Dzodzi

From Shangpa Resource Center
Revision as of 17:14, 11 April 2021 by Sengue (talk | contribs)





Resource ID G38
Place Type Monastery
Coordinates 31°35'45.00"N 97°23'38.00"E
Links Shangpa Foundation
BDRC G1KR1008

Name Variants

mdzo rdzi
kun bzang dgyes pa'i dga' tshal gling


History

  • Established: ?

Notes

Founded by Jé Drung Tenpé Gyaltsen. The retreat center is run by Lama Tsültrim Lodrö.

W1KG26279: ཁམས་ལྷ་ཐོག་མཛོ་རྗེ་དགོན་ཐུབ་བསྟན་རྣམ་རྒྱལ་ཆོས་འཁོར་གླིང་ནི་བོད་ལྗོངས་ཆབ་མདོ་ས་ཁུལ་ཆབ་མདོ་རྫོང་སྲིད་གཞུང་གནས་ཡུལ་ནས་བྱང་ངོས་སྤྱི་ལེ100ཙམ་གྱི་ས་སྟེ་དེང་ལྷ་ཐོག་ཡུལ་ཤོག་གི་མཛོ་རྫི་གྲོང་ཚོའི་ཁོངས་སུ་གནས་ཤིང་། ཀཿཐོག་སི་ཏུའི་དབུས་གཙང་གནས་ཡིག་ཏུ་དང་པོ་མཛོ་མོ་འཚོ་བྱེད་རྫི་བོ་ཞིག །བར་དུ་ལས་འཕྲོ་སད་པ་སྤྲུལ་སྐུའི་(པའི་)སྐུ། ཐ་མར་མི་འགྱུར་རྡོ་རྗེར་གྲགས་པ་ཡི། །གདན་སའི་བཀོད་པ་ཕྱག་ཆེན་རང་གྲུབ་མཇལ་ཞེས་འཁོད་པ་ལྟར་མཛོ་རྫི་ཞིག་ནས་ལས་འཕྲོ་སད་དེ་སྤྲུལ་པའི་སྐུར་གྱུར་པ་ཡོན་དགེ་གཏེར་ཆེན་རིག་འཛིན་འགྱུར་མེད་རྡོ་རྗེ་དང༌། གཞན་ཡང་ལྕོག་རོ་བླ་མ། སྤོས་བླ་མ་སྟེ་གྲུབ་བརྙེས་ཀྱི་སྐྱེས་བུ་ཆེན་པོ་གསུམ་གྱིས་ཚེ་གཅིག་སྒྲུབ་པར་གཞོལ་ནས་ཐོག་མར་མཐོང་གྲོལ་པདྨ་འོད་འབར་གྱི་གནས་འདི་ཉིད་བདག་གིར་མཛད་པ་ནས་མཆོད་གནས་ཀྱི་གཞི་མ་སྟོང་ཙམ་གྱི་རི་ཁྲོད་ཅིག་ཆགས་པ་ལ། ཕྱིས་སྤྱི་ལོ1761ལོར་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་དང་། ལྷ་ཐོག་དཔོན་ཐུ་སི་པ་བཀའ་བརྒྱུད་བསྟན་འཛིན་ཡོན་མཆོད་ཟུང་གིས་མཛོད་དགོན་ཕུན་ཚོགས་རབ་བརྟན་གླིང་ཞེས་པ་ཕྱག་བཏབ་པ་ནས་སྤྱི་ལོ་1959ལོ་བར་ཀམ་ཚང་དོན་