། །བླ་མེད་ཐེག་པ་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ།
།ཞེས་ལུང་བསྟན་པ་བཞིན། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་འཕགས་པ་འཇམ་དཔལ་ནས་བརྒྱུད་པའི་ཐེག་པ་ཆེན་པོ་དབུ་མའི་ལུགས་ཀྱི་སྲོལ་བཟུང། ༢༡༤
ཡང་སྟོན་པ་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་ཙམ་ན། སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་བསྒྲུབས་པས་རྗེས་སུ་བཟུངས་ཏེ་ཐེག་པ་ཆེན་པོའི་སྲོལ་ལུགས་དར་བར་མཛད་པའི་སློབ་དཔོན་འདི་ཡང་ལུང་བསྟན་པ་ནི།
འཇམ་དཔལ་རྩ་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་དགུ་བརྒྱ་ལོན་པ་ན། །ཐོགས་མེད་ཅེས་བྱའི་དགེ་སློང་གིས། །བསྟན་བཅོས་དེ་ཡི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །ཅེས་གསུངས་སོ།
།སློབ་དཔོན་འདི་གཉིས་སློབ་དཔོན་བརྒྱུད་དང་བཅས་ཐེག་པ་ཆེན་པོའི་ལྟ་བ་དང་། རྒྱ་ཆེན་སྤྱོད་པའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་ཉིན་མོར་མཛད་པ་ཡིན་ལ། འདི་དག་གི་སློབ་རྒྱུན་ལ་གྲགས་ཆེ་བ་ནི། ཕྱོགས་གླང་ཆོས་གྲགས་གཉིས། ཨརྻ་དེ་བ། སློབ་དཔོན་དབྱིག་གཉེན་དང་གོང་གི་གཉིས་ཏེ་རྒྱན་དྲུག ཞི་བ་ལྷ་དང་། ཙནྟྲ་གོ་མི་སྟེ་རྨད་བྱུང་སློབ་དཔོན་གཉིས་དང་བཅས་པའོ། །གསང་སྔགས་ཀྱི་བསྟན་པ་ནི། རྡོ་རྗེ་གདན་དུ་ཚོགས་འཁོར་གཅིག་ཏུ་ཚོགས་པའི་གྲུབ་ཐོབ་བརྒྱད་ཅུ་དང་། གཞན་ཡང་དེར་མ་འདུས་པའི་གྲུབ་པ་བརྙེས་པའི་སྐྱེས་བུ་བགྲང་བ་ལས་འདས་པ་དང་། ལྷག་ཏུ་པཱུ་དྲིལ་ནག་གསུམ། ཏཻ་ལོ་ནཱ་རོ་མཻ་ཏྲི། །དུས་ཞབས་པ་ཆེ་ཆུང་། བིར་ཝ་པ་སོགས་ཀྱིས་དར་རྒྱས་སུ་མཛད་ཅིང་། ཁྱད་པར་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནཻ་གུ་མ་དང་། སུ་ཁ་སིདྡྷི་སོགས་ཀྱི་བཀའ་དྲིན་གཞལ་དུ་མེད་པ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལས་བདག་ཅག་རྣམས་ལ་སྐལ་བཟང་དུ་བྱུང་བ་རྣམས་འོག་ཏུ་འཆད་པར་འགྱུར་ལ། ༢༡༥

༈ །གཉིས་པ་གངས་ཅན་ལྗོངས་སུ་བསྟན་པ་དར་ཚུལ་ནི།
ལྷ་མོ་དྲི་མེད་སྤྱིན་ལུང་བསྟན་པའི་མདོ་ལས། ང་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ། །ཞེས་ལུང་བསྟན་པ་ལྟར། བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་རིམ་པར་བྱོན་པའི་ལྷ་ཐོ་ཐོ་རིའི་གཉན་བཙན་ཞེས་པ་ཕོ་བྲང་ཡུམ་བུ་ལྷ་མཁར་དུ་བཞུགས་པའི་ཡང་ཐོག་ཏུ་གསེར་གྱི་མཆོད་རྟེན་གྲུ་གང་བ་ཞིག་དང་། མདོ་སྡེ་ཟ་མ་ཏོག་བཀོད་པ། སྤང་སྐོང་ཕྱག་རྒྱ་ཚིནྟ་མ་ནི་སོགས་ནམ་མཁའ་ལས་བབས་ཏེ་རྒྱལ་པོས་གཟིགས་པས། དེ་དུས་བོད་ན་ཡི་གེའི་འགྱུར་མེད་པས་དོན་ནི་མ་གོ །ཡ་མཚན་དུ་བཟུངས་ནས། མཚན་གཉེན་པོ་གསང་བ་ཞེས་བཏགས། བཀུར་བསྟི་རྒྱ་ཆེ་མཛད་པས་རྒྱལ་པོའི་སྐུ་བསོད་རྒྱས་པར་གྱུར། དམ་པ་ཆོས་ཀྱི་དབུ་རྙེད། དེ་ནས་རྒྱལ་རབས་འགའ་ཙམ་སོང་བ་ན། ཆོས་རྒྱལ་སྲོང་བཙན་སྒམ་པོ་བྱོན་ཏེ། སློབ་དཔོན་ཆེན་པོ་ཐོན་མི་སམ་བྷོ་ཊས་རྒྱ་གར་དུ་ཐེགས། ལོ་ཙ་དང་ཡི་གེ་མཁས་པར་བསླབས། རྒྱ་གར་གྱི་ཡི་གེ་མཁས་པ་ལི་བྱིན་སྤྱན་དྲངས། རླངས་ཁམས་པ་གོ་ཆ་དང་ཐོན་མི་སམ་བྷོ་ཊ་གཉིས་ཀྱིས་བོག་ཡིག་བརྩམས། སྐད་ལ་སྐད་དོད་པ་ཙལ་ཏེ། ཆོས་བསྒྱུར་དུ་བཏུབ་པར་དགོངས་ནས། ཟ་མ་ཏོག་བཀོད་པ། འདུས་པ་རིན་པོའི་ཆེའི་ཏོག་རྒྱལ་པོ་མདོ་ལྔ་སོགས་མང་པོ་བསྒྱུར། རྒྱ་ནག་དང་བལ་པོའི་རྒྱལ་པོ་གཉིས་ཀྱི་སྲས་མོ་གཉིས་ཁབ་ཏུ་བཞེས་ཏེ། དེ་གཉིས་ཀྱིས་ཇོ་བོ་ཤཱཀྱ་མུ་ནེ་དང་། ཇོ་བོ་མི་བསྐྱོད་རྡོ་རྗེ་ཞེས་པ་དགུང་ལོ་བཅུ་གཉིས་པ་དང་བརྒྱད་པའི་སྐུ་ཚད་ཅན་ར་ས་འཕྲུལ་སྣང་དང་ར་མོ་ཆེར་བཞུགས་པ་འདི་གཉིས་སོགས་རྟེན་ཁྱད་པར་ཅན་སྤྱན་དྲངས། ར་ས་འཕྲུལ་སྣང་དང་ར་མོ་ཆེ་སོགས་གཙུག་ལག་ཁང་དང་མཆོད་རྟེན་མང་དུ་བཞེངས་པ་ལ་སོགས་པའི་སངས་རྒྱས་ཀྱི་བསྟན་པའི་སྲོལ་བཏོད་པར་མཛད། ༢༡༦
དེ་ནས་རྒྱལ་རབས་ལྔ་ནས། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་བྱོན། སློབ་དཔོན་ཞི་བ་འཚོ་དང་། སློབ་དཔོན་པདྨ་སྤྱན་དྲངས། བསམ་ཡས་ཀྱི་གཙུག་ལག་ཁང་རྟེན་དང་བཅས་པ་བཞེངས། སློབ་དཔོན་པདྨས་སྔགས་མང་དུ་གསུངས་པ་རྣམས་ལ་རྙིང་མའམ་སྔ་འགྱུར་དུ་གྲགས་མཁས་པ་ཀ་མ་ལ་ཤི་ལ་སྤྱན་དྲངས། ཧྭ་ཤང་གི་བསྟན་པ་སུན་ཕྱུངས། གཞན་ཡང་པཎྜི་ཏ་སངས་རྒྱས་གསང་བ། མཁན་པོ་དྷ་ན་ཤི་ལ། དྷརྨ་བིརྟི། བི་མ་ལ་མི་ཏྲ། ཤྲི་ལེན་དྲ་བོ་དྷི་ལ་སོགས་པ་བསམ་ཡས་སུ་བྱོན་ཏེ། བོད་ཀྱི་མི་བློ་གསལ་བ་རྣམས་བསྡུས་ཏེ་ལོ་ཙཱ་བ་བསླབས་པས། ཐོག་མར་འཁོན་ཀླུའི་དབང་པོ་སོགས། སད་མི་མི་བདུན་རབ་ཏུ་བྱུང་ཞིང་ལོ་ཙཱ་མཁས་པར་བསླབས། དེ་ལས་འཕྲོས་ཏེ་ལོ་ཙཱ་བརྒྱ་རྩ་ཙམ་བྱུང་། དེ་ལས་འཕྲོས་ཏེ་ལྕོག་རོ་ཀླུའི་རྒྱལ་མཚན་སོགས་མི་སྟོང་ལྷག་ཙམ་གྱིས་ལོ་ཙཱ་མཁས་པར་གྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་མང་པོ་དང་། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་། རྣལ་འབྱོར་རྒྱུད་དེ་ཉིད་བསྡུས་པ་ལ་སོགས་པ་ཆོས་མང་པོ་བསྒྱུར་ཏེ། དགེ་འདུན་གྱི་སྡེ་སོགས་བསྟན་པ་ཆེར་དར་བར་མཛད། དེ་ལ་སྲས་བཞི་ཡོད་པའི་སད་ན་ལེགས་འཇིངས་ཡོན་དུ་གྲགས་པ་དེས། རྒྱལ་སྡེ་དཀར་ཆུང་གི་གཙུག་ལག་ཁང་བཞེངས། པཎྜི་ཏ་བི་མ་ལ་མི་ཏྲ། ཀ་མ་ལ་ཤི་ལ། ཛྙཱ་ན་སེ་ན། བལ་པོ་ཧཱུྃ་ཀ་ར་རྣམས་དང་། ལོ་ཙཱ་བ་འཁོན་ཀླུའི་དབང་པོ་བསྲུང་བ་དང་། རྨ་རིན་ཆེན་མཆོག་སོགས་ཀྱིས་ཆོས་མང་དུ་བསྒྱུར་ཞིང་། སྐད་གསར་བཅད་ཀྱིས་བཅོས་ཤིང་གཏན་ལ་ཕབས། བཤད་གྲྭ་དང་སྒོམ་གྲྭ་མང་པོ་བཙུགས། དེ་ལ་སྲས་གསུམ་ཡོད་པའི་ཆེ་བ་རབ་ཏུ་བྱུང་། འབྲིང་གླང་དར་མ་རང་རྒྱུད་ངན་པས། ༢༡༧
ཆུང་བ་ཁྲི་རལ་པ་ཅན་རྒྱལ་སར་བསྐོས། འུ་ཞང་རྡོའི་ལྷ་ཁང་བཞེངས། མཁན་པོ་པཎྜི་ཏ་པྲཛྙཱ་ཝརྨ་དང་། ཛི་ན་མི་དྲ་སོགས་མང་པོ་དང་། ལོ་ཙཱ་བ་སྐ་བ་དཔལ་རྩེགས། ལྕོག་རོ་ཀླུའི་རྒྱལ་མཚན། ཞང་སྣ་ནམས་ཡེ་ཤེས་རྡོ་རྗེ་རྣམས་ཀྱིས་ཆོས་མང་དུ་བསྒྱུར་ཞིང་གཏན་ལ་ཕབས། རྒྱལ་པོས་བླ་སྒོ་དང་པོ་དགེ་འདུན་ལ་ཕུལ་བ་སོགས། བསྟན་པ་རབ་ཏུ་རྒྱས་པར་མཛད་པ་ནི་བསྟན་པ་སྔ་དར་གྱི་ཐ་སྙད་མཛད་པ་ཡིན་ནོ།
།དེའི་རྗེས་གླང་དར་མས་རྒྱལ་པོ་ཁྲི་རལ་བཀྲོངས་ཏེ་རྒྱལ་ས་བཟུངས་ནས་དབུས་གཙང་གི་བསྟན་པ་བསྣུབས་ཏེ་ལྷག་མ་ཙམ་ཡང་མེད་པར་རྩམས་པ་ན། ལྷ་ལུང་དཔལ་གྱི་རྡོ་རྗེས་སངས་རྒྱས་ཀྱི་བསྟན་པ་ལ་དགོངས་ནས་རྒྱལ་པོ་གླང་དར་བཀྲོངས་ཀྱང་། བསྟན་པ་ཉམས་ཆེས་པས་རེས་ཤིག་དར་མ་ཐུབ། བར་དུ་དབུས་གཙང་ནས་མདོ་ཁམས་སུ་བྲོས་པའི་བཙུན་པ་གཡོ་དགེ་འབྱུང་། གཙང་རབ་གསལ། དམར་ཤཱཀྱ་མུ་ནེ་དང་གསུམ། རྒྱ་ནག་ཧྭ་ཤང་གཉིས་ཀྱིས་ཁ་བསྐོངས་བྱས་ཏེ། བླ་ཆེན་དགོངས་པ་རབ་གསལ་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས། དེ་ལ་ལོ་སྟོན་རྡོ་རྗེ་དབང་ཕྱུག་ཚོ་བཙུན་ཤེས་རབ་སེང་གེའབྲི་བཙུན་རྒྱལ་བ་འབྱུང་གནས་ཏེ་གཙང་པ་གསུམ། ཀླུ་མེས་འཕགས་པ་ཤེས་རབ། སུམ་པ་ཡེ་ཤེས་སྡེ་སྟེ་དབུས་པ་གཉིས། དབུས་གཙང་གི་མི་ལྔ་རབ་ཏུ་བྱུང་། དེ་རྣམས་མདོ་ཁམས་ནས་དབུས་གཙང་དུ་བྱོན་ཏེ་རབ་ཏུ་བྱུང་བ་མང་པོའི་མཁན་སློབ་མཛད་ནས་དགེ་འདུན་གྱི་སྡེ་མང་དུ་བཙུགས། བསྟན་པའི་མེ་རོ་སླར་གསོས་ཏེ་རྒྱས་པར་མཛད་པ་ནི། སྨད་མདོ་ཁམས་ནས་དར་བའོ། །བསྟན་པ་སྔ་དར་ཕྱི་དར་བར་དར་གསུམ་གྱི་དབང་དུ་བྱས་ན་བར་དར། སྔ་ཕྱི་གཉིས་སུ་བྱས་ནས་ཕྱི་དར་གྱི་ཐོག་མའི་བསྟན་པ། ཕྱི་དར་སྟོད་ནས་དར་ཚུལ་ནི། གླང་དར་གྱི་སྲས་གཉིས་བྱུང་བའི། ༢༡༨
འོད་སྲུང་གི་སྲས་དཔལ་འཁོར་བཙན། དེའི་སྲས་གཉིས་བྱུང་བའི་སྐྱིད་ལྡེ་ཉི་མ་མགོན། མངའ་རིས་སྟོད་དུ་བཙུག་པའི་མངའ་རིས་སྐོར་གསུམ་ལ་མངའ་མཛད། དེའི་སྲས་གསུམ་བྱུང་བའི། མི་དྲི་ར་མགོན། དེའི་སྲས་འོད་ཀྱི་སྤྱིན། དེའི་སྲས་གཉིས་འབྱུང་བའི་ཁོ་རེ་ཞེས་པ་རབ་ཏུ་བྱུང་། ལྷ་བླ་མ་ཡེ་ཤེས་འོད་ཅེས་བྱ། ཁོང་གིས་ཡབ་མེས་ཀྱི་སྲོལ་བཟུངས་ཏེ་སངས་རྒྱས་ཀྱི་བསྟན་པར་དར་རྒྱས་མཛད་པའི་ཕྱིར། མངའ་འབངས་ནས་བློ་གསལ་བ་ཉི་ཤུ་རྩ་གཅིག་གསེར་མདོ་དང་བཅས་ཏེ་རྒྱ་གར་ལ་ཆོས་སློབ་ཏུ་བརྫངས་པས། ཕལ་ཆེར་ཆེའི་དུས་བྱས། ལོ་ཆེན་རིན་ཆེན་བཟང་པོ་དང་། ལོ་ཆུང་ལེགས་པའི་ཤེས་རབ་གཉིས་མགོ་ཐོན། ལྷག་པར་ལོ་ཆེན་མཁས་པར་གྱུར་ཏེ། དེ་གཉིས་ཀྱིས་མདོ་བསྟན་བཅོས། སྔགས་ཕྱི་ནང་གི་རྒྱུད་འགྲེལ་མན་ངག་ལ་སོགས་པའི་ཆོས་མང་དུ་བསྒྱུར། བྱང་ཆུབ་ཡེ་ཤེས་འོད་ཀྱིས་ཁུ་བོའི་དགོངས་པ་རྫོགས་པའི་ཕྱིར། ནག་ཚོ་ལོ་ཙཱ་བ་རྒྱ་གར་དུ་ཇོ་བོ་གདན་འདྲེན་དུ་གསེར་མང་པོ་དང་བཅས་རྫོང་པར་མཛད་སྤྱན་འདྲོངས་ཏེ། མངའ་རིས་སྟོད་དུ་བཀུར་བསྟི་རྒྱ་ཆེན་པོ་དང་བཅས། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་སྙིང་པོ་བྱང་ཆུབ་ལམ་སྒྲོན་སོགས་གཞུང་དང་སྒྲུབ་ཐབས་མང་པོ་གསུངས། གཞན་ཡང་ཕ་རོལ་ཏུ་ཕྱིན་པ་དང་། སྔགས་ཀྱི་ལམ་སྲོལ་མང་པོ་དར་རྒྱས་སུ་མཛད། ཆོས་ལོག་དང་གོལ་པར་གྱུར་པ་ཐམས་ཅད་སྣུབ་པར་མཛད། དེའི་ཐུགས་སྲས་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཡབ་སྲས་ཀྱིས་བཀའ་གདམས་རིན་པོ་ཆེ་བསྟན་པ་ཕྱོགས་མཐར་རྒྱས་པར་མཛད། ཁྱུང་པོ་རྣལ་འབྱོར། འགོས་ལོ། ཁྲི་ལོ། གྱི་ཇོ། གླན་དར་མ་མ་ཏི། འབྲོག་མི་ཤཱཀྱ་ཛྙཱ་ན། མ་ར་ས། སྟོ་མ་ཏི། འབྲོ་ལོ། བ་རི་བ། རྒ་ལོ། ཏྭ་ལོ། གཏོ་ལོ། ༢༡༩
རྔོག་བློ་ལྡན་ཤེས་རབ་ལ་སོགས་པ་མང་པོ་རྣམས་ཀྱིས། མདོ་སྔགས་ཀྱི་ཆོས་མང་པོ་བསྒྱུར་ཅིང་། བོད་དུ་སྤྱན་དྲངས་ཏེ། དེ་དག་གི་སློབ་བརྒྱུད་རྣམས་ཀྱིས་རྒྱ་གར་གྱི་གཞུང་བཟང་པོ་རྣམས་ཀྱི་དགོངས་བཀྲོལ་ནས། བསྟན་བཅོས་མཛད་པའི་སྲོལ་ལུགས་སོ་སོར་བཟུངས་པས། དེ་ཡང་བོད་དུ་གྲུབ་མཐའི་ཞལ་འཛིན་སོ་སོར་མཛད་པ་ནི། དཔལ་ལྡན་ས་སྐྱ་པ། དེ་ལས་ངོར་རྫོང་གཉིས། ཇོ་ནང་པ། དྭགས་པོ་བཀའ་བརྒྱུད་པ། དེ་ལས་ཀརྨ་པ། འབྲི་སྟག་གཉིས། ཁྲོ་ཕུ་བ། འཁྲུག་པ། རྔོག་པ། དེ་རྣམས་ལས་འཕྲོས་པ། ཞ་ལུ་བ། བོ་དོང་པ། རི་བོ་དགའ་ལྡན་པ་སོགས་མཁས་གྲུབ་རྣམས་ཀྱིས་བསྟན་པ་རིན་པོ་ཆེ་ཉིན་མོར་མཛད་པ་རྣམས་ནི་རང་རང་གི་ལུགས་སུ་རྒྱས་པར་ཤེས་སོ། །འདིར་སྤྲོ་བར་མ་ནུས་སོ།
།སངས་རྒྱས་ཀྱི་བསྟན་པ་མདོར་བསྡུས་ཏེ་བཤད་པ་ནི། སྡིག་པ་སྤོང་ཞིང་དགེ་བ་སྒྲུབ་པ་སེམས་ཞི་ཞིང་དུལ་བར་བྱེད་པ། སྟོང་ཉིད་སྙིང་རྗེ་དབྱེར་མེད་དུ་བསྒོམ་པ། བསྐྱེད་རྫོགས་ཀྱི་ལམ་ལ་ནན་ཏན་དུ་བྱེད་པའོ། །གཞན་རྣམས་ནི་ཡན་ལག་གོ
།དེ་ཡང་སོ་སོར་ཐར་མདོ་ལས་། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པ་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་དང་།
རྡོ་རྗེ་གུར་ལས། སྟོང་ཉིད་སྙིང་རྗེ་ཐ་དད་མེད། །གང་དུ་སེམས་ནི་རྣམ་སྒོམས་པ། །དེ་ནི་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱིའང་བསྟན་པའོ། །ཞེས་དང་།
དགྱེས་རྡོར་ལས། རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱི་ཆོས་འཆད་དོ། །ཞེས་གསུངས་སོ།
།དགེ་བ་ཚུལ་བཞིན་དུ་མཛད་པ་ཐམས་ཅད་བསྟན་པ་རྣམ་དག་ཡིན་པས་ཕྲན་བུའི་ཕྱག་ལེན་མི་འདྲ་བ་ཙམ་ལ། རང་གཞན་གྱི་ཕྱོགས་མི་བཟུང་བ་དང་། ཞེ་ནས་ཆགས་སྡང་ལྷུར་ལེན་གྱིས་སྐྱེས་བུ་དམ་པ་ལ་བསྐུར་ཞུས་མཛད་པ་སོགས་ནི་བསྟན་པའི་ཆོམ་རྐུན་ཡིན་པས་སྤོང་འཚལ་ལོ། ༢༢༠
།འོ་ན་བསྟན་པ་དེ་ཇི་ཙམ་གནས་ན། འབྲས་བུ། སྒྲུབ་པ། ལུང་གི་དུས་ལྔ་བརྒྱ་ཕྲག་གསུམ། རྟགས་ཙམ་འཛིན་པ་ལྔ་བརྒྱ་ཕྲག་གཅིག་གནས་པར་འགྱུར་རོ། །བུད་མེད་རབ་ཏུ་བྱུང་བས་ལྔ་བརྒྱ་ཕྲག་གཅིག་འགྲིབས་ཞེས་གྲགས་སོ།


༈ གཉིས་པ་གཏན་ལ་དབབ་བྱའི་གཙོ་བོ་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་རྣམ་གཞག་ལ། བླ་མ་བརྒྱུད་པའི་ལོ་རྒྱུས་དང་། བརྒྱུད་པ་དེ་ལས་བྱུང་བའི་གདམས་ངག་གི་སྐོར་བཤད་པའོ།
Khyungpo Neljor
།དང་པོ་ནི། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་རམ། ཤངས་པ་བསྡུ་བུ་པ་མི་ཉམས་རྡོ་རྗེ། མཚན་གཞན་ཚུལ་ཁྲིམས་མགོན་པོ། དེའི་འཁྲུངས་ཡུལ་སྙེ་མོ་ར་མངས། རྗེ་རིགས་ཁྱུང་པོ། ཡབ་བོན་པོ་ཁྱུང་རྒྱལ་སྟག་སྐྱེས། ཡུམ་མགོ་བཟའ་བཀྲ་ཤིས་སྐྱིད། སྟག་གི་ལོ་ལ་སྐུ་བལྟམས་མ་ཐག །རྒྱ་གར་གྲུབ་ཆེན་ཨ་མོ་གྷ་བཛྲ་རྫུ་འཕྲུལ་གྱིས་བྱོན་ནས་བློ་འཕེལ་གྱི་ཆོ་ག་མཛད། བྱིན་གྱིས་བརླབས་ཤིང་ལུང་བསྟན་པ་ནི། འདི་ནི་སྤྲུལ་པའི་སྐུ་སྟེ་རྒྱ་གར་བགྲོད། །ཞེས་སོགས་ནས། རྒྱལ་བའི་ཞིང་དེར་གྲོད་པར་ཐེ་ཚོམ་མེད། །ཅེས་པའི་བར་གསུངས་ཏེ། སླར་ནམ་མཁའ་ལ་བྱ་བཞིན་དུ་གཤེགས་སོ། །དགུང་ལོ་བཅུ་པ་ལ་ཡིག་རྩིས་མཁས་པར་མཁྱེན། བཅུ་གཉིས་པ་ལ་ཡབ་མེས་བགས་ཆགས་ལ་ཞུགས་ཏེ། བླ་མ་གཡུང་དྲུང་ཁྲོ་རྒྱལ་ལ་བོན་ཆོས་གསན། མཁས་གྲུབ་ཏུ་གྱུར་ཀྱང་། ཆོས་ཁུངས་ལ་ཐུགས་མ་ཆེས་ཏེ། བླ་མ་འབྱུང་གནས་སེང་གེ་ལ་རྫོགས་ཆེན་གསན། སླད་ནས་ཤོ་མདར་སྐོར་དུ་བསྐོར་ནེ་རུ་པ་ལ་སྔགས་གསར་མའི་ཆོས་སྐོར་མང་དུ་གསན། དེས་ཐུགས་ཚིམ་པར་མ་གྱུར་ཏེ། ཆུ་རྩ་གངས་ལ་གཏུག་དགོས་དགོངས་ཏེ། གསེར་མང་དུ་བསྣམས་ནས། རྒྱ་གར་ཡུལ་དུ་ལན་གསུམ་ཐེག་པའི། དང་པོའི་སྐབས་བལ་པོའི་པཎྜི་ཏ་བ་སུ་མ་ཏི་དང་མཇལ། གསང་བ་སྤྱིའི་རྒྱུད་སོགས་ཆོས་མང་དུ་གསན། པཎྜི་ཏ་ཨ་ཐུ་ལ་བཛྲ་གྱིས་གྲོགས་མཛད། འཕགས་ཡུལ་དུ་གཤེགས། བླ་མ་རྡོ་རྗེ་གདན་པ་དང་མཇལ་གསེར་སྲང་ལྔ་བཅུ་ཕུལ་ཏེ་གུས་པས་ཐལ་མོ་སྦྱར་ཏེ། བསྟན་པའི་རྩ་བ་དགེ་སློང་གི་སོགས་གསོལ་བ་བཏབས་པས། དཔལ་ལྡན་རྡོ་རྗེ་གདན་པས། སྲིན་པོ་གདོང་དམར་མཐའ་འཁོབ་ཡུལ། །སོགས་ནས། སྔོན་ཚེ་བྱང་ཕྱོགས་གངས་ཅན་དུ། །ཉན་ཐོས་སྤྲུལ་པ་དཔག་མེད་ལྡན། །རྫུ་འཕྲུལ་ཆེན་པོ་ཞེས་བྱར་འགྱུར། །ཞེས་གསུངས་ནས། གླང་རི་ཐང་པ་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་སྤྲུལ་པ་ཡིན་པས་དེར་སོང་གསུངས་ནས་བསྙེན་པར་རྫོགས་པའི་མཁན་པོར་ལུང་བསྟན། རྒྱ་གར་དབུས་འགྱུར་ཤར་ནུབ་ལྷོ་བྱང་རྣམས་ལ་ཁྱེད་ཀྱི་མཁན་པོ་བྱེད་ནུས་པ་མེད་གསུངས་ནས། དགེ་ཚུལ་མཁན་པོ་མཛད་མཚན་ཚུལ་ཁྲིམས་མགོན་པོར་གསོལ་ཞིང་། འདུལ་བ་ལུང་དང་མདོ་རྩ་སོགས་དང་། རྒྱུད་སྡེ་ལྔའི་དབང་སྒྲུབ་ཐབས། མི་གཡོ་བ་སྒྲོལ་མ། བྱ་སྤྱོད་རྣལ་འབྱོར་རྒྱུད་སོགས་རྒྱུད་སྡེ་བཞི་དང་འབྲེལ་བའི་རྒྱུད་སྒྲུབ་ཐབས་མང་དུ་གསན། རྗེ་བཙུན་ཤྲཱི་ཛྙཱ་ན་ལ། སེམས་བསྐྱེད་བྱམས་ཆོས་ལྔ། རྣལ་འབྱོར་སྤྱོད་པའི་ས་སྡེ་ལྔ། ཚད་མ་སྡེ་བདུན་སོགས་གསན། བེེ་རོ་ཙ་ན་རཀྵི་ཏ་ལ་གསང་བ་འདུས་པ་ཧེ་བཛྲ། འཁོར་ལོ་བདེ་མཆོག །མཧཱ་མ་ཡ། རྡོ་རྗེ་འཇིགས་བྱེད། སངས་རྒྱས་ཐོད་པ། སངས་རྒྱས་མཉམ་སྦྱོར་རྣམས་དབང་དང་བྱིན་བརླབས་སྒྲུབ་ཐབས་རྣམས་ཞུས། ཁ་ཆེ་དགོན་པ་བ་དང་། རྡོ་རྗེ་གདན་པ་གཉིས་ལ། རྡོ་རྗེ་ས་འོག །བྱུང་པོ་འདུལ་བྱེད། གར་མཁན་མཆོག །གནོད་སྦྱིན་ཤིང་རྟ། རྣམ་སྲས་ཞི་དྲག་རྣམས་ཞུས།
རྡོ་རྗེ་གདན་དུ་ཚོགས་འཁོར་ཞིག་མཛད་པའི་ཚེ། དཔའ་བོ་མཁའ་འགྲོས་བར་སྣང་ཁེངས་ཤིང་། ལྷ་རྣམས་ལ་མཆོད་པ་འབུལ་བའི་ཚེ། རྡོ་རྗེ་གདན་པའི་གསུངས་ནས། རིགས་ཀྱི་བུ་ཁྱོད་བོད་དུ་སོང་། །འདུལ་དཀའ་ཁ་བ་ཅན་ལྗོངས་ཀྱི། །སེམས་ཅན་མང་པོ་གྲོལ་བྱེད་ཅིང་། །ཕྱི་མའི་དུས་ན་ཆོས་འདི་རྣམས། ཁྱོད་ཀྱི་བརྒྱུད་འཛིན་རྣལ་འབྱོར་པ། །གཅིག་གིས་དར་བར་བྱེད་པར་འགྱུར། །ཆོས་འདི་རྣམས་ལ་བཀའ་ཐོབ་ཅིང་། །ཕན་སེམས་ལྡན་པ་དེ་ཡི་ནི། །གང་བྱུང་རྒྱལ་སྲས་མ་ནོར་སྟོན། །རབ་ཏུ་མི་གནས་པ་ལ་སྦྱོར། །རིམ་གྱིས་དོན་རྟོགས་མང་དུ་འབྱུང་། །ཞེས་སོགས་ནས། ང་དང་འདྲ་བ་ཁྱོད་ཀྱི་རྟོགས། །ཞེས་པའི་བར་གསུངས་ཤིང་། བདེ་མཆོག་གི་ཕོ་བྲང་གཞོང་ཞོང་༼ཞང་ཞང་༽པའོ་ལུང་བསྟན་མཛད་དོ།
