Grub thob shangs pa bka' rgyud kyi thabs lam gser gyi phung po

From Shangpa Resource Center








Resource ID Tar3
Title grub thob shangs pa bka' rgyud kyi thabs lam gser gyi phung po
Topics Various
Sub-Topics Various by Jetsün Taranatha
Author Jetsün Taranatha
Link BDRC W1PD45495 v38 p247

༄༅། །གྲུབ་ཐོབ་ཤངས་པ་བཀའ་རྒྱུད་ཀྱི་ཐབས་ལམ་གསེར་གྱི་ཕུང་པོ་ཞེས་བྱ་བ་བཞུགས།།

ཨོཾ་སྭཱ་སྟི། ན་མོ་གུ་རུ་བྷྱེཿ
རྒྱུད་སྡེ་ལྔ་ཡི་དཀྱིལ་འཁོར་དང་། །གཉིས་མེད་ཁྱུང་པོ་རྣལ་འབྱོར་ལ། །བཏུད་ནས་གང་དེའི་མན་ངག་གིས། །གསང་བ་ཅུང་ཟད་བཤད་པར་བྱ།
།འདིར་བདེ་བ་ལམ་བྱེད་ཀྱི་སྐོར་མཁས་གྲུབ་ཁྱུང་པོ་ནས་བརྒྱུད་པ་ལ་ད་ལྟ་བཀའ་མ་ཆད་པ་འདི་སྙེད་ཅིག་ཡོད་དེ། ནཻ་གུའི་གཞན་ལུས་དང་། སུ་ཁའི་ལུགས་དང་། མཁའ་འགྲོ་རྣམ་གསུམ་གྱི་དགོངས་འདུས་དང་། མེ་ཏྲི་པའི། ཨ་དྭ་ཡ་བཛྲ་ཀྱི་མན་ངག་སྟེ་ལྔའོ།
།དང་པོ་ལ། གཏུམ་མོ་དང་འབྲེལ་བ་དང་། སྒྱུ་ལུས་དང་འབྲེལ་བ་གཉིས་ལས།
དང་པོ་ལ། རང་སེམས་བདེ་བ་བསྒོམ་པ། རླུང་གི་ལམ་སྦྱངས་བ། སྦྱོར་བྱ་ཡུམ་གྱི་མཚན་ཉིད། བརྟེན་ཚུལ་དངོས་ཏེ་བཞི་ལས།
དང་པོ་ནི། ཆོས་དྲུག་གི་རང་ལུས། ཐབས་ལྡན་གྱི་གཏུམ་མོ་ལམ་ཁྲིད་ལེགས་པར་སྦྱང་བ་ཞིག་གིས་བསྒོམ་སྟེ། རང་བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་དུ་གསལ་བས་ལུས་ཀྱི་དབུས་སུ་རྩ་གསུམ་གསལ་བཏབ། ཡས་སྣར་ཧཾ་དང་མས་སྣར་ཨ་ཡང་གསལ་བཏབ་སྟེ།རླུང་བུམ་ཅན་བཟུང་། ཨ་དམར་པོ་ཅུང་ཟད་ཞུ་བ་ཁྲོ་ཆུ་ལྟར་ཚ་བའི་རཀྟའི་འཁོར་ལོ་བཞི་མས་རིམ་གྱི་གང་། ཧཾ་ཞུ་ཐིག་ལེ་དཀར་ལ་བསིལ་བའི་ཡས་རིམ་གྱིས་གང་། གཉིས་པོ་འགྲོས་འདེད་ལྟ་བུ་