Dzongshö

From Shangpa Resource Center
Revision as of 10:33, 28 April 2022 by Sengue (talk | contribs)





Resource ID G23
Place Type Monastery
Coordinates 31°28'42.00"N 99°10'37.00"E
Links Shangpa Foundation
BDRC G3828
The treasury of Lives

Name Variants

rdzong shod bde gshegs 'dus pa'i pho brang


History

  • Established: 1877

Notes

W1KG26279: སྨད་མདོ་ཁམས་སྒང་དྲུག་གི་འབྲི་ཀླུང་དང་ཟླ་ཀླུང་གཉིས་ཀྱི་བར་དུ་ཚུད་པའི་འབྲི་ཟླ་ཟལ་མོ་སྒང་གི་སའི་ཆ། གླིང་གི་དུས་སུ་གླིང་དཔོན་དུ་སི་དང་། བར་དུ་སྡེ་དགེའི་རྒྱལ་རབས། ད་ལྟ་དཔལ་ཡུལ་རྫོང་རག་ཆབ་ཡུལ་ཤོག་ལྷག་པ་གྲོང་ཚོའི་ཁོངས། དཔལ་ཡུལ་རྫོང་སྲིད་གཞུང་གནས་ཡུལ་ནས་སྤྱི་ལེ80ཙམ་ཡོད་པའི་བྱང་ཕྱོགས་སུ་གནས་པའི་རྫོང་ཤོད་གནས་ཀྱི་ཆེ་བ་བརྗོད་པ་ལ། རྫོང་ཤོད་གནས་ཡིག་ལས་བདེ་གཤེགས་ཞི་ཁྲོ་བཞུགས་པའི་རྫོང་ལྔ་ལ། དཔའ་བོ་མཁའ་འགྲོ་འདུ་བའི་ཤོད་ཀྱིས་བརྟེན་ ཞེས་འཁོད་པ་ལྟར། མདོ་ཁམས་གནས་ཆེན་ཉེར་ལྔ་ལས་ཡོན་ཏན་གྱི་ཡོན་ཏན་གྱི་གནས་མཆོག་ཏུ་ལུང་གིས་བསྔགས་ཤིང་། བདེ་གཤེགས་ཞི་ཁྲོ་རྣམ་དགུའི་དཀྱིལ་འཁོར་དངོས་སུ་བཞུགས་པའི་ཡོན་ཏན་གྱི་གནས་ལྔ་གཅིག་ཏུ་འདུས་པ་སྟེ། འབྲི་ཆེན་གཉན་ལྗང་གང་ཡོད་ཚང་བའི་སྐུ་མཆོག་འཇམ་དཔལ་ཞི་ཁྲོའི་གནས། ཛི་ནང་པདྨ་ཤེལ་ཕུག་དངོས་དང་དབྱེར་མེད་པའི་གསུང་མཆོག་པདྨ་ཞི་ཁྲོའི་གནས། ཙཱ་འདྲ་རིན་ཆེན་བྲག་དང་དབྱེར་མེད་པའི་ཐུགས་མཆོག་རྡོར་སེམས་ཞི་ཁྲོའི་གནས། ཁྲོ་རི་རྡོ་རྗེ་ཟིལ་ཁྲོམ་གྱི་བཀོད་པ་རྫོགས་པའི་ཡོན་ཏན་གནས་རྫོང་ཆེན་ཆེ་མཆོག །སེང་ཆེན་གནམ་བྲག་ཇི་ལྟ་བུར་བཞུགས་པའི་ཕྲིན་ལས་རྡོ་རྗེ་ཕུར་པའི་གནས་བཅས་གཙོ་བོར་བྱས་པའི་མཐའ་འཁོར་གྱི་ཤར་ཕྱོགས་ཨ་རིར་དཔལ་ཆེན་དགྱེས་པའི་ཕོ་བྲང་ཡང་ལེ་ཤོད་གཉིས་པ། ལྷོ་ཕྱོགས་སུ་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་གནས་ཁང་དམར་མདོའི་བྲག་དམར་ཟངས་གཡག་ནམ་མཁའ་རྫོང་། ནུབ་ཕྱོགས་སུ་ཚེ་དཔག་མེད་ཀྱི་གནས་རི་བོ་དབང་གཞུའི་སྙིང་པོ་བཀྲ་ཤིས་ཟླ་གམ་ཕུག །བྱང་གནོད་སྦྱིན་ནོར་ལྷའི་གནས་འབའ་རྒྱལ་འཁོལ་རི་མཆེད་གསུམ་བཅས་ཡན་ལག་གི་གནས་བཞི་དང༌། འཛིན་ཁྲ་བོ་གཞུང་ལུང་། འབུར་མོ་བྲག །གཏེར་ལུང་སོ་བྲག་མ་སོགས་ངོ་མཚར་ཁྱད་དུ་འཕགས་པའི་གནས་རིའི་ཕྲེང་བས་ཡོངས་སུ་བསྐོར། གནས་འདི་ཙཱ་འདྲ་དང་མཚུངས་པར་ཐོག་མར་སྦས་པའི་ཚུལ་དུ་གནས་པ་ལ། ཕྱིས་མཁྱེན་ཀོང་མཆོག་གསུམ་གྱིས་གནས་ཞལ་ཕྱེ་བར་མཛད། གནས་ཀྱི་དབུ་རྩེར་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་འཇམ་དཔལ་གཤིན་རྗེའི་སྒྲུབ་ཕུག་དང་། གཡས་སུ་དྲན་པ་གསང་ཕུག །བྲག་དཀར་རྩེ་མཐོན་འོག་ཏུ་གུ་རུ་རིན་པོ་ཆེའི་སྒྲུབ་ཕུག །དེ་འོག་ཤུད་བུ་དཔལ་སེང་སྒྲུབ་ཕུག །དེ་འོག་རི་སྤང་མཚམས་སུ་འོ་བྲན་དཔལ་གྱི་དབང་ཕྱུག །རྒྱལ་བ་བྱང་ཆུབ། ལྷ་ལུང་དཔལ་གྱི་རྡོ་རྗེ་རྣམས་ཀྱི་སྒྲུབ་ཕུག་བཅས། གསུང་གནས་མདུན་ངོས་སུ་རྒྱལ་བ་མཆོག་དབྱངས་ཀྱི་དབང་ཆེན་རྟ་མགྲིན་སྒྲུབ་ཕུག །གཡས་ཕྱོགས་སུ་བི་མ་ལའི་སྒྲོལ་དཀར་སྒྲུབ་ཕུག །དེ་འོག་ཏུ་མཚོ་རྒྱལ་གསང་ཕུག་བཅས། ཐུགས་གནས་དབུས་སུ་ཡང་དག་ཚོགས་ཁང་ཆེན་མོ་ཟླ་གམ་སྒོ་གཅིག་པའི་གཟུགས། ཕུག་པའི་ཀླད་དུ་ལྷ་ལྕམ་མནྡྷ་ར་བས་བྱིན་གྱིས་བརླབས་པའི་ཕུག་པ། གཡས་ངོས་སུ་ཡེ་ཤེས་དབྱིངས་ཀྱི་སྒྲུབ་ཕུག །གཡོན་ངོས་སུ་གནུབས་ཆེན་ནམ་མཁའི་སྙིང་པོའི་སྒྲུབ་ཕུག །ཡོངས་གྲགས་ཙིཏྟ་གསང་ཕུག་སྟེ་མཁྱེན་མཆོག་རྣམ་གཉིས་ཀྱིས་འཇམ་མགོན་ཀོང་སྤྲུལ་ཟབ་གཏེར་གྱི་བདག་པོར་མངའ་གསོལ་བའི་གནས་དང་བཻ་རོའི་སྒྲུབ་ཕུག་བཅས། ཡོན་ཏན་གནས་རྫོང་ཆེན་གྱི་མདུན་ངོས་སུ་གཉགས་ཆེན་གྱི་བདུད་རྩི་ཡོན་ཏན་སྒྲུབ་ཕུག །ཤར་ངོས་སུ་བི་མས་བྱིན་གྱིས་བརླབས་པའི་ཕུག་པ། རྩེ་ལོགས་སུ་སོག་པོ་ལྷ་དཔལ་གྱི་སྒྲུབ་ཕུག །ནུབ་ངོས་ཀྱི་བྲག་རྩར་རྨ་ཐོག་རིན་ཆེན་གྱི་སྒྲུབ་ཕུག །བྱང་ངོས་སུ་གཡུ་སྒྲ་སྙིང་པོ་དང་། ཁྱེའུ་ཆུང་ལོ་ཙཱའི་སྒྲུབ་ཕུག་བཅས། ཕྲིན་ལས་གནས་ཀྱི་ལྷོ་ངོས་སུ་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་རྡོ་རྗེ་ཕུར་པའི་སྒྲུབ་ཕུག །དེའི་ལྟག་ངོས་སུ་ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱི་གསང་ཕུག་བཅས། དབུས་ཀྱི་དཔལ་དེའུ་རྩེ་ལྔ་པ་ཅན་གྱི་མདུན་ངོས་སུ་ཆོས་རྒྱལ་ཁྲི་སྲོང་གི་བཀའ་བརྒྱད་སྒྲུབ་ཕུག །གཡོན་ངོས་སུ་ལྷ་སྲས་མུ་རུབ་ཀྱི་སྒྲུབ་ཕུག་བཞུགས། སྐུ་གནས་གཡོན་ངོས་ཀྱི་བྲག་རི་བྲག་རྩེའི་ངོས་རྣམ་སྣང་རྡོ་རྗེ་སེམས་དཔའི་སྐུ་རང་བྱོན། གསུང་གནས་སྦས་ཕུག་སྟེང་གི་བྱང་ངོས་སུ་རྟ་ཕག་རང་བྱོན། ལྷོ་ཕྱོགས་བྲག་གདོང་ངོས་སེང་གདོང་དམར་མོ་ཕུར་ཤམ་ཅན་གྱི་སྐུ། སྒྲོལ་དཀར་སྒྲུབ་ཕུག་གི་འགྲམ་དུ་ཨུཏྤལའི་སྡོང་པོ་དང་ཏཾ་ཡིག་རང་བྱོན། མདུན་ལམ་ལྟག་བྲག་ངོས་སུ་གུ་རུ་ཡབ་ཡུམ་གྱི་ཞབས་རྗེས། འབྲུ་གསུམ་རང་བྱོན་བཅས། ཐུགས་གནས་ཡང་དག་ཚོགས་ཁང་ཆེན་མོའི་སྟེང་ངོས་གཡོན་ཕྱོགས་ལ་རྡོ་རྗེ་སེམས་དཔའི་སྐུ་བརྙན་རང་བྱོན། ཚོགས་ཁང་ནང་ལོགས་གཡོན་ངོས་སུ་རལ་གྲི་རང་བྱོན། རྒྱབ་ངོས་བྱང་ཕྱོགས་སུ་ཚེ་བུམ་རང་བྱོན། འོག་ངོས་ཕུག་ལོགས་སུ་ནམ་སྙིང་ཕྱག་ཞབས་ཀྱི་རྗེས། ཙིཏྟ་གསང་ཕུག་གི་སྟེང་དུ་ཕྱག་རྡོར་རང་བྱོན་བཅས། རྫོང་ཆེན་བྲག་གི་ནུབ་ངོས་གཡས་ཕྱོགས་སུ་ཆེ་མཆོག་རང་བྱོན་དབུ་ཉི་ཤུ་རྩ་གཅིག་ཤིན་ཏུ་གསལ་བ། དེའི་གཡོན་གྱི་བྲག་ངོས་སུ་བཀའ་བརྒྱད་ཕོ་བྲང་གླིང་དགུ། མདུན་འོག་ཏུ་བདུད་རྩི་ཁྲོ་མཁར་བཅས། ཕྲིན་ལས་གནས་ཀྱི་འོག་ཏུ་ལྷ་མོ་ཙཎྜི་ཀ་རཀྟའི་རྫིང་ནས་སྐུ་ཕྱེད་ཐོན་པའི་ཚུལ། གནས་ལྔ་གཙོ་བོར་གྱུར་པའི་ཕྱོགས་མཚམས་རྣམས་སུ་བཀའ་རྟགས་ཡིག་འབྲུ། ཕྱག་མཚན་ཕྱག་ཞབས་ཀྱི་རྗེས་གསལ་དང་མི་གསལ་བ་སོགས་ཀྱི་སྐོར་ཞིབ་པ་གནས་ཡིག་རྒྱས་པ་རྣམས་ལས་ཤེས་པར་བྱ།

དེ་ལྟར་ཤངས་ཀྱི་ཟབ་ལུང་གཉིས་པ་འོག་མིན་གསང་ཆེན་རོལ་པའི་ཕོ་བྲང་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་རྣམས་མ་བཞེངས་ལྷུན་གྱིས་གྲུབ་ནས་ཡོད་པ། སྔོན་གྱི་དུས་གུ་རུ་ཡབ་ཡུམ་རྗེ་འབངས་ཉེར་ལྔ་དང་བཅས་པ་སོགས་དངོས་སུ་ཞབས་ཀྱིས་བཅགས་ནས་བྱིན་གྱིས་བརླབས་པ། པདྨ་འོད་གསལ་མདོ་སྔགས་གླིང་པ་དང་གཏེར་ཆེན་ཨོ་རྒྱན་མཆོག་འགྱུར་གླིང་པ་ལྷན་དུ་ཕེབས་ཏེ་བཀའ་འདུས་སྒྲུབ་ཆེན་བཙུགས་པ་དང་། སྤྲུལ་པའི་བརྡ་ཡིག་ཤོག་སེར་གཏན་ལ་ཕབ་པ། ཟབ་གཏེར་ཕྱག་ཏུ་བཞེས་ཤིང་གནས་ཞལ་ཕྱེ་བར་མཛད་པ་སོགས་སྐྱེས་ཆེན་གསེར་རིའི་ཕྲེང་བས་ས་རྡོ་རི་བྲག་ཐམས་ཅད་བྱིན་གྱིས་བརླབས་ཤིང་། ཁོར་ཡུག་གི་བཀོད་པ་རྣམ་པར་བཀྲ་ལ་ཏིང་ངེ་འཛིན་ངང་གིས་འཕེལ་བའི་གནས་འདི། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་ཉིད་ཀྱིས་རྒྱལ་བས་བསྔགས་པའི་དབེན་གནས་ཉམས་རེ་དགའ། སྙིང་ནས་དམ་ཆོས་སྒྲུབ་པའི་གནས་སུ་བཟང་ ཞེས་གསུངས་པ་བཞིན་བསྙེན་སྒྲུབ་ཀྱི་མཐུན་རྐྱེན་མཐའ་དག་ལེགས་པར་འཛོམས་པར་དགོངས་ནས། ཐོག་མར་རབ་བྱུང་བཅོ་ལྔ་པའི་མེ་གླང་སྤྱི་ལོ་1877ལོའི་བོད་ཟླ་བཅུ་པའི་ཚེས་བདུན་ལ་གནས་འདིར་ཕེབས། ཉིན་ཤས་རྗེས་ཚོགས་ཁང་ཆེན་པོར་བརྒྱ་མཆོད་འབུལ་སྐབས། ཨོ་རྒྱན་སངས་རྒྱས་གཉིས་པའི་བཀའ་ལུང་ལྟར་གནས་འདིར་མཆོད་པའི་རྟེན་དང་། སྒྲུབ་པའི་སྡེ་ཞིག་ཚུགས་ན་བསྟན་འགྲོ་ལ་དགོས་པ་ཆེན་པོ་ཡོད་ཚུལ་གཟིགས་པས། མེ་གླང་ལོ་འདི་གར་ས་གནད་མེ་བཙའི་གཙུག་ལག་ཁང་དཔལ་སྤུངས་སྐུ་ཚབ་པས་རྨང་གཏིང་སྟེ་རྟེན་དང་བརྟེན་པ་བཅས་མཐའ་རྒྱས་སུ་གྲུབ་ནས་དགེ་འདུན་གྱི་སྡེ་འདེབས་པར་མཛད། དེ་རྗེས་རག་ཆབ་དཔོན་གྱིས་མཐུན་རྐྱེན་སྦྱར་བ་རྟེན་འབྲེལ་དུ་གཟིགས་ཏེ། རང་ཡོད་ཀྱི་དངོས་རྫས་རྣམས་ཀྱང་བཏང་ནས་རབ་བྱུང་བཅོ་ལྔ་པའི་ས་སྟག་སྤྱི་ལོ1878ལོར་ཐོག་མར་སྒྲུབ་སྡེ་གསར་བཞེངས་ཀྱི་དབུ་བཙུགས་ནས། སྒྲུབ་གྲྭའི་ལྷ་ཁང་དང༌། གྲྭ་ཤག་བདུན་བཅས་ལེགས་པར་གྲུབ། དུས་དེ་ནས་བཟུང་འཇམ་མགོན་ཀོང་སྤྲུལ་ལ་གདན་ས་གོང་འོག་གཉིས་ཏེ། གོང་མ་ཙཱ་འདྲ་རིན་ཆེན་བྲག་དང་འོག་མ་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་འདི་ཉིད་བྱུང་། གནས་འདིར་སྒྲུབ་པའི་བསྟན་པ་ཐོག་མར་དར་སྤེལ་མཛད་སྐབས། རྗེ་ཉིད་ཀྱིས་རྫི་བོ་ཞིག་ལ་ཁྱོད་ཀྱི་མིང་ལ་ཅི་ཟེར་ཞེས་དྲིས་པས། རྫི་བོ་དེས་ངའི་མིང་ལ་ཕུན་ཚོགས། གྲོང་མིང་ལ་གང་ཟེར་དྲིས་པས། དགེ་ལུང་ཚང་། སེམས་ཅན་དུ་ཡོད་དྲིས་པས་མཛོ་མོ་བཟང་པོ་བདུན་ཡོད་ཅེས་ལན་བཏབ་པ་རྟེན་འབྲེལ་དུ་གཟིགས་ཏེ། སྒྲུབ་ཐེངས་དང་པོར་སྒྲུབ་བླ་བདུན་གྱིས་སྣ་སེལ་ནས་དབུ་བརྩམས་ཤིང་། ལོ་གསུམ་ཕྱོགས་གསུམ་གྱི་རིང་དུ་བསྙེན་སྒྲུབ་ཉམས་ལེན་དང་། ལོ་ཟླའི་དུས་མཆོད། ཐུན་བཞིའི་རྣལ་འབྱོར་སོགས་ཙཱ་འདྲའི་བཅའ་ཡིག་བཞིན་མཛད། དེ་རྗེས་སྤྲུལ་སྐུ་ཚུལ་ཁྲིམས་བསྟན་པའི་ཉི་མས་གདན་ས་བསྐྱངས་ནས། གྲྭ་སློབ་རྣམས་ལ་བློ་སྦྱོང་དོན་བདུན་མ་སོགས་ཀྱི་ཆོས་དང་གདམས་ངག་ཅི་རིགས་བསྩལ། དཔལ་ལྡན་མཁྱེན་བརྩེ་འོད་ཟེར་དགོན་འདིར་ཕེབས་ནས་གསང་ཐིག་ཡབ་བཀའི་ཚོགས་མཆོད་དང་། དགོན་པའི་གྲྭ་ཚང་ཡོད་རིགས་ལ་ཕྱག་འགྱེད། དཔལ་ཆེན་གཡང་སྐྱབས། སྒར་བསང་བཅས་བསྒྲུབས། ལྷག་པར་འཇམ་མགོན་གོང་མའི་ཕྱག་བཞེས་ལྟར་ཤངས་པའི་ཆོས་ཀྱི་གཙོས་དབང་ལུང་ཁྲིད་བཅས་གནང་བ་དང་། དགོན་པའི་བཅའ་ཁྲིམས་ལེགས་པར་བསྡམས། སྐབས་ཤིག་ལ་ཁྲ་སྐྱ་བླ་མ་རིན་པོ་ཆེས་གདན་ས་འཛིན་པའི་སྐུ་དུས་སུ་ཀོང་སྤྲུལ་ཡང་སྲིད་དཔལ་ལྡན་མཁྱེན་བརྩེ་འོད་ཟེར་གཤེགས་པར་ཐུགས་སྐྱོ་ནས་རག་ཆབ་སྒྲུབ་ཁང་དུ་ལོ་གསུམ་མཚམས་ལ་བཞུགས། མཐར་བཞི་རྒོལ་དུས་འགྱུར་གྱིས་རྐྱེན་པས་དགོན་གནས་སྤྱི་མིང་གི་ལྷག་མར་གྱུར་ལ། མཐའ་འཁོར་གྱི་མཆོད་རྟེན་ལྷག་ལུས་རྣམས་ཀྱང་བཤིགས།
སྤྱི་ལོ1983ལོར་ཉམས་གསོའི་ཆོས་སྒོ་ཕྱེ་སྐབས་རྫོང་གྲྭ་སྐལ་དགའ་སོགས་ཀྱི་རེ་འདུན་ལྟར། སྤྲུལ་འཇམ་དབྱངས་ཆོས་འཕེལ་གྱིས་ཉམས་གསོའི་ལས་སྣེ་ཁུར་བཞེས་ཐོག །ཐོག་མར་ཡང་དག་ཚོགས་ཁང་ཆེན་མོ་བཞེངས་ནས། གུ་རུ་ཟ་ཧོར་མ་དང་། མཁྱེན་ཀོང་གཉིས་ཀྱི་ཞལ་ཐང་ཚེམ་དྲུབ་མ། སྟེང་དུ་མགོན་ཁང་བཅས། དེ་རྗེས་འདུ་ཁང་ཆེ་བ་སྟེང་ཁང་བླ་བྲང་དང༌། སྤྱི་ཁང་སྒོ་ཁང་བཅས་ཁྱོན་ལྷ་ཁང་མགོན་ཁང་བཞི། སྐུ་རྟེན་ལ་གསེར་སྐུ་གསར་རྙིང་ཁྱོན་བསྡོམས་ལྔ་བཅུ་ལྷག་ཙམ། གསུང་རྟེན་དཔེ་ཝར་མཆོག་སྤྲུལ་འཆི་མེད་རྡོ་རྗེས་གནང་བའི་དྭགས་པོའི་བཀའ་འབུམ། མཁྱེན་བརྩེའི་བཀའ་བདུན་སོགས་དང་། བཀའ་བསྟན་གཏེར་མཛོད་སོགས་པོད་ལྔ་བརྒྱ་ལྷག་ཙམ། ཐུགས་རྟེན་མཁྱེན་ཀོང་སྤྲུལ་གསུམ་གྱིས་བཞེངས་པའི་འགོང་པོ་ཨར་གཏད་མཆོད་རྟེན་ཉམས་གསོ་མཛད། དེང་གི་ཆར་སི་ཏུ་པདྨ་དོན་ཡོད་ཀྱིས་མཆོག་སྤྲུལ་ཚུལ་ཁྲིམས་ཀྱི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གནང་བ་མཆོག་སྤྲུལ་བསྟན་འཛིན་ཉི་མས་དགེ་འདུན་འདུས་པ་ལྔ་བཅུ་སྐོར་གྱི་སྣེ་ཁྲིད་ནས་དགོན་འདིའི་བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་སྐྱོང་བཞིན་ཡོད་ལ། དེང་དཔལ་ཡུལ་རྫོང་ཁོངས་ཀྱི་བཀའ་བརྒྱུད་པའི་དགོན་སྡེ་གཅིག་པུ་ཡིན།
གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་ཀྱི་བཞུགས་ཚུལ་སྐོར། གཙུག་ལག་ཁང་ཆེན་དུ་ལྷ་བཟོ་བསོད་ནམས་རིན་ཆེན་ཞེས་པས་རྫུ་འཕྲུལ་གྱི་སྒོ་ནས་བཞེངས་པར་གྲགས་པའི་ཤཱཀྱ་ཐུབ་པ་ཐོག་ཚད། བྱམས་པ་ཐོག་ཚད། གུ་རུ་ཐོག་ཚད། རྡོ་རྗེ་སེམས་དཔའ་ཐོག་ཚད། གནས་བརྟན་བཅུ་དྲུག །རྒྱལ་ཆེན་སྡེ་བཞི་བཅས་དང་། ལོགས་བྲིས་བླ་མ་དང་ཡི་དམ་སྐོར། གུ་རུ་ལྷ་ཁང་དུ་ཨོ་རྒྱན་ཟ་ཧོར་མ་དང་། རྒྱལ་བ་རྒྱ་མཚོ། རྡོར་སེམས་ཡང་དག་སོགས་སྐུ་ཆེ་ཆུང་བརྒྱ་ཕྲག་ལྷག་པ། ཐུགས་གནས་ལྷ་ཁང་དུ་ཐུབ་དབང་ཐོག་ཚད་གཅིག་ཉེར་སྲས་བརྒྱད་ཀྱིས་བསྐོར་བ་སོགས། མགོན་ཁང་དུ་མགོན་པོ་ཕྱག་དྲུག་པས་གཙོས་ཆོས་སྐྱོང་གི་སྐུ་འདྲ། ཉེར་སྲས་ལྷ་ཁང་དུ་ཉེ་བའི་སྲས་ཆེན་བརྒྱད་ཀྱིས་གཙོས་བྱང་སེམས་ཀྱི་སྐུ་གཟུགས་དུ་མ། དྭགས་པོ་ལྷ་ཁང་དུ་བཀའ་བརྒྱུད་མར་མི་དྭགས་གསུམ་སོགས་ཀྱི་ལྡེར་སྐུ། གཟིམ་ཁང་དུ་ཚེ་ལྷ་རྣམ་གསུམ་གྱི་ལི་མ་ཁྱད་འཕགས། བྱེ་བའི་ཨ་ཀྲུམ་ལས་གྲུབ་པའི་ཇོ་བོ་ཨ་ཏི་ཤ། སྒྲོལ་མ་གསུང་བྱོན། གསེར་ཟངས་ཀྱི་ཀོང་སྤྲུལ་ང་འདྲ་མ། གཞན་ཡང་བདེ་ཆེན་ཞིང་བཀོད་ཀྱི་ཞལ་ཐང་ཆེ་ཆུང་གསུམ། རྒྱུད་སྡེ་ལྔའི་ཞལ་ཐང་། གུ་དྲག་ཞལ་ཐང་། སྐྱེར་སྒང་རྟ་མགྲིན་ཞལ་ཐང་སོགས་ཞལ་ཐང་ཆེ་ཆུང་སྤུས་ལེགས་ལྔ་བརྒྱ་ལྷག །འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་དབུ་ཞྭ། ཀོང་སྤྲུལ་བློ་གྲོས་ཆོས་ཀྱི་སེང་གེའི་ཐུགས་དམ་གྱི་རྟེན་སྤྱན་རས་གཟིགས་ཕྱག་བཞི་པ་སོགས། གསུང་རྟེན་སྐོར་བཀའ་བསྟན་གཉིས་དང་། རྙིང་མ་རྒྱུད་འབུམ། མཁྱེན་ཀོང་མཆོག་གསུམ་གྱི་ཟབ་ཆོས་ཆ་ཚང་། འདོན་ཆོག་གི་རིགས་སོགས་སྐྱ་པོད་སུམ་སྟོང་ལྔ་བརྒྱ་ལྷག་ཙམ་བཞུགས། ཐུགས་རྟེན་སྐོར་མཆོད་རྟེན་རྣམ་པ་བརྒྱད་གསེར་དངུལ་ཟངས་རག་ལས་གྲུབ་པ་གང་མང་སོགས་རྟེན་གསུམ་གྲངས་ཀྱིས་མི་ཆོད་པ་བཞུགས།
ཚོགས་སྒྲུབ་མཆོད་ཀྱི་སྐོར་ལ། ཆོ་འཕྲུལ་ཟླ་བའི་ཚེས་ལྔ་ནས་བཟུང་གྲུབ་ཐོབ་བཀའ་བརྒྱད་ཉིན་བདུན་དང་ཉིན་རེ་བཞིན་ཚོགས་བརྒྱ་རེ། ཚེས་བཅུ་བཞི་དང་བཅོ་ལྔ་ལ་ཉེར་སྲས་བརྒྱད་ཀྱི་ཆོ་ག །ཚེས་བཅུ་བཞིའི་དགོང་མོར་རྗེ་བཙུན་མི་ལའི་འདས་མཆོད་ལ་བཀའ་བརྒྱུད་མགུར་མཚོ། བོད་ཟླ་གཉིས་པའི་ཚེས་གཅིག་ལ་སྒར་བསང་བྱ་ལ་དགུན་བཅའ་གྲོལ། ཚེས་གཉིས་ལ་གཏང་རག་གི་ཚུལ་དུ་མཁའ་འགྲོའི་བྲོ་རར་འཁོར་འདས་མཆོད་པ། བཅུ་གཉིས་བར་དུ་བཅུ་ཤོག་རེས་མོས་ཀྱིས་རྒྱུན་འདུག་བྱ་སྲོལ། ས་ག་ཟླ་བའི་ཚེས་གཅིག་ནས་བཅུ་གཅིག་བར་དྲི་མེད་ཀུན་དགའི་རྒྱལ་བ་རྒྱ་མཚོའི་རྒྱལ་ཐོ་རྒྱན་བཀོད་དང་། དངོས་གཞི། དབང་བསྐུར། གཏང་རག་བཅས་ཀྱི་སྒྲུབ་ཆེན་ཚོགས། ཉི་མ་བྱང་བགྲོད་སྐབས་བླ་མ་ནོར་ལྷའི་སྒྲུབ་པ་ཁོག་ཕུབ་དཔལ་ཆེན་མ་དང་འབྲེལ་བའི་གཡང་སྒྲུབ་ཉིན་གཅིག །བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་དཔལ་དེའུ་ལ་རི་བསྟོད་བསང་མཆོད་གཏེར་གསར་རྒྱལ་བརྔན། ཐུགས་སྒྲུབ་ཚོགས་མཆོད་བཅས་ཉིན་གཅིག་གསུངས། བོད་ཟླ་དྲུག་པའི་ཚེས་གཅིག་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཉིན་བརྒྱད་ཚོགས་སྐབས་རག་ཆབ་དགོན་གྱི་བླ་གྲྭ་རྣམས་ཀྱང་ཕེབས་ཏེ་བཀའ་འགྱུར་གྱི་བཀླག་རྒྱུགས་སྤྲོད་དགོས། བོད་ཟླ་བདུན་པའི་ཚེས་བཅོ་ལྔ་ནས་གནམ་སྟོང་བར་དབྱར་གནས་ཟླ་བ་ཕྱེད་གཉིས། དགུན་ཉི་ལྡོག་སྐབས་ཤེར་སྙིང་བདུད་ཟློག །བོད་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་དང་བཅོ་ལྔ་གཉིས་ལ་རྡོར་སེམས་སྒྲུབ་མཆོད་དང་། ཚེས་ཉེར་གཅིག་ནས་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པའི་འདས་མཆོད། དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་ཆེན་ཉིན་བདུན། ཚེས་ཉེར་བརྒྱད་དང་ཉེར་དགུ་གཉིས་ལ་མགོན་པོ་བེར་ནག་གི་དགུ་གཏོར། བོད་ཟླ་བཅུ་གཉིས་པའི་ཚེས་ལྔ་ནས་ཀར་གླིང་ཞི་ཁྲོའི་སྒྲུབ་པ་ཉིན་བདུན། ཚེས་ཉེར་གསུམ་ནས་མགོན་པོ་ཕྱག་བཞི་པའི་སྒྲུབ་ཆེན་ཚོགས་ནས་གནམ་ལོ་གསར་ཚེས་ཀྱི་ཚེས་གཅིག་ལ་ཐོ་རངས་སེར་ཕྲེང་དང་བཅས་ཁང་སྟེང་ལ་གཏོར་འབུལ་བཏང་ནས་ཚོགས་གྲོལ། ཉ་སྟོང་ཚེས་བརྒྱད་ཀྱི་དུས་མཆོད་ནི། ཚེས་བརྒྱད་ལ་ཐེག་ཆེན་གསོ་སྦྱོང་། ཡར་ངོའི་ཚེས་བཅུར་དཀོན་མཆོག་སྤྱི་འདུས། ཚེས་བཅོ་ལྔ་ལ་གཞི་གསུམ་གསོ་སྦྱོང་། མར་ངོའི་ཚེས་བཅུ་ལ་གསང་ཐིག་ཡབ་བཀའ་དང་། ཡུམ་བཀའ་རེས་མོས། གནམ་སྟོང་ལ་གཞི་གསུམ་གསོ་སྦྱོང་བཅས་ཀྱི་རྒྱུན་ཚོགས་རྣམས་ཆད་ཆག་མེད་པ་འཚོགས། དགོན་གཞུང་གི་ཆོ་ག་ཕྱག་ལེན་ཇི་ཡོད་ཤངས་པའི་སྒྲུབ་སྡེ་དང་མཚུངས་པས། དགོན་འདི་ཡང་ཤངས་པ་བཀའ་བརྒྱུད་ཀྱི་ལུགས་འཛིན་པར་འཇོག་གོ
།དགོན་འདིའི་ཤངས་པའི་སྒྲུབ་སྡེ་ནི་ཧ་ལམ་ལོ་ངོ་བརྒྱ་དང་ལྔ་བཅུ་ཙམ་གྱི་གོང་དུ་འཇམ་མགོན་ཀོང་སྤྲུལ་རང་ཉིད་ཀྱིས་ཕྱག་བཏབ་ཅིང་། གསེར་ཆོས་ལྔ་ལ་སོགས་པའི་ཤངས་པའི་ཆོས་སྐོར་ཆ་ཚང་བར་ཉམས་སུ་ལེན་གྱི་ཡོད། སྒྲུབ་ཐེངས་དང་པོར་ཀོང་སྤྲུལ་ཉིད་ཀྱིས་སྒྲུབ་དཔོན་མཛད་ཅིང་སྒྲུབ་བླ་བདུན་སྒྲུབ་པར་ཞུགས། ཁོང་གིས་སྔ་ཕྱི་ཁྱོན་དུ་གནས་འདིར་ལན་གྲངས་མང་པོ་ཕེབས་ནས་སྒྲུབ་བླ་དང་སློབ་མ་གཞན་འགར་ཡང་ཤངས་ལུགས་སོགས་ཀྱི་དབང་ཁྲིད་ཅི་རིགས་བསྩལ་བས་ཤངས་པའི་བསྟན་པ་དར་ཞིང་རྒྱས་པར་མཛད། སྤྱི་ལོ1956ལོར་དགོན་གནས་སྤྱི་དང་མཚུངས་པར་ཐོར་ཞིག་ཏུ་སོང་། དེ་ནས་རིག་གསར་རྗེས་དད་ལྡན་མང་ཚོགས་ཀྱི་འདོད་མོས་ལྟར་དགོན་འདིའི་ནུབ་ངོས་སུ་སྒྲུབ་སྡེ་བསྐྱར་བཞེངས་མཛད་པ་དང་། སྤྱི་ལོ1998ལོར་སྒྲུབ་དཔོན་ཀུན་བཟང་ཡེ་ཤེས་ཀྱིས་སྒྲུབ་པ་སླར་གསོ་མཛད་དེ། སྒྲུབ་བླ་བདུན་ཡོད་པའི་སྒྲུབ་ཐེངས་གཅིག་ཚུགས་པ་དེ་སྤྱི་ལོ་2001ལོའི་ལོ་མཇུག་ཏུ་གྲོལ། སླར་སི་ཏུ་པདྨ་དོན་ཡོད་ཀྱི་བཀའ་བཞིན་སྒྲུབ་སྡེ་འདི་ཉིད་ཡང་དག་ཚོགས་ཁང་ཆེན་མོ་ཡོད་སར་སྤོ་བའི་ལས་གཞིས་རྐྱེན་པས། ད་བར་སྒྲུབ་ཐེངས་གཉིས་པ་ཚོགས་ཐུབ་མེད་པའོ།

---སྨདརྫོང་ཤོད་བདེར་གཤེགས་འདུས་པའི་གནས་ཡིག་རྡོ་རྗེའི་ཞལ་ལུང་བཞུགས་སོ། རྩ་གསུམ་འདུས་པའི་ལྷ་ལ་འདུད༔ ཀུན་བཟང་པདྨ་སཾ་བྷ་ཝའི༔ དབྱིངས་དང་ཡེ་ཤེས་ཟུང་འཇུག་པ༔ རིག་རྩལ་ཐེག་བརྩེའི་ཆོ་འཕྲུལ་ལས༔ ཚོགས་བརྒྱད་རྣམ་པར་དག་པ་ལས༔ བདེར་གཤེགས་ཡོངས་རྫོགས་སྒྲུབ་སྡེ་བརྒྱད༔ འདུས་པ་ཆེན་པོའི་དཀྱིལ་འཁོར་ཤར༔ ལྷ་དང་སྔགས་དང་ཏིང་འཛིན་ནི༔ བསམ་ཡས་སྒྱུ་འཕྲུལ་དྲ་བའི་གརཿ འོག་མིན་ངེས་པ་ལྔ་ལྡན་ཞིང༔ བོད་ཀྱི་ཡུལ་དུ་འཕོས་པ་ནི༔ སྦས་ཡུལ་ཤངས་ཀྱི་ཟབ་བུ་ལུང༔ སྒོ་གསུམ་ལུང་བདུན་ཟབ་དབེན་དགུ༔ བདེ་གཤེགས་འདུས་པའི་ཕོ་བྲང་ཆེ༔ མཐོང་ཐོས་དྲན་པའི་དོན་ལྡན་ཞིང་༔ མཆོག་གི་དངོས་གྲུབ་རྩོལ་མེད་འགྲུབ༔ ཐུན་མོངས་དངོས་གྲུབ་ཤུགས་ལས་འབྱུང་༔ ཀླ་ཀློ་གདུག་པའི་རྩུབ་འགྱུར་དཔུང་༔ ཟིལ་གནོན་ཁྲུག་འཐུང་རོལ་པའི་གྲོང་༔ ངོ་མཚར་འགྲེན་ཟླ་བྲལ་བར་བཞུགས༔ དེ་ལས་ཡེ་ཤེས་རིགས་བཞིའི་འཕྲུལ༔ འགགས་མེད་ཆུ་ཟླའི་གཟུགས་བརྙན་ལྟར༔ གངས་ཅན་ཕྱོགས་བཞིར་སྣང་བ་ལས༔ ཤར་ཕྱོགས་འགྲོ་འདུལ་སྤྲུལ་པའི་ཞིང་༔ ཡོན་ཏན་བསྔགས་པ་མཐའ་ཡས་པའི༔ སྦས་གནས་ཀུན་གྱི་གཙོ་བོ་ནི༔ བདེ་བར་གཤེགས་པ་འདུས་པའི་རྫོང་༔ དཔའ་བོ་མཁའ་འགྲོ་འདུ་བའི་ཤོད༔ ཉི་ཤུ་རྩབཞིའི་བཀོད་པ་ཅན༔ ལྷ་བཙན་ཀླུ་ཡི་སྲུང་མ་ཡིས༔ སྦས་ཏེ་སྲུང་བའི་ཞིང་ཁམས་ཡོད༔ དེ་ལ་འཇུག་པའི་སྒོ་གསུམ་སྟེ༔ སྐུ་གསུང་ཐུགས་ཀྱི་འཁོར་ལོའི་ཚུལ༔ ཕྱོགས་མཚམས་རྡོ་རྗེའི་བྲག་དཀྱིལ་དང་༔ རང་བྱུང་ཆུ་མིག་ལྗོན་པའི་ཤིང་༔ ཛ་ལན་དྷ་ར་ལ་སོགས་པ༔ བཀོད་པ་བརྒྱད་མཚན་གསུམ་གྱི་དབུས༔ འདབ་བརྒྱད་པདྨའི་རི་ཡི་སུལ༔ གྲུབ་པའི་རིག་འཛིན་རྣམ་བརྒྱད་དང་༔ བདེར་གཤེསས་བརྒྱད་ཀྱི་ཆོགས་ཁང་དབུས༔ ཀུན་འདུས་དཔལ་གྱི་ཕོ་བྲང་ནི༔ དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི༔ རྩགསུམ་དལ་བབས་ཆུ་བོས་ཚུལ༔ རྡོ་རྗེའི་སྐུ་དང་འགགས་མེད་གསུང་༔ བདེར་གཤེསས་ཐུགས་དང་ཡོན་ཏན་བརྒྱན༔ ཕྲིན་ལས་ཐོགས་པ་མེད་པའི་རྩལ༔ འཁོར་ལོ་ལྔ་ལྡན་ཕུག་པའི་དབྱིབས༔ དེ་ན་རང་བྱུང་ཧེ་རུ་ཀའི༔ རྣམ་པར་འཕྲུལ་པ་དཔག་ཡས་པའི༔ ཕྱག་རྒྱ་སྔགས་དང་ཡེ་ཤེས་ཀྱི༔ མཚན་མ་རང་བྱུང་ཚུལ་དུ་བཞུགས༔ ཁྱད་པར་ཙིཏྟ་གསང་བའི་སྦུབས༔ ཡ་མཚན་ཤེལ་གྱི་གཞལ་མེད་ཁང་༔ རྡོ་རྗེ་ཚེ་ཡི་ཆུ་རྒྱུན་དང་༔ དངོས་གྲུབ་རྫས་ཀྱི་མཚན་པ་ན༔ ཡེ་ཤེས་ཆེན་པོ་གཏེར་གྱི་བཅུད༔ བསམ་ཡས་བརྗོད་པ་ཀུན་གྱི་གཞི༔ ཀུན་འདུས་ཀུན་ལས་ཁྱད་པར་འཕགས༔ ཀུན་གྱི་སྙིང་དྲིལ་ཆེན་པོ་བཞུགས༔ དེ་ལྟ་བུ་ཡི་བྱིན་རླབས་ཀྱིས༔ ས་གཞི་ལྷུན་ཆགས་སངས་རྒྱས་དང་༔ ཡི་དམ་བྱང་སེམས་ཞི་དང་ཁྲོའི༔ བཀོད་པ་དུ་མ་བསམ་མི་ཁྱབ༔ རྡོ་རྗེའི་བྲག་ལ་རིག་པ་འཛིན༔ བླ་མའི་ཕྱག་ཞབས་རྗེས་མང་པོ༔ ཡི་དམ་ཞི་ཁྲོའི་ལྷ་དང་སྔགས༔ ཌཱ་ཀིའི་ཐུགས་ཀྱི་མཚན་མར་སྣང་༔ རང་བྱུང་ཆུ་མིག་དཀར་དམར་ནི༔ མྱོང་གྲོལ་ཐབས་ཤེས་རྫས་ཀྱི་ཚུལ༔ མེ་ཤེལ་ཉི་མའི་ཆར་ཚུལ་དང་༔ འབྱུང་བ་རླུང་ཁམས་འཁྱིལ་བ་ཡིས༔ ཚེ་ངང་ནོར་གྱི་གཡང་ཞག་འཁྱིལ༔ དངོས་གྲུབ་ཆུ་མིག་དུ་མ་དང་༔ ཡ་མཚན་དཔག་བསམ་ལྗོན་པའི་ཤིང་༔ རིན་ཆེན་འབར་བའི་ས་འཛིན་དང་༔ ནོར་བུའི་རྡོ་ལེབ་བཀྲམ་པ་ཡིས༔ ཚེ་དང་འབྱོར་པ་ཡིད་དུ་འོང་༔ ཉམས་ཆགས་བསྐང་དང་མཐུ་དབང་སྩོལ༔ གཤིན་རྗེ་དུས་ཀྱི་མེ་ལྕེའི་གྲོང་༔ གནམ་ལྕགས་འབར་བའི་ཕུག་པ་ན༔ དྲག་སྔགས་མཐུ་དང་ལྔན་པ་ཡིས༔ གདུག་པ་མ་ལུས་ཚར་ཐག་གཅོད༔ སྲུང་མ་ལྷ་ཆེན་ཕྱག་བཞི་པ༔ རྡོ་ཡི་ཕུག་པ་བརྟེན་ཏེ་གནས༔ དབང་གི་ལྷ་མོ་ཅཎྚི་ཀ༔ རཀ་ཏའི་རྫིང་བུར་ལུས་ཕྱེད་ཐོན༔ ཅི་བགྱིའི་བཀའ་ཉན་གིང་ཀ་ར༔ བྱང་ཕྱོགས་དུར་ཁྲོད་ཆེན་པོར་འདུ༔ ངོ་མཚར་ཁྱད་འཕགས་གྲོང་ཁྱེར་དེར༔ དཔའ་བོ་ཌཱ་ཀིའི་ཆོགས་རྣམས་ཀུན༔ ཡར་ངོའི་ཚེས་བཅུར་ལྷག་པར་འདུ༔ བྱ་གཅན་ཤ་ཟན་གདུག་པའི་ཚུལ༔ ཆོ་འཕྲུལ་རྣམ་པ་ཅིར་ཡང་སྟོན༔ དེར་ནི་དྲོད་ཐོབ་རྣལ་འབྱོར་པས༔ བརྟུལ་ཞུགས་སྤྱོད་པ་བསྐྱངས་པ་ན༔ མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེའི༔ ཡེ་ཤེས་རྩོལ་མེད་རང་ལས་ཤར༔ སྙིང་པོ་ཐུགས་ཀྱི་ཕོ་བྲང་དུ༔ ཟབ་དོན་སྒྲུབ་པའི་སྡེ་ཚུགས་ན༔ བོད་ཡུལ་བརྟན་འགྲོ་ཐམས་ཅད་དང་༔ རྟོག་པའི་བསྟན་པ་ཡུན་དུ་གནས༔ དད་པ་ཅན་གྱི་སྐྱེ་བོ་རྣམས༔ གནས་འདི་མཐོང་བ་ཙམ་གྱིས་ཀྱང་༔ སྣང་བ་འགྱུར་ཞིང་འདོད་བློ་ཞིག༔ ཕྱག་དང་བསྐོར་བ་སུས་བྱས་པ༔ ལུས་ཀྱི་སྡིག་སྒྲིབ་ཐམས་ཅད་འདགས༔ གསོལ་འདེབས་བཟླས་བརྗོད་བརྩོན་པ་ཡིས༔ ངག་གི་སྒྲིབ་པ་རང་སར་ཞི༔ མོས་གུས་ཆེན་པོའི་གསོལ་བཏབ་ན༔ བྱིན་རླབས་ཡེ་ཤེས་ཉམས་རྟོགས་འཆར༔ ཚོགས་ཀྱི་མཆོད་པ་ཕུལ་པ་ཡི༔ ཐུན་མོང་དངོས་གྲུབ་རྩོལ་མེད་འབྱུང་༔ འཁོར་ལོས་འདུ་བར་སུ་སྤྱོད་པ༔ རྟེན་དེར་ཟུང་འཇུག་གོ་འཕང་འགྲུབ༔ སྲུང་དང་ཞི་རྒྱས་དབང་དྲག་ལས༔ གང་རྩམ་ཐོགས་པ་མེད་པར་འཆར༔ གཞན་ཡང་རྡོ་རྗེའི་ལམ་ཞུགས་པས༔ ཐར་པ་ཆེན་པོའི་རྟེན་འབྲེལ་འགྲིགས༔ བདུད་རྩིའི་རྒྱུན་ལ་ཁྲུས་བྱས་པའི༔ སྒྲིབ་པ་དག་ཅིང་ཚོགས་ཆེན་རྫོགས༔ བྱང་ཆུབ་ཤིང་དྲུང་མཉམ་བཞག་ན༔ སྤྱན་དང་མངོན་ཤེས་རྩོལ་མེད་འབྱུང་༔ ཤར་ཕྱོགས་རྡོ་རྗེའི་ཕུག་པ་རུ༔ བསྒོམ་ན་བསྐྱེད་རིམ་དྲོད་རྟགས་མྱུར༔ ལྷོ་ཕྱོགས་བདུད་རྩིའི་ཁྲུས་ཁང་དུ༔ རྩརླུང་གཏུམ་མོའི་བདེ་དྲོད་འཆར༔ ནུབ་ཕྱོགས་དབང་གི་བྲག་སྐྱིལ་དུ༔ ཐབས་ཟམ་ཟབ་མོའི་བརྟུལ་ཞུགས་རྫོགས༔ བྱང་ཕྱོགས་ཤེལ་གྱི་གསང་ཕུག་ཏུ༔ མཉམ་པར་བཞག་པས་ཀ་དག་རྟོགས༔ སེང་གེ་དྲེག་པ་བསྒྱིང་པའི་ཐོད༔ རྡོ་རྗེ་སེམས་དཔའི་མེ་ལོང་ཡོད༔ དེར་ནི་མངོན་སུམ་རིག་པའི་གནད༔ གཟིར་ན་སྣང་བཞིའི་རྩལ་ཆེན་རྫོགས༔ དབུས་ཀྱི་ཌཱ་ཀིའི་བྲོ་ར་རུ༔ རྡོ་རྗེའི་གར་དང་རྡོ་རྗེའི་གླུ༔ རྡོ་རྗེའི་ལྟ་བས་རབ་བལྟས་ན༔ དཔའ་བོ་མཁའ་འགྲོའི་ཡིད་བསྐུལ་ཞིང་༔ ཉེ་རྒྱུའི་སྤྱོད་པའི་གྲོགས་མཛད་དེ༔ ཕྱི་ནང་ཀུན་ཏུ་དགེ་ལེགས་འབྱུང་༔ མདོར་ན་མཐོང་ཐོས་དྲན་རེག་དང་༔ བཟང་ངན་ལས་ཀྱི་འབྲེལ་བ་ཀུན༔ རྣམ་པ་ཀུན་ཏུ་དོན་ལྔན་ཞིང་༔ རྡོ་རྗེའི་གསང་བ་མཆོག་གི་གྲོང་༔ དེ་དང་དེ་ཡི་ཡན་ལག་ཀྱང་༔ ཡང་དག་གྲུབ་པའི་ཕོ་བྲང་དང་༔ གནོད་སྦྱིན་གཏེར་འཆང་རོལ་པའི་ཞིང་༔ པདྨ་ཚེ་ཡི་གསང་ཕུག་དང་༔ རྡོ་རྗེ་ཁྲོ་བོ་འཆོལ་པའི་གྲོང་༔ ཕྱོགས་ཀྱི་འདབ་འབྱོར་རྣམས་སུ་ཡོད༔ ཀུན་ཀྱང་ངོ་མཚར་རམ་འབྱམས་ཕྱིར༔ མ་འོངས་སྤྲུལ་པའི་སྐྱེས་བུ་ཡིས༔ རྟེན་འབྲེལ་ཟབ་མོའི་སྒོ་ཕྱེས་ན༔ ལྷ་ཡི་མེ་ཏོག་ཆར་འབེབས་ཤིང་༔ ཀླུ་ཡི་ལོངས་སྤྱོད་འབྱོར་པ་སྤེལ༔ མི་རྣམས་བདེ་སྐྱིད་དཔལ་ལ་སྤྱོད༔ གང་འབྲེལ་ཐུན་མོང་དངོས་གྲུབ་དང་༔ མཆོག་གི་ཡེ་ཤེས་ལྷུན་གྱི་གྲུབ༔ བཀྲ་ཤིས་དགེ་ལེགས་ཡུན་དུ་གནས༔ ས་མ་ཡ༔ ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ་གྱི་་་་་་་གས་་་་ས་བརྡོལ་བའོ།

རྫོང་ཤོད་བདེར་གཤེགས་འདུས་པའི་གནས་ཡིག་བསྡུས་དོན་རབ་གསལ་སྙིང་པོ་བཞུགས་སོ། རིགས་ཀུན་ཁྱབ་བདག་མཚོ་སྐྱེས་རྗེའི། །རྣམ་རོལ་དཔལ་ཆེན་སྒྲུབ་སྡེ་བརྒྱད། །ཌཱ་ཀི་ཆོས་སྲུང་ལ་བཏུད་དེ། །ངོ་མཚར་གནས་ཀྱི་ལོ་རྒྱུས་དབྱེ། །རྫོང་ ཤོད་བདེར་གཤེགས་འདུས་པའི་གནས་ཀྱི་དབུ་རྩེར་འཇམ་དཔལ་སྐུ་ཡི་གནས། །དེའི་དབུ་རྩེར་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་འཇམ་དཔལ་གཤིན་རྗེ་སྒྲུབ་པའི་ཕུག་པ། གཡས་སུ་དྲན་པ་ནམ་མཁའི་གསང་ཕུག །བྲག་དཀར་རྩེ་མཐོའི་འོག་ཏུ་གུ་རུ་རིན་པོ་ཆེའི་སྒྲུབ་ཕུག དེ་འོག་ཤུད་བུ་དཔལ་སེང་སྒྲུབ་ཕུག །དེ་འོག་རི་སྤང་མཚམས་སུ་འོ་བྲན་དབང་ཕྱུག་རྒྱལ་བ་བྱང་ཆུབ། ལྷ་ལུང་དཔལ་གྱི་རྡོ་རྗེར་རྣམས་ཀྱི་སྒྲུབ་ཕུག་བཅས་སོ། །གསུང་གནས་མདུན་ངོས་སུ་རྒྱལ་བ་མཆོག་དབྱངས་ཀྱི་དབང་ཆེན་རྟ་མགྲིན་སྒྲུབ་ཕུག །གཡས་ཕྱོགས་སུ་པཎ་ཆེན་བི་མ་ལས་སྒྲོལ་དཀར་སྒྲུབ་ཕུག །དེ་འོག་མཚོ་རྒྱལ་གསང་ཕུག་བཅས། ཐུགས་གནས་དབུས་སུ་ཡང་དག་ཚོགས་ཁང་ཆེན་མོ་ཟླ་གམ་སྒོ་གཅིག་པའི་གཟུགས། ཕུག་པའི་ཀླད་དུ་ལྷ་ལྕམ་མནྡ་རས་བྱིན་གྱིས་བརླབས་པའི་ཕུག་པ། གཡས་ངོས་སུ་ཡེ་ཤེས་དབྱངས་ཀྱི་སྒྲུབ་ཕུག །གཡོན་ངོས་སུ་གནུབས་ཆེན་ནམ་མཁའི་སྙིང་པོའི་སྒྲུབ་ཕུག །ཡང་གྲགས་ཙིཏྟའི་གསང་ཕུག་དང་བཻ་རོའི་སྒྲུབ་ཕུག་བཅས། ཡོན་ཏན་གནས་རྫོང་ཆེན་གྱི་མདུན་ངོས་སུ་གཉག་ཆེན་ཛྙཱ་ནས་བདུད་རྩི་ཡོན་ཏན་སྒྲུབ་ཕུག །ཤར་ངོས་སུ་བཱི་མ་ལས་བྱིན་གྱིས་བརླབས་པའི་ཕུག་པ། རྩེ་ལྐོགས་སུ་སོག་པོ་ལྷ་དཔལ་གྱི་སྒྲུབ་ཕུག །ནུབ་ངོས་བྲག་རྩར་རྨ་ཐོག་རིན་ཆེན་སྒྲུབ་ཕུག །བྱང་ངོས་གཡུ་སྒྲ་སྙིང་པོ་དང་། ཁྱེའུ་ཆུང་ལོ་ཙའི་སྒྲུབ་ཕུག་བཅས། ཕྲིན་ལས་གནས་ཀྱི་ལྷོ་ངོས་སུ་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱིས་ཕྲིས་ཕུར་པའི་སྒྲུབ་ཕུག །དེའི་ལྟག་ངོས་སུ་ལོང་གྲོ་དཀོན་མཆོག་འབྱུང་གནས་ཀྱི་གསང་ཕུག་བཅས། དཔལ་གྱི་དེའུ་རྩེ་ལྔ་པ་ཅན་གྱི་མདུན་ངོས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བརྒྱད་སྒྲུབ་ཕུག གཡོན་ངོས་ལྷ་སྲས་མུ་རུབ་ཀྱི་སྒྲུབ་ཕུག་བཞུགས། ཕྱག་བཞི་པའི་གསང་ཕུག་བཅས། ༈ སྐུ་གནས་གཡོན་ངོས་བྲག་རྩེའི་ངེས་རྣམ་སྣང་རྡོ་རྗེ་སེམས་དཔའི་སྐུ་རང་བྱོན་འཇའ་གུར་གྱི་ནང་དུ་བཞུགས་པ། གསུང་གནས་སྦ་ཕུག་གི་སྟེང་བྲག་བྱང་བསྟན་ངོས་སུ་རྟ་ཕག་རང་བྱོན། ལྷོ་ཕྱོར་གདོང་ངོས་སེང་གདོང་དམར་མོ་ཕུར་ཤམ་ཅན་གྱི་སྐུ། སྒྲོལ་དཀར་སྒྲུབ་ཕུག་གི་འགྲམ་དུ་ཨུཏྤ་ལས་སྡོང་པ་དང་ཏཱྃ་ཡིག་རང་བྱོན། མདུན་ངོས་ལམ་ལྟག་བྲག་ངོས་སུ་གུ་རུ་ཡབ་ཡུམ་གྱི་ཞབས་རྗེས། འབྲུ་གསུམ་རང་བྱོན་བཅས། ཐུགས་གནས་ཡང་དག་ཚོགས་ཁང་ཆེན་མོའི་སྟེང་ངོས་གཡོན་ཕྱོགས་སུ་རྡོ་རྗེ་སེམས་དཔའི་སྐུ་བརྙན་རང་བྱོན། ཚོགས་ཁང་ལོག་གཡོན་ངོས་སུ་རལ་གྲི་རང་བྱོན། རྒྱབ་ངོས་བྱང་ཕྱོགས་སུ་ཚེ་བུམ་རང་བྱོན། འོག་ངོས་ཕུག་པའི་ལོགས་སུ་ནམ་སྙིང་ཕྱག་ཞབས་རྗེས། ཙཏྟིའི་གསང་ཕུག་གི་སྟེང་དུ་ཕྱག་རྡོར་རང་བྱོན་བཅས། རྫོང་ཆེན་བྲག་གི་ནུབ་ངོས་གཡས་ཕྱོགས་སུ་ཆེ་མཆོག་རང་བྱོན་དབུ་ཉེ་ཤུ་རྩ་གཅིག་ཤིན་ཏུ་གསལ་བ། དེའི་གཡོན་ཕྱོགས་གྱི་བྲག་ངོས་སུ་བཀད་བརྒྱད་ཕོ་བྲང་གླིང་དགུ །མདུན་འོག་བདུད་རྩི་ཁྲོ་མཁར་བཅས། ཕྲིན་ལས་གནས་ཀྱི་འོག་ཏུ་ལྷ་མོ་ཙཎྚི་ཀ་རཀྟའི་རྫིང་བུ་ནས་སྐུ་ཕྱེད་ཐོན་པའི་ཚུལ། གནས་ལྔ་གཙོ་བོར་གྱུར་པའི་ཕྱོགས་མཚམས་རྣམས་སུ་བཀའ་རྟགས་ཡིག་འབྲུ། ཕྱག་མཚན་ཕྱག་ཞབས་ཀྱི་རྗེས་སོགས་གསལ་དང་མི་གསལ་གནས་ཡིག་རྒྱས་པ་རྣམས་སུ་འཁོད་པ་ལྟར་མང་དུ་བཞུགས། གསུང་གནས་ལམ་ཆེན་འགྲམ་དུ་ཀརྨ་པ་དབང་ཕྱུག་རྡོ་རྗེའི་ཞབས་རྗེས་སོགས་འཐོར་བུ་བ་མང་། ལྕམ་མོའི་མདུན་ངོས་སྐུ་གནས་གཡས་ཕྱོགས་བྲག་དཀར་ངོས་སུ་བྱང་ཆུབ་མཆོད་རྟེན་ཤིན་ཏུ་གསལ་བ། གནས་ཆེན་ལྔ་ཡི་མདུན་ངོས་སུ་མཁའ་འགྲོའི་བྲོ་ར་ལ་ཚོགས་ཀྱི་འཁོར་ལོ་བསྐོར་ན་ཕན་ཡོན་ཁྱད་པར་ཅན་ཐོབ་པ་བཅས་བཞུགས། ༈ མཐའ་བསྐོར་རྒྱས་པ་ལ་ཡིག་དྲུག་དུང་ཕྱུར་བརྒྱ། མཐའ་བསྐོར་བསྡུས་པ་ལ་དུང་ཕྱུར་ལྔ་བཅུ། ནང་གི་གནས་ལྔ་བསྐོར་ལ་དུང་ཕྱུར་ཉེར་ལྔ། ནང་བསྐོར་ལ་དུང་ཕྱུར་བདུན་གྱི་འགྱུར་བ་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་གྱི་རྡོ་རྗེས་ལུང་དོན་ལྟར་དུས་རྒྱུན་ཡོད་པ་ཡིན་ཅིང་། ཁྱད་པར་ཡོས་ལོ་ནམ་ཤར་དུ་དུར་ཁྲོད་བརྒྱད་དང་། གནས་ཆེན་ཉེར་བཞིའི་དཔའ་བོ་མཁའ་འགྲོ་རྣམས་འདུ་བ་ཁྱད་པར་ཅན་ཡོད་པས། ཕྱག་ བསྐོར་མཆོད་འབུལ་ཚོགས་འཁོར་སོགས་དགེ་བ་བྱས་ཚད་གང་སྨོས་འགྱུར་ལས་བརྒྱ་སྟོང་དུ་ལྷག་པར་འགྱུར་རོ།

།ཅེས་པའང་། སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པའི་གཟིགས་སྣང་ཇི་ལྟར་ཤར་བ་དང་། རང་ཉིད་ཀྱིས་མཐོང་བའི་གྲུབ་པའི་རིམ་པ་མདོར་བསྡུས་ཏེ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་དང་རིག་འཛིན་ལས་རབ་གླིང་པ་ཟུང་གིས་རྫོང་ཤོད་བདེར་གཤེགས་འདུས་པའི་ཕོ་བྲང་དུ་སྦྱར་བ་དགེ་ལེགས་འཕེལ།


Loading map...