བླ་མ་ཞིང་གི་རྡོ་རྗེ་འཆང་། མི་ཉམས་རྡོ་རྗེ། རིན་ཆེན་རྡོ་རྗེ་མཆེད་གསུམ་ལ། གཤིན་རྗེ་གཤེད་དམར་ནག་ཞུས། སྒྲུབས་པས་ཞལ་གཟིགས། ཌཱ་ཀི་མ་ཀ་ན་ཀ་ཤྲཱི་ལ། སམ་བྷུ་ཊིའི་རྒྱུད་རྫོགས་རིམ་དེ་ཁོ་ན་ཉིད། དཔལ་མཆོག་དྲ་བ་སྡོམ་པ། ཡེ་ཤེས་རྒྱ་མཚོ། ཡེ་ཤེས་མངོན་འབྱུང་། དམ་ཚིག་བཀོད་པ་རྣམས་ཞུས། བྲམ་ཟེ་རཀྵི་ཏ་པ་ལ། གཤིན་རྗེ་གཤེད་དང་། མེད་འཚོལ་ལྟེ་བསྒྱུར་ཞུས། བོད་དུ་བྱོན་སྲུ་མོ་བཟའ་མས་སྔར་གཡུ་ཕུལ་བའི་ལན་དུ། མེད་འཚོལ་དང་ལྟེ་བསྒྱུར་བསླབས་པས་དབུ་གསུམ་བྱུང་ཆེས་ཡོན་བདག་ཏུ་གྱུར།
སླར་རྒྱ་གར་དུ་བར་པ་བྱོན་པའི་སྐབས། བལ་པོ་ཕམ་ཐིང་པ་ལ། བདེ་མཆོག་ཡེ་ཤེས་སྒྲུབ་པ་སྐུ་གསུང་ཐུགས་ཀྱི་རྒྱུད། དགོངས་པ་བླ་མེད་སོགས་མང་དུ་གསན། རྗེ་བཙུན་མ་རིན་ཆེན་ལྷ་མོ་ལ་ཕྱག་རྒྱ་ཆེན་པོ་སྙིང་པོའི་སྐོར་རྣམས་ཞུས། གྲུབ་ཐོབ་ཉི་མའི་སྙིང་པོ་ལ། ཀུ་ཀུ་རི་པའི་ཆོས་བདུན་དང་། རྗེ་བཙུན་མའི་སྒྲུབ་ཐབས་ཞུས། རྗེ་མངའ་བདག་མཻ་ཏྲི་པ་ལ། ཕྱག་རྒྱ་ཆེན་པོ་རབ་ཏུ་མི་གནས་པ་ལ་སོགས་པའི་རྒྱུད་ལྔ་དང་། དོ་ཧ། ཕྱག་ཆེན་དག་པ་ཡེ་ཤེས། སྐུ་གསུམ་ལམ་ཁྱེར། དགྱེས་རྡོར་མཚན་བརྗོད་སོགས་མང་དུ་ཞུས། ཡང་མཻ་ཏྲི་ཆེན་པོ། ཀོ་ས་ལཾ་པའི་དུར་ཁྲོད་དུ་བཞུགས་དུས། གསེར་སྲང་བདུན་ཕུལ་ནས། བོད་ལོངས་སྤྱོད་ཆུང་བས་ནོར་སྒྲུབ་མྱུར་ལ་ལྷག་མཚན་ཆེ་བའི་ཆོས་སྐྱོང་ཞིག་དགོས་ཞུས་པས། དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་འདི་གནང་ནས། ཆེ་བརྗོད་སྔར་གྱི་ལོ་རྒྱུས། ཕྱིས་ཀྱི་ལུང་སྟན་ཡང་མཛད། དེ་ནས་རྡོ་རྗེ་འཆང་དང་དངོས་སུ་མཇལ་བའི་བླ་མ་ཞིག་འཚོལ་དགོས་དགོངས་པ་ན། པཎ་གྲུབ་ཐམས་ཅད་ཞལ་མཐུན་པར། ནཱ་རོ་པཎ་ཆེན་གྱི་ལྕམ་མོ། ཡེ་ཤེས་ཀྱི་མཁའ་འགྲོ་ནཻ་གུ་མ་ཞེས་བྱ་བ་དག་པ་ས་གསུམ་ལ་གནས་པ། རྡོ་རྗེ་འཆང་ལ་དངོས་སུ་ཆོས་གསན་པ་ཞིག་ཡོད་གསུངས་ནས། དེ་ག་ན་བཞུགས་ཞུས་པས། སྣང་བ་དག་ན་གར་ཡང་ཞལ་མཐོང་། སྣང་བ་མ་དག་ན་བཙལ་ཀྱང་མི་རྙེད་དོ། །དེ་དག་པའི་ས་ལ་གནས་པ་དང་། འཇའ་ལུས་སུ་གྱུར་པའི་ཕྱིར་རོ། །འོན་ཀྱང་དུར་ཁྲོད་ཆེན་པོ་སོ་ས་གླིང་གི་སེང་ལྡེང་ནགས་གསེབ་ན། ཌཱ་ཀི་མང་པོ་ཚོགས་དཔོན་ལ་རེས་འགའ་འབྱོན་ཟེར་ནས། ཌཱ་ཀི་མའི་མཚན་ཐོས་པ་ཙམ་གྱིས་མཆི་མ་འཁྲུགས་ཤིང་། བ་སྦུ་ལྡང་པའི་མོས་གུས་ལྷག་པར་སྐྱེས་ནས། དུར་ཁྲོད་ཆེན་པོ་སོ་ས་གླིང་གི་སེང་ལྡེང་ནགས་ཁྲོད་ནས་ཡར་ལ། ན་མོ་བུདྡྷ་ཡའི་གསོལ་བ་འདེབས་ཀྱིན་བྱོན་པས། ཤིང་ཏ་ལ་བདུན་སྲིད་ཙམ་གྱི་ནམ་མཁའ་ལ། མཁའ་འགྲོ་མ་སྐུ་མདོག་སྨུག་ནག་ཏུ་ཡོད་པ་རུས་པའི་རྒྱན་གྱི་བརྒྱན་པ་གཅིག་ཕྱག་ན་ཁ་ཊྭཱཾ་ག་དང་ཐོད་པ་བསྣམས་པ། གཅིག་དུ་མ་ལ་སོགས་པའི་གར་བསྒྱུར་བ་མཐོང་ནས། ཌཱ་ཀི་མ་ནི་གུ་མ་ཡིན་འདུག་སྙམས་ནས་ཕྱག་དང་བསྐོར་བ་མཛད། ཡང་དག་པའི་གདམས་པ་ཞུ་གསུངས་པས། ང་ནི་ཤ་ཟའི་ཌཱ་ཀི་ཡིན། འཁོར་རྣམས་བྱུང་ན་ཟར་འོང་ད་ལྟ་བྲོས་གསུངས། སླར་ཡང་ཕྱག་དང་བསྐོར་བ་བྱས་ནན་གྱིས་ཞུས་པ། ཐེག་པ་ཆེན་པོའི་ཆོས་ཞུ་བ་ལ་གསེར་དགོས་ཕུལ་གསུང་བ་ལ། གསེར་སྲང་ལྔ་བརྒྱ་ཕུལ་བས་ཐམས་ཅད་ནགས་གསེབ་ཏུ་གཏོར་ཏེ། སྤྱན་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་པས། འཁོརེ་ཌཱ་ཀི་མ་དཔག་ཏུ་མེད་པ་བྱུང་སྟེ། འགའ་ཞིག་གིས་གཞལ་ཡས་ཁང་སུམ་རིམ་བཞེངས། འགའ་ཞིག་གིས་རྡུལ་ཚོན་གྱིས་དཀྱིལ་འཁོར་བཞེངས། འགའ་ཞིག་གིས་ཚོགས་ཀྱི་ཡོ་བྱད་བསགས་ནས། ཚེས་བཅོ་ལྔའི་སྲོད་ལ་སྒྱུ་ལུས་རྨི་ལམ་གྱི་དབང་བསྐུར་མཛད། དབང་ཐོབ་པ་དང་། བོད་ཀྱི་བན་ཆུང་ཡར་འདེངས་གསུངས་ནས་ཌཱ་ཀི་མའི་རྫུ་འཕྲུལ་ལ་བསྟེན་ནས། དཔག་ཚད་གསུམ་ཡུད་ཙམ་གྱིས་བགྲོད་གསེར་གྱི་རི་མི་ཆེ་བ་ཙམ་ཞིག་གི་སྟེངས། ནམ་མཁའ་ལ་ཌཱ་ཀི་མའི་ཚོགས་ཀྱིས་བསྐོར་ནས་གར་བསྒྱུར་ཞིང་རི་བོའི་ཕྱོགས་བཞི་ནས་གསེར་གྱི་ཆུ་རྒྱུན་འབབ་ཀྱིན་འདུག་པས། འདི་ལྟ་བུ་རྒྱ་གར་ན་ཡོད་དམ། མཁའ་འགྲོའི་རྫུ་འཕྲུལ་ཡིན་ཞུས་པས།
ནཻ་གུ་མའི་ཞལ་ནས། འཁོར་བའི་རྒྱ་མཚོར་བསྐྱུར་བྱེད་པའི། །ཆགས་སྡང་རྟོག་པ་སྣ་ཚོགས་འདི། །རང་བཞིན་མེད་པར་རྟོགས་ཙ་ན། །ཐམས་ཅད་གསེར་གླིང་ཡིད་ནོར་བུ། །སྒྱུ་མ་ལྟ་བུའི་ཆོས་རྣམས་ལ། །སྒྱུ་མ་ལྟ་བུར་སྒོམས་བྱས་ན། །སྒྱུ་མ་ལྟ་བུར་མངོན་སངས་རྒྱས། །ལམ་ལྔ་ས་བཅུའི་རིམ་པ་རྣམས། །མོས་གུས་སྟོབས་ཀྱིས་འབྱུང་བར་འགྱུར།
།ད་ངའི་བྱིན་བརླབས་ཀྱིས་རྨི་ལམ་ཟུང་གསུངས་ནས། རྨི་ལམ་ཟིན་ནས་ལྷ་དང་ལྷ་མིན་གྱི་གནས་སུ་ཕྱིན་པས། ལྷ་མ་ཡིན་ཤིན་ཏུ་ཆེ་བ་གཅིག་གིས་ཁྱུར་མིད་པ་དང་། མཁའ་འགྲོ་མ་ནམ་མཁར་བྱོན་ནས་གཉིད་མ་སད་པར་གྱིས་ཤིག་གསུངས་ནས། དུས་དེར་ཆོས་དྲུག་གི་འཁྲིད་ཚར་བར་མཛད་དེ། གཉིད་ཐུན་གཅིག་ལ་ཆོས་དྲུག་གི་འཁྲིད་ཚར་བ་ཁྱེད་ལས་མེད་དོ་གསུངས་སོ། །དེ་ནས་དངོས་སུ་ཁྲིད་ཚར་གསུམ་དང་། རྡོ་རྗེའི་ཚིག་རྐང་དང་། སྒྱུ་མ་ལམ་རིམ། རྒྱུད་སྡེ་ལྔའི་དབང་དང་གདམས་པ་རྣམས་དང་། དེ་ཁོ་ན་ཉིད་བཞིའི་གདམས་པ་རྣམས་གསུངས། ཀྱཻ་རྡོར་སྤྲུལ་པའི་ལྷ་དགུ་དང་མཚོན་ཆ་ཅན་ལྷ་བཅུ་དྲུག་ཏུ་དབང་བསྐུར། བརྟག་གཉིས། གུར་སམ་བྷུ་ཊིའི་སྒྲུབ་ཐབས་དང་མཚོན་ཆ་ཅན་གྱི་བསྐྱེད་རིམ་རྒྱས་བསྡུས་གསུམ་དང་། དེ་ཁོ་ན་ཉིད་བཞིའི་གདམས་པ་གསུང་། བདེ་མཆོག་དྲུག་ཅུ་རྩ་གཉིས། བཅུ་གསུམ་མ་དང་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་། རྒྱུད་སྒྲུབ་ཐབས་མང་དུ་གསུངས། མཚོན་ཆ་ཅན་དང་། དུས་འཁོར་གཉིས་ཀྱི་གདམས་པ་དེ་ཁོ་ན་ཉིད་ཀྱི་ཞལ་གདམས་གསུངས། མཁའ་སྤྱོད་དཀར་དམར། རྒྱུད་སྡེ་བཞིའི་གྲིབ་སེལ་བདེ་མཆོག་རིམ་ལྔའི་རྫོགས་རིམ་ཐིག་ལེའི་རྫོགས་རིམ་རྣམས་གསུངས། རྒྱུད་ཡེ་ཤེས་མཁའ་འགྲོའི་ཆོས་སྐོར་ཐམས་ཅད་གཏན་ལ་ཕབས་ནས་གསུངས་སོ། །མདོར་ན་ཡེ་ཤེས་ཀྱི་མཁའ་འགྲོ་མ་འདི་ཉིད་ཀྱིས་རྒྱུད་སྒྲུབ་ཐབས་གདམས་པ་དང་བཅས་པ་དཔག་ཏུ་མེད་པ་གསུངས་ཤིང་། དེ་ནས་མཁའ་འགྲོ་མའི་ཞལ་ནས། ཆོས་དྲུག་གི་དབང་གདམས་པ་དང་བཅས་པ་འདི། རྗེ་བཙུན་ལྭ་བ་པ་དང་ང་གཉིས་མ་གཏོགས་རྒྱ་གར་ན་ཡང་ཤེས་པ་མེད་ལ། མི་རབས་བདུན་དུ་ཆིག་རྒྱུད་ལས་མ་སྤེལ་ཅིག །དེ་རྣམས་བྱིན་གྱིས་བརླབས་ཤིང་ལུང་སྟོན་པར་འགྱུར་རོ།།
Niguma
༈ དེ་ལ་མཁའ་འགྲོ་མ་ནཻ་གུ་མ་འཁྲུངས་པའི་ཡུལ་ཁ་ཆེའི་གྲོང་ཁྱེར་དཔེ་མེད། ཡབ་བྲམ་ཟེ་ཞི་བའི་གོ་ཆ། ཡུམ་དཔལ་གྱི་བློ་གྲོས་མ། མཚན་དངོས་དཔལ་གྱི་ཡེ་ཤེས། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པ་མངོན་དུ་གྱུར་ཏེ། སྐུ་ཚེ་འདི་ལ་གྲུབ་ཐོབ་ལྭ་བ་པ་ལ་སོགས་པའི་གདམས་ངག་གི་གསུང་འཕྲོས་ལ་བརྟེན་ནས། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་རྟགས་མངོན་དུ་གྱུར་ཏེ་ཟུང་འཇུག་གི་སྐུ་བརྙེས། འཇའ་ཚོན་ལྟ་བུའི་སྐུ་ལུས་སུ་གྱུར། རྡོ་རྗེ་འཆང་ཆེན་པོ་ལ་དངོས་སུ་ཆོས་གསན་པར་ནུས། བྱང་ཆུབ་སེམས་དཔའ་ཆེན་པོར་གྱུར་ནས་སྤྲུལ་པ་ཕྱོགས་མཐར་ཁྱབ་ཏེ་འགྲོ་བའི་དོན་མཛད་པ་དེའོ།

།དེ་ནས་སྦས་པའི་རྣལ་འབྱོར་པ་ལ་གསེར་སྲང་བརྒྱད་ཕུལ་ནས། བདེ་མཆོག་ལྷ་ལྔ། མཁའ་སྤྱོད་དཀར་དམར། རིམ་ལྔ་སྟན་ཐོག་གཅིག་མ། སྦྱོར་བ་ཡན་ལག་དྲུག་པ་རྣམས་ཞུས་སོ། །པཎྜི་ཏ་རོལ་པའི་རྡོ་རྗེཨརྻ་དཱེ་བཌཱ་ཀི་མ་སུ་མ་ཏི་ལ་སོགས་པ། གྲུབ་ཐོབ་བཅུ་གསུམ་ལ་གསེར་མང་པོ་ཕུལ་ནས་གདམ་ངག་ཞུས། ཁོང་རྣམས་ཀྱིས་ལུང་བསྟན་ཏེ། མཁའ་འགྲོ་མ་སུ་ཁ་སིདྡྷི་བཙལ། བདེ་བ་སྤྱིན་པའི་ནགས་གསེབ་ན་ཡར་ན་མོ་བུདྡྷ་ཡའི་གསོལ་བ་འདེབས་ཀྱིན་བྱོན་པས། ཙནྡཱན་གྱི་ནགས་དེའི་སྟེང་གི་ནམ་མཁའ་ལ་ཌཱ་ཀི་མ་སྐུ་མདོག་དཀར་མོ་དབུ་སྐྲ་གསིལ་བུས་སྐུ་རྒྱབ་ནོན་པ། ཕྱག་གཉིས་སྐྱེ་མེད་ཀྱི་ཕྱག་རྒྱ་མཛད་པ་ཌཱ་ཀི་ཚོགས་ཀྱིས་བསྐོར་བ། འཇའ་འོད་འཁྱིལ་བའི་དབུས་ན་བཞུགས་པ། གཟིགས་མ་ཐག་དད་པའི་སྤུ་ལོང་གཡོ་བ་ས་དང་པོ་ལྟ་བུའི་དགའ་བ་ཐོབ་བོ། །མེ་ཏོག་མང་པོ་གཏོར་ཞིང་། ཕྱག་དང་བསྐོར་བ་མང་དུ་མཛད་དེ། ཡང་དག་པའི་གདམ་ངག་ཞུ་ཞུས་པས།
ཌཱ་ཀི་མའི་ཞལ་ནས། སྨིན་པར་བྱེད་པའི་དབང་བཞི་དང་། །གྲོལ་བྱེད་བསྐྱེད་རྫོགས་སྟོན་པ་ལ། །དཀོན་པའི་རིན་ཆེན་གསེར་ཕྱེ་ཕུལ། །གུས་པས་ཐལ་སྦྱར་རྐྱང་ཕྱག་འཚལ། །དམན་པའི་ཞབས་མཐིལ་གཙུག་གིས་ལོངས། །དུས་འདིར་བདག་གིས་གྲོལ་བར་བྱ། །དེ་རིང་རྙེད་པ་མཆོག་རྙེད་དོ། །རིགས་ཀྱི་བུ་ཁྱོད་ཨེ་མ་ཧོ། །ཞེས་གསུངས་སོ།
།གསེར་སྲང་ལྔ་བརྒྱ་ཕུལ་བས། ཁྱོད་ཀྱི་སློབ་མ་ཡང་སློབ་དང་། །ཕྱི་རབས་བརྒྱུད་འཛིན་ཐམས་ཅད་ལ། །ང་ཡིས་དངོས་སུ་བྱིན་གྱིས་བརླབས། །དག་པ་མཁའ་སྤྱོད་གནས་སུ་འགྲོ། །ཞེས་གསུངས་ནས།
སྤྲུལ་པའི་དཀྱིལ་འཁོར་དང་གསང་བ་མཆོག་གི་དཀྱིལ་འཁོར་དུ་བཅུག །གསང་སྒྲུབ་ལྟེ་བ་སྤྲུལ་འཁོར་གྱིས། བསྐྱེད་རྫོགས་དབང་བཞི་ཉམས་ལེན་གྱི་གནང་དང་བཅས་པ་མ་ལུས་གནང་། བདེ་བ་ཅན་དུ་ས་བཅུ་གཉིས་པ་ཐོབ་པར་ལུང་བསྟན། སློབ་མ་རྒྱུད་འཛིན་དང་བཅས་པ་ཐུགས་རྗེས་བཟུང་དག་པའི་ཞིང་དུ་འགྲོ་བར་ལུང་བསྟན་ཏོ།།
Sukhasiddhi
སུ་ཁ་སིདྡྷི་འདི་ཉིད་འཁྲུངས་པའི་ཡུལ་ནི། ཁ་ཆེ་ཁྲི་སྟན་གྱི་གྲོང་ཁྱེར། གཟའ་ཚོ་བདུན་གྱི་ཨ་མ། ཡུལ་དེར་མུ་གེ་བྱུང་བས། བུ་ཁྱོའི་བཟའ་བ་བཙལ་བས་མ་རྙེད་བཀྲེས་འཕོངས་ནས་ལོག་པའི་ཚེ། འབྲས་བུམ་པ་གང་ཡོད་པ་ལ། མས་དགེ་རྩར་བཏང་ལོངས་སྤྱོད་མེད་པར་བྱས་ནས། བུ་ཁྲོས་ནས་ཕྱིར་བཏོན་པས། ཨུ་རྒྱན་དུ་བྱོན་འབྲས་བསླངས་བས་བེ་ཏའི་གྲོང་ཁྱེར་དུ་ཆང་ཚོང་མ་ཅིག་མཛད་པའི་སྐབས་སུ། དེའི་ཕུ་ན་གྲུབ་ཐོབ་བིར་ཝ་པ་གསང་གཅོད་མཛད་པའི་དམ་རྫས་རྣལ་འབྱོར་མ་ཞིག་གིས་ཉིན་ལྟར་གྲོངས་ཁྱེར་དུ་ཉེ་བ་ལ། རྒན་མོས་ལོངས་སྤྱོད་ལ་སྙིང་པོ་མེད་བསྙམས་ནས། དད་པས་ཆང་རིན་མེད་པར་དམ་རྫས་ནར་མར་ཕུལ་བས། བིར་ཝ་པས་སྐལ་ལྡན་དུ་མཁྱེན་ནས་རྒན་མོ་འཁོར་བ་ནས་འདྲེན་དགོས་དགོངས་ནས། དྲུང་དུ་ཤོག་གསུངས་པས། ཕག་ཤ་དང་དམ་རྫས་བཟང་པོ་ཁྱེར་ནས་མཇལ་བས་རྗེ་བཙུན་མའི་གསང་སྒྲུབ་ཀྱི་དབང་བཞི་རྫོགས་པར་བསྐུར་མ་ཐག་ཡེ་ཤེས་མཁའ་འགྲོར་གྱུར་ཏེ། དེ་ལྟར་ལོ་དྲུག་ཅུ་ལོན་པའི་རྒན་མོ་དེ། དབང་བསྐུར་བས་ལོ་བཅུ་དྲུག་གི་ན་ཚོད་ལྟ་བུར་གྱུར་ཞིང་། བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཆང་ལ་དངོས་སུ་ཆོས་གསན་པའི་ཌཱ་ཀི་མ་སུ་ཁ་སིདྡྷི་ཞེས་གྲགས་སོ།

།དེ་ནས་མཁའ་འགྲོ་མ་སུ་མ་ཏི་དང་། གྷང་ག་དྷ་ར་དང་། ཀུན་ཏུ་བཟང་མོ་རྣམས་ལ་གསེར་སྲང་བདུན་རེ་ཕུལ་ཏེ། མ་རྒྱུད་ཀྱི་རྫོགས་རིམ་རི་བོང་དབབ་བཟུང་ལ་སོགས་པ་ཞུས། པཎྜི་ཏ་བདེ་བའི་རྡོ་རྗེ་ལ་གཤིན་རྗེ་གཤེད་གྲ་ནག །འཇིགས་བྱེད་མཁའ་འགྲོ་རྣམ་རྒྱལ། ལྷ་མོ་གནམ་ཞལ་བྱ་རོག་རྐང་གཉིས། ཐོད་པ་བརྟག་ཐབས། མི་གཡོ་བ་རྣམས་དང་། པཎྜི་ཏ་རོལ་བའི་རྡོ་རྗེ་ལ། ལྷ་མོ་མགོན་པོ་སྒྲུབ་ཐབས་ཕྱི་ནང་སེར་བ་དང་ཐོག་བབ་བསྲུངས། སྨན་དཔྱད་སྐོར། བླ་མ་ཨ་ད་ཡ་བཛྲ་ལ། རྡོ་རྗེ་རྣམ་འཇོམས་སྤྲུལ་པའི་དཀྱིལ་འཁོར་དུ་དབང་། དེའི་སྒྲུབ་ཐབས་རྣམས་ཞུས། དེ་ཉིད་ཀྱི་བུམ་པ་དང་རྡོར་དྲིལ་ནམ་མཁའ་ལ་བཞག་པ་དང་། བྲམ་ཟེའི་ཐོད་པ་མཚན་ལྡན་རྣམས་གནང་བའི་བུམ་པ་རྡོར་དྲིལ་ད་ལྟ་བསམ་སྡིང་ན་བཞུགས་ཞེས་གྲགས་སོ། །དེ་ནས་གདམས་ངག་གི་སྤྲོས་པ་ཆོད་དེ། བོད་དུ་བྱོན་པར་བརྩམས་པ་ན། ཚོགས་མཆོད་ཞིག་མཛད་པའི་ཐོ་རངས་ལ་ཨ་ད་ཡ་བཛྲ་དང་། སུ་ཁ་སིདྡྷི། རྗེ་བཙུན་སྒྲོལ་མ་རྣམས་བྱོན་ནས། གནས་ཀྱི་ལུང་བསྟན་མཛད། དེ་ནས་བོད་དུ་བྱོན། གསེར་མང་པོ་སྒྲུབས་ཏེ་སླར་བླ་མ་རྣམས་ལ་ཆོས་ཀྱི་སྐྱེས་སུ། རྡོ་རྗེ་གདན་དུ་ཚོགས་འཁོར་མཛད། བླ་མ་ལྔ་བཅུ་ལ་གསེར་མང་པོ་ཕུལ་བས། སྐུ་གསུང་ཐུགས་ཀྱི་རྟེན་དང་། དམ་རྫས་བཀའ་ལ་སོགས་བྱིན་གྱིས་བརླབས་པ་ཁྱད་པར་ཅན་མང་པོ་གནང་། འགའ་ཞིག་གིས་ལུང་བསྟན་ཡང་གནང་། མཻ་ཏྲི་པ་ཞིང་བརྗེས་ཀྱང་། ཇོ་མོ་གྷང་ག་དྷ་ར་ལ་གསེར་ཕུལ་ཏེ་སེམས་ཐག་ཆོད་པའི་གདམས་པ་མང་པོ་ཞུས། བལ་པོར་ལན་བཞི་སྟེ། རྒྱ་བལ་དུ་ལན་བདུན་ཐེགས་པའི་ཕྱི་མ་བོད་དུ་ཕེབ་པར་བརྩམས་ལོ་ཙཱ་བ་གླན་དར་མ་དང་། པཎ་ཆེན་གྷ་ཡ་དྷ་ར་དང་འགྲོགས། མངའ་རིས་མཐོ་ལྡིང་དུ་ཇོ་བོ་རྗེ་དང་མཇལ། སེམས་བསྐྱེད་གསང་འདུས་ཀྱི་དབང་ཞུས། གསང་འདུས་དགྲ་ནག་འཇིགས་བྱེད། མངོན་རྟོགས་རྒྱན། མདོ་རྒྱན། རྒྱུད་བླ་སོགས་ཆོས་མང་དུ་ཞུས། རྒྱ་དཔེ་རྣམས་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བ་རྣམས་སླར་ལོ་ཆེན་རིན་བཟང་གིས་བསྒྱུར། པཎྜི་ཏ་དི་པཾ་ཀ་རས་ཞུས་དག་མཛད་པའོ།
།དེ་ནས་རང་ཡུལ་དུ་བྱོན་རྗེ་བཙུན་ཁྱུང་བོ་དང་། དངུལ་བཙུན་གཉིས་ཀྱིས་ཆོས་འཁོར་བཙུག་སར་ཐོན་པ་དང་། ལྷ་ས་ཇོ་བོ་ལ་གསེར་གདུགས་ཞིག་ཕུལ་མཆོད་པ་བཤམས། གསོལ་བ་བཏང་ནས་གཟིམས་པས། མནལ་ལམ་དུ་ཇོ་བོའི་ཞལ་ནས། ཉན་ཐོས་རྫུ་འཕྲུལ་ཆེན་པོ་ཡིན་པ་དང་། །བདེ་བ་ཅན་ཏུ་འགྲོ་བར་འགྱུར། ཞེས་ལུང་བསྟན། དེ་ནས་འཕན་ཡུལ་གླང་ཐང་བར་བསྙེན་པར་རྫོགས། འཇོག་བོ་ཤུག་བྲག་ཏུ་བཞུགས། མཐུན་རྐྱེན་དམན་པས། མགོན་པོ་ལྕམ་དྲལ་འཁོར་དང་བཅས་པར་གནད་སྐུལ་མཛད། དེ་འཕྲལ་ཁམས་པའི་འབུལ་སྐྱེལ་ཚན་ཅན་བྱུང་། གྲྭ་ཚོགས་ཀྱང་མང་དུ་འདུས། ལན་པ་སྤྱིལ་པོར་བཞུགས་དུས། རྒྱ་གར་སྒྲུབ་ཐོབ་རཱ་ཧུ་ལ་རྫུ་འཕྲུལ་གྱིས་བྱོན་ནས། ཆད་ཀར་གདན་དྲངས་ཟླ་བ་བཅུ་བཞུགས། རྒྱུད་སྡེ་ལྔའི་དབང་། མགོན་པོའི་དབང་། ཏིང་ངེ་འཛིན་གྱི་དབང་། དེ་དག་གི་སྒྲུབ་ཐབས། བརྟག་གཉིས། སཾ་བྷུ་ཊི། བདེ་མཆོག །ད་ལིཾ། དགྱེས་རྡོར་མཚོ་སྐྱེས་ལུགས་ཀྱི་སྒྲུབ་ཐབས། དེ་ཉིད་བཞི་དང་། ཕྱག་རྒྱ་བཞིའི་རྫོགས་རིམ། ལྔ་ལྡན། ལཱུ་ཡི་པ། དཔའ་བོ་གཅིག་པ། རྗེ་བཙུན་མ་བརྒྱུད་པ་གསུམ་པ། མཧཱ་མ་ཡ། ཀུ་ཀུ་ར་བའི་ཆོས་བདུན། འབེ་ལུགས་ཆེན་པོ། ཤན་ཏི་པའི་དེ་ཉིད་ལྔ་ལྡན། འཇིགས་བྱེད་རྟོགས་བདུན། དགྲ་ནག་གསང་བ་སྦས་པ། འཁོར་ལོ་ལྔའི་རྫོགས་རིམ། རླུང་ཤིང་རྟ་ཅན། བུམ་པ་ཅན། འཁོར་ལོ་བཅིང་གྲོལ། འཕོ་བ་ཡེ་ཤེས་སྐར་ཁུང་མ། རྫོགས་རིམ་དེ་ཉིད་གསུམ་པ། དབུ་མ་བདེན་གཉིས། བདེ་མཆོག་རིམ་བཞི་རིམ་ལྔ། ཕྱག་རྒྱ་ཆེན་པོ། དོ་ཧ་དག་པ་ཡེ་ཤེས། ངན་སོང་སྦྱོང་རྒྱུད། ཡོ་གའི་རྒྱུད་མང་པོ། ཕྱག་རྡོར་རྒྱུད་འབྱུང་པོ་འདུལ་བྱེད། མི་གཡོའི་སྒྲུབ་ཐབས། རྣམ་འཇོམས། བྱིན་རླབས་ལྷ་བཞིའི་སྒྲུབ་ཐབས། སེར་བ་དབབ་སྲུངས་ཀྱི་གདམས་པ་སོགས་མང་དུ་ཞུས། དཔོན་སློབ་གཉིས་ཀས་མཆོད་རྟེན་དེ་ཉིད་རེ་ལ་ཚར་བ་མཛད། མཁའ་འགྲོས་ལས་རོགས་དང་། རབ་གནས་ཀྱང་དྲོད་གོང་ལ་ཚར་བ་དང་། རྡོར་དྲིལ་ནམ་མཁའ་ལ་བཞག །དེ་ནས་སླར་ར་ཧུ་ལ་རྒྱ་གར་དུ་ཐེགས་པའི་དཔོན་སློབ་གཉིས་ཀྱིས་མངའ་རིས་མང་ཕྱིན་ལྡན་དུ་ཕེབས། བླ་མའི་ཞལ་ནས། རྒྱ་གར་ལ་ཚེ་ཉི་ཟླ་ལྟར་སྒྲུབ་ཏུ་འདེངས་གསུངས་པ་ལ། མ་བཞེད་པས། མཁྱེན་ནས་ཁྱོད་མི་འགྲོར་འདུག །ང་དོ་ནུབ་རྒྱ་གར་རྡོ་རྗེ་གདན་དུ་ཚོགས་དཔོན་ལ་འགྲོ་གསུངས། ནམ་མཁའ་ལ་བྱ་བཞིན་གཤེགས། གསོལ་བ་བཏབ་པས་སླར་བྱོན་ནས་བདུད་རྩི་ཚེ་སྒྲུབ་གསུངས་ནས་གཤེགས་སོ། ཁྱུང་པོ་ཚུར་ཕེབས་སྙེ་མོར་སྤྲུལ་པའི་དམག་གིས་གཡུལ་ངོ་བཟློག །ཆད་ཀར་བླ་མ་རཱ་ཧུ་ལའི་གདམས་པ་རྣམས་འཆད་ཅིང་ལོ་གསུམ་བཞུགས། མཁའ་འགྲོ་སེང་གདོང་ཅན་གྱིས་ཤངས་ལ་དགོན་པ་ལུང་བསྟན། དཔོན་སློབ་སུམ་སྟོང་ཙམ་ཤངས་ལ་ཕེབས། ལུང་བསྟན་གྱིས་ངན་ལྕོག་ལྕོག་རྩེ་ཡིན་པས་དེ་དང་ཉེར་གཞོང་ཞོང་༼ཞང་ཞང་༽དུ་དགོན་པ་བཏབ་པ་སོགས་གནས་དགོན་བརྒྱ་རྩ་བརྒྱད་ཀྱི་སྤྱི་དཔོན་ཁྱུང་པོས་མཛད། ཆོས་འཁོར་རྒྱ་ཆེན་བསྐོར་བས། བཤད་གྲྭ་ཆེན་མོས་ཕྲག་དོག་བྱས་གཡུལ་བཤམས་པས། སྤྲུལ་པའི་དམག་གིས་གཡུལ་ངོ་བཟློག །རྗེ་བཙུན་མར་གསོལ་བ་བཏབ་པས། སྔ་དྲོ་ས་བོན་བཏབ་པ། ཕྱི་དྲོས་ནས་སུ་སྨིན་ནས་ཡུལ་དེའི་སྐྱེས་བོ་རྣམས་དབུལ་བ་དང་བྲལ། བྲག་ལ་ཐལ་ཕྱུང་དུ་བྱོན་པ། ནམ་མཁའ་ལ་དཀྱིལ་ཀྲུང་འཆའ་པ་དང་། རྣམ་འཇོམས་ཀྱི་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ། སྐུ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་དུ་བསྟན་པས། ཉེ་གནས་རིན་ཆེན་རྡོ་རྗེ་དང་། བུ་ཆེན་རྣམས་ཀྱིས་གསལ་བར་གཟིགས། བྱིན་རླབས་ལྷ་བཞི་ལ་སོགས་པ་སྐུ་ལུས་ཡི་དམ་གྱི་ལྷ་མང་པོར་བསྒྱུར་བ་དང་། མནལ་ལམ་བཟུང་ནས་བདེ་བ་ཅན་དང་། འོག་མིན་པོ་ཏ་ལ། ལྕང་ལོ་ཅན་ལ་སོགས་པར་བྱོན་ཏེ། ཚེ་དཔག་མེད་ཡུམ་ཆེན་མོ། སྤྱན་རས་གཟིགས། ཕྱག་རྡོར་རྣམས་ལ་ཆོས་མང་དུ་གསན། དཔོན་དགའ་མ་ཆོས་རྒྱལ་ལ་གནང་བས་ཉམས་རྟོགས་ཁྱད་པར་ཅན་སྐྱེས་པ་དང་། གཞན་ཡང་ཡི་དམ་གྱི་ལྷ་གྲངས་མེད་ལས་འདས་པ་ཞལ་གཟིགས་ཤིང་ཆོས་གསན། སྐུ་ལུས་ཀྱི་བཀོད་པ་བརྒྱ་རྩ་བརྒྱད་དུ་བསྟན་ཏེ། ཆོས་ཁྲི་བརྒྱ་རྩ་བརྒྱད་ནས་ཆོས་གསུངས་པ་དང་། ཁམས་པའི་འབུལ་བ་བཞེས་པ་སོགས་ཀུན་གྱི་ཐུན་མོང་མངོན་སུམ་དུ་གྲུབ། གྲྭ་པའི་མཐར་ཐུག་ཁྲི་ཚོ་བརྒྱད། སློབ་མའི་མཐར་ཐུག་དངུལ་བཙུན་རི་དབང་། ཞང་སྒོམ་ཆོས་སེང་། གཡོ་པོར་རྒྱ་མོ་ཆེ། ལ་སྟོད་པ་དཀོན་མཆོག་མཁར། སྨེའུ་སྟོན་པ་དེ་ལྔ་བུ་ལྔ། རྨོག་ཅོག་པ་རིན་ཆེན་བརྩོན་འགྲུས་ཏེ་དྲུག་དང་བཅས་པ་ལ་རང་རང་གི་སྐལ་བ་དང་འཚམ་པའི་ཆོས་རྣམས་ཀྱིས་ཚིམ་པར་མཛད། ནཻ་གུའི་ཆོས་སྐོར་བཀའ་རྒྱ་མ་རྣམས། རྨོག་ཅོག་པ་ལ་བུམ་པ་གང་བྱོའི་ཚུལ་དུ་གནང་། བཀའ་རྒྱས་བཏབ། སྐུ་ཆེའི་མཐར་ཐུག་བརྒྱ་ལྔ་བཅུ་ཉེ་བ་ན། ཚེས་བཅུ་བཞིའི་ཉིན། འཁོར་ཚོགས་རྒྱ་མཚོའི་དབུས་སུ་ཚོགས་ཀྱི་འཁོར་ལོའི་མགོན་པོ་མཛད། ཆོས་རྣམས་ལྷག་མ་མེད་པར་རྩལ་ཞིང་། གཟིམས་ཆུང་དུ་ཕེབས་ཏེ། བུ་ཆེན་རྣམས་ལ་སྐུའི་བཀོད་པ་མང་པོ་སྟོན་པ་དང་། སྐུ་གདུང་མ་བཞུ་བར་བཞག་ན་གཞོང་ཞོང་༼ཞུང་ཞང་༽རྡོ་རྗེ་གདན་ལྟར་འགྱུར། ཆོས་རྒྱུན་ཆུ་བོའི་རྒྱུན་ལྟར་གནས་གསུང་བཀའ་ཆེམས་མཛད་པའི་མཐར་ཡེ་ཤེས་སེམས་དཔའ་གཤེགས་མཛད་ཅིང་། འཕོ་བ་ཡེ་ཤེས་སྐར་ཁུང་མ་ཉམས་ལེན་འདི་ལྟར་གྱིས་གསུངས། དབུ་ཐོད་སྤར་མཐིལ་ཙམ་ཞིག་ནམ་མཁའ་ལ་འཕར་ཞིང་། ངོ་མཚར་བའི་ལྟས་དང་བཅས་ཞིང་ཁམས་མཐར་ཐུག་བདེ་བ་ཅན་དུ་གཤེགས་སོ། །འདིའི་བརྒྱུད་འཛིན་རྣམས་ལ་ཤངས་པ་བཀའ་རྒྱུད་ཅེས་གྲགས་སོ། །བསྟན་པའི་གཞི་འཕན་ཡུལ་ཆད་ཀར་བྱུང་མོད་ཀྱང་། བླ་མ་ཡི་དམ་གྱིས་ལུང་བསྟན་པའི་གནས་ཤངས་ཡིན་པ་དང་། མཐར་ཐུག་ལྔ་པོ་རྫོགས་པར་ཡང་ཤངས་ཞང་ཞང་ཡིན་པས་ཤངས་པ་ཞེས་པ་དང་། རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་ཞལ་ནས་སྙན་དུའམ། བཀའ་ནས་བཀར་བརྒྱུད་པའི་བཀའ་བརྒྱུད་དོ། །དེས་ན་དཔལ་ལྡན་ཤངས་པ་བཀའ་རྒྱུད་ཞེས་གྲགས་སོ།།
