Grib sel gnad dbab kyi gdams pa sangs rgyas gnyan ston yan chig rgyud gnad yig yid bzhin nor bu
Resource ID | SCv11p883 |
---|---|
Title | shog dril drug pa la grib sel gnad dbab kyi gdams pa sangs rgyas gnyan ston yan la chig brgyud la gnad yig yid bzhin nor bur grags pa sangs rgyas gnyan ston gyis mdzad pa |
Topics | Chadrupa |
Sub-Topics | Various |
Author | Gelek Pelsang, Sangyé Nyentön |
Associated Person | Khyungpo Neljor |
Link | BDRC W23922 BDRC W3CN18508 (v3p.110+213) WA00KG09215 (p.352) |
༈ ཤོག་དྲིལ་དྲུག་པ་ལ་གྲིབ་སེལ་གནད་དབབ་ཀྱི་གདམས་པ་སངས་རྒྱས་གཉན་སྟོན་ཡན་ལ་ཆིག་རྒྱུད་ལ་གནད་ཡིག་ཡིད་བཞིན་ནོར་བུར་གྲགས་པ་སངས་རྒྱས་གཉན་སྟོན་གྱིས་མཛད་པ་བཞུགས་སོ།།
༈ ༼ཙེ༽ བླ་མ་མགོན་པོ་དབྱེར་མེད་འདུད། །མགོན་པོ་ཕྱག་དྲུག་འཁོར་བཅས་ཀྱིས། །གྲིབ་སེལ་གནད་དབབ་བཤད་པར་བྱ། །ཞེས་གསུངས་པའི་གནད་ཀྱི་གདམས་པ་ནི།
མདུན་དུ་མགོན་པོ་འཁོར་བཅས་བསྐྱེད་ལ། དེ་ལ་ཡེ་ཤེས་པ་བསྟིམ། དེའི་སྤྱི་བོར་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་བསྒོམས། དེ་ལ་སངས་རྒྱས་བྱང་སེམས་བརྒྱུད་པའི་བླ་མ་རྣམས་བསྟིམ་པ་ལ། ན་མོ་བུདྡྷ་ཡའི་གསོལ་བ་དྲག་པོ་བཏབ་པས། བླ་མའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང་མགོན་པོའི་སྐུ་ལུས་ཐམས་ཅད་ལ་ཁྱབ་པར་བསམས། དེ་ཡིས་ཉམས་གྲིབ་ཐམས་ཅད་དག་ནས་སྐུ་འོད་དང་འོད་ཟེར་གྱི་རང་བཞིན་ཅན་ནུས་པ་དང་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་བསམ། ཡང་གསོལ་བ་བཏབ་པས་བླ་མའི་སྐུའི་འོད་ཟེར་རྣམས་བླ་མའི་སྐུ་ལུས་ནང་དུ་འདུས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཡེ་ཤེས་༼ཆེན་པ༽ོའི་ནུས་པ་དང་མཐུ་ཐམས་ཅད་དང་། འོད་ཟེར་དཀར་པོའི་རྣམ་པས་འདུད། བླ་མའི་སྐུ་ནང་དུ་ཐིམ། བདེ་བ་ཆེན་པོའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་སུ་ཞུ། གསང་བ་རྡོ་རྗེའི་རྩེ་ནས་བབ་པ་མགོན་པོའི་སྤྱི་གཙུག་ནས་ཞུགས། སྐུའི་ཕྱི་ནང་ཐམས་ཅད་དཀྲུས། མགོན་པོ་འཁོར་བཅས་ཀྱི་ཉམས་གྲིབ་དག །ཐུགས་བདེ་བ་ཆེན་པོའི་རང་བཞིན་སྐུ་གཟི་བརྗིད་ཕུན་སུམ་ཚོགས་པ་ནས་བདག་གིས་འཕྲིན་ལས་གང་བཅོལ་ཉན་པར་བསྒོམ་མོ།