ལ་སེམས་གཏད། ཐུན་འཇོག་ཁར་དཀར་ཆ་ཧཾ་ལ་སྟིམ། དམར་ཆ་ཨ་ལ་སྟིམ་ཏེ་དམིགས་པས་ནོར་བུའི་ནང་དུ་ཧཱུྃ་སྔོན་པོ་ཞབས་ཀྱུ་ཕྱིར་ཐོན་པ་པདྨའི་ལྟེ་བར་སུ་ཡིག་སེར་པོ། དེ་གཉིས་ཀྱི་ཞབས་ཀྱུ་ལུ་གུ་རྒྱུད་དུ་འབྲེལ་བ། ཡབ་ཀྱི་དབུ་མ་ཐིག་ལེ་དཀར་པོའི་འཕྲེང་བ་དང་། ཡུམ་གྱི་དབུ་མ་ཐིག་ལེ་དམར་པོའི་ཕྲེང་བས་བསྟིམས་པས། སྙོམས་པར་ཞུགས་ཤིང་བསྐྱོད་པའི་ལྷོད་ཙམ་དང་ལྟོ་བ་ཕྱིར་ཕུལ་ཙམ་གྱི་བཟུང་། དེ་ནས་ཐུར་སེལ་འཕུལ་འཐེན་དང་། ཨ་ཨ་ཨ་ཞེས་སྟོད་འདྲེན་དྲག་པོ་དང་། ཡང་རྔུབ་སྟེ་རླུང་གི་བགང་འདྲེན་དྲག་པོ་གཉིས་ལ་ལན་གསུམ་སྤེལ་ཏེ་འདྲེན། བགང་འཐེན་དྲག་པོ་གཉིས་བྱས་པའི་རང་གི་ནོར་བུའི་ནང་གི་ཧཱུྃ་བཅས་དྲང་། རྡོ་རྗེ་དང་དབུ་མ་སྒྱུ་མ་ཟློག་ཏུ་སོང་། སྤྱི་བོར་ཐོན་པར་བསམ། སྐྲུག་འགྲེམས་དང་། འབེབས་ཆུང་མང་དུ་བྱས་ཏེ། དེ་ལ་ཡང་རླུད་བགང་བ་འབུད་པ་ཡང་ཡང་སྤེལ། དམིགས་སྐོར་གཉིས་སོ།
།གཉིས་པ་ནི། བུམ་པ་ཅན་གནས་བཞིན་པའི་སྐྱིལ་ཀྲུང་གྱེན་ཐུར། སེང་གེ་འགྱིང་སྣོལ། འགྱིང་བག་བཅུ་པ། ཟླ་དཔྱད་ཕྲག་སྒང་ལྟར་འགྱིང་བ། གླང་བཞི་གནང་སོར། དགྲ་བའི་མཐའ་སྟེ། འཁྲུལ་འཁོར་བཅུའམ། བཅུ་གཉིས་བྱ། ཁྱད་པར་གསེར་ཆོས་ཀྱི་འཁྲུལ་འཁོར་བཞི་ནི་ཐོགས་ལ། ལ་ལ་རིང་བར་རྔུབ་ལྟེ་འོག་ཏུ་ཁ་སྦྱོར་དྲག་པོ་བྱ། དེ་ནས་བགང་འདྲེན་འདར་ཐོན་པ་དང་། བགང་གནོན་དྲག་པོ་འཕོངས་སུ་སྲིག་གྲུ་བཞུར་དྲག་པོ་མནན། དེ་ནས་ལྟོ་བ་བཅར་ཏེ་དྲག་ཏུ་བུས། རྒྱུ་ཞབས་སུ་སྟོང་གནོན་ལན་གསུམ་ནས་ཉེར་ཡང་ཙོག་པུའི་ངང་ནས་དྲག་པོར་རྔུབ་ལ་མདུན་རྒྱབ་མཉམ་པོར་རྡེག །དེ་ཉིད་སྟོད་དུ་སྒྲིལ་བ་འདར་ཐོན་པ་དང་། དེ་ལན་བདུན་སྤེལ། དེ་ནས་འཕོངས་བཏེགས་ཤིང་རྡེབ། འདོམ་འཇལ་གྱི་མཐར་གྲུ་མོ་རྩེགས། སྒལ་ཚིགས་སྲང་། འཕོངས་སྟེགས་པུས་མོ་དགྲད། ཕྱིར་བུས་དེ་ཀ་བ་བཙུགས་ལ་གསང་རྩ་འཐེན། ཡང་དྲག་ཏུ་རྔུབ་ལ་སྟེང་མནན་ལན་གསུམ་དང་། གྱེན་དུ་འཕར་ཞིང་འོག་ཏུ་རྡབ་པ་ལན་གསུམ་བཞི་བྱས་ནས་སྦྲག་འགྲེམ་དྲག་པོ་བྱ་སྟེ། འདྲེན་འགྲེམས་སོ། །ཡང་ཙོག་པུ་སྟོད་དཀྱིལ་བྱས་ལ། ཕོ་བར་ཁ་སྦྱོར་དྲག་པོ་བྱ། སྟོད་སྒྲིམ་སྨད་གློད། ཡང་རླུང་སྨད་དུ་སྡིག །སྨད་སྒྲིམ་སྟོད་གློད། འོག་སྒོ་འབྱེད་འཛུམ་བྱ། ལྟོ་བ་ལྡིར་བྱས་ལ་རླུང་བུས། མ་ནང་གི་གྲུ་བཞུད་ལས། གྱེན་འཐེན་དང་། གྱེན་དུ་འཕར། མཐུད་གནོན་དང་འཕོང་རྡེབ་པ་བསྟུན་ལུས་སྒྲིམ་ཞིང་སྟང་བ་དེ་འདྲ་ལན་ལྔ་བྱ། དབུག་ཤུགས་ལ་འོང་དུ་བཅུག་ནས། ལྟེ་འོག་དྲག་ཏུ་མནན་ལ་སྤྲུག་པ་དང་། ཧ་ཞེས་སྟོང་སྤྲུག་བྱ་སྟེ། འཛིན་འདྲེན་འགྲེམས་པ་དང་དངས་སྙམས་འབྱེད་པ་བཞི་ཆར་དུས་གཅིག་འབྱུང་བ་སྟེ་གཅིག་རྫོགས་སོ།
།ཡང་ཧ་ཞེས་རྒྱ་མཚོའི་བཅིར་ལ་ཀ་བ་བཙུགས། སྟོད་སྒྲིམ་ལ་སྟོང་འདྲེན་དང་། སྨད་སྒྲིམ་ལ་སྟོད་གནོན་བྱས། འོག་སྒོ་འཐེན། དེ་འདྲ་ལན་གསུམ་ནས་གྲུ་བཞུད་ལས་བགང་འདྲེན་བགང་བྱོན་ལན་གསུམ་དང་། བགང་སྤྲུག་དང་སྟོང་སྤྲུག་བྱ། ལྟོ་བ་བསྐྱེད་པའི་བགང་འདྲེན་འདར་ཐོན་པ་དང་། བགང་གནོན་གྲུ་བཞེད་དྲག་པོ་བུང་བསྐྱེད་བའི། ནད་སོགས་འོག་སྒོ་ནས་ཐོན་པར་བསམ་ཏེ།སྙིགས་མ་དང་སྐྱོན་འདོན་པ་དག་བྱེད་དེ་རླུང་ཐིམ། འདྲེན་འགྲེམས་གཅིག་རྫོགས། དག་བྱེད་བཞི་པོ་འདི་ལ། ཚོགས་འཁོར་རེ་དང་། གསེར་གྱི་མེ་ཏོག་གི་བཅད་ཐང་མཛད་པ་ཡིན་པར་གདའ་འོ།