Mokchokpa Rinchen Tsöndrü
རྨོག་ཅོག་པ་རིན་ཆེན་བརྩོན་འགྲུས་འཁྲུངས་པའི་ཡུལ་ནི། ཤངས་ལྷ་ཕུ་སྤངས་ཙ། རུས་གཤེ། ཕ་ཤེས་རྒན་སྨན་ཆུང་། མ་འབྲི་མོ་དཔལ་སྒྲོན་གྱི་སྲས་སུ་འཁྲུངས། ལོ་བཅུ་ནས་ཞང་ཞང་དུ་ཆོས་སྒོར་ཞུགས། བླ་མ་ཤངས་པས་དགྱེས་རྡོར་གྱི་དབང་གནང་། བཙུན་ཆུང་ཁྱོད་གཞོན་ནུ་ནས་ཐོས་པ་གྱིས། སྒོམ་སྔ་ན་འདྲེས་ཁྱེར་གསུངས། ངས་ཆ་རྐྱེན་དང་དཔེ་ཅ་སྦྱིན་གྱིས་གསུངས་པ་ལ། ཆོས་རྗེ་ཆོས་བཞི་པར། འབྲོམ་སྟོན་བྱ་བ་གཅིག་ཐོས་པས་ཡིད་ཆད་པའི་གསུངས་མང་དུ་བྱོན། བཙུན་ཆུང་ཁྱོད་རང་ཡང་སྒོམ་པ་ཡོངས་ཐང་ཟེར་ནས་བླ་མ་ལ་གདམས་ངག་ཞུས་པས་ཀྱང་སྔར་བཞིན་གསུངས་ནས། མ་ཆིང་པ་ལ་གདམས་པ་འགའ་ཉན་ནས་བསྒོམས་པས། ཉམས་མྱོང་ཆེར་མ་བྱུང་། བླ་མའི་དྲུང་དུ་ཕྱིན་པས། མགོན་པོའི་སྐོར་དང་། ཉི་དྲོས་ཀྱི་གདམས་པ་གནང་། གཡོ་པོར་རྒྱ་མོ་ཆེས་འབུལ་སྐྱེལ་ལ་བྱོན་པས། བླ་མས་བདག་ལ་གསེར་ཞོ་དྲུག །དར་ཡུག་དྲུག་མདོ་སྡེ་རྒྱན་གྱི་པུ་ཏི་གཅིག་གནང་ནས། རྒྱ་མོ་ཆེའི་རྗེས་ལ་སོང་གསུངས་པ་ལྟར་བྱོན་པས་ཁོང་སྟོད་ལུང་ལ་བྱོན། ཁྱོད་རང་སྐྱིད་ཤོད་ལ་གཤེགས་གསུངས་ཕྱིན་པའི་ལམ་དུ་དགེ་བཞས་པུ་ཏི་མང་པོ་ཁུར་པ་གཅིག་ཐོས་པ་ལ་ཡི་ཆད་ནས་བྲང་བརྡུང་བ་གཅིག་དང་འཕྲད་པས། ཐུགས་སྐྱོས་ཏེ་ཁམས་པ་ཨ་སེང་བྱ་བ་དང་དཔལ་རྒ་ལོའི་སློབ་མ་ཐོས་པ་ཅན་མང་དུ་མཁྱེན་པ་སྒྲུབ་པ་ལ་བཞུགས་པ་ཡིན་ཟེར་བ་དེ། གནམ་རྫིང་ཁ་ན་བཞུགས་པའི་དྲུང་དུ་ཕྱིན། ཁོང་དབང་མཛད་པ་དང་ཐུག །རྡུལ་ཚོན་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་བརྟེན་ནས། བསྐྱེད་རིམ་ལོ་ཧི་པ་དང་ལྷན་སྐྱེས་གཉིས། རྫོགས་རིམ་སྦྱོར་དྲུག་དང་རྩ་འགྲེལ། སྦྱོར་འཕྲེང་རྩ་འགྲེལ་གཉིས། སྙིང་པོ་གསུམ་གསལ་རྩ་འགྲེལ་གཉིས་རྣམས་ཞུས། དེར་བླ་མའི་དྲུང་དུ་བུམ་ཅན་འགའ་རེ་སྒོམ། བླ་མ་དབེན་པ་ཁོ་ན་ལ་དགྱེས་པས། སྟོན་བུར་སྒོམ་ཅན་ཏུ་འོངས། བུ་རམ་གྱིས་ཕྱག་རྟེན་དང་བཅས་མཇལ། རས་ཆུང་ལུགས་ཀྱི་དབང་གདམ་ངག་རྣམས་ཡང་དག་པར་གནང་། བུར་སྒོམ་པའི་ཕྱུགས་རྣམས་ཤུན་པས་དེད་པས་དེར་སེར་བ་འབེབས་སུ་ཕྱིན་པས། སེར་བ་གྱང་རིམ་གསུམ་ཙམ་ཕབ། མི་ཡང་འགའ་རེ་ཤི་འདུག །ཤུན་པས་བཤགས་པ་ཕུལ། ངས་སྡིག་པ་བསགས་ཞུས་པས། བསྟན་པ་དང་བླ་མའི་ཞབས་ཏོག་ཡིན་པས་ས་མང་པོ་ཆོད། བློ་མ་བདེ་ན་གདམ་ངག་ཡོད་གསུངས་ནས་རྗེ་བཙུན་མའི་ཞལ་མཐོང་། རྨི་ལམ་ཡང་ཟིན། ཁྱོད་ཀྱི་མགོན་པོ་དང་ཉི་དྲོས་གཉིས་ང་ལ་ཕུལ་གསུངས་ནས། བླ་མ་ལ་ཕུལ། དགེ་བཤེས་དཀོན་མཆོག་མཁར་ལ་སྤྱན་སྔའི་སྒོམ་རིམ་དང་། རབ་གནས། དགེ་བཤེས་རྫ་ར་བ་ལ་བཀའ་གདམས་གདམ་ངག་མང་པོ་ཞུས། སློབ་དཔོན་གཡོར་པོ་བཙན་དུ་ལོ་ལྔ་བཞུགས། ཕར་ཕྱིར། སྤྱོད་བསྡུས། མྱང་སྒོམ་ལ་ཁ་རག་སྐོར་གསུམ་ཞུས། ཡུལ་དུ་བྱོན། ཕ་འགུམ་འདུག་པས་ཞིང་བཙོང་ནས་དགེ་བ་བྱས། དེ་ནས་རྒྱ་གྲགས་སོགས་ལ་སྦྱོར་དྲུག་རྡོ་རྗེའི་ཚིག་རྐང་ལ་སོགས་པ་གདམས་པ་མང་པོ། དགེ་བཤེས་བཞི་ལ་ཡང་གདམས་པ་མང་པོ། སློབ་དཔོན་ཞང་ལ་འདུལ་བ་འོད་ལྡན་མ་སོགས། བལ་སྒོམ་ཕྱག་ན་ལ་ཞི་བྱེད་སོགས་མང་པོ་ཞུས། བླ་མའི་དྲུང་དུ་ཕྱིན། རྣལ་འབྱོར་མའི་ཞལ་མཐོང་བ་དང་། རྨི་ལམ་ཟིན་པ་ཞུས་པས། ཤེས་ཆོག་པའི་ཕར་ཕྱིན་དེ་མ་ཤེས་པར་རྫུན་ཤེས་འདུག་གསུངས་བཀའ་བཀྱོན་མཛད། དེ་ནུབ་རང་ལ་སྐུ་གཞོགས་ལ་ཤོག་གསུངས། ཆོས་གདམས་ངག་ཐམས་ཅད་གནང་། གཟིམ་གཡོག་མཛད། སྔར་ལོ་ལྔ་དང་ད་ལན་ལོ་གཅིག་དང་ཟླ་བ་བདུན་ལ་ཆོས་ཟབ་མོ་རྣམས་གནང་། ངའི་བརྒྱུད་པ་ཟུངས་རྩེ་གཅིག་ཏུ་སྒྲུབ་པ་གྱིས་གསུངས་ནས། བླ་མ་ཞི་བར་གཤེགས་སོ། །སྐུ་རྗེས་ཀྱི་བྱ་བ་རྣམས་ཚར་ནས། རྟིང་མར་ལོ་གཉིས་ལ་མཚམས་བཅད་ནས་བསྒོམས་པས། ཉམས་མྱོང་བཟང་པོ་བྱུང་། ཤངས་པ་མི་བཞུགས་པས་དྲི་ས་མེད་ནས། སྒོམ་པོར་བྱོན། སྔོན་གྱི་འབྲེལ་པས་དགྱེས་པ་དྭངས་མཇལ། མནལ་ལམ་དུ་ཆོས་དྲུག་ཚར་གཅིག །དངོས་སུ་ཚར་གཅིག་སོགས། རྗེ་བཙུན་མི་ལ་ནས་བརྒྱུད་བའི་ཆོས་སྐོར་ཡོངས་རྫོགས་དང་། ཕྱག་རྒྱ་ཆེན་པོའི་གདམས་པའི་བཀའ་བབས་བཀའ་གདམས་པའི་ཆོས་སྐོར་རྣམས་བུམ་པ་གང་འབྱོར་གནང་ཞིང་། ཐུགས་ཡིད་གཅིག་ཏུ་འདྲེས། དེ་ནས་རིམ་གྱི་ཕེབས་ཏེ། ཤངས་རྨོག་ཅོག་དུ་ཕེབས། ལོ་བཅུ་གཉིས་སུ་ཉུང་ལོ་ལ་བརྟེན་ནས་སྒྲུབ་པ་རྩེ་གཅིག་ཏུ་མཛད་མཛད་པས། ཉམས་རྟོགས་ཀྱི་ཀློང་རྡོལ། ཟད་པར་བཞིའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་ནུས་པ་དང་། རྒྱུད་སྡེ་ལྔའི་ལྷ་ལ་སོགས་པ་དཔག་ཏུ་མེད་པའི་ཞལ་གཟིགས། མགོན་པོའི་ཞལ་གཟིགས། ཉམས་འཕར་དེ་ནམ་མཁའ་ལ་གར་བསྒྱུར་བ་སོགས་སྙན་གྲགས་ཀྱིས་ཁྱབ་པ་དང་། གྲྭ་པ་ཡང་མང་པོ་འདུས། སྐུག་ལུང་དུ་དགོན་པ་བཏབ། དངོས་སུ་གདམས་པ་བཏབ་པ་རྣམས་ལྟ་ཞོག །མོས་གུས་ཀྱིས་ལམ་དུ་ཞུགས་པས་ས་ལམ་བགྲོད་པ་ཡང་དཔག་ཏུ་མེད། ཁྱད་པར་བཀའ་རྒྱ་མ་རྣམས་དབོན་སྟོན་སྐྱེར་སྒང་པ་ལ་གཏད། བདེ་བ་ཅན་ནས་སྤྱན་འདྲེན་པའི་ཕོ་ཉ་བྱུང་། ད་ལན་མི་འགྲོ་གསུངས་ནས་ལོ་གསུམ་བཞུགས་བུ་སློབ་རྣམས་ལ་མངོན་དགར་འགྲོ་བས་དེར་གསོལ་བ་ཐོབ་གསུངས་ནས་ཞི་བར་གཤེགས་སོ།།
Öntön Kyergangpa
དབོན་སྟོན་སྐྱེར་སྒང་པ་ནི། འཁྲུངས་ཡུལ་སྟོད་ལུང་མ། གདུང་རུས་འབལ། ལོ་བཅུ་གཉིས་ནས་གཤིན་རྗེ་གཤེད་ལ་བསྙེན་པ་བསྐྱལ། བཙུན་པ་འབལ་ཚད་མ་བ་ཐམས་ཅད་མཁྱེན་པའི་དྲུང་དུ་རབ་ཏུ་བྱུང་ནས་ཆོས་མང་དུ་གསན། ལྷ་སར་ཁུ་བོའི་ཕྱག་ཕྱིར་ཕྱིན་པས་གྲྭ་པ་གཅིག་གིས་རྣམ་དག་བྱས་པའི་སྐལ་བར་དར་ཡུག་གསུམ། ཟངས་དང་མར་དང་བཅས་བྱུང་བ་ཁྱེར། བྲག་སྣ་ཀླུ་ཕུག་གི་ཐང་དུ་ཉ་འདོན་ལ་ཕྱིན་པས། རི་ངོས་དེ་ལ་འཕགས་པ་ཅེར་སྒོམས་བྱ་བ་ཐུགས་རྗེ་ཆེན་པོས་གྲུབ་ཐོབ་གཅིག་བཞུགས་ཟེར་བ་མོས་པར་བྱུང་ནས་ཕྱིན་པས། བླ་མ་དང་མཇལ་དངོས་པོ་རྣམས་ཕུལ། བླ་མས་འཕགས་པ་ཞལ་གཟིགས་པ་ཡིན་ནམ་ཞུས་པས། ཐུགས་རྗེ་ཆེན་པོ་ཡིན་ནམ་ཆ་མེད། གྲིབ་ཀྱི་ཐད་ཀར་སྐྱ་ཤར་ཤར་ཞིག་ཏུ་མཐོང་གིན་འདུག་གསུངས། འོ་ན་ཐུགས་རྗེ་ཆེན་པོ་ཞུ་འཚལ་ཞུས་པས། རིགས་གཏད་ཀྱི་དབང་མཛད། མར་ཁལ་གཉིས་ལ་མར་མེ་བྱས། གཉིས་ཙ་རཱུའི་སྟོན་མོ་བྱས། སྒྲུབ་ཐབས་ཚར་གསུམ་ཞུས། དེས་སྟོན་ལ་བསོད་སྙོམས་རེ་བྱས་བཞིན་སྒྲུབ་པས། ལོ་བརྒྱད་ནས་ཞལ་མཐོང་གསུངས་སོ། །དེ་ནས་སྐྱེར་སྒང་དུ་མཚམས་བཅད་བསྒྲུབས་པས་ལོ་ཕྱེད་བཞི་ནས་ཞལ་མཐོང་། སྔར་བཟླས་པ་བྱས་པའི་གཤིན་རྗེ་གཤེད་དེ་ཡང་ཞལ་མཐོང་། ཁུ་བོའི་སར་ཤོག་གསུངས་བྱོན་པས། ཁྱོད་ཀྱིས་སྤྱན་རས་གཟིགས་དང་གཞིན་རྫེ་གཤེད་ཀྱི་ཞལ་མཐོང་འདུག །ད་ཁམས་པ་ལ་ཉན་མི་དགོས་སྒྲུབ་པ་ཁོ་ན་གྱིས་གསུངས། ད་རས་ཆུང་པའི་སློབ་མ་ཙ་རི་སྒོམ་པ་ལ་སྟོད་ལ་བཞུགས་དེར་སོང་གསུངས་ནས་གསེར་ཞོ་གང་དར་ཡུག་དྲུག་རྣམས་གནང་ནས། ལ་སྟོད་ལ་ཆས་པའི་ལམ་ག་ཞིག་ན་གནས་ལུགས་ཀྱི་རྟོགས་པ་ཆ་མཐུན་ཞིག་ཐུགས་ལ་འཁྲུངས། ཙ་རི་སྒོམ་པ་དང་མཇལ་ཕྱག་བཙལ་ནས་རྟེན་དར་ཁ་གང་ཕུལ་ནས། རྒྱགས་མེད་པས་ཆོས་མྱུར་བ་ཅིག་ཞུ་ཞུས་པས། གསེར་དང་དར་ཟབ་བརྩལ་ན་ཆོས་ཚར་བ་བྱེད་གསུངས། བླ་མ་ལ་རྫུན་དེ་ལས་བྱེད་མ་མྱོང་གསུངས་སོ། །ལོ་གཉིས་ལ་རས་ཆུང་ལུགས་ཀྱི་དབང་གདམ་ངག་རྫོགས་པར་གནང་ངོ་། །དེ་ནས་འུ་ཡུག་ཏུ་བླ་མ་སྤེན་ཕུག་པ་བྱ་བ་ལ་ཇོ་བོ་རྗེའི་གསང་སྔགས་ཀྱི་གདམས་ངག་རྫོགས་པར་མངའ་བ་དེ་ལ་ལོ་ལྔ་བརྟེན་ནས་གདམས་པ་རྣམས་ཚར་བར་ཞུས།རྨོག་ཅོག་པའི་སྙན་པ་གསན་ནས། ཤངས་ལ་རྩར་ཉེ་བའི་ཚེ། མི་ནག་པོ་རས་ཀྱི་ཨང་རག་གྱོན་པ་གཅིག་བྱུང་ནས་ནངས་པར་ང་ལ་ཟླ་བོ་ཡོང་བ་ཡོད། ངས་ཁྱེད་ཀྱི་བྲན་བཞིན་བྱེད། སུ་ཐོད་ཐོད་ལ་མ་སྦྱིན་ཅིག་ཟེར་ནས་སོང་། སང་ལམ་གྲོགས་མང་པོ་དང་བཅས་ཕྱིན། བླ་མ་དང་མཇལ། བླ་མའི་ཞལ་ནས་མདང་མི་ནག་པོ་ཅིག་བསུར་བཏང་ཡོད་པས་བྱུང་ངམ་གསུངས། བྱུང་ལགས་ཞུས་པས། མགོན་པོ་ཡིན་ཁྱོད་ཀྱི་བྲན་བཞིན་བྱེད་པར་འདུག་གསུངས། དེར་གདམས་པ་རྣམས་ཁད་ཀྱིས་ཁད་ཀྱིས་གནང་། ཉམས་མྱོང་གི་རིམ་པ་ཤིན་ཏུ་སྟོབས་ཆེ། ལྷ་དང་གྲུབ་པ་ཐོབ་པའི་རྣལ་འབྱོར་བ་མཇལ་བ་ཡང་གྲངས་ཀྱིས་མི་ལངས། སྐབས་ཞིག་ཏུ་བླ་མའི་ཞལ་ནས་གཞན་གྱི་ཆོས་སྒོ་ཕྱེ་གསུངས་ནས། མཚོན་ཆ་ཅན་གྱི་དབང་བསྐུར་བས་ཉམས་མྱོང་འགྲིབས། མཚམས་བཅད་འབད་ནས་སྒོམས་པས་སོར་ཆུད། གསུང་རབ་གི་བསླུ་ལ་བརྟེན་ནས་བསྙུང་བ་བཟོད་པར་དཀའ་བ་ཙམ་བྱུང་། འཕྲོད་བརྟེན་ཅི་བྱས་ཀྱང་མ་ཕན། སྤྱན་རས་གཟིགས་ཞལ་གཟིགས་ནས་དཀོར་སྐུ་བསླུད་ཟོས་པའི་རྣམ་སྨིན་ཡིན་པས། སྦྲུལ་གཏོར་གྱིས་གསུངས། སྦྲུལ་གཏོར་མཛད་པས་སྙུང་བ་ལས་གྲོལ། རྨི་ལམ་སྤྲུལ་བསྒྱུར་ཉིན་མཚན་དུ་འོད་གསལ་ཀྱི་གསལ་སྣང་། ཡི་དམ་གྱི་ཞལ་གཟིགས་མང་པོ་བྱུང་བས། ཆོས་དང་བླ་མ་ལ་ཡིད་ཆེད་གཏིང་ནས་རྙེད་ནས་རྩེ་གཅིག་པའི་སྒྲུབ་པ་ཁོ་ན་བྱ་དགོས་དགོངས་པ་ན། འབལ་ཚད་མ་གཤེགས་ནས་གདན་སར་འགྲོ་དགོས་ཟེར་ནས་གདན་འདྲེན་མི་བྱུང་། མི་འགྲོ་བསམ་ཀྱང་བླ་མའི་བཀས་སྐྱེར་སྒང་དུ་བྱོན། གདན་ས་མཛད་སྐུ་འབུམ་ཡང་བརྩིགས། དགོན་པ་ལ་ལྕགས་རི་ཅིག་བྱ་བསམ་ནས་ས་རྡོ་སྤུངས་པ་ན་གཞན་གྱིས་བྱེད་དུ་མ་སྟེར། དེར་ཆོས་སྐྱོང་བྲན་བཞིན་དུ་བྱེད་ཟེར་བ་ལ་ལྕགས་རི་རྩིག་ཏུ་མི་སྟེར་བ་ཨང་གསུངས་པས། དེ་ནུབ་རང་ལ་ལྕགས་རི་གཅོག་པའི་མི་འགའ་ཤི་ནས་བབས་བྱེད་དུ་བྱུང་། ཐུགས་འགྱོད་ནས་དེ་རྣམས་ཀྱི་བདུན་ཚིག་ཡང་མཛད། འབལ་གྱི་དུས་མཆོད་དུས་མ་གཏོགས་སྐུ་མཚམས་དམ་པར་བསྡམས། ཐུགས་དམ་མཛད་གཞན་དོན་གྱི་མཐུ་རྒྱས་ཏེ། སྒ་དང་རྒྱའི་རྒྱལ་པོས་འབུལ་ཚན་ཆེར་སླེབ། སྔ་ནས་རྨོག་ཅོག་ཏུ་འབུལ་སྐྱེལ་ཆེ་བ་ཞིག་མཛད་རུང་། བླ་མའི་གདན་སར་འབུལ་བ་སྐྱེལ་དགོས་དགོངས་པ་ལ། གྲྭ་པ་རྣམས་ཀྱིས་འབལ་ཐམས་ཅད་མཁྱེན་པའི་གྲྭ་པ་ནས། གཞན་དུ་འབུལ་བ་གཏོང་བ་མི་འཐད་ཟེར་ནས། མི་གཅིག་ཀྱང་འགྲོ་ས་མེད་པའི་ཁྲིམས་བྱས། དེར་ཆོས་སྐྱོང་གི་འཁོར་རྣམས་འཕན་ཡུལ་གྱི་ཚོང་པའི་རྟ་བདུན་དང་། གཡག་མང་པོ་ཁྲིད་པའི་གཟུགས་སུ་བརྫུས་ཏེ། བླ་མ་ལ་འབུལ་བ་དང་བཅས་པ་ཤངས་ཀྱི་ལ་རྩར་བསྐྱལ། ད་ངེད་རྣམས་དུར་ཁྲོད་མུན་པ་མི་ཟད་པ་ན། དྷ་ན་སཾ་སྐྲི་ཏའི་ཚོགས་འཁོར་ལ་འགྲོ་ཟེར་ནས་མི་སྣང་བར་སོང་། བླ་མ་རྨོག་ཅོག་པའི་དྲུང་དུ་བྱོན་པ་ན། ཁྱོད་ལ་འབུལ་བ་སྐྱེལ་རོགས་མ་བྱུང་བར་འདུག་པས། མགོན་པོའི་འཁོར་རྣམས་སོང་བ་ཡིན་དེ་མ་བྱུང་ངམ་གསུངས། བྱུང་ཚུལ་ཞུས་པས་ཆོས་མང་པོ་གནང་། སྐྱེར་སྒང་དུ་ཕེབས། ཨུ་རྒྱན་པདྨ་དང་མཇལ། རྟ་མགྲིན་གསང་སྒྲུབ་གནང་། ཆུ་བདག་ཝ་རུ་ཎས་ཕྲིན་ལས་སྒྲུབས་ཤིང་། ཀླུའི་ཡིད་བཞིན་ནོར་བུ་ཕུལ། རྨོག་ཅོག་པ་སྐྱེར་སྒང་དུ་གདན་དྲངས་ཏེ། འབུལ་ཆེན་ཞིག་མཛད་པའི་ཐོག །ཉམས་རྟོགས་དྲི་བ་ཕུལ་བས། ཁྱོད་ཀྱི་འདི་ལྟ་བུ་བདག་ལ་མ་བྱུང་བས། བལ་མཛོ་སྐྱེས་ཡིན་གསུངས་དབུགས་དབྱུང་། གཞན་ཡང་ཡི་དམ་ལྷ་མང་པོའི་ཞལ་མཐོང་། མངོན་ཤེས་ལ་དབང་བསྒྱུར་བས་མི་རྣམས་ཀྱིས་བྱ་བ་བྱེད་པ་ན། ཇི་ལྟར་འདུག་མངོན་སུམ་དུ་མཁྱེན་པ་དང་། ཁྱད་པར་ཆིག་བརྒྱུད་བཀའ་རྒྱ་མ་རྣམས་གཉན་སྟོན་སྦས་པའི་སངས་རྒྱས་ལ་གཏད་དོ། དགུང་ལོ་བདུན་ཅུ་རྩ་གསུམ་ལ་ཆོས་དབྱིངས་སུ་ཞི་བར་གཤེགས་སོ།།
Sangyé Nyentön
གཉན་སྟོན་སྦས་པའི་སངས་རྒྱས་ནི། འཁྲུངས་ཡུལ་ཡོལ་གྱི་མདའ། གདུང་རུས་གཉན། འཁོར་བ་མཐའ་དག་ལ་སྐྱོ་བ་སྐྱེས། ལོངས་སྤྱོད་ལ་ཞེན་པ་སྤངས་ནས། དལ་འབྱོར་འདི་ལ་ཐར་བ་ཐོབ་པ་བྱེད་དགོངས་ནས། དགུང་ལོ་བཅུ་གཅིག་ལ་གོང་བུ་མཁར་དུ་སློབ་དཔོན་སྟོན་གཡོ་ལ་ཆོས་སྒོར་ཞུགས། བཅུ་དྲུག་ལ་འཁོན་བྱང་ཆུབ་སེམས་དཔའ་ལ་དགེ་ཚུལ། ཉི་ཤུ་ལ་བཟོད་པ་ལ་བསྙེན་རྫོགས་མཛད་ནས། མཁན་པོ་དེ་གཉིས་ལ་འདུལ་པ་དང་ཤེར་ཕྱིན་ལ་སོགས་པ་གསན། སློབ་དཔོན་གཡོ་ལ་ཚད་མ་རྣམ་ངེས། དབུ་མ་བསླབ་བསྡུས་སྤྱོད་འཇུག་སོགས་གསན། བླ་མ་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ལ། རྒྱུད་དང་། ལམ་འབྲས། ཞི་བྱེད། ཕག་མོ་ཆོས་དྲུག །ཁ་རག་སྐོར་གསུམ། ནཱ་རོ་ཆོས་དྲུག །བསོ་ཆུང་བའི་གདམས་ངག་རྣམས་ཞུས། ཐོས་པ་མང་པོ་སྟབས་སུ་བྱས་པ་ན། གོང་བུ་མཁར་དུ་མཆེད་གྲོགས་མ་སྟོད་པ་བྱ་བ་ཡོད་པ་ན་རེ། ཐོས་པའང་དེ་ཙམ་ཡིན། ཤེས་བྱའི་མཐའ་ལ་ཆོད་རྒྱུ་མེད་པའི་སྨིག་རྒྱུ་དང་འདྲ། ད་སྒྲུབ་པ་ཉམས་སུ་ལེན་པ་ཁྱད་པར་ཆེ་ངས་དབུས་གཙང་ཁམས་གསུམ་དུ་ཕྱིན། བླ་མ་ཡང་མང་དུ་བཙལ། འབྲི་ཁུང་པ། དོལ་པོ། ས་སྐྱ་པཎ་ཆེན་རྣམས་བརྟེན་པ་ཡིན་ཏེ། གང་བས་ཀྱང་སྒོམ་པའི་ཡོན་ཏན་ཆེ་བ་སྐྱེར་སྒང་བ་བྱ་བ་སངས་རྒྱས་དངོས་ཞིག་བཞུགས་པ་དེར་དེངས། ངས་སྐྱེར་སྒང་དུ་ལན་གཅིག་བསྡད་པས་སྒྱུ་ལུས་ཀྱི་དགེ་སྦྱོར་འཕེལ་པོ་བྱུང་ཟེར་ནས་མཚན་ཐོས་པས་གདུང་བའི་མཆི་མ་ཁྲག་ལྟར་འཛགས། མོས་གུས་ཚད་མེད་སྐྱེས་ནས་མྱུར་དུ་མཇལ་བའི་སྨོན་ལམ་དང་། གསོལ་བ་དྲག་ཏུ་བཏབ་སྟོན་ཁ་སོང་པའི་དཔྱིད་དེ་ནས་ཐོན། མཇལ་མ་ཐག་ཏུ་བླ་མའི་ཞལ་ནས། ན་ནིང་སྟོན་གསོལ་བ་དྲག་ཏུ་འདེབས་པ་དེ་ཁྱེད་དུ་འདུག །ད་བར་མི་སླེབས་པ་ཅི་ཡིན་གསུང་། དེ་བྲེལ་བ་ཅིག་གིས་མ་ཐོན་ལགས། ད་བླ་མའི་གདམ་ངག་མ་ལུས་པ་ཞུ་ཞུས་པས། བླ་མ་ཤངས་པའི་ཆོས་འདི་བཀའ་དོགས་པོར་ཡོད་དེ་ཁྱོད་ལ་ཆིག་བརྒྱུད་རྣམས་མ་ལུས་པར་ཚར་བ་ཅིག་བྱ་གསུང་། དབང་དང་གདམས་པ་གནང་ནས་སྒོམ་པས། ཉམས་མྱོང་ཡང་བླ་མ་འདྲ་བ་སྐྱེས། ཡི་དམ་གྱི་ལྷ་དང་། དཔལ་མྱུར་མཛད་ཡེ་ཤེས་མགོན་པོ་ཡང་ཞལ་མཐོང་། སྒྱུ་མའི་ཉམས་བཟང་པོ་ཡང་སྐྱེས། ཚེ་འདིའི་སྣང་བ་ཧྲུལ་པོར་སོང་ཀྱང་། ཁམས་འཛག་གི་གེགས་ཞིག་བྱུང་བའི་སྐབས། མོས་གུས་དང་དགེ་སྦྱོར་འདི་ཙམ་ལ་གེགས་འདི་ཡོང་མི་འཐད་སྙམས་པ་ལ། བླ་མའི་ཞལ་ནས་སྔོན་གྱི་རྣམ་པར་སྨིན་པ་དགེ་སྦྱོར་གྱི་ནུས་པས་ཚེ་འདིར་སྨིན་པ་ལ། གེགས་སེལ་གཞན་དང་གཞན་ཡང་ལུང་བསྟན་མང་པོ་མཛད། བླ་མའི་གསུང་བཞིན་སྒོམ་པས། སུ་ཁ་སིདྡྷི་དང་མཇལ་ནས། རིག་པ་གཏད་མེད་དུ་ཞོག་དང་རྣལ་འབྱོར་པ། ཞེས་ལན་གསུམ་གསུངས་པས། གནས་ལུགས་ཀྱི་རྟོགས་པ་ཁྱད་པར་ཅན་འཁྲུངས། སྐབས་ཤིག་བླ་མས་དགོན་གནས་དང་། མིང་དང་འཁོར་ཁྱད་པར་ཅན་བཅུ་བྱུང་བར་ལུང་བསྟན། ཆོས་ཚང་བར་མ་སྤྱིན་རིས་དབུ་སྙུང་མཛད། ཁྱོད་ཀྱིས་གཞན་ལ་ཆོས་སྟོན་པ་ན། ཧྲུལ་པོའི་གོས་གྱོན། ཟས་ངེས་མེད་ཀྱིས། །ཆོས་འཆད་པའི་ཚེ་སྔོན་དུ་སེམས་བསྐྱེད་དང་། མཐར་བསྔོ་བ་ཡང་མི་ཤེས་པ་ལྟར་གྱིས། འཁོར་ལང་ལོང་དུ་འདུས་གསུང་ངོ་། ཆོས་ཞུས་དག་པར་མཛད། ང་བས་གདམས་པ་ཆེ་བ་མེད་སྙམས་པ་དང་། སྐྱེར་སྒང་དུ་དབྱར་དགུན་བཅུ་བཞུགས། དེ་ནས་འབྲི་ཁུང་དང་། གཙང་པ་རྒྱ་རས་དྲུང་དུ་བྱོན། འབྲུག་དགོན་པ་འདེབས་པ་དང་ཐུག་ཆོས་མང་པོ་ཞུས། ཕྱག་གཡོག་ཀྱང་ཞུས་སོ། །དེ་ནས་ཡང་ན་སངས་རྒྱས་ཐོབ་པ་ཅིག་བྱེད། ཡང་ན་ཤི་བ་ཅིག་བྱེད་སྙམས་ལོ་གསུམ་མཚམས་བསྡམས་པའི་ཚེ། བླ་མ་དུར་ཁྲོད་ནག་པོས་ཁྱོད་ལ་ཆོས་སྐྱེལ་དུ་བཏང་བ་ཡིན་ཞེས་རྣལ་འབྱོར་གཅིག་གིས་འཆི་མེད་གནང་། ཟླ་བ་བདུན་བཞུགས། འཆི་མེད་གནང་བ་ཙམ་གྱིས་གེགས་སེལ་ཁོང་ལ་གསེར་དངུལ་དར་ཟབ་ལ་སོགས་པའི་འབུལ་བ་མང་པོ་བྱས་པས། ང་ལོངས་སྤྱོད་ཀྱི་དགོས་པ་མེད། ཁྱོད་ལ་ཆོས་སྒོ་སྐྱེལ་དུ་འོངས་པ་ཡིན་ཟེར་ནས་བཞུད། དེ་ན་ས་རི་གོང་གི་དགོན་པ་བཏབ། སྤྱན་རས་གཟིགས་ཀྱི་ཞིང་ཁམས་མང་པོ་དང་། ལྕང་ལོ་ཅན་ལ་སོགས་པར་བྱོན་པ་དང་། སུ་ཁ་སིདྡྷི་ལ་སོགས་པའི་མཁའ་འགྲོ་མང་པོ་དང་མཇལ་ཞིང་། གཏམ་གླེང་བ་དང་། གྲུབ་ཐོབ་བརྒྱད་བཅུ་ལ་སོགས་པ་དང་མཇལ་ཞིང་གཏམ་གླེང་བ་དང་། སྐུ་ལུས་ཀྱི་སྟེང་དུ་ཐོག་ལྷུང་བ་ཡང་མ་གནོད་པ་དང་། ཆོས་སྐྱོང་རྣམས་མ་རྦད་ཀྱང་མི་མཐུན་པ་རྣམས་ཚར་གཅོད་པ་དང་། སློབ་མ་སྐྱེལ་བསུ་བྱེད་པ་སོགས་བྲན་དུ་འཁོལ། ལྷ་མོས་ལུང་བསྟན་ཏེ། མགོན་པོའི་སྐུ་ཞིག་བཞེངས་པར་བརྩམས། འབྱིན་པ་ཁྱེར་སྒོ་ཙར་ཕྱིན་པས། ཨ་ཙ་ར་ལྷ་བཟོ་ཤེས་ཟེར་བ་གཅིག་འདུག་ནས། སྐུ་རུའི་འབྱིན་པ་གཏད། ནང་ན་འཚོ་བའི་ལྟ་གོན་ལ་གཤེགས་པའི་བར་དེར་མགོན་པོའི་སྐུ་གཉན་སྟོན་ལ་ཞལ་གཟིགས་པ་ལྟར་རང་བྱོན་དུ་ལྷུན་གྱིས་གྲུབ། ཨ་ཙ་ར་རང་ཉིད་ཀྱིས་རབ་གནས་མཛད། དེར་ཐིམ་པས་མགོན་པོའི་སྤྲུལ་པར་ངེས། སློབ་མ་རྣམས་ལ་ཆོས་མང་དུ་བསྟན། ཁྱད་པར་ཆིག་བརྒྱུད་བཀའ་རྒྱ་མ་རྣམས་དང་། གདན་ས་ཆོས་རྗེ་སངས་རྒྱས་སྟོན་པ་ལ་གཏད། དུས་དེར་བསྟན་པའི་བདག་པོར་གྱུར་ཅིང་། ངོ་མཚར་བའི་ལྟས་དུ་མ་དང་བཅས་ཤར་འོད་འཕྲོ་ཅན་གྱི་ཞིང་དུ་བདེ་བར་གཤེགས་སོ།།
Sangyé Tönpa
ཆོས་རྗེ་སངས་རྒྱས་སྟོན་པ་བརྩོན་འགྲུས་སེང་གེ་ནི། བསིལ་མར་བོན་གྱི་རིས་སུ་ཡོས་ལོ་ལ་འཁྲུངས། བསམ་ཤེས་ནས་ཆོས་ལ་མོས། ལོ་བརྒྱད་པ་ལ་འབྲི་ཀློག་ལེགས་པར་མཁྱེན། ལོ་བཅུ་གཅིག་གི་སྐབས་སུ་གངས་བཟང་ནས་མ་ཅིག་སྤྲུལ་སྐུ་ལ། གཅོད་ཀྱི་ཆིག་བརྒྱུད་རྣམས་ཞུས། ཆུང་ངུ་ནས་འཁོར་བ་ལ་སྐྱོ་བ་སྐྱེས་ནས་དགེ་བ་ལ་འབད། བཅུ་གསུམ་ལ་བླ་མ་ཙ་རི་རས་པའི་དྲུང་དུ་རབ་ཏུ་བྱུང་། སེམས་ཅན་ལ་ཕན་ཐོག་པ་ཞིག་ཡོང་ཆོས་ལ་བརྩོན་པར་འོངས་པར་འདུག །མཚན་བརྩོན་འགྲུས་སེང་གེ་ཐོག་གསུངས། བླ་མ་བསྟེན་ལོང་མེད་པར་སྐུ་འདས། སློབ་དཔོན་སྟེག་ལ་ཆོས་མང་དུ་ཞུས། ལོ་བཅུ་ལ་བཤད་པ་བྱས་པས་བཤད་པ་མགོ་ཐོན། སུཾ་པ་རས་པ་ལ་གཅོད་སྐོར་ཞུས། འབུལ་བས་མཉེས་པར་བྱས། ཁྱེད་ནས་གཅོད་འདི་རྒྱ་ཆེན་པོར་འཕེལ་ལོ་ཞེས་ལུང་བསྟན། བླ་མ་བུམ་པ་ལ་དགྱེས་རྡོར་སོགས་ཞུས། བཟང་ཡུལ་པ་ལ་ཚེ་དཔག་མེད་ཀྱི་དབང་ཞག་བདུན་ཞུས་པས། ཁྱེད་སྟོན་འཆིར་འདུག་པ་ལ། དབང་འདིས་ཚེ་བསྲེང་འདུག །ལོ་ཐོག་སེ་ཆི་ལེ་བ་ལ་མ་ཤི་བ་དང་། ཚེ་དཔག་མེད་གཉིས་ཀྱི་བྱིན་རླབས་ཡིན་གསུངས། ང་ལོ་བཅུ་གསུམ་པར་མི་ལ་མ་བསྟན། དེ་ནས་ཚེ་དཔག་མེད་ཀྱི་སྒོ་ནས་སེམས་ཅན་ལ་ཕན་ཐོག་པ་འདུག །ལོ་བཅུ་དགུ་བསྙེན་རྫོགས་གྱིས་གསུངས། བླ་མ་སྤང་པོ་པ་ལ། ཞང་ཚལ་བའི་ཆོས་སྐོར་ཞུས་སོ། །བཅུ་དགུ་པ་ལ་འཁོན་ཆོས་རྒྱལ་ཅན་ལ་བསྙེན་པར་རྫོགས། བླ་མ་སྣང་བུ་པ། སློབ་དཔོན་སྟོན་ཤགས། བླ་མ་ཁྲོ་ཕུ་བ། ས་སྐྱ་པཎ་ཆེན། བླ་མ་རྩང་བ། སློབ་དཔོན་ཇོ་གདན་པ། གྲུབ་ཐོབ་ཁར་རྒྱ་བ། སློབ་དཔོན་ཇོ་རྒྱལ། ཁམས་སྟོན་རྣམས་ལ་ཆོས་མང་དུ་གསན། བླ་མ་གྲུབ་ཐོབ་ཅིག་བཙལ་ལ་སྒྲུབ་པ་བྱེད་དགོས་སྙམ་ཡོད་པ་ལ། བླ་མ་རྔོག་སྟོན་ཟེར་བའི་མཁས་པ་ཆེན་པོ། ས་ལོ་དང་འཁྲུ་ལོ་ལས་མཁས་ཤིང་བཙུན་པ་དེའི་ཐད་དུ་བྱོན། ཁོང་དང་ལྷན་ཅིག་གཟིམས་པས། ཁོང་གིས་རྗེ་བཙུན་མ་སྒྲོལ་མ་ངན་སོང་ལས་སྐྱོབ་ཅིག་ཟེར་བའི་སྐད་ཆེན་པོ་བྱུང་། ཅི་བྱུང་ལགས་ཞུས་པས། གཏིང་རིང་ལ་མུན་པ་ནག་པོའི་དོང་གསུམ་བསྒྲིགས་འདུག་པ། དེར་ལྷུང་ལ་ཁད་བྱུང་། ཅི་ཡིན་དྲིས་པས་ངན་སོང་དོང་ཡིན་ཟེར་བས་བྲེད་ནས་སྐད་ཤོར་བ་ཡིན། ད་བླ་མ་གྲུབ་ཐོབ་ཅིག་གི་སར་འགྲོ་དགོས་པ་འདུག་ཡོལ་རི་གོང་བ་བྱ་བ་སྒྱུ་ལུས་རྨི་ལམ་འབྱོངས་པ། མངོན་ཤེས་དང་ལྡན་པ་ཡི་དམ་མང་པོའི་ཞལ་གཟིགས་པ་སྦས་པའི་རྣལ་འབྱོར་བ་ཆེན་པོ་ཅིག་ཡོད་པས། དེའི་ཐད་དུ་ཅིས་ཀྱང་འགྲོ་བསམ་ཀྱང་། ལོ་གསུམ་མ་ཐོན་པའི་བར་རྔོག་སྟོན་གཤེགས། དེ་ནས་མཇལ་དུ་ཕྱིན་པའི་ཐོ་རངས་ལ་ཉེ་གནས་བླ་མ་གོང་པོ་བྱ་བ་ལ། དེ་རིང་སྒོམ་ཆེན་ཅིག་མཇལ་དུ་འོང་བ་གདམས་པའི་བདག་པོ་བྱེད་པར་འདུག །ངའི་གདམ་ངག་གིས་ཨུ་རྒྱན་ཛ་ལན་དྷ་ར་ཚུན་ཆད། ཕྱི་རྒྱ་མཚོའི་འགྲམ་ཡན་ཆད་དུ་ཆོས་ཀྱི་ཁྱབ་འགྲོར་འདུག །ད་ནང་མཁའ་འགྲོ་ཆོས་སྐྱོང་བསུར་སོངས། ད་ཁྱོད་ཀྱིས་མཆོད་ཁང་ཆགས་བདར་གྱིས། ཁོང་གཙང་སྦྲ་ལ་དགའ་བ་ཅིག་འདུག་གསུངས། བྱས་ཟིན་པ་དང་། ད་ལྟ་སེ་མའི་ན་ག་ནས་གྲོ་ཟ་ཡིན་འདུག །བསུར་རྒྱུག་གསུངས་ནས། ནའི་སྒང་གར་བླ་མ་གོང་པོ་བྱུང་། དེ་ནས་ཡང་དགོན་དུ་སླེབ་མ་ཐག །བླ་མའི་ཞལ་ནས། ཁྱོད་སང་འོང་གནང་འོང་ལ་ལོ་གསུམ་མ་ཐོན། དེ་བར་ལ་ང་མཇལ་བའི་ལུང་བསྟན་བྱེད་པའི་རྔོག་སྟོན་དང་གཞི་པ་ནག་པོ་གཉིས་ཀྱང་གྲོངས་གསུང་། བླ་མ་ལ་མངོན་མཁྱེན་འདུག་བསམ་པ་དང་། བླ་མའི་ཞལ་ནས། ཁྱོད་ང་ལ་ག་ལ་མོས་ནས་འོངས་གསུངས། བླ་མས་སྒྱུ་ལུས་རྨི་ལམ་འབྱོངས། འོད་གསལ་མངོན་འགྱུར། ཡི་དམ་མང་པོའི་ཞལ་གཟིགས། ཆོས་སྐྱོང་བྲན་བཞིན་དུ་ཉན་ཟེར་བ་ཐོས་ནས། མཇལ་བ་ལ་འོངས་ལགས། བླ་མ་ཤངས་པའི་གདམ་ངག་རྣམས་ཞུ་འཚལ་ཞུས་པས། དབང་གདམས་ངག་རྣམས་རིམ་གྱིས་ཉམས་ལེན་དང་བསྲེས་ཏེ་གནང་། སྒོམས་པའི་ཡོན་ཏན་དང་མི་དང་མི་མ་ཡིན་པའི་དོན་ཆེན་པོ་མཛད་པ་རྣམས་ངོ་མཚར་ཞིང་གྲངས་ལས་འདས། ཡི་དམ་ལྷ་མང་པོའི་ཞལ་གཟིགས་པའང་མང་ཞིང་མནལ་ལམ་གྱིས་སྦྱངས་པའི་ཡོན་ཏན། སྙོན་གྱི་སྐུ་ཕྱག་རྡོར་དུ་གསལ་བའི་དབུ་སྐྲ་ཉག་རེའི་བུ་གར་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་གསལ་ཐེབས་པ་དང་། ལྷ་སྐུའི་གསལ་སྣང་རྒྱ་ཆེན་པོ་ཐོབ་ཅིང་། སློབ་མའི་ཚོགས་མང་པོ་འདུས། ཁྱད་པར་བཀའ་རྒྱ་བཀྲོལ་བའི་སློབ་མ་མཆོག་གསུམ་ནི། མཁས་གྲུབ་གཙང་མ་ཤངས་སྟོན། གནས་རྙིང་པ་ཨ་ཡི་སེང་གེ །མཁས་བཙུན་གཞོན་ནུ་གྲུབ་གསུམ་ལ་ཆིག་བརྒྱུད་ཀྱི་གདམ་པ་རྣམས་རྫོགས་པར་གནང་། གྲ་པ་ཁི་ཚོ་ལྔ་ལན་ལྔ་ཀྱེས་ཏེ། སྟོད་སྨད་བར་གསུམ་བསྟན་པ་འདིས་ཁྱབ་པར་མཛད་ཅིང་། དགུང་ལོ་བདུན་ཅུ་རྩ་གཉིས་ལ་རེ་གོང་ཉིད་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ། སྤུར་སྤྱད་པས་རིལ་བསྲེལ་མང་དུ་བྱོན་པ་ནང་རྟེན་དང་། གསེར་འབུམ་དུ་བཞུགས་ནས་འགྲོ་བ་ཐམས་ཅད་པ་མཆོད་རྟེན་དམ་པར་བཞུགས་སོ། །དེ་ལྟར་ཆིག་བརྒྱུད་བཀའ་རྒྱ་མའི་གདུང་བརྒྱུད་རྫོགས་ནས། འཆི་མེད་རྡོ་རྗེའི་ཚིག་རྐང་དུ་ལུང་བསྟན་པའི་དེ་ལྟར་གསུམ་ལའོ། །ཞེས་གསུངས་པ་ནི། འཁོར་གྱི་ཐོག་མ་མཁས་གྲུབ་ཤངས་སྟོན། བསམ་སྡིངས་པ་གཞོན་ནུ་གྲུབ། གནས་རྙིང་པ་ཨ་ཡི་སེང་གེ་དང་གསུམ་ཡིན་ཞིང་། དེ་ལས་གཞན་ཡང་རྨོག་ཅོག་རིན་ཆེན་བློ་གྲོས་སོགས་མང་དུ་བྱུང་བ་ལས་འཕྲོས་ནས། ཤངས་པ་སྟོད་ལུང་མངའ་རིས་ཞོག་ཏུ་དར། སྨད་ལུས་མདོ་ཁམས་སུ་དར། བར་དབུས་གཙང་དུ་རྒྱ་ཆེར་དར་བའོ། །ཆོས་རྗེས་སྟོན་པའི་གདན་ས་རི་གོང་དུ། གནས་རྙིང་པའི་བཞུགས་གནས། གསེར་གླིང་པ་བཀྲ་ཤིས་དཔལ་སོགས་སྨིན་གྲོལ་ལ་བཀོད། གསེར་གླིང་པས་ཡོལ་དང་། སྦུས་སྡེའི་ནང་དུ་སྒྲུབ་སྡེ་བཙུགས། གསེར་གླིང་པའི་ཆོས་སྒོར་ཆོས་དཔལ་ཤེས་རབ་ཀྱིས་མཐིལ་དུ་བཞུགས་བསྟན་པ་བསྐྱངས་དེ་ལས་རྒྱ་ཆེ་བ་མི་འཕེལ་བ་ནི་གསོལ་འདེབས་ཨ་ཐུང་མ་རྩོམས་པའི་རྟེན་འབྲེལ་དུ་གདའ་འོ།།
Shönu Drup
བསམ་སྡིངས་པ་གཞོན་ནུ་གྲུབ་ནི། འཁྲུངས་ཡུལ་ཉང་སྨད། སྐུ་ཆུང་ངུ་ནས་རབ་ཏུ་བྱུང་། མཁས་བཙུན་བཟང་པོར་གྱུར། ཆོས་རྗེ་སྟོན་པའི་ཞབས་པད་བརྟེན། ཤངས་ཆོས་ཡོངས་སུ་རྫོགས་པ་གསན། ཉམས་རྟོགས་ཀློང་རྡོལ། བླ་མའི་གསུང་གིས་ལུང་བསྟན་ལ་བརྟེན། མྱང་སྟོད། བསམ་སྟིངས་སུ་སྒྲུབ་སྡེ་བཏབ། ལམ་འབྲས། ཕྱག་ཆེན་ནཻ་གུའི་ཆོས་སྐོར་ནས་འགྲོ་དོན་རྒྱ་ཆེན་མཛད། ནཻ་གུ་བསམ་སྡིངས་ལུགས་སུ་གྲགས། བླ་མའི་ལུང་བསྟན་ལྟར་བསྟན་པའི་རྒྱ་གནས་རྙིང་པ་ལ་ཆེ་བ་མ་བྱུང་།
Tsangma Shangtön
༈ བསྟན་པའི་སྲོག་ཤིང་མཁས་གྲུབ་གཙང་མ་ཤངས་སྟོན་གྱི་རྣམ་ཐར་ནི། འཁྲུང་ཡུལ་ལྷ་ཕུ་ཁོང་ཀྱང་སྤང་ཁ། གདུང་རུས་རྭ། ཡབ་དབོན་པོ་དཀོན་བཟང་། ཡུམ་ཇོ་གེ་གཉིས་སྲས་སུ་འཁྲུངས། ཆུང་ངུ་ནས་དད་བརྩོན་ཤེས་རབ་སྙིང་རྗེ་དང་། སྐྱོ་ཤས་ཆེ་བ་དགུང་ལོ་བཅུ་གསུམ་ལ་སློབ་དཔོན་ཚུལ་ཤེས་ཀྱིས་སློབ་དཔོན་མཛད། དགེ་ཚུལ་མཛད། སློབ་དཔོན་ཤངས་འབུལ་ལ་ཕར་ཕྱིན་དང་། སྤྱོད་འཇུག་ཚད་མ་རྣམ་ངེས། བྱམས་ཆོས་ལྔ། དབུ་མ་རིགས་ཚོགས་དྲུག །བསླབ་བཏུས་རྣམས་ཞུས་ཤིང་། ཚིགས་དོན་མ་ལུས་པ་ཐུགས་སུ་ཆུད། གཤེད་དམར་ལྷ་ལྔ། སྒྲོལ་མ་རྣམ་འཇོམས་རྣམ་རྒྱལ་རྣམས་ཞུས། བླ་མ་སྟོན་རིན་ལ་ཀྱཻ་རྡོར། བདེ་མཆོག །སྒྲོལ་མ། ཕྱག་རྡོར། རྩེ་མོ། དཔལ་མཆོག་དེ་ཉིད་བསྡུས་པ། ངན་སོང་སྦྱོང་རྒྱུད། རྡོ་རྗེ་འབྱུང་བ། གཙུག་དགུ། རྣམ་འཇོམས། རྣམ་རྒྱལ། གུར་མགོན། སེང་གེ་སྒྲ་སྒྲོག །མྱ་ལུང་མ། བཀའ་གདམས་ལམ་རིམ། བློ་སྦྱོང་སོགས་གནས་བརྟན་བཅུ་དྲུག །ཤེར་སྙིང་རྣམས་ཞུས། ཀརྨ་པ་ཐུགས་རྗེ་ཆེན་པོ་ལ་རྒྱལ་བ་རྒྱ་མཚོ། སྐུ་གསུང་ངོ་སྤྲོད། རླུང་སེམས་དབྱེར་མེད། བསམ་གཏན་ཐུན་འཇོག་ལ་སོགས་པ་མང་དུ་ཞུས་ཤིང་། ཐོས་བསམ་གྱི་སྒོ་ནས། འཆད་རྩོད་རྩོམས་པས་མཁས་པ་གཞན་གྱི་ཡིད་འཕྲོག་པར་མཛད། །དངོས་པོ་ལ་སྲེད་པ་བྲལ་དེ་ཡབ་ཡུམ་གཤེགས་པའི་ཤུལ་གྱི་ས་ཞིང་རྣམས་སྤངས་ཏེ། ཡུལ་མི་ལ་ནས་འགྱེད་ལན་མང་པོ་དང་། ཆོས་ཞུ་བའི་བླ་མ་ཐམས་ཅད་ལ་ཟང་ཟིང་དང་མོས་གུས་ཀྱིས་མཉེས་པར་མཛོད། ཀྱལ་ཀའི་ཚུལ་དུ་ཡང་གསུང་མི་ལྕོག་ཅིང་རྒྱུད་དང་མཐུན་པར་བླ་མ་བསྟེན་ཏོ། འདུ་འཛི་ལ་བདུད་དུ་གཟིགས་ནས་མཐུན་འཇུག་སྤངས། ཉམས་སུ་བླང་པའི་བསྐྱེད་རིམ་ལ་བརྟན་པ་ཐོབ། རྫོགས་རིམ་གྱི་ཏིང་ངེ་འཛིན་ལ་ངེས་ཤེས་ཁྱད་པར་ཅན་འཁྲུངས། ཡོལ་ཕུ་རི་གོང་དུ་སངས་རྒྱས་སྟོན་པ་བཞུགས་པའི་སྙན་པ་གསན། མོས་གུས་ཚད་མེད་པ་དང་བཅས་ཞལ་མཇལ་བས་བ་སྤུ་གཡོ་ཞིང་། མཆི་མ་འཁྲུགས། དེ་ནས་སྒྱུ་ལུས་རྨི་ལམ་སྤྱིའི་དབང་ཞུས་ནས། ཆོས་དྲུག་གི་འཁྲིད་བསྐྱགས་པས་ཞག་བདུན་ནས་བདེ་དྲོད་འབར། སྒྱུ་ལུས་འབྲེང་པོ་སྒོམས་པས་རྨི་ལམ་རང་ཟིན། སྒྱུ་མ་རང་ཤར། སྦྱོངས་སྤེལ་སྤྲུལ་བསྒྱུར་ཐམས་ཅད་དུས་གཅིག་ལ་ནུས་པ་དང་། སངས་རྒྱས་ཀྱི་ཞིང་ཁམས་ལྟར་དབུས་གཙང་གི་ས་རྡོ་རི་བྲག་ཐམས་ཅད་གསལ་བར་མཐོང་། དགེ་སྦྱོར་ལ་ཐག་ཆོད་པས། བླ་མས་ང་བས་ཁྱོད་དགེ་སྦྱོར་བཟང་བར་འདུག་གསུངས། ནུབ་གཅིག་ནམ་མཁའ་ལྷ་སྐུས་གང་བའི་གསེབ་ནས་ཕག་མོ་ཞིག་བྱུང་ནས་སྐུ་ལུས་ལ་ཧྲིལ་གྱིས་འཁྱུད་ནས་ཟག་མེད་ཀྱི་བདེ་བ་སྐྱེས། དོན་གྱི་དབང་ཐོབ་པ་ཡིན་གསུངས། འཁྲུལ་འཁོར་བདེ་བར་ཡོད་པས། གཞན་ལ་བསླབ་པའི་དགེ་སྦྱོར་ལ་ཅུང་ཟད་ནོད། དེ་ནས་ཆོས་དྲུག་སོ་སོའི་དབང་། མཁའ་སྤྱོད་དཀར་དམར། བདེ་མཆོག་ལྷ་ལྔ། ཐུགས་རྗེ་ཆེན་པོ་སྐྱེར་སྒང་ལུགས། ཡེ་ཤེས་མགོན་པོའི་སྐོར། བདེ་མཆོག་མཁའ་སྤྱོད་རིགས་འཛིན་སོགས་མདོར་ན་ཤངས་ཆོས་ཡོངས་སུ་རྫོགས་པར་ཞུས། བླ་མས་བརྩེ་བས་བསྐྱངས། ཆིག་བརྒྱུད་ཀྱི་བདུད་རྩི་ཐོག་མར་ཐོབ། རང་གི་གཅུང་གིས་སྙེན་སྒྲིག་པ་ཡང་། ཁྱིམ་གཏོར་དེ་ཆོས་ལ་བཙུད། གེགས་བྱུང་བ་འཕལ་དུ་སེལ་ཞིང་། དང་དེའི་བྲག་གི་ཁྲིག་ལ་བཞུགས་དུས། སྒྲོལ་མའི་གྲལ་འཁོར་མང་པོ་ཞིག་གཟིགས་པས། གཙོ་མོའི་ཕྱག་དབུ་ཐོག་ཏུ་བཞག་ནས་བྱིན་གྱིས་བརླབས་ཤིང་། གཞན་ཀུན་གྱིས་ཀྱང་བྱིན་གྱིས་བརླབས་པ་སོགས་ཡི་དམ་མང་པོས་བྱིན་གྱིས་བརླབས། གཉན་ཁྲོད་རྣམས་སུ་གཅོད་པ་མཛད་པའི་ཚེ། ལྷ་འདྲེ་ཀུན་དམ་ལ་ཐོགས། ཡི་དམ་བདེ་མཆོག་དང་ཐུགས་རྗེ་ཆེན་པོར་གཙོ་བོ་མཛད། ལྗགས་མཆིལ་དང་དྲི་ཆུ་ནམ་འཐུང་བ་ཙམ་དང་བྱུགས་བ་ཙམ་གྱིས་ནད་གདོན་ཐམས་ཅད་ལས་གྲོལ། རིགས་དྲུག་གི་གནས་སྦྱོངས་གཟིགས། དངོས་པོ་ལ་ཞེན་པ་བྲལ་བས་འབུལ་བ་རྣམས་མཆོད་སྦྱིན་མཛད། ཕྱི་འབུལ་བ་མི་བཞེས་པའི་དམ་བཅའ་མཛད། འཇག་ཏུ་བཞུགས་ནས་བསྟན་པ་བསྐྱངས། འཇག་ལུགས་སུ་གྲགས། བྱ་བཏང་ཁོ་ནའི་ཚུལ་ལུགས་སུ་བཞུགས། སྐུ་གཤེགས་དུས་ན་བཟའ་ཕྲུག་གཅིག་མ་གཏོགས་དངོས་པོ་མེད་པ་དང་། མཐོང་ཐོས་ཙམ་གྱིས་དགེ་སྦྱོར་བཟང་པོ་བྱུང་བས་སྙན་པས་འཁོར་མང་པོ་འདུས། ལམ་སྣ་ཟིན་པ་ཤ་སྟག་བྱུང་ཞིང་། ཕྱི་ནང་དུ་སྲིན་བུ་མེད་ཅིང་དྲི་མས་མ་གོས་པར། ཤེལ་ལྟར་དྭངས་པར་གྱུར་པས་གཙང་མ་ཤངས་སྟོན་དུ་གྲགས་ཤིང་། སྐྱེར་སྒང་པ། གཏན་སྟོན་པ། ཆོས་རྗེ་སྟོན་པ་རྣམས་ལ་ཡི་དམ་ལྷས་ལུང་བསྟན་པའི་སློབ་མ་ལས།
ཐོག་མར་འགྲན་ཟླ་མེད་པ་འདི་ཡིན། །མྱ་ངན་ལས་འདའ་བར་ཉེ་བ་ན། །ང་ཤར་ཕྱོགས་དག་པའི་ཞིང་དུ་འགྲོ །སངས་རྒྱས་སྟོན་པའི་ཞིང་དུ་འགྲོ །ལུང་བསྟན་འཁོར་གྱི་ཐོག་མ་ཡིན། །དག་པའི་འཁོར་དང་ཞིང་ཁམས་སོགས། །ཕྱི་མ་འགྲོ་དོན་དཔག་ཏུ་མེད། །ས་ཡི་ཡོན་ཏན་རྫོགས་པར་འཆང་། ཞེས་སོགས་གསུང་ཞིང་།
སྐུ་ལ་ཟུག་རྔུ་མེད་ཀྱང་། སྙུང་ཚུལ་བསྟན་ཏེ། དགུང་ལོ་བདུན་ཅུ་རྩ་དྲུག་བྱ་ལོ་ཟླ་བ་ལྔའི་ཚེས་བཅོ་ལྔ་ལ་ངོ་མཚར་བའི་ལྟས་དང་བཅས་ཏེ་གཤེགས་སོ། །སྐུ་གདུང་རིང་བསྲེལ་གྱི་མཆོད་པའི་ཞིང་དུ་གྱུར་ཏོ། །བླ་མ་འདི་འཇག་ཆུང་དུ་སྒྲུབ་པ་མཛད། སྙན་གྲགས་ཀྱི་ཁྱབ་པས། འཁོར་ཚོགས་མང་དུ་འདུས། འདི་ཉིད་ཆོས་རྗེ་སྟོན་པའི་ལུང་བསྟན་ལྟར་བསྟན་པ་དར་རྒྱས་ཤིན་ཏུ་ཆེ། ཁྱད་པར་མཁས་བཙུན་རྒྱལ་མཚན་འབུམ་དང་། ཁྱུང་པོ་ཚུལ་ཁྲིམས་མགོན་པོ་སོགས་སློབ་མའི་ཚོགས་མང་དུ་འདུས་པ་ལས་འཕྲོས་པ་འཇག་ལུགས་སུ་གྲགས། འདི་ལ་འཇག་པ་སྟོད་སྨད་པར་གསུམ་དུ་བྱུང་བ་ལས། སྟོད་དུ་མུས་ཆེན་རྒྱལ་མཚན་འབུམ་དཔལ་བཟང་གི་མུས་ཕྱོགས་སུ་དར་བར་མཛད་པ་དང་། ལ་ཆི་བ་ནམ་མཁའ་རྒྱལ་མཚན་གྱིས་སྟོད་ཕྱོགས་སུ་བསྟན་པ་བསྐྱངས། སྨད་དུ་བྱམས་དཔལ་གྱི་སློབ་མ་གོག་སྟོན་ནམ་མཁའ་རྒྱལ་པོ་སོགས་ཀྱིས་དར་བར་མཛད། བར་དུ་མཁས་བཙུན་རྒྱལ་མཚན་འབུམ་གྱིས་འཇག་གི་གདན་ས་མཛད། དབོན་པོ་བྱམས་དཔལ་སོགས་འཇག་པ་གདན་ས་བརྒྱུད་པར་གྲགས་པ་དེ་ལས་འཕྲོས་ནས། བ་བོང་བ་རྡོ་རྗེ་རྒྱལ་མཚན་སོགས། བ་བོང་ལུགས་སུ་ཤངས་ཟུར་ཁང་པ་བསོད་ནམས་བཟང་པོ། གུང་དཀར་བ། བཤོངས་ཅན་པ། ཐོབ་རྒྱལ་བྲག་ནག་པ། གེར་བྲ་དཀར་པ། ཡང་དགོན་དུ་རྨོག་ཅོག་པ་ཕྱི་མས་བསྟན་པ་དར་ཞིང་རྒྱས་པར་མཛད་པ་དང་། མཁས་གྲུབ་ཤངས་སྟོན་གྱི་སློབ་མ། འཇག་པ་སློབ་མ་བརྒྱུད་པ་ལ། ཁྱུང་པོ་ཚུལ་ཁྲིམས་མགོན་པོ་ནས་བརྒྱུད་པ་འདི་ཡིན་ཞིང་། ཁྱུང་པོ་ཚུལ་ཁྲིམས་མགོན་པོ་འདི་ཉིད་ཀྱིས་མཁས་བཙུན་རྒྱལ་མཚན་འབུམ་ལ་གསན་པས་གདན་ས་བརྒྱུད་པ་ལ་འགྲོ་བ་ཙམ་དུ་ཡང་ཡིན་མོད། འདི་ཉིད་ཁྱུང་པོ་རྣལ་འབྱོར་གྱིས་སྤྲུལ་པ་ཡིན་པས། དེ་ལྟ་སློབ་བརྒྱུད་ཅེས་གྲགས་ཤིང་། དེང་སང་འདི་དག་གཙོ་བོར་བཟུང་བར་བྱའོ། །གཞན་ཡང་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་དང་། རས་ཆེན་དཔལ་འབྱོར་བཟང་པོ་གཉིས་ནས་བརྒྱུད་པའི་ལུགས་འདི་གཉིས་རང་བརྒྱུད་ཀྱང་འཇག་བསམ་གཉིས་ཀའི་ཆར་གཏོགས་སོ།།
Khyungpo Tsültrim Gönpo