བརྒྱུད་ཀྱི་བསྟན་པ་འཛིན་པའི་གདན་ས་དཔལ་སྤུངས་གཉིས་པ་ལྟ་བུར་གྱུར། ཀརྨ་པ་བདུད་འདུལ་རྡོ་རྗེ་དང་། ཞྭ་དམར་ཆོས་གྲུབ་རྒྱ་མཚོ། སི་ཏུ་ཆོས་ཀྱི་འབྱུང་གནས་བཅས་མཐིང་དམར་ཅོད་པཎ་འཆང་བ་རྣམ་གསུམ་གྱིས་ཀམ་ཚང་བསྟན་པའི་བསྟི་གནས་སུ་གྱུར་པའི་བཀའ་ཤོག་ཀྱང་བསྩལ། དགོན་གནས་འདིར་ཡོན་དགེ་བླ་མ་སྐུ་ཕྲེང་དགུ། ལྕོག་རོ་བླ་མ་སྐུ་ཕྲེང་བརྒྱད་བྱུང་བ་ད་ལྟ་ཁྲིར་ཁོད་མེད་ཀྱང༌། སྤོས་བླ་མའམ་ཕུར་པ་སྤྲུལ་སྐུ་སྐུ་ཕྲེང་བཅུ་པ་དང་། བདེ་ཆེན་སྤྲུལ་སྐུ་སྐུ་ཕྲེང་བཞི་པ་ཉིད་ཏཱ་སི་ཏུ་སྐུ་ཕྲེང་བཅུ་གཅིག་པ་པདྨ་དོན་ཡོད་མཆོག་གིས་ངོས་འཛིན་གནང་སྟེ་དགོན་འདིའི་གསེར་ཁྲིར་མངའ་གསོལ་བ་སོགས་བསྟན་དང་འགྲོ་བའི་དོན་ཆེན་ཁུར་དུ་བཞེས་པའི་བླ་སྤྲུལ་འགའ་བཞུགས། ལྷག་པར་སི་ཏུ་ཆོས་འབྱུང་གི་ཐུགས་སྲས་རྗེ་དྲུང་ཀརྨ་ཕུན་ཚོགས་བསྟན་པ་རབ་རྒྱས་ཉིད་དགོན་འདིའི་བསྟན་པ་ཡོངས་རྫོགས་ཀྱི་བདག་པོར་མངའ་གསོལ་བ་ནས་བཟུང་། རྒྱལ་བ་ཀརྨ་པའི་འཕྲིན་ལས་ཀྱི་སྒྱུ་འཕྲུལ་དམ་པ་རྗེ་དྲུང་སྐུ་ཕྲེང་ན་རིམ་གྱིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལེགས་པར་མཛད།
།མཛོ་རྫི་དགོན་འདི་ཉིད་ལ་ནཱ་རོའི་ལུགས་ཀྱི་སྒྲུབ་སྡེ་དང་། ནི་གུའི་ལུགས་ཀྱི་སྒྲུབ་སྡེ་གཉིས་ཡོད་པ་ལས། ནི་གུའི་སྒྲུབ་སྡེ་ནི་སྐྱབས་མགོན་རྗེ་དྲུང་རིན་པོ་ཆེ་ཀརྨ་དཔལ་ལྡན་འགྱུར་མེད་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱིས་རྒྱལ་བསྟན་སྤྱི་དང་བྱེ་བྲག་སྒྲུབ་བརྒྱུད་ཀྱི་བཀའ་སྲོལ་འདི་ཉིད་གདུལ་བྱའི་བསོད་ནམས་ཀྱིས་མ་ཐེགས་པར་ལྔ་ཕྲག་སྙིགས་བདོའི་ཀློང་དུ་ཡིབ་ལ་ཉེ་བར་གཟིགས་ཏེ། སྤྱི་ལོ1994ལོར་དགོན་འདིའི་རྒྱབ་རིའི་གཡས་ཕྱོགས་སུ་བསྟན་གཞི་གཙུག་ལག་ཁང་དང་རྟེན་གསུམ། བསྟན་རྩ་དགེ་འདུན་གྱི་སྡེ་དང་མཐུན་རྐྱེན་