།གསུམ་པ་ནི། སྦྱོར་བྱ་ཡུམ་གྱི་མཚན་ཉིད་དེ། སྤྱིར་བཤད་ཚོད་མང་ཡང་འདིར་དེ་མི་ག་མོ། །སྡོ་ལ་བུ་མོ་ལོ་བཅུ་དྲུག་ནས་སུམ་ཅུ་སོ་ལྔ་ཚུན་ཆད་ལ་བདེ་བ་འཕེལ་ནུས། ལུས་དང་བཞིན་མཛེས་པ། སྐྲ་བཟང་བ། མཁུར་ཚོས་ལ་མེ་ཏོག་ཡོད་པ། ཁ་དྲི་ཞིམ་པ། འཕོངས་ཟླུམ་པ། སྨད་དྲོད་ཆེ་ཞིང་དམ་ལ་ཡང་དོག་རན་པ་དང་། བདེ་བ་དང་འདོད་ཆགས་ཆེ་བ། ནོར་ཡུལ་ཕྱོགས་ཟས་གོས་དགྲ་གཉེན་གྱི་ཞེན་པ་དང་རྣམ་རྟོག་ཆུང་བ། མང་པོའི་དབུས་སུ་སྤྱོད་ལམ་མཛངས་ཞིང་སྔགས་ཀྱི་སྤྱོད་པའི་སྐབས་ངོ་ཚ་ཆུང་བ། སྙིང་རྗེ་དང་ངེས་འབྱུང་དང་དད་པ་རྣམས་རང་བཞིན་གྱི་ཆེ་ན་རབ། མ་བྱུང་ན་ཡང་གསོས་བཏབ་ཅིང་སྒོམ་དུ་བཅུག་ན་སྐྱེ་བའོ། །མཚན་ཉིད་གཞན་རྣམས་རྙེད་དཀའ་ཞིང་དགོས་པ་ཆུང་གསུང་།
༈ བཞི་པ་ལ་གསུམ་གྱི།
དང་པོ་ནི། ཡིད་དུ་འོང་བའི་བུ་མོ་ལ་སྦྱོར་བར་བསམ་པ་གསུམ་པའི་སྐབས་ལྟར་བྱ་བ་སྟེ། ཡིད་ཀྱི་རིག་མའོ།
།གཉིས་པ་ནི། ལག་སོར་ལ་སྦྱོར་བ་སྟེ། ལག་པའི་ཕྱག་རྒྱའོ།
།གསུམ་པ་ནི། དྭངས་སྙིགས་འབྱེད་པ་ལས་རྩ་རྣམས་དྭངས་སྙིགས་དབྱེ་བ་སྟེ། རྩའི་སྟོང་ར་ཆེ་ཆུང་བྱེད་པ་ལ་བསླབ་པ་དང་། རླུད་དྭངས་སྙིགས་དབྱེ་བ་ལ་གསུམ་གྱི་དང་པོ་ལྟེ་བའི་ཆོས་འབྱུང་ཐིག་ལེར་བཅས་པ་ལ་རླུང་ཐིམ་པར་བསམ་ཤིང་། སྟེང་རླུང་ཐུར་དུ་མནན། གཡས་ལྕོག་གཡོན་ལྕོག་སྤྲུག་རྡིག་རྣམས་བྱ། སོར་མོ་བསྐུམ་ལ་གྲུ་བཞུར་བྱ།
༈ གཉིས་པ་ནི། དབུ་མ་ཀ་ལིང་འདྲ་སྙིང་གའི་ཐིག་ལེ་ལ་ཐིམ་པར་མོས་ཏེ། རླུང་རྔུབ་སྟེ་འོག་རླུང་དང་སྲེས། འཕྲལ་དུ་དྲག་ཏུ་བུས་ཏེ་སྟོང་འདྲེན་གྱི་ངང་ནས་གཡས་ལྕོག་གཡོན་ལྕོག་སྤྲུག་རྡིག་བྱའོ། །འདི་གཉིས་ལ་ཙོག་བུ་བྱ།
༈ གསུམ་པ་བར་རླུང་རྒྱང་ཏེ་ལུས་སྟང་བའོ། །དེ་དག་ཕྱག་རྒྱ་ལ་སྦྱོར་བའི་སྔོན་དུ་ཐུན་རེ་ཞིང་བྱའོ།
།ཐིག་ལེ་དྭངས་སྙིགས་དབྱེ་བ་ནི། གཟུགས་སྒྲ་དྲི་རོ་རེག་བྱ་ལ་བསླབ་པ་སྤྱི་དང་འདྲ་སྟེ་ཞོར་ལ་འོང་ཞིང་གནད་ཀྱང་ཆུང་གསུངས།