ཁྱུང་པོ་ཚུལ་ཁྲིམས་མགོན་པོ་ནི། འཁྲུངས་ཡུལ་ཤངས་སྐྱ་ར། ཡབ་མགོན་པོ། ཡུམ་རྒྱལ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། རུས་ཁྱུང་པོ། མཚན་ཚུལ་ཁྲིམས་མགོན་ཞེས། སྐུ་ཆུང་ངུ་ནས་ཞེན་མེད་ངེས་འབྱུང་ཆེ་བ། གྲུབ་ཐོབ་ཨུ་རྒྱན་པར་ཡབ་ཡུམ་ཞོར་ཚེས་གསན་པས་ཆོས་ཀྱི་སྣང་བ་ཆེར་འཕེལ། དགུང་ལོ་བཅུ་བཞིའི་དུས་སྐུ་ཉེ་རྣམས་ཀྱིས་ཁྱོད་གཅུང་ཡིན་པས། ༢༥༠
སྐྱ་རའི་དཔོན་གྱིས་ཟེར་ཏེ། གཅུང་པོས་རབ་བྱུང་ཆས་སྒྲུབ་པས། ཆོས་སུ་ཐོབ་རྒྱལ་དགོངས། གཅུང་པོ་འདི་རབ་བྱུང་ཆས་རྣམས་སྟེར། འཇག་ཏུ་ཆོས་བྲོས་མཛད། མཁས་གྲུབ་ཤངས་སྟོན་སྐུ་མཚམས་ཐོག་ཕེབས་པས། དེ་འཕྲལ་སྐུ་འཚམས་ཁོག་ཏུ་འབྱོན་ཆུག་གསུངས། དྲུང་དུ་ཕེབས་འཕྲལ་བུ་དབུ་སྐྲ་བཅད། མཚན་ཚུལ་ཁྲིམས་མགོན་པོ་བཏགས། མདང་རྨི་ལམ་དུ་ཁྱུང་པོ་རྣལ་འབྱོར་དང་མཇལ་བ་རྨིས། མིང་འདི་ཁྱུང་པོའི་མཚན་ཡིན་གསུངས། དགེ་བསྙེན་གྱི་སྡོམ་པ་གནང་། རབ་ཏུ་བྱུང་བའི་མཁོན་ལུང་བསྟན་མཛད། སྒྱུ་ལུས་དབང་མོ་ཆེའི་ཆོས་སྒོ་ཕྱེ་ནས། དཔལ་ལྡན་ཤངས་པའི་དབང་འཁྲིད་ལུང་ལག་ལེན་ཐམས་ཅད་རྫོགས་པར་གནང་། ཉམས་རྟོགས་ཀྱང་ཤིན་ཏུ་བཟང་བ་དང་། ནུབ་གཅིག་མནལ་ལམ་དུ། མཁས་གྲུབ་ཤངས་སྟོན་སྐུ་ལ་རྒྱན་སྣ་ཚོགས་དང་བཅས་པ་བྱོན་ནས། དཔལ་ལྡན་ཤངས་པའི་ཆོས་ཀྱིས་བདག་པོར་མངའ་གསོལ་བས། རྟེན་འབྲེལ་ལེགས་ཚོགས་དུ་མ་བསྒྲིགས་པར་མཛད། དེ་ནས་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས། སྙན་གྲགས་ཀྱིས་ཁྱབ་ཅིང་འཁོར་ཚོགས་དུ་མ་འདུས་པར་ཐུགས་བསྐྱེད། གཅུང་པོས་ཆོས་ཀྱི་ཆར་ཕབ་ཅིང་། བྱིན་རླབས་ཆེ་བའི་གྲགས་པས། སྐྱ་རའི་རྒན་རྒོན་བཟའ་མི་གཉིས་ཀྱི་བུ་ཤི་བས་རྐྱེན་བྱས། སྨྱོ་སྟེ་གང་ཕྱོད་གཡང་ཕྱོད་བྱེད་པ་ཞིག་ཀྱང་། བྱིན་གྱིས་བརླབས་པས་སྨྱོ་ཐུལ་ནས་རྟོགས་པ་སྐྱེས། གཞན་ཡང་སྤྱོ་བ་མང་པོ་ཐུལ། ལ་ཕར་རྒྱབ་ཀྱི་རི་བའི་འོ་མ་བོ་བ་མཁྱེན་པ་སོགས་ལྐོག་གྱུར་མངའ་བ་དང་། མཚུར་ཕུར་བྱོན་པས་ཆུ་ལོག་རྒྱས། དཔོན་སློབ་རྣམས་ཆུ་འགྲམ་དུ་བཞུགས་ཙ་ན། སྤང་ཟམ་པ་ཞིག་བཙུག་བྱུང་། ཆུ་ལ་ཐོན་པ་དང་ཟམ་པ་ཆུས་ཁྱེར་བ་སོགས་ཡ་མཚན་དག་བཅས།དྲོལ་༼རོལ་༽པའི་རྡོ་རྗེ་དབང་ཞུས། ༢༥༡
མཁན་ཆེན་བུ་སྟོན་པ་ལ་ཆོས་འབྲེལ་ཞུས། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་དྲུང་དུ་ཀྱཻ་རྡོར་གྱི་དབང་ཞུས། རྡོ་རྗེ་འཆང་དུ་གཟིགས། རྒྱལ་སྲས་དངུལ་ཆུ་བར་སེམས་བསྐྱེད། བློ་སྦྱོང་། སྙིང་པོ་དོན་གསུམ། རྟེན་འབྲེལ་སྙིང་པོ་རྣམས་ཞུས། སྒོམ་ཉམས་དང་རྟོགས་པ་མཐར་ཕྱིན། རི་ཁྲོད་ངེས་མེད་མཛད་རྩིས་ལ། ཡོན་བདག་གྲྭ་རིགས་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར། བདེ་ཆེན་གཟིམ་ཁང་དུ་བཞུགས་ཤིང་། རས་ཆེན་སངས་རྒྱས་སེང་གེ་སོགས་སློབ་མ་མང་པོ་སྨིན་གྲོལ་ལ་བཀོད། དགུང་ལོ་མཐར་ཕྱིན་ཏེ། མེ་ཏོག་གི་ཆར་འཇའ་འོད་ཀྱི་གུར། ས་གཡོ་བ་སོགས་ལྟས་བཟང་པོ་དང་བཅས་གཤེགས་སོ། གདུང་བཞུ་བས། མེའི་གཟུགས་ལ་དཔལ་བེའུ། འཁོར་ལོ་ཡི་གེ་བདུན་པའི་སྒྲ་འབྱུང་བ་སོགས་བསམ་ལས་འདས་པ་བྱུང་ངོ་། །བླ་མ་འདི་ལ་སློབ་མའི་ཚོགས་མང་དུ་བྱུང་བ་དང་། ཉམས་རྟོགས་ཀྱང་བཟང་པོ་ཤ་སྟག་བྱུང་བ་ལས། སྐབས་འདིར་བརྒྱུད་པའི་གཙོ་བོ་རས་ཆེན་སངས་རྒྱས་སེང་གེའོ།།
Sangyé Sengé
༈ རྣལ་འབྱོར་གྱི་དབང་ཕྱུག་རས་ཆེན་སངས་རྒྱས་སེང་གེའམ། བྱ་བྲལ་བ་རི་ཁྲོད་རས་ཆེན་ནི། འཁྲུངས་ཡུལ་མདོ་ཁམས་གླིང་། ཡབ་ཨ་སུ་ར། ཡུམ་ཁ་ཁེང་། སྲས་མིང་སྲིང་ལྔའི་ཆེ་བ། ཡབ་མེས་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ལ་ཐུགས་དམ་མཛད་པའི་རིགས། དགུང་ལོ་བཞིར་རྨི་ལམ་རང་ཟིན་བྱུང་། བཅུ་གཅིག་པ་ལ་བརྟག་གཉིས་བཤད་པ་མཛད། བཅོ་བརྒྱད་པ་ལ་སྤྱོད་འཇུག་ཕར་ཕྱིན་སོགས་ཀྱང་མཁས་པར་མཁྱེན། ས་སྐྱར་ཕེབས། རྣམ་འགྲེལ་བསླབས། ད་འཆི་ཆོས་རང་ཞིག་བྱ་དགོས་ཏེ། འབྲི་གུང་དུ་བླ་མ་བློ་བཟང་པ་ལ་ནཻ་གུ་ཆོས་དྲུག་ཞུས། ༢༥༢
ཐུགས་དམ་ཀྱང་དགའ་རབ་སྐྱེས།
བླ་མ་བློ་བཟང་པ་ལས། ཤངས་པ་བླ་མ་ཚུལ་ཁྲིམས་མགོན་པོ་ཞེས་པའི་གྲུབ་ཐོབ་ཆེན་པོ་ཅིག་ཡོད་དེར་ཆོས་ཞུས་གསུངས་ནས། དེར་ཕྱིར་ཁྱུང་ཚུལ་ཁྲིམས་མགོན་པོ་དང་མཇལ། ལོ་དྲུག་བཞུགས་རྩིས་མཛད། ནཻ་གུ་ཞུས་སྒོམ་པས། ཞག་བདུན་ནས་རས་རྐྱང་ཐུབ་པ་བྱུང་། གཞན་ཡང་གསེར་ཆོས་ཆ་ལག་དང་བཅས་པའི་ཤངས་ཆོས་ཡོངས་རྫོགས་ཞུས། མདོ་ཁམས་སུ་ཡུམ་གུམ་པའི་དུས་ཆོས་ཀྱང་གསལ་བར་མཁྱེན་དགོངས་རྫོགས་མཛད། རས་རྐྱང་བྱས་ས་སྐྱར་ཕྱིན་པས། མཚན་ཉིད་ཀྱི་མཆེད་གྲོགས་འགས་སྙིང་རྗེ་གོ་ལོག་པ་བྱུང་བས། གནས་ལུགས་མ་རྟོགས་པ་ཡ་ཆད་དགོངས་ནས་སླར་ལོགས་ཏེ་ཤངས་ལ་བྱོན་པས། ནག་ཅན་ཞིག་བྱུང་བ། སྦས་བཞག་པས། རིན་སྤུངས་ནས་ཕོ་ཉ་བྱུང་བར་མ་བཏང་བས། རས་ཆེན་རིན་སྦུངས་ལ་བཙོན་དུ་བཟུང་། གཏུམ་མོ་བདེ་དྲོད་བརྟེན་ནས། སླར་བཤགས་པ་བྱས། གཞན་ཡང་སེམས་ལ་རང་དབང་ཐོབ་པ་མངོན་རྟགས་སུ་གྱུར། སྐུ་ཚེ་ཕྱི་མའི་སྐུ་དང་ཞིང་ཁམས་འདུལ་བ་སོགས་ཀྱང་གསལ་བར་མཁྱེན་པ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ། བྱ་བཏང་ངེས་མེད་ལ་ཐུགས་གཏད་ཀྱང་། ཆོས་རྗེ་མཁས་གྲུབ་པའི་བཀའ་མཆོག་པར། བདེ་ཆེན་གྱི་གདན་སར་མཛད། གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད། སྙུང་བའི་ཚུལ་བསྟན་པར། འཕྲོད་རྟེན་སོགས་ཞུས་ཀྱང་མ་གསན་པར། ནུབ་བདེ་བ་ཅན་དུ་གསོལ་བ་ཐོབ་གསུང་ནས། དགུང་ལོ་དྲུག་ཅུ། ཕག་ལོ་ཟླ་བ་བརྒྱད་པའི་ཚེས་ཉི་ཤུ་ལ་ཆོས་དབྱིངས་སུ་གཤེགས། གདུང་བཞུའི་དུས་མེ་ཏོག་གི་ཆར་སོགས་སྐུ་གདུང་རིང་བསྲེལ་གྱི་སྙིང་པོ་བསོད་ནམས་ཀྱི་ཞིང་དུ་གྱུར་ཏོ།། ༢༥༣
Shangkarwa Rinchen Gyeltsen
ཤངས་དཀར་བ་རིན་ཆེན་རྒྱལ་མཚན་ནི། ཡབ་དཔོན་ཡིག་བཟང་པོ་དཔལ། ཡུམ་ཇོ་སྲས་མ་དཔལ་ཆེན་གཉིས་ཀྱི་སྲས་སུ། ཆུ་མོ་སྤྲུལ་ལ་འཁྲུངས། དགུང་ལོ་གསུམ་ལ་ཡབ་ཡུམ་གཉིས་འདས། ཁུ་བོ་འདུལ་འཛིན་རིན་ཆེན་འོད་མཛེས་དང་། ཤཱཀྱ་སེང་གེ་གཉིས་ཀྱི་དྲུང་དུ། ཀློག་ཡིག་ལ་སོགས་ཕྲ་མོ་རྣམས་སྦྱངས། འཁོན་དགྲ་བཅོམ་པ་མཛད་པ་དང་། འདུལ་འཛིན་ཤཱཀྱ་དཔལ་གཉིས་དང་བཅས་པའི་དབུས་སུ་རབ་ཏུ་བྱུང་། མཚན་རིན་ཆེན་རྒྱལ་མཚན་དུ་བཏགས། དགུང་ལོ་ཉི་ཤུ་པ་ལ་འདུལ་འཛིན་ཆེན་པོ་མཛེས་པ་རྒྱས་ལ་མཁས་པོར་གསོལ། དགེ་འདུན་ཁ་སྐོངས་དང་བཅས་པའི་དབུས་སུ་སྙེན་པར་རྫོགས། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་། ལོ་ཆེན་བྱང་རྩེ་ལ། དབུ་མ་དང་། སེམས་ཙམ་གཉིས་ཀྱི་སེམས་བསྐྱེད། ཁུ་བོ་རིན་ཆེན་ལ་སོགས་པའི་རྣལ་འབྱོར་དབང་ཕྱུག་མང་པོར་རྒྱུད་སྡེ་བཞིའི་དབང་མང་པོ་ཞུས། ལུང་རིགས་འབྱུང་ཁུངས། དཔལ་ལྡན་ས་སྐྱར། སློབ་དཔོན་གཞོན་ནུ་བཀྲ་ཤིས་སོགས་ལ་ཚད་མ་སྡེ་བདུན་གསན། དེ་ནས་བུ་སྟོན་ཆོས་རྗེ། ལོ་ཙཱ་བ་དྷརྨ་ཤྲཱི་སོགས་བསྟེན་ནས། བྱམས་ཆོས་ལྔ་སོགས་ཕར་ཕྱིན། ཡུམ་རྒྱས་འབྲིང་སོགས་གསན། མའི་མ་ཚོར་བར་མཁས་གྲུབ་ཁྱུང་པོ་ཚུལ་མགོན་བཞུགས་པ་ལ་འཁྲིད་གསན་ནས་རྨི་ལམ་འོད་གསལ་གྱི་ཉམས་མྱོང་རྣམས་ཞུས་པས་ཤིན་ཏུ་དགྱེས། བྱང་ཆེན་འཇམ་རིན་ལ་དུས་འཁོར་དབང་རྒྱུད་བཤད། སྦྱོར་དྲུག་དབང་ཆ་ལག་དང་བཅས་པ་ཞུས། ཐོས་བསམ་མཛད་དུས། གསོལ་ཆས་ཀྱི་རྩོལ་བ་བསྐྱུངས། འཇམ་ཙམ་ལ་བརྟེན་ནས་བརྩོན་འགྲུས་བསྐྱེད་པས། བླ་མ་དགྱེས་ཤིང་མཆེད་གྲོགས་ཀུན་སྤྱན་ཆབ་འདོན་པ་བྱུང་། ལན་ཅིག་ཕྱགས་དར་ཁྲོད་ནས་གསེར་ཞོ་དོ་རྙེད། བདག་པོ་མི་འདུག་པས་མགོན་པོས་གནང་བར་ངེས་ཏེ། ༢༥༤
ཞོ་གང་བླ་མ་ལ་ཕུལ། ཞོ་གང་ཆ་རྐྱེན་བྱས། ལོ་ཆེན་བྱང་རྩེ་ལ་གསང་འདུས་རིམ་ལྔ་མྱོང་ཁྲིད་དུ་གསན་དུས། བླ་མ་སྤྱན་རས་གཟིགས་སུ་རྟོགས། སྒྱུ་ལུས་རྨི་ལམ་འོད་གསལ་གྱི་ཉམས་མྱོང་རྟོགས་པ་ཀློང་རྡོལ། དག་སྣང་ཐོབ། རི་ཁྲོད་རས་ཆེན་ལ་ཤངས་ཆོས་མ་ལུས་པ་ཞུས། དགེ་སྦྱོར་སྟོབས་འདི་འདྲ་ཤངས་སྟོན་པ་ལའང་མ་བྱུང་གསུངས་སོ། །ཕྱག་དཔེ་སོགས་ཀྱང་མང་དུ་གནང་། རྗེ་རས་ཆེན་ཞིང་བརྗེས་པའི་མཆོད་འབུལ་དགོངས་རྫོགས་རྒྱས་པར་མཛད། བདེ་ཆེན་གྱི་གདན་ས་བཟུང་ནས། འཆད་ཉན་སྒོམས་སྒྲུབ་སྤེལ་གྱིན་མཛད། ཀོར་བ་ལ་ཐེགས་པས། ཆུ་ལ་བྱིངས་ཀྱང་སྐུ་ནོངས་པར་མ་གྱུར་པའི་རྟགས་མཚན་དང་། དྲི་མ་དང་སྲིན་བུའི་རྒྱུན་ཆད། ཚུལ་ཁྲིམས་ཀྱི་དྲི་བསུང་ཀུན་ཏུ་ཁྱབ་པར་སློབ་མ་ཡང་མང་དུ་འདུས། འཁྲིད་གནང་ཚད་བཤད་ཡམ་སྤངས་ཏེ་ཕུར་ཚུགས་སུ་མཛད་པས་སློབ་མ་ལ་འཁྲིད་མི་ཐེབ་པ་མི་ཡོང་ ཁོ་བོ་མྱུར་དུ་འགྲོ་གསུངས། ཟླ་མཚམས་ནས་སྙུང་བའི་ཚུལ་བསྟན། དགུང་ལོ་བརྒྱད་ཅུ་གྱ་བརྒྱད་པ་སྟག་ལོ་ཟླ་བ་བཅུ་གཅིག་པའི་ཉེར་ལྔ་ལ་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་ནས། སྦུར་སྦྱངས་པའི་དུས་འཇའ་ཚོན་མེ་ཏོག་གི་ཆར་ངོ་མཚར་བའི་ལྟས་དུ་མ་དང་བཅས་སོ།།
Sangyé Pelsang
མཉམ་མེད་སངས་རྒྱས་དཔལ་བཟང་ནི། འཁྲུངས་ཡུལ་གཙང་གི་སྟག་ཚང་ཕུའི་ཚ་བུ། རུས་འབེ། ཡབ་དཔོན་རིས་བཟང་། ཡུམ་ཚེ་འབུམ་དཔལ། སྲས་གཅིག་འཁྲུངས་པ། མ་འཚོའི་བདུན་ཚོགས་ལ་རི་ཁྲོད་རས་ཆེན་གདན་དྲངས་པས་ནང་མཆོད་གནང་ནས་འདི་འཐུང་བུ་ཁྱད་པར་ཅན་ཅིག་ཡོང་གསུངས་ནས་ལུང་བསྟན། ཡུམ་གྱིས་ལོ་ཆེན་བྱང་རྩེ་མཇལ་དུ་བྱོན་བུས་ཕོངས་པ་ལགས་ཞུས་པས་ནུ་མ་སྟོན་གསུངས། ༢༥༥
ཞལ་གྱིས་འཇིབ་ཏེ་བུའི་ལུང་བསྟན། ཡུམ་གྱི་མནལ་ལམ་དུ་བུད་མེད་མང་པོས་བུམ་པ་ཐོགས་ཏེ་སྐུ་ཁྲུས་གསོལ། ལྷུམས་སུ་ཞུགས་མ་ཐག་ཡུམ་བདེ་བའི་ཉམས་དང་ལྡན་པར་གྱུར། ཟླ་བ་རྫོགས་པ་དང་སྐུ་བལྟམས། ཆུང་ངུ་ནས་ཏིང་ངེ་འཛིན་ལ། མཉམ་པར་འཇོགས་པ་དང་། འཁྲིད་ཡིག་ནས་ཆོས་འཆད་པའི་ཚུལ་མཛད། རྡོ་རྗེ་དྲིལ་བུ་བཟུང་བའི་ཚུལ་དང་། རི་བོང་སོགས་ཕྱག་གིས་བཟུང་ཡང་མི་འབྲོས་བར་སླར་གཞན་གྱིས། བཟུང་དོགས་ནས་འབྲོས་སུ་འཇུག་པ་སོགས་དང་། ཀློག་ཡིག་ཚེགས་མེད་དུ་མཁྱེན་པས། ཆོས་ལ་ཐུགས་འདུན་སྐྱེས་ནས། ཡབ་ཡུམ་ལ་ཞུས་ནས་ཡི་གེ་མང་པོ་བྲིས་པ་དང་། ཡབ་ཀྱིས་བཀག་པས་མ་ཁོགས་པར། ཤངས་དཀར་པས་སློབ་དཔོན་མཛད་དེ་བསྙེན་པར་རྫོགས། ལོ་བཅུ་གཉིས་ཙམ་ཤངས་དཀར་བ་འབྲལ་མེད་དུ་བསྟེན་ནས། ཤངས་པའི་ཆོས་སྐོར་ཁྲིད་ཆ་ལག་དང་བཅས་པ་ཐམས་ཅད་ཞུས་སོ། །རྩེ་གཅིག་ཏུ་བསྒོམས་པས། བདེ་དྲོད་རབ་འབར་སྒྱུ་ལུས་རྨི་ལམ་འོད་གསལ་གྱི་ཉམས་རྟོགས་ཕུལ་ཕྱིན་ཏུ་འཁྲུངས། རྨི་ལམ་སྤྲུལ་བསྒྱུར་གྱིས་བདེ་བ་ཅན་གྱི་ཞིང་གཟིགས་པ་སོགས་ཡོན་ཏན་དཔག་ཏུ་མེད་པ་མངའ། ཡུམ་སྲས་གཉིས་རང་ཡིན་པས། ཡབ་གཤེགས་རྗེས། ཨ་ཁུས་སྤྱད་དངོས་འཕྲོག་པ་ཡང་། བཟོད་པའི་གོ་ཆས་ཁྲོ་བ་སྤངས་ཏེ། ཤངས་དཀར་བའི་འཕྲལ་གྱི་ཕྱག་གཡོན་མཆོད་གཡོག་སོགས་མོས་གུས་ངང་ཞབས་ཏོག་གིས་མཉེས་པར་མཛད། གྲུབ་ཆེན་སངས་རྒྱས་དར་ལ་ཡང་ཤངས་ཆོས་ཡོངས་རྫོགས་ཅིག་གསན། རྗེ་ཤངས་དཀར་བ་ཞིང་བརྗེས། མཆོད་འབུལ་གསོལ་འདེབས་རྩེ་གཅིག་ཏུ་སྒྲུབས། སྐུག་ལུང་གི་གཙུག་ལང་ཁང་གོགས་ཤིང་ཅུང་ཟད་ཉམས་འདུག་པ་ཐུགས་སྐྱོ་སྟེ་ཞིག་གསོས་ཞབས་ཏོག་རྒྱས་པར་མཛད། ༢༥༦
བདེ་མཆོག་གི་དབང་གནང་བས་བདེ་མཆོག་དངོས་སུ་མཐོང་བ་བྱུང་། ཕག་མོའི་དབང་གནང་བས། ནང་མཆོད་ཀྱི་སྟེང་ས་ནས་རྗེ་བཙུན་མ་དངོས་སུ་བྱོན། དབང་རྣམས་མཛད་ཚེ་སྒྲ་སྙན་པ་ཐམས་ཅད་ཀྱིས་ཐོས་པ་སོགས་ཡ་མཚན་དང་ལྡན་ཞིང་། མཁས་བཙུན་བཟང་པོའི་མཐར་ཐུག །སློབ་མ་ཡང་མང་དུ་བྱུང་བ་སྨིན་གྲོལ་ལ་བཀོད། སྐུག་ལུང་དབུ་རྩེའི་རྫ་ཐོག་སོགས་དགོངས་གཏད་ཐམས་ཅད་འགྲུབ་པའི་མཐར། སྙུངས་ཚུལ་ཆེར་མེད་ཀྱང་། བདག་ཤར་ཕྱོགས་མངོན་པར་དགའ་བར་འགྲོ་བས་དེར་གསོལ་བ་ཐོབ་གསུངས་ནས། དགུང་ལོ་དྲུག་ཅུ་རེ་བརྒྱད་པ་ལ་སྤྲུལ་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ། ཞག་ལྔ་ན་དབུ་གཙུག་ནས་བྱང་སེམས་ལུད་པ་སོགས་ངོ་མཚར་བའི་ལྟས་དུ་མ་བྱུང་པར་གདའ་འོ།།
Namkha Gyeltsen
གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ནི། སྐུའི་སྐྱེ་བ་དུ་མར་བཤེས་གཉེན་དམ་པས་རྗེས་སུ་བཟུང་བའི་སྐྱེས་བུ་དམ་པ་ཤ་སྟག་ཏུ་གྱུར་པ་ཞིག་སྐུ་ཚེ་འདིར་སྐྱེ་བ་བཞེས་ཚུལ་ནི། མི་ཤངས་དགོན་གསར་དུ། ཡབ་རིན་ཆེན་བསོད་ནམས། ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་ཤིང་མོ་བྱའི་ལོ་ལ་འཁྲུངས། ཆུང་ངུ་ནས་ཡིག་དྲུག་ལ་ཞལ་འདོན། བྱམས་སྙིང་རྗེ་རང་ཤུགས་ཀྱི་སྐྱེ་བ། གནས་ལུགས་ཀྱི་དོན་ཞི་ལྷག་གི་ཏིང་ངེ་འཛིན་འཁྲུངས། དགུང་ལོ་བརྒྱད་པའི་སྟེང་དུ། བླ་མ་རིན་ཆེན་ཚུལ་ཁྲིམས་པའི་དྲུང་དུ་རབ་ཏུ་བྱུང་། དགུང་ལོ་བཅུ་གཉིས་ལ་བརྟག་གཉིས་ལ་བཤད་པ་གནང་། དགུང་ལོ་བཅོ་བརྒྱད་ལ་ནུབ་ཆོས་ལུང་དུ་འཁོན་རིན་ཆེན་རྒྱལ་དབང་གྲགས་པ་དང་། དད་པའི་དགེ་སློང་ཁ་སྐོང་དང་བཅས་པའི་དྲུང་དུ་བསྙེན་པར་རྫོགས། མཚན་ནམ་མཁའ་རྒྱལ་མཚན་དུ་གསོལ། ༢༥༧
དྲན་ཤེས་བག་ཡོད་ཀྱི་ངང་ནས་མདོ་སྔགས་ཀུན་ལ་ཐོས་བསམ་སྒོམ་སྒྲུབ་ལ་ནན་ཏན་གྱི་ཐུགས་རྟོགས་བསྐྱེད་ནས། མཉམ་མེད་སངས་རྒྱས་དཔལ་བཟང་། བུ་སྟོན་ཐམས་ཅད་མཁྱེན་པ། པཎྜི་ཏ་ནགས་རིན། ལོ་ཙཱ་བ་ནམ་མཁའ་གྲགས། སྟག་རྩེ་རྒྱལ་མཚན་དཔལ་བཟང་སོགས་མཁས་གྲུབ་ཀྱི་བླ་མ་དམ་པ་རྣམས་ཀྱི་ཞབས་རྡུལ་སྤྱི་བོས་བླངས། ལོངས་སྤྱོད་མོས་གུས་སྒྲུབ་པའི་སྒོ་ནས་བླ་མ་ཐམས་ཅད་མཉེས་པར་མཛད། ཁྱད་པར་དཔལ་ལྡན་ཤངས་པའི་ཆིག་བརྒྱུད་ཀྱི་གདམས་པ་ཐམས་ཅད་རྫོགས་པར་ཐོབ་སྟེ། མཁས་གྲུབ་ཀྱི་རྟགས་མཚན་མངོན་དུ་གྱུར། དུར་འཁོར། རྟ་མགྲིན། སྤྱན་རས་གཟིགས། ཕག་མོ་ལ་སོགས་པའི་ཡི་དམ་མང་པོའི་ཞལ་གཟིགས། མནལ་ལམ་དུ་དག་པའི་ཞིང་དུ་མར་བྱོན་པ། མཁའ་འགྲོ་ཆོས་སྐྱོང་བྲན་བཞིན་འདུ་བ། མི་དང་མི་མ་ཡིན་པ་མང་པོ་བྱམས་སྙིང་རྗེས་འདུལ་བར་མཛད་པ། ཆོས་རྗེ་སངས་རྒྱས་དཔལ་བཟང་གིས་སྐུག་ལུང་གི་ཞིག་གསོས་གནང་བ་སོགས་ཀྱི་ཕྱག་གཡོག་ཞབས་ཏོག་སྒྲུབས་ཏེ། ནུབ་ཆོས་ལུང་། བྱང་ཆེན། ཁུ་ལུང་། བློ་མའི་ས་སྙུག་སོགས་སུ་སྒྲུབས་པ་དང་གཞན་དོན་ཟུང་དུ་སྤྲེལ་ནས། གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད། ངེས་མེད་བྱ་བཏང་ལ་ཐུགས་རྩེ་གཏད་ཀྱང་། སྟག་ལྷུན་འགྲུབ་ལ་རེ་ཞིག་བཞུགས་དགོས་པ་བྱུང་ནས། ཆོས་འཁོར་རྒྱ་ཆེར་བསྐོར་ནས། དགུང་ལོ་དྲུག་ཅུ་རེ་གསུམ་པའི་མེ་མོ་ཕག་གི་ལོ་ལ་གླང་རིའི་གདན་ས་མཛད། གཙུག་ལག་ཁང་རྟེན་བཞེངས་སོགས་རྒྱས་པར་མཛད་ཅིང་། མཐར་དབེན་པ་ལ་ཞུགས་དགོས་པའི་དགོངས་པ་གཏད། གདན་ས་བ་བསྐོས་ནས། རི་ཁྲོད་རབ་བརྟན་ཆོས་ལུང་དུ་མཛད། ཚེ་བློས་བཏང་ནུས་པའི་འཁོར་ཚོགས་དང་། ཕྱོགས་ཀྱི་བླ་མ་ཆེ་ཕྲ་བཀའ་རབ་འབྱམས་རྣམས་དང་། ༢༥༨
ཆོས་རྒྱལ་རབ་བརྟན་ཀུན་བཟང་སོགས་མི་ཆེན་དུ་མས་ཞབས་ནས་འདེགས་པ་སོགས་སྙན་པའི་གྲགས་པས་ཁྱབ་ཅིང་། སྐུ་སྙུང་བའི་ཚུལ་མེད་པར་སྐུ་ཤེད་ཅུང་ཟད་བྲི་ཞིང་ཞན་དུ་ཉེ་བ་ན། ཚེས་བཅུའི་ཉིན་མཇལ་འདོད་པ་རྣམས་ཀྱང་དྲུང་ནས་འཁོད། ཆོས་སྐུ་དེ་བཞིན་ཉིད་ཀྱི་འཕོ་བ་བྱེད་གསུངས་ནས། མཉམ་པར་བཞག་པའི་ངང་ནས་ཚེ་བཅུ་གཅིག་གི་ཉིན་ངོ་མཚར་བའི་ལྟས་དང་བཅས་ཞིང་གཞན་དུ་གཤེགས་སོ།།
Lekpa Gyeltsen
༈ ཕ་བླ་མ་རྒྱ་སྒོམ་ལེགས་པ་རྒྱལ་མཚན་ནི། འཁྲུངས་ཡུལ་ཤངས་མཁས་གྲུབ་ཁྱུང་པོའི་གནས་དང་ཉེ་བའི་ལ་རྒྱབ། ཡབ་དབོན་པོ་བཀྲ་ཤིས་མགོན། ཡུལ་བདེ་ལེགས་བུ་འདྲེན། གདུང་རུས་ལྡོང་། འབྲུག་ལོ་ལ་སྐུ་བལྟམས། མཚན་ཛམ་བྷ་ལར་བཏགས། སྐུ་ན་གཞོན་པའི་སྐབས་ནས་འབྲི་ཀློག་སྨན་དཔྱད་སོགས་དཀའ་ཚེགས་མེད་པར་མཁྱེན། ཁུ་བོའི་དྲུང་དུ་བཀའ་ཆོས་མང་དུ་གསན།དེ་ནས་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ལ་དབུ་སྐྲ་བཅད། མཚན་ལེགས་པ་རྒྱལ་མཚན་དུ་བཏགས། རྗེ་ཉིད་ལ་དཔལ་ལྡན་ཤངས་པའི་ཆོས་སྐོར་མ་ལུས་པ་གསན། ཐོག་མར་རྒྱུད་སྡེ་ལྔའི་དབང་གི་གསང་མཚན་མི་བསྐྱོད་རྡོ་རྗེ་བཏགས། དུས་འཁོར་གྱི་ཆོས་སྐོར་མཐའ་དག་གསན། ཆོས་རྗེ་སེང་གེ་བཟང་པོ་ལ་བཀའ་གདམས་ཀྱི་ཆོས་སྐོར་བ་བོང་བ་རྡོ་རྗེ་རྒྱལ་མཚན་ལའང་ཤངས་ཆོས་ཡོངས་རྫོགས། ནཻ་གུ་བསམ་སྡིངས་ལུགས་ཆ་ཚངས། ཕག་མོ་གཞུང་དྲུག་རྣམས་ཞུས། མདོར་ན་ནཻ་གུའི་ཆོས་སྐོར་འཇག་བསམ་གཉིས་ལས་འཇག་ལུགས་ལ་གདན་ས་བརྒྱུད་པ་དང་། སློབ་མ་བརྒྱུད་པའི་གདན་བརྒྱུད་མཁས་བཙུན་རྒྱལ་མཚན་འབུམ་ནས། བྱམས་པ་དཔལ། བློ་གྲོས་ཀུན་དགའ་དཔལ། ནཻ་དཔལ་དེ་གདན་ས་བརྒྱུད་མ་ཆད་པ་རྣམས་དང་། ༢༥༩
སློབ་བརྒྱུད་ལ་འཇག་པ་གོང་འོག གོང་མ་མ་མུས་ཆེན་རྒྱལ་མཚན་དཔལ་བཟང་། གྲུབ་ཆེན་རྡོ་རྗེ་གཞོན་ནུ། གྲུབ་ཆེན་ནམ་མཁའི་རྡོ་རྗེ། རོང་སྟོན་ཤེས་བྱ་ཀུན་རིགས་ནས་བརྒྱུད་པ་འབྲུལ་ཞིག་ཆོས་འབྱོར་ལེགས་པས་གསན། བླ་མ་འདི་ལ་ཇོ་ཞལ་ཁའི་སྦྱོར་དྲུག་ཞུས། འཇག་པ་འོག་མ་ཁྱུང་པོ་ཚུལ་ཁྲིམས་མགོན་ནས་བརྒྱུད་པ་རང་རེའི་བརྒྱུད་པ་འདི་བཞིན། གནས་རྙིང་པ་ཨ་ཡི་སེང་གེ་ནས་བརྒྱུད་པ་ནི། གསེར་གླིང་པ་བཀྲ་ཤིས་དཔལ། ཁམས་པ་རྡོ་རྗེ་དཔལ། སྐུག་ལུང་པ་ཆོས་གྲགས་ལས་མཉམ་མེད་སངས་རྒྱས་དཔལ་གྱིས་གསན་པ་དང་། སྤྲུལ་སྐུ་རིན་ཆེན་བློ་གྲོས་ལ་རྨོག་ཅོག་པ་ཕྱི་མ་ཀུན་འོད། དགེ་འདུན་བློ་བཟང་པ། ཤེར་སྒོམ་སངས་རྒྱས་དར། དེ་ལ་སངས་རྒྱས་དཔལ་གྱིས་གསན། ཡང་མཁས་གྲུབ་གཞོན་ནུ་གྲུབ། ཀུན་མཁྱེན་རིག་པའི་རྡོ་རྗེ། བྱ་བཏང་ཆུའི་རྣལ་འབྱོར། གཞུ་སྟོན་ཚུལ་ཁྲིམས་མགོན་པོ། རྩ་གསུམ་ཆོས་གྲགས་པ་ལ། སངས་རྒྱས་དཔལ་གྱིས་གསན་པ་རྣམས། ཆོས་སྐུ་རིན་ཆེན་ནས་བརྒྱུད་པ། ཀུན་བཟང་ངག་དབང་བློ་གྲོས་པའི་སྤྱན་སྔར་ཞུས། མཁས་གྲུབ་སངས་རྒྱས་རྡོ་རྗེ། བྲག་ནག་པ་ནམ་མཁའ་རྒྱལ་མཚན་ནས་བརྒྱུད་པ། བྲག་ནག་པ་སྟོབས་ལྡན་རྒྱལ་མཚན་ལ་ཞུས། ཤངས་ཟུར་ཁང་པ་བསོད་ནམས་བཟང་པོ། བ་བོང་པ་དཀོན་མཆོག་ལེགས་པ་ནས་བརྒྱུད་པ། བ་བོང་པ་རྡོ་རྗེ་རྒྱལ་མཚན་ལ་བརྒྱུད་པ་སོགས་ཏེ། ནཻ་གུ་ལུགས་སྲོལ་བཅུ་གཉིས་གཅིག་ཏུ་སྒྲིལ་བའི་གདམས་པའི་མངའ་བདག་ཏུ་གྱུར་ཏོ། །ཆོས་ལུང་མཁན་པོ་སངས་རྒྱས་དཔལ་བཟང་མཁན་པོར་གསོལ། དད་པའི་དགེ་འདུན་གྱི་དབུས་སུ་བསྙེན་པར་རྫོགས། ཤངས་ཀྱི་རི་ཁྲོད་ངེས་མེད་དུ་སྒྲུབ་པ་མཛད། སྒྱུ་ལུས་རྨི་ལམ་འོད་གསལ་གྱི་ཉམས་རྟོགས་མཐར་ཕྱིན་ཀྱང་སྦས་པའི་རྣལ་འབྱོར་མཛད། ༢༦༠
ཕྱིས་རི་ཁྲོད་ཆོས་སྐོར་རབ་བརྟན་ཆོས་ལུང་གི་གདན་ས་མཛད། རྐུན་མ་ཤར་བ་མགོན་གཡག་གིས་ཕྱིར་བཟློག །སྒྱུ་ལུས་དབང་མོ་ཆེ་ཞིག་གནང་སྐབས། ནང་མཆོད་ཟད་མི་ཤེས་པ་བྱུང་། སྤྲུལ་བསྒྱུར་ཡང་ནུས། སྐུ་ཚེའི་སྨད་དུ་རྗེ་བཙུན་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའི་སྡེ་ཞེས་བྱ་བར་ཆོས་ཀྱི་བདག་པོར་གཏད་པའི་ཤངས་ཆོས་ཡོངས་སུ་རྫོགས་པར་མཛད་དེ། ཞི་བར་གཤེགས་སོ། །གདུང་རུས་ལ་རིང་བསྲེལ་བྱོན་པའི་དུམ་བུ་ད་ལྟ་ཆོས་ལུང་བྱང་རྩེ་ན་བཞུགས་སོ།།
Künga Drölchok
༈ གྲུབ་པའི་དབང་ཕྱུག་དཔལ་ལྡན་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའི་སྡེ་ཞེས་པ་དེ་ཉིད། འཁྲུངས་ཡུལ་ནི་མངའ་རིས་སྨོན་ཐང་རྒྱལ་པོའི་ཁབ། འོད་གསལ་ལྷའི་རིགས། ཡབ་དགུང་ལོ་ལྔ་བཅུ་རྩ་དྲུག ཡུམ་དགུང་ལོ་ཉི་ཤུ་བཞེས་པའི། མེ་མོ་ཡོས་ཀྱི་ལོ་ས་ག་ཟླའི་ཚེས་བཅོ་ལྔ་ལ་སྐུ་བལྟམས་སོ། །དེ་སྐབས་སྒྲོལ་མ་འབུམ་ཐེར་བཙུགས་སྐབས་ཡིན་པས། རྗེ་བཙུན་སྒྲོལ་མའི་ཐུགས་རྗེར་དགོངས་ཏེ་མཚན་སྒྲོལ་མ་འབུམ་དུ་གསོལ། དེ་ནས་སྐུ་ཆུང་ཛའི་དུས་སྙུང་བ་མང་དུ་ཡོད་པ་ཞིག་ཡོད་པ་དང་། ཡབ་ཡུམ་སངས་རྒྱས་བསྟན་པར་སྲི་ཞུ་ཁོ་ན་མཛད་པའི་སྐབས་ནས། བླ་མ་དམ་པ་ཀུན་དགའ་མཆོག་གྲུབ་ཀྱི་དྲུང་དུ། ལོ་ངོ་བཞི་པའི་ཐོག་ཏུ་བསྟན་པའི་སྒོར་ཞུགས། དགེ་བསྙེན་གྱི་སྡོམ་པ་ལེན་པར་མཛད། དེ་ནས་ལོ་བརྒྱད་ཀྱི་བར་དུ་ཡབ་ཀྱི་དྲུང་དུ། ཀློག་ཡིག་སོགས་ལ་སྦྱངས། དགུང་ལོ་བཅུ་གསུམ་པ་ལ་བླ་མ་ཀུན་དགའ་མཆོག་གྲུབ་ལ་རབ་ཏུ་བྱུང་ཞིང་། མདོ་སྔགས་ཀྱི་ཆོས་མང་དུ་གསན། དེ་ནས་དབུས་གཙང་དུ་ཐུགས་གཉེར་ལ་ཕེབས། ལམ་དུ་ས་སྐྱ་མཇལ་བས་སྒོ་རུས་རྡོ་རྗེ་ནག་པོ་ཆེན་པོ་ལན་གསུམ་དུ་ཞལ་གཟིགས་སྣང་མི་འདྲ་བ་རེ་རེ་བྱུང་། ༢༦༡
ཁའུ་བྲག་རྫོང་དུ་ཆོས་རྗེ་ཀུན་སྤང་ཆོས་ཀྱི་ཉི་མའི་དྲུང་དུ། དཔལ་མགོན་གྱི་རྗེས་གནང་གསན་པས། ཆོས་སྐྱོང་གི་སྐུའི་རྣམ་པ་གསལ་ཆ་ཆེར་བྱུང་།
ཆོས་གྲྭ་ཆེན་པོ་གསེར་མདོག་ཅན་ཏུ། མདོའི་ཐུགས་གཉེར་སྐབས། པཎྜི་ཏ་དོན་ཡོད་གྲུབ་པ་ལ་མདོ་སྔགས་ཀྱི་ཆོས་མང་དུ་གསན། ཁྱད་པར་རྒྱུད་སྡེ་ལྔ་དང་། བདེ་མཆོག་ལྷ་ལྔའི་དབང་ཞུས། སླར་མངའ་རིས་སུ་ཕེབས། དགུང་ལོ་ཉི་ཤུ་པ་ལ། ཐམས་ཅད་མཁྱེན་པ་བསོད་ནམས་ལྷུན་གྲུབ་ལེགས་པའི་རྒྱལ་མཚན་མཁན་པོ་མཛད། ངོར་ཆེན་རྡོ་རྗེ་ལྷ་མཆོག་གིས་ལས་སློབ་མཛད། གཞན་ཡོངས་འཛིན་དམ་པའི་ལས་ཁ་སྐོང་དང་བཅས་བསྙེན་པར་རྫོགས། སློབ་དཔོན་རྣམས་ལ་གསུང་ངག་ལམ་འབྲས་སོགས་ཆོས་མང་དུ་གསན། བླ་མ་དཔལ་ལྡན་ཚུལ་ཁྲིམས་པ་ལ། འཇིགས་བྱེད་ཀྱི་ཆོས་སྐོར་རྣམས་ཞུས། ཡང་ཡེ་ཤེས་མཁའ་འགྲོ་ནཻ་གུ་མས་ཞལ་གཟིགས། ཆོས་དྲུག་ཕྱག་ཆེན་ལམ་ཁྱེར་འཆི་མེད་མཁའ་སྤྱོད་དཀར་དམར་མགོན་པོའི་བཀའ་སྣ་རྣམས་ཞུས། བདག་དང་ཡེ་ཤེས་མཁའ་འགྲོའི་བར་དུ་བརྒྱུད་པ་གཞན་མི་དགོས་གསུངས་སོ། ཁམས་སྟོན་བསོད་ནམས་རྒྱལ་མཚན་ལ་ནཻ་གུའི་ཆ་ལག་ཕྱག་ཆེན་རྣམས་མཐའ་རྒྱས་སུ་གསན། དྲག་སྟེང་རྡོ་རྗེ་རྫོང་དུ་རྣམ་སྲས་རྟ་བརྒྱད་ཞལ་གཟིགས། ཡང་མནལ་ལམ་དུ་གྲུབ་ཆེན་མི་དྲ་ཛོ་གི་དང་མཇལ་ཏེ་སྙིང་པོ་དོན་གསུམ་གྱི་འཁྲིད་གནོད་ཞིང་བྱིན་གྱིས་བརླབས། ཡང་མནལ་ལམ་སྣང་བར་བུད་མེད་དམར་མོ་གཉིས་ཀྱིས་དོ་ལིར་བཏེགས་ནས་སོ་ས་གླིང་གི་དུར་ཁྲོད་ཡིན་ཟེར་བ་ཞིག་ཏུ། ནཻ་གུ་མས་ཚོགས་དཔོན་མཛད་པའི་མཁའ་འགྲོ་མང་པོ་འདུས་པའི་ཚོགས་འཁོར་གྱི་གྲལ་དུ་ཚུད། ༢༦༢
ནཻ་གུ་མས་བྱིན་གྱིས་བརླབས་པའི་མཚན་མ་ཐོབ། སླར་བུད་མེད་གཉིས་ཀྱིས་གཟིམ་ཁང་དུ་བསྐྱལ་བའི་མོད་ལ་མནལ་སད། དཔལ་ཤ་བ་རིས་ཀྱང་བྱིན་གྱིས་བརླབས་ཤིང་དབང་བསྐུར་བའི་མཚན་མ་སོགས་དང་། དག་པའི་གཟིགས་སྣང་དང་ལྷ་དང་བླ་མའི་ཚོགས་ལས་ཟབ་ཆོས་དུ་མ་གསན།
དངོས་ཀྱི་བླ་མ་ཡང་གཙུག་རྒྱན་ནོར་བུ་འཇམ་དབྱངས་བསོད་ནམས་ལྷུན་གྲུབ། སངས་རྒྱས་རིན་ཆེན་སེང་གེ །ཀུན་དགའ་མཆོག་གྲུབ་སོགས། རིན་ཆེན་རྣམ་བཞི། དོན་ཡོད་མཚན་ཅན། དཔལ་ལྡན་ཚུལ་ཁྲིམས། ཡིག་དྲུག་ཤེས་དཔལ། ཁམས་སྟོན་བསོད་ནམས་རྒྱལ་མཆན། ཀརྨ་པ་དྲེ་བོ་ཆོས་རྒྱལ། དཔལ་ལྡན་འཁྲུག་པ་ངག་དབང་ཆོས་རྒྱལ། ལྕངས་ལུང་པ་གཞོན་ནུ་མཆོག་གྲུབ། སྟག་ལུང་པ་ཆེན་པོ་རྣམ་རྒྱལ་བཀྲ་ཤིས་སོགས་མཁས་གྲུབ་ཀྱི་བླ་མ་བཞི་བཅུ་ཙམ་བསྟེན། མདོ་སྔགས་ཀྱི་གཞུང་འགྲེལ་དབང་ཡེད་བྱིན་རླབས་པ་སོགས་མན་ངག་འབྱམས་ཀླས་པ་གསན། ཁྱད་པར་སྦས་པའི་རྣལ་འབྱོར་རྒྱ་སྒོམ་ལེགས་པ་རྒྱལ་མཚན་ལ། མགོན་པོའི་སྤྲུལ་པས་ཆོས་བདག་པོའི་ལག་ཏུ་སྤྲོད་གསུངས་ལུང་བསྟན་ལྟར། ནཻ་གུ་ལུགས་སྲོལ་བཅུ་གཉིས་ཀྱི་ཆོས་སྐོར་མ་ཚང་པ་མེད་པ་ཞལ་ཤེས་གནད་དང་བཅས་པ་བུམ་པ་གང་འབྱོའི་ཚུལ་གསན། བླ་མ་ཐམས་ཅད་རྒྱ་སྒོམ་པར་འདུས་ཤིང་ངེ་ཤེས་འཁྲུངས། མངོན་ཤེས་དང་གྲུབ་རྟགས་སྙན་པ་དང་གྲགས་པས་ཁྱབ། སྟག་ལུང་པ་ཆེན་པོ་ཀུན་དགའ་བཀྲ་ཤིས་སོགས་སྐྱེས་ཆེན་དུ་མ་དང་། གྲུབ་མཐའ་མཐའ་དག་གི་བླ་མ་མང་པོས་ཞབས་ལ་གཏུགས། དབུས་གཙང་ལ་སོགས་ཀྱི་སྡེ་དཔོན་ཆེ་བ་ཐམས་ཅད་ཀྱིས་མཆོད་པའི་ཞིང་དམ་པར་བྱུང་ཅིང་། གདུལ་བྱ་མཐའ་ཡས་པ་སྨིན་ཅིང་གྲོལ་བར་མཛད། ཐུབ་བསྟནགསེར་མདོག་ཅན།་ ༢༦༣
དཔལ་འཁོར་བདེ་ཆེན་གླིང་། རྩེ་ཆེན་ངམ་རིངས་སོགས་ཀྱི་སེང་གེའི་ཁྲིད་འཁོད་ཀྱང་། བྱ་བཏང་ཁོ་ནའི་ཚུལ་གྱིས་སྡེའི་ཞལ་འཛིན་ནི་ཆེར་མ་མཛད། སྐུ་ཆེའི་འཇུག་ཏུ་ཇོ་ནང་དང་། ཆོས་ལུང་གི་སྒྲུབ་སྡེ་ལ་གཙོ་བོར་མཛད་ཅིང་། །སློབ་མ་མཁས་པ་བཟང་བ་མང་དུ་བྱུང་མོད། གཙོ་བོ་རྡོ་རིང་པ་ཀུན་དགའ་རྒྱལ་མཚན། མཁས་པའི་དབང་པོ་བྱམས་པ་ལྷུན་གྲུབ། ཆོས་སྐུ་ལྷ་དབང་གྲགས་པ་རྣམས་ལ། ས་ཛོ། དྭགས་ཤངས་ཀྱི་ཆོས་སྐོར་མཐའ་ཡས་པའི་བཀའ་བབས་གཏད་དེ། གཟུགས་སྐུ་ཆོས་དབྱིངས་སུ་བསྡུས། སྐུ་གདུང་རིང་སྲེལ་གྱི་སྙིང་པོ་ཆོས་ལུང་བྱང་ཆུབ་རྩེ་མོར་བཞུགས་སོ།།
Chöku Lhawang Drakpa
༈ བྲག་སྟོད་པ་ལྷ་དབང་གྲགས་པ་ནི། འཁྲུང་ཡུལ་ལ་སྟོད། ཐོག་མར་སྟོད་འབྲུག་གི་བླ་མ་ལ། འཁྲུག་ལུགས་ཀྱི་ཆོས་སྐོར། རས་ཆུང་བའི་སྙན་རྒྱུད། རྙིང་མའི་ཆོས་སྐོར་རྣམས་གསན། ཕྱིས་རྗེ་བཙུན་གྲོལ་མཆོག་ལ་ཉེ་བར་བསྟེན་ནས། ཇོ་ནང་པའི་ཆོས་སྐོར། ས་སྐྱའི་ཆོས་སྐོར་སོགས་སྨིན་གྲོལ་མཐའ་ཡས་ཐུགས་རྒྱུད་ཕྱུག་པོར་མཛད། ཁྱད་པར་ཤངས་པའི་ཆོས་སྐོར་མ་ལུས་པ་བུམ་པ་གང་འབྱོར་མཁྱེན་ཞིང་ཐུགས་སུ་ཚུད་པར་མཛད། སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་ཉམས་རྟོགས་ཀྱི་ཀློང་རྡོལ། རྩ་རླུང་ལ་རང་དབང་ཐོབ། འཆི་མེད་རྡོ་རྗེའི་སྐུ་བརྙེས། དགུང་ལོ་བརྒྱ་དང་ཉི་ཤུ་ལྷག་པར་འཚོ་ཞིང་གཞེས། ས་དྭགས་ཇོ་ཤང་སེ་སོགས་ཀྱི་སྒོ་ནས་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད། ཁྱད་པར་དཔལ་ལྡན་ཤངས་པའི་གདམས་པ་མཐའ་དག རྗེ་བཙུན་ཐམས་ཅད་མཁྱེན་པར་ཆོས་བདག་པོའི་ཕྱག་ཏུ་སྤྲད་དེ། ཞིང་གཞན་དུ་གཤེགས་སོ། །སྐུ་རྗེས་རྣམས་རྗེ་བཙུན་ཆེན་པོས་ཐུགས་ཁུར་བཞེས། སྐུ་གདུང་རིང་བསྲེལ་གྱི་སྙིང་པོ་ཅན་རྣམས་བྲག་སྟོད་ན་གསེར་གདུང་བཀྲ་ཤིས་འོད་འབར་དུ་བཞུགས་ཏེ་འགྲོ་བའི་མཆོད་པའི་ཞིང་དུ་གྱུར་ཏོ།། ༢༦༤

༈ ཁམས་གསུམ་གྱི་བླ་མ། སྲིད་པ་གསུམ་གྱི་འདྲེན་མཆོག་དམ་པར་གྱུར་བ། རྗེ་བཙུན་ཐམས་ཅད་མཁྱེན་པ་ཀུན་དགའ་སྙིང་པོ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་འདི་ཉིད། སྐུ་སྐྱེ་བ་མང་པོའི་སྔོན་རོལ་ནས། ཕྱག་རྒྱ་ཝོ་པོ་མཆོག་གི་དངོས་གྲུབ་བརྙེས་ཀྱང་སྐྱེ་བ་མེད་ལ་སྐྱེ་བའི་ཚུལ་དུ། སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་འབར་བའི་གཙོ་བོ་ནས་དགའ་བྱེད་ས་སྐྱོང་གི་བར་དུ་སྐྱེ་བ་བཞེས་པའི་ཚུལ་ནི། འཁྲུངས་རབས་རྣམ་ཐར་ནས་ཤེས་པར་བྱས་ལ། འདིར་སྐུ་སྐྱེ་བ་འདི་ཉིད་ཀྱི་རྣམ་པར་བརྗོད་པ་ནི། སྐུ་བལྟམས་པའི་ཡུལ། བརྟན་མ་བཅུ་གཉིས་ཀྱི་ནང་ཚན་ཁ་རག་ཁྱུང་བཙུན་མ་གནས་པའི་ཕྱོགས། ཨུ་རྒྱན། གཉོས་ལོ། གྷ་ཡ་དྷ་ར་སོགས། སྐྱེས་མཆོག་དུ་མས་བསྟེན་པའི་གནས་དང་ཉེ་བའི། འགྲངས་ཕུ་ཞེས་དགེ་མཚན་དུ་མས་བརྒྱན་པའི་ཡུལ། གདུང་རུས་རྭ་ལོ་རྡོར་གྲགས་ལས་རིམ་གྱི་གྱེས་པའི་རྭ་ཤར་ནུབ་གཉིས་ལས་ཤར་བ། གྲུབ་ཐོབ་དབུས་སྨྱོན་པས་ལུང་བསྟན་བཞིན། ཡབ་རྣམ་རྒྱལ་ཕུན་ཚོགས། ཡུམ་རྡོ་རྗེ་བུ་དགའ་གཉིས་ཀྱི་སྲས་སུ། ཡུམ་ལ་མནལ་ལྟས་བཟང་པོ་དང་བཅས་ལྷུམས་སུ་ཞུགས་པའི་དུས་སུ། རྒྱལ་གྱི་ཟླ་བར་མེ་ཏོག་ཁ་འབུས་པ་དང་བཅས། ཤིང་མོ་ཕག་ཆུ་སྟོད་ཟླ་བའི་ཚེས་བརྒྱད་ལ་སྐུ་བལྟམས། མཚན་སྲིད་གཅོད་རྡོ་རྗེར་གསོལ། དགུང་ལོ་གཉིས་ཙམ་ལ་སྙུང་བ་ཤིན་ཏུ་ཐུ་བ་ཞིག་ལ། འཕགས་ཡུལ་གྱི་བླ་མ་དམ་པ་རྣམས་ཀྱི་སྤྲུལ་པ་ཨ་ཙ་ར་ལྔ་ཐལ་ཕྱུང་དུ་བྱུང་སྟེ་བྱིན་གྱིས་རླབས། སྙུང་བ་ལས་གྲོལ། སྐུ་ཆུང་ཇའི་དུས་ནས་ཡི་དམ་གྱི་ལྷས་ཞལ་གཟིགས་པ་དང་། ༢༦༥
མངོན་ཤེས་ཐོགས་མེད་མངའ་བ་སོགས་ནས་རྗེ་གྲོལ་མཆོག་གི་སྐུའི་སྐྱེ་བ་ཞིག་བལྟམས་སོ་ཞེས། སྔོན་གྱི་སྤྱིན་བདག་བུ་ཆེན་རྣམས་ཀྱིས་གསན་ཞིང་། ཁྱད་པར་མཁན་ཆེན་ལུང་རིག་རྒྱ་མཚོ་ལ་རྗེ་གོང་མའི་གནས་གཞི་རང་གནས་རི་བོའི་ཕུག་ཏུ་མཇལ། ཞེས་གསུངས་ཡོད་འདུག་པ་དང་། སྐབས་དེར་མནལ་ལྟས་བཟང་པོ་ལ་བརྟེན་ནས། སྐུ་སྐྱེས་ངོ་འཛིན་སྤྱན་འདྲེན་ལ་ཕེབས་དུས། སྔོན་གནས་མཁྱེན་པའི་གནས་ལ་ཡིད་ཆེས་རྙེད་དེ་སྤྱན་དྲངས། སྣ་དཀར་རྩེ། བྱང་མཁར་རྩེ་སོགས་རིམ་གྱི་བརྒྱུད་དེ། སྤྱིན་བདག་དང་དགོན་གནས་ཀྱི་སར་ཕེབས། སྐུ་ཆས་དང་སྙེན་ར་རྣམས་ལ་ངོ་འཛིན་ཡིད་ཆེས་ཀྱི་གནས་སུ་གྱུར། ཇོ་ནང་དུ་ཕེབས་མ་ཐག་རྡོའི་ཆོས་འབྱུང་རང་བྱོན་རྩར་གཅོད་མཛད་པས་རྗེ་དྲུང་ཀུན་དགའ་དཔལ་བཟང་པོ་དགའ་སྐྱོ་ཟུང་འབྲེལ་གྱི་ཉམས་སྐྱེས། །དེ་ནས་ཆོས་ལུང་བྱང་རྩེར་ཕེབས་ཏེ། ཀློག་ཡིག་སོགས་སྦྱངས་པའི་ཚུལ་བསྟན། རྗེ་རྡོ་རིང་པ་དང་། རྗེ་ལྷ་དབང་གྲགས་པ་གཉིས་ལ་ཟབ་ཆོས་དུ་མ་གསན་པའི་འགོ་བརྩམ། དེ་ནས་ལྷོ་སྟེན་ཁེབ་ཕྱོགས་དང་ཡར་འབྲོག་ཕྱོགས་སུ་བླ་མ་དམ་པ་རྣམས་ཆོས་ཇི་སྙེད་པ་གསན་པ་དང་ཉམས་སུ་བཞེས་པའི་ཚུལ་མཛད་པས། ཐུགས་མྱོང་བཟང་པོ་ཡང་འཁྲུངས། ཡར་འབྲོག་སྟག་ལུང་ཏུ་བཞུགས་པའི་སྐབས། རྣལ་འབྱོར་མའི་བྱིན་རླབས་ཞིག་གསན་པའི་ནུབ་མནལ་ལམ་དུ། གངས་ལ་ཞིག་བརྒལ་ཏེ་ཐེག་པས། ཨུ་རྒྱན་ཡིན་ཟེར་བའི་གནས་དུར་ཁྲོད་སྐྱི་གཡའ་བ་ཞིག་ཏུ་ཕུག་པ་ཞིག་ན་བུད་མེད་མང་པོ་ཚོགས་པའི་གཙོ་མོའི་ཕྱག་དབུ་ཐོག་ཏུ་བཞག་བྱིན་གྱིས་རླབས། དེ་དག་ཐམས་ཅད་ཀྱིས་དུས་གཅིག་ཏུ་བྱིན་གྱིས་བརླབས་པའི་སྣང་བ་བྱུང་བས་རྣལ་འབྱོར་མས་རྗེས་སུ་འཛིན་པར་ངེས་ཏེ། ཡི་དམ་གཙོ་བོར་བཟུང་། སླར་ཡང་ཆོས་ལུང་བྱང་ ༢༦༦
རྩེར་ཕེབས། སྟག་ལུང་བ་ཆེན་པོ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་སྦྱངས་པའི་མཁན་པོར་གསོལ། འཇམ་དབྱངས་ཀུན་དགའ་རྒྱལ་མཚན་གྱིས་སློབ་དཔོན། རྗེ་དྲུང་ཀུན་དགའ་དཔལ་བཟང་པོས་དུས་བསྒོ་བ་དང་བཅས། དགུང་ལོ་བརྒྱད་པ་སྣ་ཚོགས་ཞེས་བྱའི་ཁྲུམས་སྟོད་ཟླ་བའི་ཚེས་ལྔའི་ཉིན་རབ་ཏུ་བྱུང་བ་སྟེ་ངུར་སྨྲིག་རྒྱལ་མཚན་གྱིས་མཛེས་པར་མཛད། བླ་མ་དམ་པ་མཁན་སློབ་དེ་དག་ལ་མདོ་སྔགས་ཀྱི་ཆོས་མང་དུ་ཞུས། །བླ་མ་དམ་པ་རྣམས་བཀའ་བགྲོས་པའི་མཁས་མཆོག་བྱམས་པ་ལྷུན་གྲུབ་གནས་ཀྱི་སློབ་དཔོན་དུ་མངའ་གསོལ། མདོ་ཕྱོགས་ཀྱི་ཐུགས་གཉེར་བརྩོན་པར་མཛད་ཅིང་། ལུང་རིག་སྨྲ་བའི་ཁྱུ་མཆོག་ཆེན་པོར་གྱུར། གཞན་ཡང་རྗེ་སྟག་ལུང་བ་ཆེན་པོ། རྗེ་རྡོ་རིང་པ་ཆེན་པོ། མཁན་ཆེན་ལུང་རིགས་རྒྱ་མཚོ། བླ་མ་དམ་པ་བྱམས་པ་ལྷུན་གྲུབ་གྲུབ་པའི་དབང་ཕྱུག་ལྷ་དབང་གྲགས་པ། མཁས་གྲུབ་སངས་རྒྱས་ཡེ་ཤེས། རྡོ་རྗེ་འཛིན་པ་ཆེན་པོ་ཡེ་ཤེས་དབང་པོ་སོགས་ལ་རྒྱུད་སྡེ་བཞི་དང་འབྲེལ་བའི་ས་སྐྱ་པའི་ཆོས་སྐོར་ཡོངས་རྫོགས། དཔལ་ཇོ་མོ་ནང་བ་དང་། ཞ་ལུ་པ་གཉིས་ཀྱི་ཆོས་སྐོར། འབྲུག་པའི་རྒྱལ་དབང་བཀའ་འབུམ་སོགས་ཆོས་སྐོར་ཡོངས་སུ་རྫོགས་པ། ཀརྨ་ཀཾ་གཙང་གི་ཆོས་སྐོར། སྟག་ལུང་པའི་ཆོས་སྐོར་ཡོངས་རྫོགས།
༈ དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་སྨིན་གྲོལ་གདམས་པ་ལག་འཁྲིད་ཞལ་གདམས་དང་བཅས་པ་མ་ལུས་པ་གསན་ཞིང་། ཡི་དམ་ཆོས་སྐྱོང་གི་བསྙེན་སྒྲུབ་སོགས་ཀྱང་ནན་ཏན་གནང་བས་བསྐྱེད་རིམ་ལ་བརྟན་པ་ཐོབ། རྒྱུད་སྡེའི་གཞུང་བཤད་རྒྱ་ཆེན་པོ་ཐུགས་སུ་ཆུད། ཡི་དམ་ལྷའི་ཞལ་གཟིགས་མང་དུ་བྱུང་བ་སོགས་རྣལ་འབྱོར་མ་རྒྱུད་ཕྱོགས་ལ་གཙོ་བོར་ཐུགས་ཀྱི་བློ་གྲོས་རྒྱས་པར་བྱུང་བ་ན། ༢༦༧
བསྙེན་པར་མ་རྫོགས་ཕན་གྱི་མཛད་པའོ། །དེ་ནས་དགུང་ལོ་ཉི་ཤུར་ཉེ་བའི་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ལ་འདུལ་འཛིན་ཀུན་དགའ་རྒྱལ་མཚན་གྱིས་མཁན་པོ། མཁས་མཆོག་བྱམས་པ་ལྷུན་གྲུབ་པས་སློབ་དཔོན། དགེ་བཤེས་བློ་བཟང་པ་དང་། རྗེ་དྲུང་ཀུན་དགའ་སོགས་ཀྱིས་ཁ་སྐོང་ལ་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་ཡང་དག་པར་བཞེས། ཕྱི་ལྟར་ཉན་ཐོས་ཀྱི་སྤྱོད་པ། ནང་ལྟར་རྒྱལ་སྲས་རྡོ་རྗེ་འཛིན་པ་ཆེན་པོར་གྱུར་ཏེ། བསྟན་པའི་བདག་པོ་ཆེན་པོ་མཛད་ནས་བྱང་སྟག་ལུང་། ལྷོ་སྟེན་ཁེབས། སྣེ་སྔོ་པ་རྩེ། ཡར་རྒྱབ། ནུབ་ལ་སྟོད་བར་གྱི་སྡེ་དཔོན་ཆེ་ཕྲ། དགོན་གྲྭ་རིས། ཡུལ་མི་ཐམས་ཅད་ཆོས་ཀྱིས་གདུལ་བྱར་མ་གྱུར་པ་མེད་པ་ལྟ་བུ། སྦྱོར་དྲུག་གི་རྟགས་བཅུ་སོགས་བཤད་ཚོད་དང་མཐུན་པར་ཐུགས་ཉམས་སུ་འཁྲུངས། ནཻ་གུ་ཆོས་དྲུག་ཐུགས་ཉམས་སུ་བསྟར་བའི་དུས་རྨི་ལམ་ཟིན་འབྱོངས་ཡུལ་སྣང་གཏན་ལ་ཕེབས་པས། ལྐོག་འགྱུར་གྱི་དོན་ལ་མངའ་བརྙེས། མངོན་མཁྱེན་ལ་ཐོགས་པ་མེད། བསམ་སྡིངས་སུ་བཞུགས་པའི་སྐབས། ཀརྨ་པ་དབང་ཕྱུག་རྡོ་རྗེ་ཞྭ་དམར་སྤྲུལ་པའི་སྐུ་དང་བཅས་པ་ཞལ་འཛོམས་ལེགས་ཚོགས་ཀྱི་སྟེང་ནས་ཆོས་ཀྱི་གསུང་བགྲོས་ལས་འཕྲོས་ཏེ་དགྱེས་པ་ཆེན་པོར་གྱུར། དབང་ཕྱུག་རྡོ་རྗེ་ཞིང་གཞན་དུ་གཤེགས་པའི་མཚན་མ་དགོངས་ཏེ། རྗེ་བཙུན་ཆེན་པོ་འདི་ཉིད་ལ་བསྟན་པའི་བདག་པོར་མངའ་གསོལ་གྱི་བརྟན་བཞུགས་གསུང་བརྩོམ་དང་བཅས་འབུལ་བར་གནང་། དཔལ་ལྡན་ས་སྐྱའི་གདུང་བརྒྱུད་བདག་ཆེན་བསོད་ནམས་དབང་པོ་དེ་ཉིད་དགྱེས་པ་ཆེན་པོས་རྟེན་གསུམ་ནང་མཇལ་མང་པོའི་གཟིགས་འབེབས་དང་། ༢༦༨