བཅས་ཡོངས་སུ་ཚང་བ་ལོ་གཅིག་གི་ནང་ལེགས་པར་བསྐྲུན་ཅིང་། ཤངས་པའི་སྒྲུབ་སྡེ་ཀུན་ཏུ་བཟང་པོ་དགྱེས་པའི་དགའ་ཚལ་གླིང་ཞེས་པའི་མཚན་ཡང་གསོལ། ཐོག་མར་ཕྱག་བཏབ་པ་ནས་ད་བར་སྒྲུབ་ཐེངས་རེ་ལ་ལོ་གསུམ་ཕྱོགས་གསུམ་རེ་བྱས་པའི་སྒྲུབ་ཐེངས་བདུན་ཟིན་ཅིང་། སྒྲུབ་ཐེངས་དང་པོར་སྒྲུབ་བླ་བརྒྱད་དང་། གཉིས་པར་སྒྲུབ་བླ་ལྔ། གསུམ་པར་སྒྲུབ་བླ་བདུན། བཞི་པར་སྒྲུབ་བླ་བདུན། ལྔ་པར་བརྒྱད། དྲུག་པར་བརྒྱད། སྒྲུབ་ཐེངས་བདུན་པ་འདིའི་སྒྲུབ་དཔོན་ཚུལ་ཁྲིམས་བློ་གྲོས་དང་། སྒྲུབ་བླ་བདུན་ཡོད་པ་ལས་དེ་དག་གི་ཆ་སྙོམ་དགུང་གྲངས39ཡིན། སྒྲུབ་ཐེངས་དང་པོ་གཉིས་ལ་ལྷ་སྟེང་བླ་མ་གསེར་སྤྲུལ་གདན་དྲངས་ཏེ་རིང་ལུགས་འདིའི་འཁྲུལ་འཁོར་དང་དབང་ལུང་ཕྲན་ཚེགས་ཀྱི་རྒྱུན་ལྷག་མ་རྣམས་ཀྱང་ཁ་གསབ་གནང་ཡོད། དེ་ནས་སྒྲུབ་ཐེངས་དྲུག་པའི་སྐབས་ཙཱ་འདྲའི་སྒྲུབ་དཔོན་བླ་མ་ཐུབ་བསྟན་རྡོ་རྗེ་གདན་དྲངས་ཏེ། སླར་ཡང་ཐབས་གྲོལ་གྱི་ཉམས་བཞེས་དང་། ཆོ་ག་ཕྱག་ལེན་འཁྲུལ་འཁོར་རྣམས་ལེགས་བཅོས་བགྱིས་ཤིང་། དུས་འཁོར་ལྷ་དགུའི་དབང་ལུང་བསྙེན་ཁྲིད་རྣམས་ཀྱང་གསར་དུ་གནང་། སྒྲུབ་པ་སྡོམ་པའི་དུས་ནི་བོད་ཟླ་ལྔ་པའི་མར་ངོའི་ཚེས་གང་རུང་དང་། གྲོལ་བའི་དུས་ནི་བོད་ཟླ་ལྔ་པའི་ཡར་ངོའི་ཚེས་གང་རུང་ལ་ཡིན། །སྒྲུབ་པ་ལ་མ་འཇུག་གོང་ཐོག་མར་འདུན་པ་ཕྱིན་ཅི་མ་ལོག་པ་སྟེ་དལ་བའི་རྟེན་བཟང་ཐོབ། རྒྱལ་བའི་བསྟན་དང་མཇལ། དགེ་བའི་བཤེས་ཀྱིས་སྐྱོང་བའི་སྐལ་བཟང་ཐོབ་དུས་འདིར་སྒྲུབ་ལ་གཞོལ་བའི་སྤོང་བ་པ་རང་ཉིད་སྡོམ་པ་གསུམ་ལ་ཉམས་ཆག་གི་དྲི་མས་མ་གོས་ཤིང་། དབྱར་གནས་ལ་ཞུགས་ནས་མདོ་རྒྱུད་ཀྱི་ཐོས་བསམ་བག་རེ་ཡོད་པ། ཁྱད་པར་གཏན་གྱི་བདེ་བ་ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་པའི་འདུན་པ་ངེས་པར་ཡོད་དགོས་པ་སྔོན་དུ་སོང་སྟེ། གཟའ་སྐར་འཕྲོད་སྦྱོར་བཟང་པོའི་ཉིན་ནས་བཟུང་ལོ་གསུམ་ཕྱོགས་གསུམ་གྱི་ཉམས་ལེན་དངོས་ལ་ཐོག་མར་དྭགས་པོའི་ཐར་རྒྱན་དང་། རྗེ་དགུ་པའི་ཕྱག་ཆེན་ངེས་རྒྱ་མ་སོགས་ཀྱི་ཁྲིད་བྱས་ཏེ་སྔོན་འགྲོ་བློ་ལྡོག་རྣམ་བཞི་ནས་བླ་མའི་རྣལ་འབྱོར་བར་ཕྱག་འབུམ་དང་བཅས་ཟླ་བ་ལྔའི་ཁོངས་སུ་འགྲོ་ངེས་བྱ། དེ་ནས་གསར་རྙིང་རྒྱུད་སྡེའི་བསྐྱེད་རྫོགས་ཉམས་ལེན་གྱི་སྐོར་ལ། ཐོག་མར་ཤངས་ལུགས་རྒྱུད་སྡེ་ལྔ་དང་བདེ་མཆོག་ལྷ་ལྔའི་བསྙེན་པ་འགྲོ་དགོས་སྟབས། དེ་དག་ཀྱང་རིམ་པས་དབང་ལུང་ཁྲིད་གསུམ་བསྙེན་སྒྲུབ་ཁ་སྐོང་དང་བཅས་པ་སོ་སོར་བྱ། དེ་ནས་ཐབས་གྲོལ་ཟབ་མོའི་ཉམས་བཞེས་དངོས་ལ་ཐོག་དང་པོར་སོ་སོའི་བྱིན་རླབས་དམིགས་ཁྲིད་རྣམས་རིམ་པར་ཕོག་ལ། གསེར་ཆོས་ལྔ་པོ་རྣམས་རིམ་པས་འགྲོ་དགོས། གཏུམ་མོ་མེ་རྒོད་ཀྱི་སྐབས་ནས་ནི་གུའི་འཁྲུལ་འཁོར་ཡང་མ་ཆག་པར་སྐབས་བསྟུན་རྒྱག །ཕྱག་ཆེན་སྐབས་ངེས་དོན་རྒྱ་མཚོའི་དངོས་གཞི་ཁྲིད་ལུང་ཡང་རྫོགས་པར་བྱ། གཞན་ཡང་བླ་མ་མགོན་པོ་དབྱེར་མེད་ཀྱི་བཟླས་སྒོམ། སུ་ཁའི་ཆོས་དྲུག །མཇུག་ཏུ་ནི་དྷི་གཉིས་ཀྱི་ཚེ་སྒྲུབ་བཅས་ཤངས་ཆོས་རྩ་བ་ཡལ་ག་དང་བཅས་པར་ལོ་གཅིག་དང་ཟླ་བ་གཅིག་ཙམ་གྱིས་གྲུབ་བོ། དེ་ནས་ལོ་གཉིས་པའི་མཇུག་ཏུ་དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་སྒོམ་དགོས་པས། དུས་འཁོར་ལྷ་དགུའི་དབང་ལུང་དམིགས་ཁྲིད་བསྙེན་པ་ཁ་སྐོང་དང་བཅས་པ་བྱས་ལ་རྫོགས་རིམ་གྱི་ཁྲིད་ཕོག་སྟེ་སྦྱོར་དྲུག་གི་ཉམས་བཞེས་ཟླ་བ་དྲུག་བྱ་དགོས། ལོ་རྗེས་མའི་ཐོག་མར་རྫོགས་ཆེན་གྱི་ཉམས་ལེན་སྐོར་ལ། རྡོར་སེམས་ཞི་ཁྲོའི་དབང་ལུང་བསྙེན་ཁྲིད་ཁ་སྐོང་དང་བཅས་པ་བྱ་ཞིང་བླ་མ་ཡང་ཏིག་གི་དབང་ཁྲིད་ཀྱང་བྱས་ནས། སྔོན་འགྲོ་དང་དངོས་གཞིའི་ཁྲེགས་ཆོད་དང་། ཐོད་བརྒལ་བཅས་ལོ་གཅིག