དེ་ནས་ཐོག་མར་རང་སྐྱིལ་ཀྲུང་གི་པང་དུ་རིག་མ་བཞག་ལ་ལུས་ཡི་དམ་ཡབ་ཡུམ་མཁའ་གསང་དང་། གནས་གསུམ་བྱིན་རླབས་དྲན་ཙམ་བྱ། རྡོ་རྗེ་པདྨར་བཅུག་ཏེ་དར་ཅིག་ཀློད། དེ་ནས་དལ་བུས་བསྐྱོད་ཅིང་། བདེ་བ་མགོ་གཡོས་པ་ལ་སྐྱོད་འཕྲོ་བཅད་ཀྱིན་བཟུང་དགོས་ཏེ། འོག་སྒོ་ཀློད་པའི་བཟུང་སྟོང་འདྲེན་བགང་འདྲེན་གྲུ་བཞུད་དྲག་པོ་རྣམས་ཀྱིས་དྲངས། སྤྲུག་འགྲེམས་རེ་བྱས་ལ་འཁྲུལ་འཁོར་བཞི་པ་དང་བཅུ་པ་དང་། ཁ་བུབ་འཕོངས་ཀློད་རྐྱང་སྐུམ་རུས་སྦལ་འགྲོས། །རྐང་གཞིབ་ལང་འདུག་ལན་གསུམ་མཐུར་གནོན་ཡིན། །ནོར་བུ་བསྡམས་ཏེ་བགང་འཐེན་ཁ་ཆིང་ཡིན། །སོ་སྤྲིག་སྒྲ་བཅས་འབུད་སྐྲུག་སི་སྒྲའོ། །ཞེས་པའི་ཐིམ་བཞིར་གྲགས་པ་འདི་ཡང་བྱ་སྟེ། འདི་ཐོག་མར་རང་དུ་ལེགས་སོ། །དེ་ནས་རིམ་པའི་བསླབ་པས། ཐིག་ལེ་གསང་བར་འཛིན་པའི་ཚེ་ཟིན་དཀའ་ན་སྐུ་གསུམ་གྱི་ཐིག་བུ་སྟེང་ནས་བརྡབ། བྱ་རོག་སྲོག་ཐུམས་འོག་ནས་བརྡབ། དྲུག་ཐེབ་ལོགས་ནས་བཏབ་པར་བྱ། ཞེས་ཏེ་དྲི་ཨངྒུ་ལི་དང་བརྙིང་བ་དང་། སྲིན་པོར་བྱང་བའི་སྦྱོར་བའོ།
།དེ་ནས་སེམས་དྭངས་སྙིགས་འབྱེད་པ་ནི། བདེ་བ་ཕྱག་རྒྱ་ཆེན་པོར་ངོ་སྤྲོད་པའོ། །དེ་དག་ནི་གཞན་ལུས་ཀྱི་གཏུམ་མོའི་གདམས་པའོ།
༈ གཉིས་པ་ནི། སྒྱུ་ལུས་སྦས་དོན་ཞེས་བྱ་སྟེ། འདི་ལ་རླུང་སྦྱང་བ་བུམ་པ་ཅན་ཁོ་ན་དང་གཞན་སྔ་མ་དང་འདྲ་བས། འདིར་འཁྲུལ་འཁོར་དངོས་གཞིའོ།
།དང་པོ་ནི། དབབ་པའི་འཁྲུལ་འཁོར་རྣམ་གསུམ་ནི། རྡོ་རྗེའི་སྐྱིལ་ཀྲུང་ལན་གསུམ་འདེག །རྡོ་རྗེ་ཁུ་ཚུར་ཐུར་དུ་མནན། །བྱ་སྙོང་བྱ་ཞིང་ལན་གསུམ་རྡིག །བཟུང་བའི་འཁྲུལ་འཁོར་རྣམ་གསུམ་ནི། །ལུས་གནད་མཉམ་བཞག་ས་གནོན་ལ། །རླུང་གནད་བླ་མའི་ཞལ་ལས་ཤེས། །ཟློག་པའི་འཁྲུལ་འཁོར་རྣམས་གསུམ་ནི། །ལུས་གནད་རུས་སྦལ་ཁ་བུབ་ལ། །ཧཱུྃ་གཉིས་རེ་མོས་བཤང་ལམ་ཟློག །འགྲམ་པའི་འཁྲུལ་འཁོར་རྣམ་གསུམ་ནི། །གཅན་ཟན་རྒྱལ་པོའི་སྟེ་སྤྲུག་སྟེང་དང་། །སྤྱང་མོ་སྡུག་དང་རྒོད་ལྡང་བྱ། །མི་ཆེན་འདུག་ཀྱང་གནོན་པར་བཞེད།