ས་སྐྱ་བའི་གདུང་བརྒྱུད་ལ་དགོངས་ཏེ་ཆོས་འབྲེལ་ཞུ་བ་གནང་དུས་བདག་ཆེན་ཉིད་ཀྱིས་ས་སྐྱའི་བསྟན་པའི་བདག་པོར་མངའ་གསོལ་ལྟ་བུར་མཛད། འོན་ཀྱང་སྡེ་སྲིད་ནས་དབུ་བླའི་གཙོ་བོར་མ་ཁུར་བས་ཕྱིས་ཅུང་ཟད་མི་དགྱེས་པའི་ཚུལ་བསྟན། རྒྱ་གར་གྱི་པཎྜི་ཏ་པུ་རྣ་བཛྲ་དང་། བཞི་གུབྷ་ནཱ་ཐ་ལ་སོགས་པ་མཁས་ཤིང་གྲུབ་པ་བརྙེས་པ་དག་ལ། རྡོ་རྗེ་ཐེག་པའི་གཞུང་འགྲེལ་མན་ངག་བོད་ཀྱི་བསྲེ་ལྷད་མ་ཞུགས་པ་མང་དུ་གསན་ཅིང་། རྒྱ་གར་ཡུལ་སོ་སོའི་འཕྲལ་སྐད་དང་། ལེགས་སྦྱར་གྱི་སྐད་སོགས་རང་མཁྱེན་དུ་ཡོད་ཅིང་། སྒྲ་ལ་མཁྱེན་པ་མཛད་པ་མཐར་ཕྱིན་པས་ལོ་ཙཱ་གཞན་ལ་མ་ལྟོས་པའི་འགྱུར་བྱང་ཡང་ལེགས་པར་ཞུས་ཤིང་དག་པ་སོགས་དང་། གཞན་ཡང་ཞི་བྱེད་གཅོད་ཡུལ་པ། རི་བོ་དགའ་ལྡན་པའི་ཆོས་སྐོར། རྗེ་ཙོང་ཁ་པ་སོགས་དང་། མདོར་ན་རྒྱ་བོད་དུ་འགྱུར་རོ་ཅོག་གི་གཞུང་དང་མན་ངག་དང་། བོད་ཀྱི་བླ་མ་མཐའ་དག་གི་གསུང་ཕྱོགས་རིས་སུ་མ་བཅད་པ་དག་གསན་ཅིང་། སློབ་དཔོན་པདྨ་ལ་དངོས་སུ་ཆོས་གསན་པ་དང་བྱིན་གྱིས་བརླབས་པའི་མཝོ་མ་ཐོབ་པ་དང་། དགུང་ལོ་ཉེར་དགུ་པའི་སྟེང་། ཇོ་ནང་སྐུ་འབུམ་རྡོ་རྗེ་གདན་དུ་བཞུགས་དུས། ཀུན་མཁྱེན་དུས་གསུམ་སངས་རྒྱས་དང་མཇལ། ངེས་དོན་བསྟན་པའི་བདག་པོ་མངའ་གསོལ། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་སྐུའི་རྣམ་པ་ཅན་ཡང་གཟིགས་ཤིང་། མཐར་ཐུག་གི་དོན་གཞན་སྟོང་དབུ་མའི་ལྟ་བ་ལ་ངེས་པའི་ཤེས་པ་ཁྱད་པར་ཅན་དང་། ཆོས་ཐམས་ཅད་ཀྱི་གནས་ལུགས་དེར་འདུས་པའི་ཐག་ཆོད་པའི་རྟོགས་པ་ཁྱད་པར་ཅན་ཐུགས་ལ་འཁྲུངས། སྤྱིར་སྐུ་སྐྱེས་སྔ་རིམ་གྱི་རྟེན་འབྲེལ་ལ། བཾ་རོངས་པའི་དུས་དྭགས་པོ་པའི་སློབ་མར་གྱུར་པས། དྭགས་པོ་བཀའ་བརྒྱུད་ཀྱི་ཆོས་ལ་མངའ་བརྙེས་པ་ ༢༦༩
དང་། ཨ་ཝ་དྷ་སྩི་ཞབྲུངས་པའི་དབུ་ཐོད་བདེ་མཆོག་རང་བྱོན་ཡོད་པ་ས་སྐྱའི་སྐུ་འདྲ་མཛེ་སོ་ཐོད་མའི་ནང་ལ་བཞུགས་པས། ས་སྐྱའི་ཆོས་ལ་འགྲོ་ཕན་ཆེ། འཇམ་དབྱངས་ཆོས་རྗེར་འཁྲུངས་དུས་ཙོང་ཁ་པའི་ཐུགས་སྲས་སུ་གྱུར་བས། དགེ་ལུགས་ལ་མཁྱེན་པ་རྒྱས། རྗེ་གྲོལ་མཆོག་དུས། ཤངས་པའི་བསྟན་པའི་བདག་པོར་གྱུར་པས་སྦྱངས་པ་འགྲོ་དོན་འཕྲིན་ལས་ཆེ་བ་སོགས། བསྟན་པ་སྤྱིའི་བདག་པོར་གྱུར་པས། འཕགས་ཡུལ་དུའང་སྙན་གྲགས་ཀྱི་ཁྱབ་པས། རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱལ་པོ་བྷ་རེ་ཞེས་པས། སྙན་ཚིག་ཟ་འོག་གོས་ཀྱི་ཞུ་ཤོག་གི་རྟེན་དང་བཅས་པ་འབུལ་བ་སོགས་འཛམ་གླིང་ཀུན་ཏུ་གྲགས་སོ། །འོན་ཀྱང་ཀུན་མཁྱེན་ཆེན་པོས་ལུང་བསྟན་ལ་བརྟེན་ནས། དཔལ་ཇོ་མོ་ནང་པའི་ལུགས་སྲོལ་ལ་གཙོ་བོར་གྱུར་པའི་སྐྱེ་འགྲོའི་བསོད་ནམས་ཀྱི་ཞིང་ས་ཆོས་རྗེ་ཆེན་པོ་ཞིག་གནང་བར་བརྩམས་ཏེ། ལྷ་སར་ཇོ་བོ་ཆེན་པོ་ལ་མཆོད་འབུལ་དང་སྨོན་ལམ་འདེབས་པ་གནང་བས། རྟེན་འབྲེལ་གྱི་ལེགས་ཚོགས་དུ་མ་བྱུང་བ་ནས། ཆོས་སྡེའི་ས་ཡུལ་གང་དུ་གདབ་དགོངས་པ་གཏད་པའི་ཚེ། རྟག་བརྟན་གྱི་ས་ཡུལ་འདིའི་སྟེང་གི་ནམ་མཁའ་ལ། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་དང་། ཨུ་ཙ་ལའི་ཐད་དུ་མཧཱ་ཀཱ་ཡ་ལྕམ་དྲལ་འཁོར་བཅས་ཀྱི་རྣམ་པ་དང་བཅས་པའི་གཟིགས་སྣང་བྱུང་པས། ཆོས་སྡེའི་ས་ཡུལ་ལུང་བསྟན་པར་དགོངས་ནས། ས་ཕྱོགས་དེ་ཉིད་བྱིན་གྱིས་བརླབས་པས། དེར་གནས་པའི་འབྱུང་པོ་རྣམས་ཀྱིས་ས་རྡོ་གང་དགོས་ཕུལ་ཞིང་། ཀླུ་རྣམས་ཀྱིས་ཆུ་མིག་གསར་བ་དུ་མ་ཡང་ཕུལ་ཆུ་ཤིང་འཕེལ་རྒྱས་ཀྱིས་ལས་སྒྲུབ་པས། ཨར་པོ་བྱེད་པའི་དུས་སུ། ས་རྡོའི་རིགས་གང་དགོས་གཏེར་ལྟ་བུ་འཐོན་ཞིང་། ༢༧༠
སྐྱེ་ཤིང་ཀྱང་ཤིན་ཏུ་ལེགས་པ་སྐྱེ་གྲགས་པ་སོགས་ཀུན་གྱི་མཐུན་སྣང་དུ་གྲུབ་པ་འདི་ག་ཡིན། གཞན་ཡང་སྲོག་ཆགས་གྲོག་སྦུར་སོགས་ཆེར་མི་སྣང་བས། ས་རྡོའི་བྱ་བ་སྡིག་དང་མ་འདྲེས་པ་དང་བཅས་ཉིན་མོ་མིའི་འགྲོ་བས་ལས་ལ་འབད་ཅིང་། ནུབ་མོ་འབྱུང་པོ་རྣམས་ཀྱིས་ལས་ཀྱི་བྱ་བ་ལ་ཞུགས་པས་ཟིན་གྲུབ་ཀུན་གྱི་བློར་མི་ཤོངས་པ་ལྟར་དུ་གཙུག་ལག་ཁང་ཉི་ཤུ་རྩ་གྲངས། གྲྭ་ཁང་བརྒྱ་ཕྲག་ལྕགས་རི་དང་བཅས་པ། ནང་གི་རྟེན་གསུམ་སངས་རྒྱས་རབས་བདུན་སྐུ་ཚད་ཤིན་ཏུ་ཆེ་བ་གསེར་ཟངས་ལས་གྲུབ་པ། ཚེ་དཔག་མེད། སྒྲོལ་མ། ཡུམ་ཆེན་མོ། ཛམ་བྷ་ལ་སོགས་གསེར་ཟངས་ལས་གྲུབ་པའི་སྐུ་མི་ཚད་རེ་རྒྱན་ཕྲ་བཀོད་ཕུན་སུམ་ཚོགས་པ། དར་ཟབ་རིན་པོ་ཆེ་སྣ་ཚོགས་གསེར་ཟངས་ལས་ལྷག་པའི་དཔལ་འཁོར་ལོ་སྡོམ་པ་ཞལ་ཕྱག་ཡོངས་རྫོགས་སྐུ་ཚད་ཤིན་ཏུ་ཆེ་བ། བདེ་གཤེགས་མཆོད་རྟེན་བརྒྱད། དུས་འཁོར་ནས་བརྒྱུད་པའི་མཆོད་རྟེན་རྣམས་གསེར་ཟངས་ཕྲ་རྒྱན་རིན་ཆེན་སྣ་ཚོགས་བཀོད་པའི་ངོ་མཚར་མི་ཚད་ཙམ། རྒྱལ་བ་འོད་དཔག་མེད་ཐོག་ཚད་ཕྱེད་གཉིས་གསེར་ཟངས་ལ་གྲུབ་པ། ཇོ་ནང་དུ་ལྷ་ཁང་གསར་བཞེངས་གསུམ་ཙམ་ལ། གསེར་ཟངས་དང་འཇིམ་སྐུ་མང་པོ་དག་དང་། ཁྱད་པར་བྱམས་ཆེན་ཐོག་ཚད་གཉིས་པ་གསེར་ཟངས་ལས་གྲུབ་པ། བཀའ་འབུམ་པུ་ཏི་ཉི་ཤུ་རྩ་གྲངས་གྱི་སྤར་ཡོངས་རྫོགས་དང་བཅས་པ། རྟེན་གསུམ་༼དང་༽ལྷ་རྫས་ཀྱིས་ལྷ་ཁང་ཐམས་ཅད་ཡོངས་སུ་གང་བ། ཐོག་ཐམས་ཅད་གོས་ཆེན་བཟང་སྒྲིགས་དང་བུམ་གདན་ལ་སོགས་ཀྱིས་གནམ་བརྒྱན་ལྕམ་དྲལ། མཐོང་པའི་གོ་སྐབས་མེད་པ། གོས་སྐུ་ལེགས་པ་བཅོ་བརྒྱད་ཙམ། བཀའ་བསྟན་བཅོས་འགྱུར་རོ་ཅོག་གི་གླེགས་བམ་ཡོངས་རྫོགས་གྲངས་མང་པོ། ༢༧༡
དགེ་འདུན་པ་སྟོང་ར་ཅན་ལ་ནར་ཕོགས། དཔལ་དུས་ཀྱི་འཁོར་ལོའི་གཙོ་བོར་གྱུར་པའི་རྒྱུད་སྡེ་རབ་འབྱམས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་སྒྲུབ་མཆོད་ཉིན་གྲངས་མང་པོ། གར་འཆམས་ཀྱི་ཆ་ལག་རྒྱན་གོས། རོལ་མོའི་ཚོགས་བརྒྱ་ཕྲག་མང་པོ་དང་བཅས་པ། ལོ་བཅུ་གསུམ་ཙམ་གྱི་ཁོག་ཏུ་གྲུབ་པ་རྣམས་སོ་སྐྱེའི་སྤྱོད་ཡུལ་དུ་མ་གྱུར་པ་ནི། ད་ལྟ་ཉིད་དུ་བདོག་པ་འདི་ལྟར་གདའ། དགུང་ལོ་ལྔ་བཅུ་རྩ་བདུན་ཐོག་ཡུམ་སྐུ་ནོངས་པར་གྱུར་པའི་དགོངས་རྫོགས་ལ་ཡང་རྟེན་བཞེངས་རྒྱ་ཆེ་བར་སྒྲུབས། དེ་དང་དུས་མཚུངས་པ་ཙམ་དུ་ཤུན་ཞབས་དྲུང་སྐུ་གྲིབ་ཀྱི་གཉེར་བབས་ཡོད་བཞིན། གྲུབ་མཐའ་གོ་ལོང་འཛིན་པ་བྱས་བྱུང་རུས་མེད་ཀྱི་མི་འགའ་རེའི་ཞུ་དབང་དུ་སོང་ནས། དགོངས་པ་དང་གནད་སྒོ་ལོག་པར་སོངས་པས། སྡེ་སྲིད་བཀའ་བཞིན་ཕྱག་མཛོད་ནས་རྟག་བརྟན་གདན་དྲངས་སྙུང་བ་སླར་འདས་པའི་སྐུ་བཤགས་པར། ཕྱག་མཛོད་ནས་བཀུར་བསྟི་ཆེ་བ་རང་མ་བྱུང་བ་འདྲ་ཟེར་གྱིན་ཡོན་འདུག ཞག་ཉེར་གཅིག་ཙམ་ནས་གནས་ཚུལ་སྟོ་ན་པས། སྐུ་རྗེས་ལ་གཙུག་ལག་ཁང་གསར་བཞེངས། དགེ་འདུན་ཚོགས་ཆེན་ལ་ཡང་སྐུ་ཆས་གང་ཡོད་འགྱེད་དུ་གནང་ཞིང་སྐུ་གྲིབ་སྦྱོང་ཞིང་བཤགས་ཐབས་ཉིན་གྲངས་མང་པོ་ཐུགས་རྩོལ་གནང་བས། སྐུའི་སྐྱེ་གནས་ལོག་པར་མི་ལྷུང་བའི་མཚན་མ་གཟིགས། སྤྲེའུ་ལོའི་དགུན་སྟོད་གཞིས་ཁ་རྩེར་ཕེབས། སྡེ་སྲིད་ཀྱི་དགོངས་པ་བསྐང་བའི་བཀའ་ཆོས་ཀྱི་རིམ་པ་རྒྱ་ཆེར་གནང་སྐབས། ཞབས་ལ་སྐྲངས་འབུར་གྱི་རྣམ་པས་སྙུང་བའི་ཚུལ་དེས་སྡེ་སྲིད་ཀྱི་སྐུ་དོགས་ཀྱང་སངས་པ་འདུག་གསུངས། ངུར་སྨྲིག་སྒྲོལ་མས་ལུང་བསྟན་ལྟར་རྟག་བརྟན་དུ་ཕེབས་བཞུད་ཤར་བས། ཉིན་རེ་བཞི་སྐུ་དར་སྐྱེད་ཆེ་བའི་ངོས། བྱ་ལོའི་མགོར་ཇོ་ནང་དུ་འཁྲིད་ཚུགས། ༢༧༢
དབུས་ཕྱོགས་ནས། རྨོག་ཅོག་པ་དཔོན་སློབ་རྟོགས་ལྡན་རྒྱ་བོད་དང་བཅས་པའི་ཞུ་བ་མང་པོ་དང་། གཙང་ཕྱོགས་ཀྱི་བླ་མ་ཆེ་ཕྲ། ལ་སྟོད་ལྟོ་བྱང་གི་བླ་མ་གྲྭ་རིས། སྡེ་དཔོན་མི་མང་སྐྱ་བོ་ཕོ་མོ་འདུས་ཚོགས་ཤིན་ཏུ་ཆེར། ཆོས་དང་ཟང་ཟིང་གཉིས་ཀས་གྱ་ནོམ་པར་བཀའ་དྲིན་བསྩལ་ཞིང་། སྦྱོར་དྲུག་མུན་མཚམས་དམ་པོའི་འཁྲིད་སྐྱོང་བ་ཡང་ལོ་འདི་ལས་མང་བ་སྔར་མ་བྱུང་ཞིང་། ངོ་སྤྲོད་ཀྱི་དུས་གར་འཆམས་རྣམས་ཀྱང་སྔར་ལས་རྒྱས་པ་བྱུང་ཞིང་། དེ་ནས་མི་རིང་པར་ཕྱག་མཛོད་པ་གསུངས་ཆམས་རས་པའི། ཧོར་ཟླ་གཉིས་པའི་ཉེར་བཞི་ལ་སྐུ་མ་འཚོའི་ཉེར་དྲུག་ལ་བསང་གཏོར་མང་ཇ་འགྱེད་བཅས་རྒྱས་པར་གནང་། སྐུ་གདུང་གི་བྱ་བའི་ཉིན་ནམ་མཁའ་དྭངས་ཤིང་འཇའ་ཚོན་འཁྲིགས་པ་སོགས་ངོ་མཚར་གྱི་ལྟས་མང་དུ་བྱུང་ཞིང་། ༧རྗེ་བཙུན་ཉིད་ཀྱི་ཞལ་ནས། འདི་པ་མི་འཆི་བའི་སྔོན་ལོ་བཅུ་ཙམ་ནས། དགེ་སྦྱོར་ལ་བརྩོན་པ་ཕུལ་ཕྱིན་བྱེད་ཀྱིན་ཡོད་པ་དང་། གཙུག་ལག་ཁང་རྟེན་བཞེངས་སོགས་ཀྱང་། རྒྱ་ཆེའི་ཁུར་བླངས་བརྩོལ་བ་བྱས་པས། ཟང་ཟིང་གི་དགེ་རྩ་རྗེས་སུ་སྒྲུབ་པ་ལ་མ་ལྟོས་པའི་སྐྱེས་གནས་ངན་པ་མི་ཡོང་བའི་གདེང་ཡོད། འོན་ཀྱང་རང་ཕྱོགས་ཀྱི་གྲུབ་མཐའ་ལ་འདོད་པའི་བློ་ནུས་ཆེ་ཞིང་། རྟག་བརྟན་ཇོ་ནང་གཉིས་ཁོ་ན་བརྩལ་དུ་བཏོན་པས། ཀུན་གྱི་མིག་ཏུ་མི་ཤོངས་པ་ལྟ་བུའི་སྟོབས་རྒྱས་པས། གཞན་ཕྱོགས་འགའ་ཞིག་ལ་ནི་ཅུང་ཟད་གནོད་པ་ཡང་བྱུང་སྲིད། མ་གནོད་ཀྱང་ཆགས་སྡང་དང་དོགས་པའི་བློ་སྐྱེས་པའི་སྐུར་འདེབས་ལོག་སྨྲས་བྱེད་པ་དང་། རང་ངོས་ཉམས་ལེན་དང་། བརྩོམས་པ་དང་ཆོས་འཆད་པའི་ཆོས་ཀྱི་བྱ་བ་ཁོ་ནས་འདའ་བ་མ་གཏོགས། བྱ་བ་གང་ལ་ཡང་བློ་མ་འཇུག་ཅིང་། སྐོང་རེངས་མི་བྱེད་པར་བརྟེན། ཁོང་པ་དབང་བཙན་ཏུ་སོང་བ་འདྲའི། ༢༧༣
སྦྱིན་བདག་ཆེ་ཕྲ་བླ་མས་གྲྭ་རིགས། ཚེ་འདིའི་འདོད་པ་དང་འདྲེས་པ་རྣམས་ལ་ནི། སེམས་འགྲས་དང་ལོག་ལྟས་རྒྱུས་བྱུང་རིགས་དང་། མཇལ་འཕྲད་ཆོས་ཞུ་བྱེད་མཁན་ལ་ཡང་། འདོད་པ་བཞིན་མ་བྱུང་སྙམ་པའི། སྔར་དབང་ཆོས་ཀྱི་འབྲེལ་བའི་སྐྱ་སེར་གྲགས་ཞན་མང་པོ་སྐུར་བའི་གཞི་བྱེད་པའི། འགྲོ་བ་དེ་དག་ཉེས་པ་ཆེན་པོར་འགྱུར་བ་འདྲ་སྙམ་པས། རྗེས་བསྡུར་ལ་དམིགས་པའི་དགེ་རྩ་རྒྱ་ཆེར་སྒྲུབ་གསུངས། མང་ཇ་འགྱེད་བཅས་སྒྲུབ་དཀྱིལ་ཞལ་འབྱེད་ཆོག་གྲྭ་རྟེན་བཞེངས་རྒྱ་ཆེ་བ་གནང་ཞིང་། ༧རྗེ་བཙུན་ཉིད་ཀྱིས་མི་འཁྲུག་པའི་རྒོ་ནས་སྒྲིབ་སྦྱོངས་གནང་བ་སོགས་སྐུ་རྗེས་བསམ་ལས་འདས་པ་བསྒྲུབ་པའོ།
།ཡང་དུས་དེར་བུ་ཆེན་དང་ཕྱག་གཡོན་ནང་མ་སྐུ་དྲུང་དུ་འཁོད་པ་རྣམས་ཀྱིས། རྗེ་བཙུན་ཉིད་ཀྱི་སྐུ་གསུང་ཐུགས་མཛད་པ་འཕྲིན་ལས་གང་ལ་ཡང་ལེགས་པར་བརྟགས་ན། རྒྱལ་བ་གཉིས་པ་ལྟ་བུ་འདི་ལ་སྦྱིན་བདག་འགའ་རེར་མི་འདོད་པ་ཐོག་ཏུ་བབས་པའི་ངན་ཁག་དང་། སྐྱེ་བོ་འགའ་ཡང་གཞི་མེད་ལ་སྒྲོ་བཏགས་ཀྱི་བསྐུར་བ་ཡོད་པ་འདི་ཡང་། ཕྱག་མཛོད་པའི་སྐྱོན་རང་ཡིན་ནམ་ཞུས་དུས། ལན་གསུངས་ལས། སྤྱིར་སྙིགས་མའི་དུས་འདིར་རྫོགས་པའི་སངས་རྒྱས་དངོས་སུ་བྱོན་ཀྱང་། ཐམས་ཅད་མགུ་བ་དང་གུས་པ་བྱེད་པ་དཀའ། དགོས་སུ་མཐོན་པོར་མི་སྡང་། ཧྲུལ་པོར་ཁྱི་སྡང་ཟེར་བའི་འཇིག་རྟེན་ཕལ་པའི་གཏོ་རྒྱུད་ལྟར་ཡིན། གཞན་གོང་དུ་སྨོས་པའི་རྒྱུ་མཚན་དེ་གོ་དགོས། ལར་སེམས་ཅན་རྣམས་ཀྱི་བདེ་སྡུག་སྔོན་ལས་གཉེན་པོས་མ་བཅོམ་ཞིང་། འཕྲལ་གྱི་བྱེད་རྐྱེན་གཉིས་ཀ་འཛོམས་པའི་འབྲས་བུ་ནི། སངས་རྒྱས་སྟོང་གི་ཐུགས་རྗེ་སྦུངས་ཀྱང་བཟློག་པའི་ཡུལ་དུ་མི་འགྱུར་ཏེ། ༢༧༤
རྗེ་བཙུན་བྱམས་མགོན་གྱིས། ལྷ་ཡི་རྒྱལ་པོས་ཆར་ཕབས་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོངས། །ཞེས་གསུངས་འདུག་པ། དཔེར་ན་རྒྱལ་དབང་ཀརྨ་པ་སངས་རྒྱས་དྲུག་པའི་སྤྲུལ་པ་ཡིན་ངེས་པ་ཡིན་ཀྱང་། སྤྱིན་བདག་གི་ཐུ་བོ་སྐུ་རབ་པ་ཁུངས་མེད་དུ་སོང་། འཇམ་དཔལ་གྱི་རྣམ་སྤྲུལ། དཔལ་ལྡན་ས་སྐྱའི་སྦྱིན་བདག་གི་གཙོ་བོ་སྡེ་སྲིད་ཡར་རྒྱབ་པར་ཡང་དེ་བཞིན། འཇམ་དབྱངས་ཀྱིས་རྗེས་སུ་བཟུང་ངེས་པ་རྒྱལ་བ་ཙོང་ཁ་པ་ཆེན་པོ་དང་། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་རྣམ་འཕྲུལ་ཐམས་ཅད་པ་ཡབ་སྲས་ཀྱི་བསྟན་པའི་སྦྱིན་བདག་སྡེ་པ་དགའ་ལྡན་བར་ཡང་གཟིགས་དང་། འཕགས་པ་འཇིག་རྟེན་དབང་ཕྱུག་མའི་གཟུགས་འཛིན་པ། གཙང་པ་རྒྱ་རས་པ་ཆེན་པོའི་རྣམ་སྤྲུལ་དང་། བརྒྱུད་པ་རིམ་པར་བྱོན་པའི་བསྟན་པའི་སྤྱིན་བདག ལྷུན་པོ་རྩེ་བར་ཡང་གཟིགས་མཛོད། སྐྱེས་ཆེན་དམ་པ་དགེ་འདུན་འདུས་པ། རྣལ་འབྱོར་ཕོ་མོ་རྣམས་ལ་ཐུགས་རྗེ་དང་བྱིན་རླབས་མེད་པ་དག་ག་ལ་ཡིན་ཁོ་རང་རྣམས་ཀྱིས་ལས་མཐུ་བཙན་ལས་བྱུང་བ་ཡིན་མོད། རྣམ་པ་གཅིག་ཏུ་ན། དད་པ་ལ་འགྱུར་ལྡོག་ལོག་ལྟ་ཚབས་ཅན་གྱིས་དམ་ཉམས་བྱས་པས། མཐོང་ཆོས་ཀྱི་འབྲས་བུ་ཚེ་འདིར་སྨིན་པ་ཡང་ཡིན་སྲིད། འོན་ཀྱང་ཁོ་བོའི་རྣམ་ཐར་བྱ་བ་སྒྲུབ་ཚུལ་འདི་ལ། བློ་གྲོས་དང་ལྡན། དྲང་པོར་བརྗོད། ཡུན་དུ་བརྟགས་དཔྱད་བྱས་པ་རྣམས་ཀྱིས་བསྟན་པའི་བཞག་པ་དང་། བསྟན་བཅོས་མཐོང་བ་རྣམས་ལ་ནི། ཁྱོད་རང་ཚོས་ཚིག་གི་སྒོ་ནས་དད་པ་སྐྱེད་མི་དགོས་རང་ཤུགས་ཀྱིས་དད་པ་ཡོང་ངེས། དེ་ལས་བཟློག་པའི་སྐྱ་སེར་བློ་གྲོས་དམན་ཞིང་། ཆགས་སྡང་གིས་ཁོག་འཁྲུགས་པ་རྣམས་ལ་ནི། ༢༧༥
ངེད་ཀྱིས་ཤཱཀྱ་ཐུབ་པའི་ངོ་མཚར་གྱི་མཛད་པ་དང་མཚུངས་པ་ཞིག་མིག་ལམ་དུ་བསྟན་ཀྱང་། ད་དུང་ཁོག་འཁྲུགས་ཏེ་ལོག་པར་སྨྲ་བ་ལས་གཞན་མི་འབྱུང་། ལྷ་སྤྱིན་དང་ལེགས་སྐར་མུ་སྟེགས་སྟོན་པ་དྲུག་སོགས་ཀྱི་ངན་བརྗོད་དང་། སློབ་དཔོན་པདྨའི་རྫུ་འཕྲུལ་ཡང་སྡིག་བློན་རྣམས་ཀྱིས་ལོག་པར་བལྟས་པའི་ལོ་རྒྱུས་ལ་རྟོགས་མཛོད། བསྟོད་བཀུར་རེ་བའི་མཛེས་ཆོས་གཞན་མགོ་བསྐོར་བའི་རྫུན་ཟོབ་ནི་ཁོ་བོས་ད་དུང་མི་བྱེད། འཇིག་རྟེན་རྨོངས་པ་རྨོངས་ཞེན་ཅན་ལ་ནི། སྤྱོད་ལམ་ངན་པ་བསྟན་ཀྱང་དད་པའི་གཞིར་འགྱུར། གྲུབ་མཐའ་འཛིན་པ་བློ་གྲོས་ཆུང་ཞིང་། རང་ཕྱོགས་ལ་ཞེན་འཛིན་དམ་པོ་རྣམས་ནི། གཞན་ཕྱོགས་ཀྱི་ཡོན་ཏན་ལ་རྗེས་སུ་མི་འཇུག་ཅིང་ཡི་རང་མི་བྱེད། དཔེར་ན་བོན་དང་མུ་སྟེགས་སོགས་རང་རང་གི་ཕྱོགས་ཏེ་བཟང་པོར་འདོད་པའི་བཅོས་མིན་གྱི་བློ་རེས་ཡོད་པ་ཡིན། ཁྱེད་རང་རྣམས་སྒོ་གསུམ་ཆོས་དང་བསྟུན། ངའི་རྣམ་ཐར་སྐྱོངས། བདག་བསྟོད་སྨད་ཅི་བྱེད་པ་ལ་ཆགས་སྡང་མ་བྱེད། སྐྱེས་བུ་དམ་པ་སུ་དང་མཇལ་ཡང་གུས་འདུད་ཀྱིས། རང་ལུགས་མ་སྤོང་། གཞན་ལ་མ་སྨོད། ཐེག་པ་གསུམ་པོ་རང་རང་གི་བསམ་སྦྱོར་སྒྲུབ་ཐབས་གོ་རིམ་ཤེས་པའི་བླང་དོར་མ་འཁྲུལ་པར་གྱིས། དེས་དཀོན་མཆོག་མི་ཁྲེལ་ཞིང་བདག་གི་བསམ་པ་རྫོགས་པ་ཡིན། གྲྭ་གླིང་ཕྱོགས་ཀྱི་བུ་ཆེན་ཐམས་ཅད་ལ། བཀའི་བསླབ་བྱ་མཐའ་དག་གནང་བ་ནི། དགུང་ལོ་ལྔ་བཅུ་ཕན་གྱི་རྣམ་པར་ཐར་པ་མདོར་བསྡུས་སུ་བརྗོད་པ། རྗེ་བཙུན་ཉིད་ཀྱི་གསུང་ལས་བྱུང་བའི་དོན་བཞིན་བཀོད་པའོ། །དེ་ལྟར་དམ་པ་འདི་ཉིད་ལ། བྱ་བཏང་བྱམས་པའི་མིང་ཅན་གྱིས། སྤྱིར་ཆོས་སྒོ་མཐའ་ཡས་པ་ཐོབ། ཁྱད་པར་དཔལ་ལྡན་ཤངས་པའི་ཆོས་སྐོར་དབང་ལུང་འཁྲིད་ཞལ་ཤེས་སུ་རླུང་གནད་འཁྲུལ་འཁོར་སོགས་ལག་ལེན་མཐའ་རྒྱས་ཞུས་པ་ཡིན་ཅིང་། ༢༧༦
གཞན་ཡང་རྗེ་འདི་ཉིད་ཀྱི་ཐུགས་སྲས་དམ་པ་ཐོན་མིའི་རིས་ཡར་རྒྱབ་ཞལ་ངོར་འཁྲུངས་པའི་བླ་ཆེན་ཀུན་དགའ་བསོད་ནམས་ལ་ཡང་ཡོངས་རྫོགས་ཐོབ་པས་སོ། །

༈ ཨོཾ་སྭཱ་སྟི། ལྷར་བཅས་འགྲོ་བའི་སྐྱབས་ཅིག་ཤཱཀྱའི་སྲས། །གཽ་ཏ་མ་རྒྱལ་བའི་བསྟན་པ་དར་བ་དང་། །འགྲོ་ཀུན་སྡུག་བསྔལ་རྣམ་གསུམ་དག་པའི་ཕྱིར། །དཀོན་མཆོག་གསུམ་དང་བླ་མའི་ཞབས་ལ་འདུད། །རྒྱལ་ཀུན་མཁྱེན་བརྩེའི་ནུས་པའི་ཆུ་གཏེར་ལས། །ལེགས་འོངས་ངུར་སྨྲིག་འཛིན་པ་དཀྱིལ་འཁོར་གཙོ། །མཐུ་བཙན་བླ་མ་བྱམས་པའི་མཚན་ཅན་གྱིས། །ངོ་མཚར་མཛད་པའི་རྣམ་པར་རྒྱ་མཚོ་ལས། །ཆུ་ཐིག་ཙམ་ཞིག་འགྲོ་ལ་ཕན་ཕྱིར་དང་། །གདུང་རྟེན་རྣམ་རྒྱལ་མཆོད་པའི་རྟེན་མཆོག་གི དཀར་ཆག་མདོར་བསྡུས་ཙམ་ཞིག་འདིར་བརྗོད་བྱ། །བློ་གྲོས་དམན་ཞིང་སྦྱངས་པའི་སྟོབས་ཞན་པའི། །སྙན་ངག་སྦྱོར་བ་མཁས་པའི་ཡུལ་སྤངས་ནས། །བློ་དམན་གོ་བདེའི་ཚུལ་འདི་བརྗོད་པ་ལ། །ཉེས་སྐྱོན་འཁྲུལ་ན་མཁས་པས་བཟོད་པར་བཞེས། །དེ་ཡང་། བླ་མ་དམ་པ་འདི་ཉིད་སྐུ་ཚེ་སྔོན་རབས་ནས་སངས་རྒྱས་ཀྱི་བསྟན་པར་བྱ་བ་ཆེན་པོ་མཛད་པའི་རྟེན་འབྲེལ་དང་། སྨོན་ལམ་གྱི་མཐུས། སྐུ་ཚེ་འདི་ཉིད་ལ་ཡང་བསྟན་པའི་བྱ་བ་རླབས་ཆེན་འབྱུང་བའི་ཕྱིར། ཡབ་ཡུམ་ལ་གཟིགས་པ་ནི། ཡབ་མཐུའི་རྒྱལ་རིགས། རྗེ་བཙུན་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་དབོན་པོ་ཆོས་རྒྱལ་ཚེ་འཕེལ་བསོད་ནམས་རྒྱལ་པོ་དང་། ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་དངོས་ཀྱི་མཚན་རྟགས་ཅན་དགུང་ལོ་སུམ་ཅུ་རྩ་གཅིག་གི་སྟེང་། ༢༧༧