།དེ་ནས་ཡང་ན། ན་མོ་བུདྡྷ་ཡའི་གསོལ་བ་ལན་གསུམ་བཏབ་པ་ལས། ན་ར་ཀྲིཾ་ཀྲིཾ་རྩ་སྔགས་དང་བཅས་པ་བཟླས་ལ། དེ་ལ་གསོལ་འདེབས་གསུམ་གཉིས་སྔགས་གསུམ་ཆ་བཟླས་ལ་མགོན་པོའི་དཔྲལ་བ་དང་། མགྲིན་པ་དང་། ཐུགས་ཀ་གསུམ་དུ་ཨོཾ་ཨཱཿཧཱུྃ་གསུམ་བསམ། རང་གི་གནས་གསུམ་དུ་ཡང་དེ་གསུམ་བསམ། མགོན་པོའི་ཡི་གེ་གསུམ་པོ་ལས་ཡི་གེ་གསུམ་བརྒྱ་དང་བརྒྱད་བསམ། དེ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་སྟེ་རང་གི་གནས་གསུམ་དུ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་ནད་གདོན་དང་སྡིག་སྒྲིབ་དག་པར་བསམ་ལ། སྐུ་གསུང་ཐུགས་ཀྱི་སྙིང་པོ་གསུམ་བཟླས་སོ།
།དེ་ནས་མགོན་པོའི་ཡི་གེ་གསུམ་ཆད་ནས་རང་གི་གནས་གསུམ་དུ་ཐིམ། རང་གི་དཔྲལ་བའི་ཨོཾ་ལ་ཡི་གེ་བརྒྱ་པས་བསྐོར། དེ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་བྱུང་ལུས་ཀྱི་ནང་ཐམས་ཅད་ཁེངས། ལུས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །སྐུའི་ཉམས་ཆགས་སྐོངས། དེ་ལྟར་བསྒོམ་ཞིང་ཡིག་བརྒྱ་བཟླས། མགྲིན་པའི་ཨ་ལ་ཡིག་བརྒྱས་བསྐོར་བ་ལས་འོད་ཟེར་དམར་པོ་བྱུང་། རང་གི་མགྲིན་པར་ཐིམ། ངག་གི་སྡིག་སྒྲིབ་དག །གསུང་གི་དམ་ཚིག་ཉམས་ཆགས་སྐོངས། ཐུགས་ཀའི་ཧཱུྃ་ལས་ཡི་གེ་བརྒྱ་པས་བསྐོར་བ་ལས་འོད་ཟེར་སྔོན་པོ་དཔག་ཏུ་མེད་པ་བྱུང་། རང་གི་སྙིང་གར་ཐིམ། ཡིད་ཀྱི་སྡིག་སྒྲིབ་དག །ཐུགས་ཀྱི་དམ་ཚིག་ཉམས་པ་སྐོངས། དེ་ལྟར་བསྒོམས་ནས་ཡིག་བརྒྱ་ནུས་ཚད་དུ་བཟླས་སོ།
།དཔྲལ་བའི་ཡིག་བརྒྱ་དེ་ཨོཾ་ལ་ཐིམ། ཨོཾ་མགྲིན་པའི་ཡིག་བརྒྱ་ལ་ཐིམ། ཡིག་བརྒྱ་དེ་ཨཱཿལ་ཐིམ། ཨཱཿཐུགས་ཀའི་ཡིག་བརྒྱ་ལ་ཐིམ། དེ་དེའི་ཧཱུྃ་ལ་ཐིམ། ཧཱུྃ་འོད་ཀྱི་རང་བཞིན་གྱུར། ལུས་འོད་ཟེར་སྔོན་པོས་ཁེངས། དེ་ལ་ཨེན་ཙམ་སེམས་འཛིན། གདོན་རྣམས་ཐམས་ཅད་འཇོམས་པར་བྱེད་དོ།
།དེ་ནས་ལུས་འདི་ཡང་སྟོང་པར་བསྒོམ་ལ། སྐྱེ་མེད་ཀྱི་ངང་ལ་ལྷ་ཡི་སྐུར་གསལ། འགག་མེད་ཀྱི་ངང་ལ་རང་བཞིན་ཕྱག་རྒྱ་ཆེན་པོ་དེ་ལ་མ་ཡེངས་པར་སྒོམ་པར་བྱའོ།
།དེས་མགོན་པོ་འཁོར་དང་བཅས་པ་ལ་ཉམས་གྲིབ་ཀྱིས་ཕོག་པ་དང་། དམ་ཉམས་ཀྱི་ཟས་ཟོས་པ་དག་ནས། ལས་ལ་མི་གཡེལ་བར་བྲན་བཞིན་དུ་བཀའ་ཉན། གདོན་བགེགས་ཐམས་ཅད་ཀྱང་སྐད་ཅིག་ལ་འཇོམས་སོ།
དཔལ་ལྡན་ཤ་བ་རི་པ་ནས་སངས་རྒྱས་གཉན་སྟོན་བར་ལ་བཀའ་འདི་ཆིག་རྒྱུད་ལས་མེད། །འདི་ནི་ཡིད་ལ་དྲན་ཙམ་གྱི་ཀྱང་བཟླས་པ་དང་གཏོར་མ་མ་གྲུབ་ཀྱང་། མགོན་པོ་འཁོར་བཅས་བྲན་བཞིན་དུ་ལས་བྱེད་དོ། །ཁྱུང་པོའི་ཞལ་གདམས་བླ་མ་མགོན་པོའི་གནད་ཡིག་ཡིད་བཞིན་ནོར་བུ་ཞེས་བྱ་བ་འདི་སངས་རྒྱས་སྟོན་པས་རི་གོང་དཔལ་གྱི་རི་ཁྲོད་དུ་ཡི་གེར་བཀོད་པའོ། །གནད་འབེབས་འདི་ཕལ་ཆེར་ལ་མི་སྣང་ངོ་།
།མང་ཐོས་དགེ་ལེགས་དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་བསལ་ནས་དག་པར་བྱས། །རྒྱ་རྒྱ་རྒྱ།