།དང་པོ་ནི། རྡོར་དཀྱིལ་ལག་གཉིས་དཔྱི་ཐད་པར་བཙུགས་རྡེབ།
གཉིས་པ་ནི། སེམས་དཀྱིལ་པུས་མོར་ཁུ་ཚུར་གན་རྐྱལ་ནས། རླུང་བཟུང་ཚུར་དྲངས་བརླ་ཡི་རྩ་བར་མནན།
གསུམ་པ་ནི། ཁུར་ཚུར་རླར་བཞག་པུས་བཙུགས་འཕར་རྡེབ་བྱ། འཐེན་རིགནོན་དང་སྦྱོར་ཞིང་དེ་གསུམ་ལ་མགོ་བཀུག །མིག་གྱེན་དུ་ཟློག །ལྕེ་རྐན་ལ་སྦྱར། དམིགས་པ་ཧཾ་ལ་གཏད་དོ།
།བཞི། ལྔ། དྲུག་པ་གསུམ་ནི། སེམས་དཀྱིལ་སྟེང་མནན་འོག་རླུད་རང་ས་ལ། །གཡས་གཅུ་གཡོན་པ་མཉམ་བཞག་གཡ་ས་ས་གནོན། །དེ་ཉིད་གོ་བཟློག་དབུ་ལ་གཉིས་ས་གནོན། །ཉེ་བར་སེམས་བཏོད་མིག་སོགས་གོང་དང་འདྲ།
།བདུན། བརྒྱད། དགུ་པ་གསུམ་ནི། རྐང་ངར་ལག་ངར་སར་བཙུག་ལུས་རྒུར་ལ། །ལག་སོར་སྣོལ་ལ་མགོ་དགུར་ཧཱུྃ་རངས་བུས། །མགོད་གྱེད་རྔུབ་ནས་ཧཱུྃ་ཐུང་བགང་འཐེན་དང་། །བཤང་ལམ་གྱེན་ཟློག་བགང་སྟོང་འདྲེན་གཉིས་སོ།
།བཅུ་པ་ནི། རྐང་ལག་སོར་མོ་སར་བཙུག་སྡེར་བཞི་བསྒྲད། །གཡས་གཡོན་དབུས་སུ་ལྕོག་ཙེང་སྤྲུག་པའོ།
།བཅུ་གཅིག་པ་ནི། ཁུ་ཚུར་བཅིང་ཏེ་སུག་བཞི་འཛུག་པ་སོགས་གཞན་དང་འདྲའོ། །དེ་གཉིས་ལ་རྗེས་འཕོངས་རྡེབ་ཅིང་རླུད་འབུད་ཅིང་སྤྲུག་འགྲེམས་བྱའོ།
།བཅུ་གཉིས་པ་ནི་ལངས་ཏེ་རྐང་སྒྲད་ལགས་པ་སྐེད་གཟེར་བྱ། །དཔུང་པ་གཡས་གཡོན་ལྕག་བྱས་མདུན་དུ་འཕར། །སྒྱིད་པ་སྡེམ་བྱས་རླུང་བཏང་སྤྲུག་སྤྲུག་པའོ།
།བཅུ་གསུམ་བྱེད་ན་སྤྱི་དང་འདྲའོ།
