Dug gsum dag byed zhal gyi bdud rtsi'i zhal shes

From Shangpa Resource Center
Revision as of 09:12, 19 February 2022 by Sengue (talk | contribs)








Resource ID KN?
Title dug gsum dag byed zhal gyi bdud rtsi'i zhal shes
Alt. title dug gsum rang dag 'bras bu rang shar
Topics Various
Sub-Topics Various
Associated Person Khyungpo Neljor
Link BDRC W3CN18508 (v2p.608)

༄༅། །དུག་གསུམ་དག་བྱེད་ཞལ་གྱི་བདུད་རྩིའི་ཞལ་ཤེས་སོ།།

བླ་མ་དུས་གསུམ་སངས་རྒྱས་ལ། ལུས་ངག་ཡིད་གསུམ་གུས་པས་འདུད། ཐུན་མོང་མ་ཡིན་པའི་གདམ་འདི་ལ་གསུམ་སྟེ། བདག་འཛིན་བློ་ཡིས་བཏང་བ་དང་། བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། སྟོང་པ་ཉིད་བསྒོམ་པ་དང་།
དང་པོ་ནི། རང་གི་མདུན་དུ་གནོད་བྱེད་བསམ། དེ་ནས་རང་གི་སྤྱི་བོར་པད་ཟླའི་སྟེང་དུ་བླ་མ་བསྒོམས་པའི་ཐུགས་ཀ་ནས་འོད་འཕྲོས། བླ་མ་རྣམས་བསྟིམ་ནས་བདག་འཛིན་བློས་ཐོངས་པ། དགོས་མེད། འཆི་བ་རྒྱུད་ལ་སྐྱེ་བར། བྱམས་སྙིང་རྗེ། འོད་གསལ་རྒྱུད་ལ་འཆར་བའི་གསོལ་བ་བཏབ་པས་བླ་མའི་སྐུའི་ཆ་ཐམས་ཅད་ནས་འོད་ཟེར་བྱུང་ཏེ། རང་གི་སྤྱི་བོར་ཕོག་པས་དེས་རྐྱེན་བྱས་ཏེ། རང་གི་ཤ་དང་། ལྤགས་པ་དང་། གླད་པ་དང་། གླད་རྒྱ་དང་། ནང་གྲོལ་ཐམས་ཅད་ཟུལ་ཕུད་ནས། གནོད་བྱེད་ལ་བྱིན་པ་དང་། རང་གི་ལུས་འདི་ཀེང་རུས་དཀར་པོ་སྣ་དང་མིག་ཁུང་ནག་ཧང་ངེ་བ། སོ་སྐྱ་རྩེག་བ། རྩིབས་མ་བཀྲ་ཡལ་ལེ་བ། རུས་པ་རྣམས་བྲལ་ལ་ཁད་པ་གཅིག་ཏུ་བསྒོམ་ནས། ཨ་ཙ་མ། འདི་ལྟ་བུའི་ཆོས་ཉིད། འདི་ལྟ་བུའི་རང་བཞིན་དུ་འདུག་པ་ཨང་། སྙམ་དུ་བསྒོམ་པས། འདོད་ཆགས། མོ་གདོན་གྲང་བའི་ནད། ཡི་དྭགས་སུ་སྐྱེ་བ་རྣམ་དག་ནས། བདེ་ཆེན་ལོངས་སྐུ་ཐོབ་པར་བྱེད་དོ།
།གཉིས་པ་ནི། གནོད་བྱེད་འདི་རྣམས་མ་ཡིན་སྙམ་པ་ནི་བྱམས་པ་དང་། ཐུགས་རྗེའི་བདུད་རྩིས་རང་དང་གནོད་བྱེད་ཀྱི་སྡིག་སྒྲིབ་དང་གནོད་སེམས་དག་པ་ནི། སྙིང་རྗེའི་ཆུ་རྒྱུན་ཏེ་བྱམས་པ་དང་འབྲེལ་བ་ཡིན་ནོ། །སྙིང་རྗེ་ནི། མ་འདི་རྣམས་ཁམས་གསུམ་འཁོར་བའི་བརྩེན་རར་འཁྱམས་པ་སྙིང་རྗེ་སྙམ་དུ་བསྒོམ། དགའ་བ་ནི། མ་འདི་རྣམས་བདེ་བ་དང་ལྡན་ཞིང་སངས་རྒྱས་ཐོབ་ན་དགའ་བ་ལ་སྙམ་དུ་བསམ། བཏང་སྙོམས་ནི། ཤུགས་ལ་འབྱུང་ངོ་། །ཞེས་ཞེ་སྡང་དང་། ཕོ་གདོན། གཟེར་བའི་ནད་དང་། དམྱལ་བར་སྐྱེ་བ་དག་ནས་སྤྲུལ་སྐུ་ཐོབ་པོ། །དེ་ནས་སྤྱི་བོའི་བླ་མ་སྙིང་ཀར་བྱོན། སྐུ་སྟོད་ནས་འོད་དཀར་པོ་བྱུང་། གཏི་མུག་དག །སྐུ་སྨད་ནས་འོད་དམར་པོ་བྱུང་། འདོད་ཆགས་དག་པར་བསམ། ཞེ་སྡང་རང་དག་ཡིན་ནོ། །བླ་མ་འོད་ཀྱི་རང་བཞིན་ཐུགས་ཀར་མ་ཡེངས་པར་བསྒོམ་པས་འོད་གསལ་འཆར་རོ། །དེ་གཏི་མུག་དང་། ཀླུ་གདོན། ནད་བྱིངས་ཅན། དུད་འགྲོར་སྐྱེ་བ་རྣམས་དག་ནས་ཆོས་སྐུ་ཐོབ་པར་བྱེད་དོ། །ཡང་ན་ཀེང་རུས་སྙིང་ཀར། བླ་མ་ཡི་དམ་གནོད་བྱེད་བསམ། གནོད་བྱེད་སྙིང་ཀར་མེ་འབར་བས་གནོད་བྱེད་བསྲེགས་པར་བསྒོམས་ལ་སྔགས་བཟླས། དེ་རྩུབ་པས་ཚོད་ཟིན་པ་གལ་ཆེ། གདོན་བགེགས་དབང་དུ་སྡུད་ན། བླ་མ་ལ་མོས་གུས་ཞུང་ཞུང་བྱེད་པར་བསམ་མོ།
།གསུམ་པ་ནི། རང་དང་བླ་མ་གནོད་བྱེད་གསུམ་མི་དམིགས་པར་བསྒོམ་མོ། །དགེ་བ་རྣམས་གནོད་བྱེད་ཀྱི་དོན་དུ་བསྔོ་བར་བྱའོ།
།དུག་གསུམ་རང་དག་འབྲས་བུ་རང་ཤར་ཞེས་བྱ་བ། བླ་མ་ཤངས་པའི་ཞལ་གདམས་རྫོགས་སོ། ཨྀཐི།