་གིས་གྲུབ་པར་བྱའོ། ཤངས་ཆོས་སྐོར་ལས་ལྷ་བཞི་དྲིལ་སྒྲུབ་དང་། གཏོར་ཆོག་འཕྲིན་ལས་གཏེར་མཛོད། གཏེར་གསར་ཕྱག་དྲུག་བཅས་གསུམ་པོའི་བསྙེན་སྒྲུབ་དང་བྱིན་རླབས། དབང་བཀའ། ཁྲིད་ལུང་། གཏོར་སྒྲུབ་བཅས་ལ་ཁྱོན་བསྡོམས་པས་ཞག་བཞི་བཅུ་ཞེ་གཉིས་ཙམ་འགོར་བ་ནི་ཕྱོགས་གསུམ་གྱི་ནང་བརྩི་དགོས། གྲོལ་ལ་ཉེ་བའི་མཐར་དགེར་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་བསྙེན་སྒྲུབ་བྱ་དགོས་པ་དང་། སྔར་ནི་དྷིའི་ཚེ་སྒྲུབ་སོགས་ནི་ལོ་གསུམ་ནང་ཟླ་ལྷག་གཅིག་ངེས་པར་འབྱུང་བ་དེར་བརྩི་དགོས། ལོ་གསུམ་ཕྱོགས་གསུམ་ལེགས་པར་གྲུབ་པའི་གཟའ་ཚེས་འཕྲོད་སྦྱོར་དགེ་བའི་ཉིན་སྔ་དྲོར་གཏོང་རག་གི་ལྷ་བསངས་དང་ཆ་གསུམ་བཏང་ཞིང་མཚམས་ཐོ་ལེན། དེ་ཉིན་དམ་གཙང་དང་གདོང་སྤྲད་ཅིང་སྒྲུབ་ཁང་ལ་སྐོར་བ་ཙམ་བྱོན། དེའི་ཕྱི་ཉིན་ལྟ་བུར་དགོན་དུ་རྟེན་གསུམ་ལ་མཎྜལ་འབུལ་ཞིང་སྐྱབས་མགོན་རྗེ་དྲུང་རིན་པོ་ཆེ་དང་མཇལ་ཁ་ཞུས་ནས་སྒྲུབ་ཁང་གི་བྱ་བ་རྣམས་ལེགས་པར་གྲུབ་པ་ཡིན། གོང་གི་ལོ་གསུམ་ཕྱོགས་གསུམ་གྱི་རིང་གསར་རྙིང་རྒྱུད་སྡེའི་བསྐྱེད་རྫོགས་ཉམས་ལེན་འདི་སྐོར་ལ་ནང་གསེས་སོ་སོར་དུས་ཡུན་ཇི་ཙམ་འགོར་ཚད་དང་། ལོ་དུས་དང་ཟླ་དུས་ཀྱི་སྒྲུབ་མཆོད་དང་སྐུ་མཆོད། ཞག་རེ་བཞིན་གྱི་ཐུན་བཞིའི་རྣལ་འབྱོར། སྤྱིའི་ཀུན་སྤྱོད་སོགས་འཇམ་མགོན་རིན་པོ་ཆེས་མཛད་པའི་བཅའ་ཡིག་ལྟར་ཕྱག་བསྟར་བགྱིས་དང་བགྱིད་བཞིན་ཡོད། སྤྱིར་གསར་རྙིང་གི་རྒྱུད་སྡེའི་ཉམས་ལེན་འདི་དག་ཀྱང་དབང་ལུང་ཁྲིད་གསུམ་གྱི་རྒྱུན་གདེང་ཐུབ་པ་འཚོལ་དཀའ་བའི་རིགས་འགའ་ཙམ་ལས་ཕལ་ཆེ་བའི་ཉམས་བཞེས་ཀྱི་རྒྱུན་བཞུགས་ཤིང་། སྔར་མ་ཚུགས་པ་རྣམས་ཀྱང་ཅི་མགྱོགས་ཀྱི་གཟུག་རྒྱུའི་དམིགས་འདུན་ཟབ་མོ་བཅངས་འདུག །དེ་ལྟར་སྒྲུབ་བརྒྱུད་ཀྱི་རིང་ལུགས་ལས་སྔོན་འགྲོ་དང་། ཤངས་ཆོས། སྦྱོར་དྲུག །རྫོགས་ཆེན་རྣམས་ཀྱི་ཉམས་ལེན་སོ་སོར་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་སྡེ་དང་མཚུངས་པར་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་ཕྱག་བཞེས་མཐོང་བརྒྱུད་མ་ཉམས་པར་ད་ལྟའི་བར་དུ་བཞུགས་པ་དག་ཀྱང་ཟམ་མི་ཆད་པར་སྐྱོང་མུས་དང་། ད་ཐེངས་ཀྱི་ཤངས་པའི་སྒྲུབ་སྡེའི་སྒྲུབ་བླ་ཚུལ་ཁྲིམས་བློ་གྲོས་ཀྱིས་གཙོས་སྒྲུབ་ཞུགས་སྤོང་བ་པ་རྣམས་ཀྱིས་ཀྱང་ཟབ་མོ་ནང་གི་ཉམས་བཞེས་ལ་རང་ནུས་ཅི་ལྕོགས་ཀྱིས་འབད་འབུངས་གནང་བཞིན་པའོ།
རྗེ་དྲུང་སྐུ་ཕྲེང་བདུན་པ་བསྟན་པའི་རྒྱལ་མཚན་མཆོག་གིས་སྤྱི་ལོ1991ལོར་དཔལ་སྤུངས་དགོན་དུ་བྱམས་མགོན་ཏཱ་སི་ཏུ་པདྨ་དོན་ཡོད་ཉིན་བྱེད་ཀྱི་མདུན་ནས་མར་པ་བཀའ་བརྒྱུད་དང་ཤངས་པ་བཀའ་བརྒྱུད་ཀྱི་སྨིན་གྲོལ་གྱིས་གཙོས་གདམས་ངག་མཛོད་ཀྱི་བཀའ་དབང་ཡོངས་རྫོགས་མནོས་ཤིང༌། ཚབ་ཚ་སྒྲུབ་རྒན་རིན་པོ་ཆེའི་མདུན་ནས་དེ་དག་གི་ལྗགས་ལུང་ཆ་ཚང་ཞུས་ཏེ་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་གནང་། སྔ་རྗེས་སུ་མཛོ་རྗེ་དགོན་གྱི་སྒྲུབ་སྡེ་གོང་འོག་གཉིས་དང་། བཤད་གྲྭ། མགོན་ཁང་། ཚོགས་ཆེན་འདུ་ཁང་། ཐོག་བརྩེགས་གསུམ་ལྡན་གྱི་དུས་གསུམ་སངས་རྒྱས་སོགས་ཕྱི་ནང་གི་རྟེན་བཞེངས་རྒྱ་ཆེར་མཛད་ཅིང་། དགོན་སྤྱིའི་བཤད་སྒྲུབ་ལས་གསུམ་གང་ཅིར་དགྱེས་བརྩེས་གཟིགས་སྐྱོང་དང་སློབ་སྟོན་བསྟུད་མར་སྩོལ་བ་མ་ཟད། ཁྱད་པར་བཤད་སྒྲུབ་ཀྱི་སྡེ་མང་དུ་བཙུགས་པ་རྣམས་ལས་ཀྱང་སྒྲུབ་སྡེ་གཙོ་བོར་མཛད་ཀྱི་ཡོད། ཁོང་གིས་དཔལ་ལྡན་ཤངས་པའི་བསྟན་རྒྱས་སྨོན་ལམ་ཞེས་པ་ཞིག་ཀྱང་མཛད། འདི་ལྟར་ཁོང་གིས་བཀའ་བརྒྱུད་དོན་གྱི་བསྟན་པ་ཕྱོགས་བཅུར་སྤེལ་བར་དཀའ་སྤྱད་ཀྱི་སྙིང་སྟོབས་ཁུར་དུ་བཞེས་མུས་ལགས།


Loading map...