།གཉིས་པ་ནི་གཞན་དང་འདྲ་བ་ལས་རང་དང་རིག་མ་ཕྱག་རྒྱ་སྣང་སྟོང་སྒྱུ་མར་ཤེས་པ་དང་། ལྷ་སྐུ་གསལ་སྟོང་དུ་རྒྱས་ཐེབས་བཞིན་པའི། གཟུགས་མཛེས་པ་ལྟ་བ་མེ་ལོང་གི་གཟུགས་བརྙན་ལྟར་སྣང་སྟོང་དང་། འཁྲིག་ཚིག་དང་དགའ་བའི་སྒྲ་སོགས་བྲག་ཆ་ལྟར་གྲག་སྟོང་དང་། འབྱུད་པ་དང་རྡོ་རྗེ་པདྨ་ར་རེག་པ་སོགས་ཀྱི་བདེ་བ་མྱོངས་ཡང་འདི་ཡིན་བཟུང་དུ་མེད་པ། སེམས་བདེ་སྟོང་དང་། རྡོ་རྗེ་པདྨར་སྐྱོད་པའི་བདེ་གསལ་མི་རྟོག་པ་ངོས་བཟུང་དུ་མེད་པ་བློས་དཔྱད་དུ་མེད་པ། ཚིག་གིས་བརྗོད་དུ་མེད་པ་སྒྱུ་མ་སྒྱུ་འཛིན་དང་བྲལ་བ་ལ་སྙོམས་པར་བྱའོ། །འདིར་རྩོལ་བ་རབ་གཏུམ་མོ་རང་ལུས་ལ་འབད་པ་རྣམས་གཞན་ལུས་སྒོམ་དུས་ལམ་གྱི་རྐང་ཚུགས་པའི་དབང་དུ་བྱས་ནས། གཞན་ལུས་གཏུམ་མོར་རྒྱས་པར་བསྟན་པ་ཡིན། ཁ་ཅིག་གཏུམ་མོ་མི་ལྕོག་པར་སྒྱུ་ལུས་མན་ཆད་སྒོམ་པའི་སོ་སོའི་དགེ་སྦྱོར་བཟང་རབ་བྱུང་བ་ལ། རླུང་ཕྱོགས་བསྡུས་ཙམ་བསྟན་ནས་གཞན་ལུས་ཀྱི་ཉིན་པར་དང་། རྨི་ལམ་དང་འོད་གསལ་གསུམ་ལ་བོགས་འབྱིན་པ་ནི་སྒྱུ་ལུས་སྦས་དོན་གྱི་གོ་བ་སྟེ། ཆགས་ལམ་རྒྱས་བསྡུས་གཉིས་ཁྲིད་ཀྱི་གཞུང་ཤིང་གཅིག་ལ་ཡོད་པས་རྒྱུ་མཚན་དེ་ཡིན་ནོ། །འདི་ནི་སློབ་དཔོན་ཨ་ཡི་སེང་གེ་དང་། གསེར་གླིང་པ་བཀྲ་ཤིས་དཔལ་གྱི་ཡིག་ཆུང་ལས་ཞལ་གདམས་སྙན་རྒྱུན་གྱིས་རྒྱན་པ་ལྟར་བཀོད་པ་ཡིན་ལ། ཤིང་སྟོན་ཆེན་པོའི་ཡིག་ཆུང་ཡང་དོན་འདི་ཀར་འདུག་ཕྱིས་སུ་རོ་སྙོམས་རྡོ་རྗེས་ཟིན་བྲིས་ལ་ནི། ལྷད་ཆེ་ཞིང་ལྷག་ཆད་གཉིས་ཀ་ཡོད་དོ། །འདི་ལག་ལེན་ཁྲིགས་ཆགས་སུ་གསལ་བར་བཀོད་པའོ། །ཡེ་ཤེས་མཁའ་འགྲོ་ནཻ་གུ་མའི་གསང་ལམ་བཤད་ཟིན་ཏོ།
༈ གཉིས་པ་མཁའ་འགྲོ་རྣམ་གསུམ་གྱི་རི་བོང་དབབ་བཟུང་ལ་ནི། དོན་གསུམ་སྟེ། རིག་མ་བརྟག་ཅིང་དགུག་པ། སྟ་གོན་སྦྱང་བ། ལས་ལ་སྦྱར་བ་འཕྲོས་དང་བཅས་པའོ།