རྗེ་ཉིད་ལྷུམས་སུ་ཞུགས་པ་དང་། ཡུམ་གྱི་མནལ་ལམ་དུ་གསེར་གྱི་མཆོད་རྟེན་འོད་ཟེར་ཕྱོགས་བཅུར་འཕྲོ་བ་སྐྱེ་འགྲོ་ཀུན་གྱིས་ཕྱག་མཆོད་བྱེད་པ་ཞིག་སྐུ་ལུས་ལ་ཐིམ་པ་རྨིས། མནལ་སད་པ་དང་སྐུ་ལུས་བདེ་ཉམས་དང་ལྡན་པར་གྱུར་ཏོ། །མངལ་གྱི་མཛད་པ་ཡོངས་སུ་རྫོགས་ནས། ཤིང་ཕོ་བྱི་བ་ས་ག་ཟླ་བའི་ཚེས་བརྒྱད་ཡུམ་གསོ་སྦྱོང་ལ་གནས་པའི་དུས་ངོ་མཚར་བའི་ལྟས་དང་བཅས་སྐུ་བལྟམས་པ་ནི། སྐུའི་ལྟེ་ཐག་སྒོམ་ཐག་གི་ཚུལ་དུ་དཀྲིས་ཤིང་། ཞལ་འཛུམ་པ་མཛད་པའི་བཞིན་རས་དང་བཅས་པས། ཡབ་ཡུམ་ཀུན་དགྱེས་པ་ཆེན་པོས་བཙས་སྟོན་རྒྱ་ཆེན་པོ་མཛད། མཚན་གནོད་སྦྱིན་རྡོ་རྗེ་དབང་ཕྱུག་ཏུ་གསོལ། དགུང་ལོ་ང་དྲུག་ནས་གཞོན་ནུ་ཕལ་པའི་རྗེས་སུ་མི་འཇུག་པར། དཀོན་མཆོག་གསུམ་གྱི་རྟེན་ལ་ཕྱག་མཆོད། སྲོག་ཆགས་རྣམས་ལ་སྙིང་རྗེ་ཚུལ་དང་། སྐུའི་རྩེད་རོགས་བྱས་པ་རྣམས་ཆོས་ཉན་གྱི་ཚུལ་དུ་བཞག་ནས་རྗེ་ཉིད་རང་ས་སྟེགས་དང་། རྡོ་ལེབ་ཇི་ལྟར་འོས་པ་རྣམས་ཀྱི་སྟེང་ནས་ཆོས་འཆད་ཀྱི་ཚུལ་མཛད་པ་དང་། དགུང་ལོ་བཅུ་གཅིག་ལ། རྗེ་བླ་མའི་གདན་ས་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོར་ཕེབས། རྗེ་བཙུན་ཀུན་དགའ་རྒྱལ་མཚན་པ་ཆེན་པོའི་དྲུང་དུ། སངས་རྒྱས་བསྟན་པའི་སྒོར་འཇུག་པའི་སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་མཛད། མཚན་ངག་དབང་ཀུན་དགའ་བསོད་ནམས་དཔལ་བཟང་པོར་གསོལ། དགེ་འདུན་ཚོགས་ཆེན་དུ་ཆོས་སྟོན་རྒྱས་པར་བཤམས། དེ་ནས་བཟུངས་ཏེ་སྒྲུབ་དཀྱིལ་གར་ཐིག་དབྱངས་གསུམ་གྱི་གསན་སྦྱོངས་མཛད་པས་བསྙེལ་གསོས་ཀྱི་ཚུལ་ཙམ་ནས་ཐུགས་སུ་ཆུད་དེ། རྡོ་རྗེ་གུར་གྱི་གར་འཆམས་པ་ཀུན་གྱི་དབུས་སུ་ཕེབས་དུས་སྐུའི་རྣམ་འགྱུར་དང་སྤོབ་པའི་གཟེངས་མཐོ་བ་སོགས་ངོ་མཚར་བར་གྱུར་ཏོ། ༢༧༨
།དགུང་ལོ་བཅོ་ལྔ་བཞེས་དུས། འདྲེན་མཆོག་ཤཱཀྱ་ཀུན་དགས་མཁན་པོ་མཛད། ལས་ཁ་སྐོང་མ་ཚང་བ་མེད་པའི་དྲུང་དུ། ཉེས་མེད་ཕུན་ཚོགས་ཀྱི་རབ་ཏུ་བྱུང་བ་ནོད་པའི་ངུར་སྨིགས་རྒྱན་མཆོག་གིས་མཛེས་པར་མཛད། དགུང་ལོ་ཉེར་བདུན་པའི་སྟེང་དུ་གཙང་ཕྱོགས་སུ་ཕྱགས་ཕེབས་ཏེ། རྗེ་བཙུན་ས་སྐྱ་པཎྜི་ཏས་ཁ་ཆེ་པཎ་ཆེན་ལ་གསན་པས། སྙེན་རྫོགས་ཀྱི་སྡོམས་རྒྱུན་ལ་གཟིགས་པས་དགེ་བཅུ་མཁན་པོར་བཞུགས་པ་མཁྱེན་ནས། དེའི་དྲུང་དུ། ལས་ཁ་སྐོངས་དང་བཅས་བསྙེན་པར་རྫོགས་པ་བཞེས། དེ་མཐུན་གདན་ས་ཆེན་པོ། དཔལ་ལྡན་ས་སྐྱ་མཇལ་བ་གནང་། གདུངས་བརྒྱུད་ཞལ་ངོས་ནས་བཀུར་བསྟི་ཕུལ་དུ་ཕྱིན་པ་གནང་ཞིང་། ས་སྐྱ་པའི་བསྟན་པ་རིན་པོ་ཆེར་བྱ་བ་རླབས་ཆེན་འབྱུང་བའི་རྟེན་འབྲེལ་གྱི་མཚན་མ་ངོ་མཚར་བ་དཔག་ཏུ་མེད་པ་བྱུང་ཞིང་། ཁའུ་བྲག་རྫོང་མཇལ་བར་ཐེག་པའི་དུས། དེའི་ཆོ་འཕྲུལ་གློ་བུར་དུ་རྒྱས་ཤིང་དཔལ་མགོན་ཉིད་ཀྱིས་འཕྲིན་ལས་སྒྲུབ་ངེས་པའི་རྟེན་འབྲེལ་དུ་མ་ཡང་གཟིགས་སོ། །རྡོ་རྗེ་གདན་དུ་འདྲེན་མཆོག་ཤཱཀྱ་ཀུན་དགའ། པཎ་ཆེན་བདེ་བའི་རྡོ་རྗེ། སྔགས་འཆང་ཚེ་དབང་བཀྲ་ཤིས། རྡོ་རྗེ་འཛིན་པ་ཡེ་ཤེས་དབང་པོ་སོགས་བླ་མ་དེ་དག་རྗེ་འདི་ཉིད་ཀྱི་དབུ་བླར་མངའ་གསོལ་བའི་དྲུང་དུ། གསུང་ངག་རིན་པོ་ཆེ་རྫོང་ལུགས་ཀྱི་དབང་འཁྲིད་གཞུད་བཤད་ཀྱི་གཙོས། རྗེ་ཐམས་ཅད་མཁྱེན་པ་ཆེན་པོ་ས་སྐྱ་པ་ནས་བརྒྱུད་པའི་གདམས་པ་མཐའ་དག་མདོ་རྒྱུད་བསྟན་བཅོས་ཀྱི་ལུང་རྣམས་དང་། ཁྱད་པར་ཆོས་སྐྱོང་གུར་ཞལ་གྱི་སྒྲུབ་སྐོར་མ་ཚང་བ་མེད་པ་གསན་པ་སོགས་གསན་ཡིག་རྒྱ་མཚོར་གསལ་ལོ། །རེ་ཞིག་འཇམ་དཔལ་དཀར་པོའི་བསྙེན་སྒྲུབ་ཞིག་གནང་དུས། ཐོ་རངས་ཐུགས་དམ་ཐུན་གྱི་སྒང་དུ། མནལ་གྱི་རྣམ་པ་ཞིག་བྱུང་བའམ་ནལ་ལམ་དུ། ༢༧༩
མི་དཀར་ངོ། སྙེག་གིས་ཤེལ་ལས་གྲུབ་པའི་རལ་གྲི་ཞིག་ཕྱག་ཏུ་ཕུལ་བ། ལྗགས་ཐོག་ཏུ་གླན་པས་འཁུ།ག་པ་ཞུ་བ་ལྟར་དུ་གྱུར་པའི་རོ་སྦྲང་རྩི་ལས་ཁྱད་པར་དུ་འཕགས་པ་བྱུང་མ་ཐག་མནལ་སད་པའི་དུས་ཀྱང་མི་དཀར་པོ་དེ་འཛུམ་ཆེ་རེ་འདུག་པ་ཞིག་གཟིགས་ཤིང་། གཞན་ཡང་ཡི་དམ་ཆོས་སྐྱོང་གི་བསྙེན་སྒྲུབ་གང་དང་གང་གནང་བའི་དུས་ཐམས་ཅད་དུ་དེ་དང་དེའི་ཞལ་གཟིགས་ཀྱི་མཚན་མ་བརྗོད་ཀྱིས་མི་ལང་པ་བྱུང་འདུག་ནའང་། ཆོས་བརྒྱད་ལས་ཐུགས་ཟློག་པ་དང་། བློ་དམན་པ་རྣམས་ལོག་རྟོག་གིས་ཉེས་པར་གཟིགས་ནས། ཤིན་ཏུ་གསང་བར་མཛད་པའོ། །འཇམ་དཔལ་གྱིས་རྗེས་སུ་བཟུང་བའི་མཚན་མ་དེ་ནས་བརྩམས། ཤེས་བྱའི་གནས་ཐམས་ཅད་ལ་ཐོགས་པ་མེད་པར་གྱུར་ཏོ། །ཆོས་སྡེ་ཆེན་པོ་འདུས་པའི་དབུས་སུ་དཔལ་འཁོར་ལོ་བདེ་མཆོག་མཁའ་འགྲོ་རྒྱ་མཚོ་སོགས་རྡོ་རྗེ་སློབ་དཔོན་གནང་བར་གསུང་ཚིག་གི་བརྗོད་པ་གཙང་ཞིང་། བློ་གྲོས་ཀྱི་སྤོབས་པའི་ནུས་པས། ཀུན་ངོ་མཚར་བའི་གནས་སུ་གྱུར་ཏོ། །དེ་ནས་ལྷ་གཟུགས་མི་དབང་ཆེན་པོའི་གསུང་གི་གནང་པས། རྒྱ་སྟོན་པ་ཕྱིངས་རུ་བ་ཆེན་པོའི་གནས་གཞི་སྙེ་ཐང་བདེ་བ་ཅན་གྱི་འདུས་པའི་གཙུག་རྒྱན་དུ་སེང་གེའི་ཁྲི་ལ་འཁོད་པར་མཛད། དེ་ནས་མི་རིང་པར་རྗེ་བཙུན་བླ་མ་དམ་པའི་དབེན་གནས་ཆོས་རྫོང་རྡོ་རྗེའི་ཕོ་བྲང་དང་། བདེ་མཆོག་གི་སྒྲུབ་གནས་ཀྱང་ཞལ་འཛིན་གནང་བ་དང་། དེ་ནས་ལྷར་བཅས་འགྲོ་བ་ཀུན་གྱི་སྐྱབས་གནས་དམ་པར་གྱུར་པ་རྗེ་བཙུན་དམ་པ་ཀུན་དགའ་སྙིང་པོ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོའི་ཞབས་དྲུང་དུ་འདུད་པར་མཛད། དཔལ་ལྡན་ས་སྐྱ་པའི་གདམས་པ། ཤངས་ལུགས་སོགས་ཀྱིས་དབུ་མཛད་གདམས་པ་མ་ཚངས་བ་མེད་པ་མཐའ་དག་བུམ་པ་གང་འབྱོའི་ཚུལ་དུ་གསན། ༢༨༠
ཁྱད་པར་ས་ཤངས་གཉིས་ཀྱི་བསྟན་པའི་འཁུར་ཆེན་པོར་མངའ་གསོལ། མགོན་པོ་ཏ་ཀ་ད་ཀྱི་རྗེས་གནང་ཞིག་གནང་སྐབས། ཐུགས་ཉམས་སུ་མགོན་པོའི་སྤྲུལ་པ་ཨ་ཙ་རའི་ཆ་བྱད་ཅན་གཉིས་ཀྱི་ཕྱག་ཏུ་མགོན་པོའི་ཕྱག་མཚན་ཁ་ཊྭཱཾ་རྩེ་གསུམ་ཞིག་ཕུལ་བ་སོགས་ལྟས་དུ་མ་བྱུང་ཞིང་། ཕྱིས་རྗེས་གནང་སྩོལ་བའི་དུས་ཕྱག་མཚན་གཏོད་དུས་ཀྱང་དེ་ཀ་གནང་བའི་བཀའ་བབས་ལུང་བསྟན་རྒྱས་པར་བསྩལ་ཏོ། །གདམས་པའི་ཆུ་བོ་མ་ཚང་བ་མེད་པ་གསན་པ་སོགས་ནི་གསན་ཡིག་རྒྱ་མཚོ་ནང་བལྟ་བར་བྱའོ། །མི་བརྗེད་པའི་གཟུངས་ལ་དབང་འབྱོར་བས། སློབ་མ་རྗེས་འཛིན་གྱི་དུས་མཐའ་དག་རྣམས་སུ་སྒྲུབ་དཀྱིལ་གང་ལ་གསན་སྦྱོངས་གནང་ཡང་། ངལ་གསོས་ཙམ་ལས་མི་དགོས་པའི་མཁྱེན་པ་དང་། སྐྱེ་འགྲོ་ཀུན་ལ་ཐུགས་བརྩེའི་སྙིང་རྗེ་ཀུན་ནས་བསླངས་པའི་བྱང་སེམས་གཉིས་དང་མ་བྲལ་བ་དང་། །ལོག་ལྟ་ཅན་ཅི་རིགས་ཀྱིས་ཞབས་ཏོག་འགྲན་པ་དང་ཐུགས་དཀྲུགས་ཞུས། རྗེ་ཉིད་ནི་ཁྲོ་བ་མི་མངའ་ཡང་། བཀའ་བསྲུང་རྣམས་བྲན་མཁོལ་གྱི་ནུས་པས། མངོན་སྤྱོད་ཀྱི་ལས་སྣ་ཚོགས་རྟགས་མཚན་མངོན་སུམ་དུ་འབྱུང་བ་ཀུན་གྱི་རྣའི་བུ་གར་དབྱར་རྔ་ལྟར་གསལ་བས། མཐུ་སྟོབས་ཀྱི་ནུས་པས་ས་གསུམ་གཡོ་བར་མཛད་ཅིང་། མདོར་ན་མཁྱེན་བརྩེ་ནུས་གསུམ་གྱི་མངའ་བདག་རྒྱལ་བ་ཉིད་དང་དབྱེར་མ་མཆིས་ཚོ་སོ། །དེ་ནས་ཡར་རྒྱབ་ཆོས་ཀྱི་རྒྱལ་པོས་ཀྱང་། སྔར་ཞལ་ངོས་སྐུ་གཟོས་ལས་མི་གནང་བ་ཞིག་ཡིན་ཏེ། ཕྱིས་དཔལ་ལྡན་བླ་མ་འདི་ཉིད་ཀྱི་མཛད་པ་ངོ་མཚར་ལ་བརྟེན་ནས། ཐུགས་དད་ཀྱིས་སྦུ་ལོང་རབ་ཏུ་གཡོས་ཏེ། དབང་བསྐུར་རྗེས་གནང་གི་རིམ་པ་མཐའ་དག་གནང་ཞིང་། རྒྱལ་གླིང་དུས་རིམ་ཆེན་པོས་རྡོ་རྗེ་སློབ་དཔོན་ཉིད་དུ་མངའ་གསོལ། ༢༨༡
ལུགས་གཉིས་ཀའི་བཀུར་བསྟི་མངོན་པར་མཐོ་བ་སོགས་ནས། གྲྭ་ཐང་གནས་སྙིང་དུ་རྒྱལ་ཁྲིམས་ཀྱི་གཡོར་བཟོ་ཆེ་བར་བྱུང་བས། གདན་ས་ན་རིམ་ལས་རྗེ་འདི་ཉིད་བཀའ་དྲིན་ལྷག་པར་ཆེ་བ་སོགས་དང་། ལྷ་གཟུགས་གདུང་བརྒྱུད་གོང་དཀར་ཞབས་དྲུང་ནས་ཀྱང་། ཐུབ་པ་གནས་བཅུའི་སྐུ་སོགས་ཀྱི་རྟེན་བཞེངས་མཛད་པའི། རབ་གནས་ཀྱི་རྡོ་རྗེ་སློབ་དཔོན་དུ་བོས་པ་མང་དག་ཞིག་ཡོད་ནའང་། རྗེ་འདི་ཉིད་ཀྱི་ངོ་མཚར་མཛད་པ་ལྟ་བུ་གང་དུ་ཡང་མ་རྙེད་པས་ཐུགས་དད་ཀྱི་སྦུ་ལོང་རབ་ཏུ་གཡོས་ཏེ། གཙུག་གི་ནོར་བུ་ལྟ་བུར་སྤྱན་དྲངས་བསྙེན་བཀུར་གྱི་རིམ་པ་ཡང་རྒྱས་པར་ཞུས་པའི་དུས། ཡོན་བདག་བསྒོ་ཞིང་ཤིས་བརྗོད་ཀྱི་དུས་སུ། རབ་གནས་བཟང་པོ་དྲུག་ལས་འཕྲོས་པའི་བཤད་པ་ཧྲུག་ཙམ་གནང་བས་མེ་ཏོག་གི་ཆར་ལ་སོགས་པ་དཀར་གསལ་སོགས་ཀྱིས་ཕྱི་ནས་བྱུང་སྟེ་རྟེན་དྲུང་དུ་ཡལ་ནས་འགྲོ་བ་དང་། དྲི་བཟང་པོ་འབྱུང་བ་དང་། ཁྱད་པར་རྗེ་འདི་ཉིད་ཀྱི་དབུ་གཙུག་གི་ཐད་ཀར་བར་སྣང་དུ་འཇའ་ཚོ་ནི་སྣ་ལྔ་ཤིན་ཏུ་མཛེས་པ་ཞིག་བྱུང་སྟེ་རྟགས་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་། མི་དབང་དཔོན་སློབ་ཀུན་སྔར་གྱི་སྙན་པ་དང་མཐུན་པའི་རྟགས་མཚན་ལ་བརྟེན་ནས། ཐུགས་དད་རབ་ཏུ་གཡོས་པར་གྱུར་ནས། གསུངས་ཆོས་ཀྱི་འབྲེལ་ཞུའི་སྙན་དབང་གསོལ་ཏེ་ཡོད་ཀྱང་། མཆོད་ཡོན་རྟེན་འབྲེལ་སྟེས་དབང་གིས་དེ་བར་དུ་ལུས་པ་ཞིག་བྱུང་རུང་། མི་དབང་དཔོན་སློབ་རྣམས་ནི་རྗེ་འདི་ཉིད་ཀྱི་སྐུ་བསྟོད་ཤོ་ལོ་ཀ་གཅིག་མ་འདི་སོགས་ལ་གང་བརྩོན་མཛད་དོ། །དེ་ནས་ཕག་ལོ་ཟླ་བ་བཅུ་པར། རྗེ་བླ་མའི་གདན་ས། རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོ་ས་གསུམ་གྱི་འགྲན་ཟླ་དང་བྲལ་བའི་སྤྲུལ་པའི་གཙུག་ལག་ཁང་ཆེན་པོར། ༢༨༢
སྤྱི་བོ་ནས་དགེ་འདུན་འདུས་པ་ཆེན་པོའི་གཙུག་རྒྱན་དུ་སྤྱན་དྲངས་ཏེ། ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་ཆེན་པོའི་མི་འཇིགས་པའི་ཁྲི་སྟེངས་སུ་ཕེབས་ཏེ། གཙོ་བོར་ས་སྐྱའི་བཀའ་འབུམ་ལྗགས་ལུང་དང་། ནཻ་གུ་ཆོས་དྲུག་ཕྱག་ཆེན་སྙན་བརྒྱུད་དང་བཅས་པ་གནང་དུས་ནཻ་གུ་ཆོས་དྲུག་ལ་ཉམས་མྱོང་བཟང་པོ་མང་དུ་བྱུང་། བདེ་མཆོག་མཧཱ་མ་ཡ་སོགས་ཀྱི་དབང་འཁྲིད་མང་དུ་གནང་དུས་ཚོགས་ཆེན་དུ་མང་ཇ་འགྱེད་བཅས་རྒྱས་པར་མཛད་དེ། ཆོས་དང་ཟང་ཟིང་གཉིས་ཀས་དགེ་འདུན་པ་རྣམས་ཐུགས་རྒྱུད་ཚིམ་པར་མཛད་དེ། སྡེ་སྲིད་གོང་དཀར་ཞབས་དྲུང་ནས་ཕོ་བྲང་ཆེན་པོར་ཆིབས་བསུས་མཛད་དེ། བཀུར་བསྟི་ཕུན་སུམ་ཚོགས་པར་མཛད། གཞན་ཡང་ལྷོ་བྱང་གི་སྡེ་རིགས་ཆེ་ཕྲ་དང་སྐྱེ་འགྲོ་ཀུན་གྱིས་གུས་པ་ཆེན་པོར་གྱུར་ཏོ།
།ས་དཀར་རྙིང་གསུམ་གྱི་བླ་མ་མང་དག་ཕྱོགས་བཅུ་ནས་འདོད་ཆོས་ཞུ་རུ་བྱོན་པ་རྣམས་ལ། རྒྱུན་གྱི་འཚོ་བ་དང་གནང་སྤྱིན་གྱི་རིམ་པ་སོ་སོའི་འདོད་བློ་ཚིམས་པ་སོགས། མདོར་ན་ཆོས་དང་ཟང་ཟིང་གཉིས་ཀའི་སྦྱིན་པ་རྒྱ་ཆེར་མཛད་དོ། །དེ་ནས་ཞིང་འདིར་སྐུ་སྐྱེ་བ་དེ་ཉིས་ཀྱི་གདུལ་བྱ་དེ་ཙམ་ལས་མེད་པར་དགོངས་ཏེ་སྐུ་ལ་བསྙེལ་ཟུག་མེད་ཀྱང་ཅུང་ཟད་བསྙུང་བའི་ཚུལ་བསྟན། གྲྭ་ཐང་དུ་ཕེབས། དུས་རིམ་སོགས་སྔར་བས་རྒྱས་པའི་ཞལ་བཀོད་དང་། སྐུ་ཆས་གང་ཡོད་ཇ་མར་ཐེབས་པའི་ཕྱག་གཡོག་རྗེས་འཇུག་རྣམས་བྱེད་བདེ་བའི་བཀའ་ཁྱབ་དང་བཅས། བྱ་ཡི་ལོ་ཟླ་བ་བཞི་པའི་ཟླ་མགོར། གསེར་ཁང་གཞིས་ཀར་སྐུ་བསྟེན། གཞིས་ཀར་ཞལ་ངོ་རྣམས་ལ་དབང་བཀའ་འདོད་ཆོས་ཚིམས་པར་གནང་། བྱང་རྭ་བསྒྲེང་དུ་ཕེབས་བཞེད། ཆོས་རྗེ་རྨོག་ལྕོག་པ་དང་སློབ་དཔོན་གསེར་ཁང་ཞལ་ངོ་གཉིས་དང་བཅས་ལྷན་དུ་ཡབ་ཐུ་ར་ཚག་དགོན་པར། ༢༨༣
པཎ་ཆེན་ནཱ་རོ་པའི་ཐུགས་དམ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མར་ཕྱག་མཆོད་རྒྱས་པར་གནང་བས་རྡོ་རྗེ་རྣལ་འབྱོར་མའི་སྐུ་དེ་ཉིད་ཀྱིས་གསུང་འབྱོན་ལུང་བསྟན་པ་བཞིན། རྭ་བསྒྲེང་དུ་ཕེབས་བཞེད་བཤོར་ལ། སླར་སྙེ་ཐང་བདེ་བ་ཅན་བླ་བྲང་ཡང་དགོན་དུ། ཞིང་གཞན་དུ་གཤེགས་པའི་དགོངས་པས། ཐུགས་དམ་སྤྲོས་བཅས་ཀྱི་རིམ་པ་བསྐྱུངས་ནས། བྱང་ཆུབ་སེམས་གཉིས་བདག་གཞན་བརྗེ་བའི་གཏོང་ལེན་དང་། གནས་ལུགས་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་འཇོག་པར་བརྩོན་པའི་ཚུལ་མཛད། ཕ་བླ་མ་རྨོག་ལྕོག་པ། སྤྱིན་བདག་གསེར་ཁང་ནང་སོ། ཁར་རྔ་ནང་སོ་སྐུ་དྲུང་དུ་བཅར་བཞུགས་ཡོད་པ་རྣམས་ལ་ཡང་། ཐུགས་དམ་རིམ་པ་ཇི་ལྟར་ཡོད་ཚུལ་དང་། ཁྱད་པར་བླ་མ་རྨོག་ལྕོག་པར་བྱིན་རླབས་འཇུག་པས་སྙུང་གཡོག་བགྱིད་པ་དང་། སྐུ་འདས་ཀྱི་བྱ་བ་བགྱིད་ལུགས་བརྩོན་པར་བྱས་ནས། སྐྱེ་བ་ཀུན་ཏུ་འདུ་འབྲལ་མི་ཡོང་གསུངས་པའི། བཀའ་བསྩལ་ལུང་བསྟན་བསླབ་བྱ་མང་དུ་གནང་བའི་མཐར། ཟླ་བ་དེ་ཀའི་ཚེས་བཅོ་ལྔའི་ཐོ་རངས་ལ། ཞབས་གཡོན་པའི་མཐེ་བོང་གི་རྩེ་ནས་བདེ་ཉམས་ཤིན་ཏུ་ཆེ་བ་ཞིག་ཏུ་གྱུར། བདེ་ཆེན་དེ་ཉིད་རྒྱ་ཆེར་འཕེལ་ཏེ་སྐུ་ལུས་ཐམས་ཅད་བདེ་བས་ཁྱབ་ཅིང་རྩ་མདུད་ཐམས་ཅད་གྲོལ་བས། ཟུང་འཇུག་གི་རྣམ་པས་ཐུགས་སྣང་ཐམས་ཅད་ཡེ་ཤེས་སུ་ཤར། ནམ་ལང་པ་དང་། རྨོག་ལྕོག་བླ་མ་འབོད་པ་གནང་ནས་ཚུལ་དེ་རྒྱས་པར་གསུངས་པས་བླ་མས་བརྟན་བཞུགས་གསོལ་བ་བཏབས་པས། ད་རེས་ནད་འདིའི་ངེས་པར་འཆི། མཐོང་ལམ་གྱི་ཡེ་ཤེས་དང་འདྲ་བའི་བདེ་སྟོང་ཁོ་ནར་གནས། ལག་གཡོག་བསམ་ཅན་བླང་དོར་བྱེད་པའི་མི་རིགས་མི་འདུག་པས། ༢༨༤
དགོན་སོ་སོའི་རྩིས་སྤྲོས་སྔར་ཡོད་གཙང་སྤྲོད་དང་། སྤྱི་རྫས་རྗེས་འཇོག་འདི་ལྟར་གྱིས་ཞེས། རང་ནོར་སིལ་སྙན་ལེགས་པ་ཞིག་ཡོད་པ་ཡར་རྒྱབ་ཞབས་དྲུང་དུ་ཕུལ། གྲྭ་ཐང་མི་སྤྱོད་ཚུབ་ཀྱང་བྱེད་བཀའ་མི་ཡོང་། སྙེ་ཐང་ཕྱོགས་གསེར་ཁང་ཁ་སྔར་དང་བསྟུན་ནས་རྗེས་ཀྱི་བྱ་བ་གྱིས། དཔེ་ཆ་དང་དབང་རྫས་རེ་ཞིག་མི་འཁྱར་བར་གྱིས། གདུང་ཆོག་ཀྱཻ་རྡོར་ཆོ་ག་གོང་དཀར་རྡོར་གདན་ནས་བོས། རྟེན་བཞེངས་ཐུབ་ན་རྡོ་རྗེ་གདན་བླ་མ་ལྷ་ཁང་དུ་སྐྱོལ་གསུང་བའི་བཀའ་ཆེམས་མཛད། ཚེས་བཅོ་ལྔར་སྐུ་འདས་ཚུལ་ཉེ་བ་ན། སླར་ལི་ཐོར་གཟིགས་ནས། བཅོ་ལྔར་ཟིན་ཕུང་འདུག་གསུངས། བཅུ་དྲུག་གི་ནམས་སྲོད་བྱི་བར། སྐུ་བདེ་ཉམས་སྤྱན་ཧྲིག་གེ་གཟིགས་པའི་ངང་ནས་མྱ་ངན་ལས་འདས་ཤིང་ཞག་གསུམ་གྱི་བར། སྐུའི་བཀྲག་མདངས་ཉམས་མེད། སྤྱན་སེམས་དཔའི་ལྟ་སྟངས་མ་ཉམས་པར་བཞུགས་པ་དང་། སྐུ་རྗེས་ཀྱི་བྱ་བ་རྣམས་ཀྱང་། བླ་མ་རྨོག་ལྕོག་པས། བཀའ་ཆེམས་ལྟར་བསྒྲུབས་ཤིང་། །དགོངས་རྫོགས་མཆོད་འབུལ་རྟེན་བཞེངས་ལྷོ་བྱང་གཉིས་ཀར་རྒྱ་ཆེ་བར་བྱུང་བ་དང་། ལོ་དུས་ཀྱི་མཆོད་པ་ཡང་སྔ་མུར་ལོ་དེ་ཀའི་སྟོན་གཞུག་རྒྱས་པར་སྒྲུབས་ཐོག་གདན་ས་པ་ཡང་བསྐོས་བཞག་གྲུབ་པ་སོགས་དང་། ཇི་སྲིད་བསྟན་པ་གནས་བར་དུ་སྐུ་མཆོད་རྒྱུན་འཛུགས་ཀྱི་མཆོད་ཐེབས་དང་བཅས་བདེ་བ་ཅན་ཁོ་ནར་སྦྱར་བའི་ཐུགས་དགོངས་ཡོངས་སུ་རྫོགས་པར་བརྟེན་ཏོ། །རྨོག་ལྕོག་བླ་མ་ལ་ཡང་མཐོང་ཆོས་ཀྱི་འབྲས་བུ་འཕྲིན་ལས་རྒྱ་ཆེ་པར་བྱུང་སོང་བ་དང་། སྐུའི་སྐྱེ་བ་བླ་མ་རྨོག་ལྕོག་པའི་ཚ་མོར་བྱུང་བ། སྙེ་ཐང་གི་སེར་མོ་ཆེན་བླ་མ་གྲྭ་རིགས་འགའ་རེས་ལས་འབྲས་ལ་མཁྱེན་པ་རྒྱས་ཤིང་། བཀའ་དམ་ཚིག་ལ་གཅེས་སྤྲས་མཛད་པ་རྣམས་ཀྱི་གསུང་ལས། ༢༨༥
ཁོང་པའི་ཚ་བུ་ལ་སྐུ་སྐྱེས་ཡིན་ཞེས་རྫུན་རླབས་པོ་ཆེ་བགྱིས་སོ་ཞེས་གསུང་གིན་འདུག རྨོག་ལྕོག་པས་ནི་བདེན་ནམ་རྫུན་ཀྱང་བླ་མའི་དམ་ཚིག་ལ་བསམ་པས། གྲྭ་རིགས་བུ་ཆེན་ཕྱི་ཐག་ཅན་དམ་ཚིག་ཅན་གྱི་ཕྱག་རྫས་དང་ཆོས་གཞི་ལེན་སྤྲོད་ཀྱང་བྱུང་དགོས་དང་ཡོང་རེ་མི་འདུག བདེ་བ་ཅན་ཁོ་རང་གི་བདག་བྱེད་བཞིན་གླིང་སྟོད་ཆོས་རྗེ་བསྐོས་པ་ཡིན་འདུག ཕྱིས་སུ་ནི་ཁོ་རང་གི་དགོན་པ་ཡང་ཉེ་རིགས་གང་ལ་མི་གཏོགས་པའི་བླ་མ་བསྐོས་འདུག་པས། མཁྱེན་པ་ཅན་རྣམས་གླན་ཀའི་ཞལ་གྱི་སྐུ་ཡོང་། བྱ་བཏང་འགྱོད་མེད་བྱ་བ་ཞིག་འོངས་གསུངས། ཡིད་ཆེས་ངེས་ཤེས་ཀྱི་ཚ་ཟེར་འཕྲོས་པས། གྲྭ་ཐང་རང་གོང་དཀར་རྡོ་རྗེ་གདན་སོགས་ཀྱི་གྲྭ་རིགས་ཞལ་སློབ་བླང་དོར་གྱི་གནས་ལ་མཁྱེན་པ་མི་འགོག་པའི་དམ་ཚིག་ཅན་རྣམས་ལ་ནི། ཐེ་ཚོམ་གྱི་ཆུ་འཛིན་དངོས་པོ་མངོན་རྟགས་སུ་གྱུར་ཏོ།
།བླ་མའི་རྣམ་པར་ཐར་པ་འདི། རྗེ་རྡོ་རྗེ་འཆང་ཏཱ་ར་ནཱ་ཐའི་བཀའ་ཇི་ལྟར་གནང་བ་བཞི་དུ་བྱ་བཏོ་འབྱམས་པ་ཡོན་ཏོ་མགོན་པོས། །བགྱིས་པའི་དགེ་བས་འགྲོ་ཀུན་རྣམས། །ཚོགས་གཉིས་རྫོགས་པའི་དཔལ་དུ་ཤོག །རང་བཟོས་སྒྲོ་བསྐུར་བཟོད་བཞེས་འཚལ། །བཀྲ་ཤིས།། །།