།དང་པོ་ནི། དཀར་མོ་དཔྲལ་བར་སྨེ་པ་ཡོད་པ་བུདྡྷའི་རིགས། དམར་མོ་ལྟེ་བར་སྨེ་བ་ཡོད་པ་དཔྲལ་བར་རྩེ་གསུམ་ཡོད་པ་རིན་ཆེན་རིགས། དཀར་ལ་དམར་བ་མགྲིན་པར་སྨེ་བ་ཅན་སྐྱེས་པའི་རེག་ན་མི་བཟོད་པ་པདྨའི་རིགས། སྔོ་སངས་ནུ་ཕྲག་དོག་པ་རྣ་བ་གཡོན་པ་ལ་སྨེ་བ་ཅན་ལས་ཀྱི་རིགས། སྔོ་སངས་སྙིང་ཁ་ལ་སྨེ་བ་ཅན་ཐུགས་ཀྱི་རིགས་ཡིན་ནོ། །ཞེས་སུ་ཁ་སིདྡྷི་གསུངས་སོ།
།དུང་ཅན་མ་གནས་ལྔ་པོ་གང་རུང་དུ་དུང་འདྲ་བའི་རི་མོ་ཡོད་པ། གླང་ཆེན་མ་དེར་སྨེ་བ་སྨུག་པོ་ཡོད་པ། པདྨ་ཅན་ལ་ཐིག་ལེའི་རི་མོ་ཡོད་པ། རི་དྭགས་ཅན་མ་ལ་རི་མོ་དགུ་པོ་རྒྱབ་སྤྲོད་དུ་ཡོད་པ། རི་མོ་ཅན་མ་ལ་རི་མོ་དྲང་པོ་གསུམ། ལྕུག་ཕྲན་མ་ལ་ལྔ། ཆོས་འབྱུང་མ་ལ་གྲུ་གསུམ་འགྱུང་བའོ། །དེ་དག་ལ་བདེ་བ་མྱུར་བ་དང་། སྟོང་ཉམས་ཆེ་བ་དང་། བདེ་བ་རྒྱས་པ་དང་། བདེ་བ་འབྲིང་དང་། ཐིག་ལེ་འཛིན་སླ་བ་དང་། གསལ་ཉམས་ཆེ་བ་དང་། བདེ་བ་ཤུགས་ཆེ་བ་རྣམས་ཀྱི་དགོས་པ་ཡོད་དོ། །ཞེས་གང་ག་དྷཱ་ར་གསུངས་སོ།
།ཡང་ཁའི་མཆུ་ལས་བྷ་ག་བརྟག །མཆུ་མཐུག་ན་བྷ་ག་ཤ་རྒྱས། ཁ་ཆེ་ཆུང་ལ་བྷ་ག་ཆེ་ཆུང་ཡོད། བྷ་ག་ལོ་དགུ་ལ་སོར་ལྔ། བཅུ་དྲུག་ལ་ཁྱུད་གང་། ཉི་ཤུ་ལ་སོར་བཅུ་གཉིས་ཆེ་ཚད་ཡིན་ཏེ། དེ་ལས་དཀྱུས་རིང་བ་ནི་མི་བརྟེན་ནོ། །བདེ་བ་ཆེ་ཆུང་མིག་ལ་བརྟག་སྟེ། མིག་དཀྱུས་རིང་ཤིང་མིག་འབྲས་ནག་བ་སྲི་ག་དང་། མིག་འཛུམ་ཡོད་ན་བཟང་། སྐྲ་དང་ནུ་མ་ལེགས་ན་བདག་པོ་ལ་གུས་ཏེ། སྐྲ་ལི་ན་རབ། སེར་ན་འབྲིང་། ནག་པོ་རྐྱང་པ་ཐ་མའོ། །ནུ་མ་འབུར་ཤིང་ཟླུམ་པ་རབ། རྣོ་བ་འབྲིང་། འཕྱང་བ་ཐ་མའོ། །ཨོལ་མདུད་དང་སྙིང་སྦུ་འདུག་ན་གསང་ཐུབ་པར་ཡོད། བྷ་ག་ཡང་སྦུ་མེད་པ་དང་། སྤུ་ནག་པོ་མཐུག་པོ་དང་། སེར་ཁམ་གསུམ་རབ་འབྲིང་ཐ་མའོ། །བྷ་ག་ཕྱི་དཀར་ནང་དམར་བ་དང་སྨུག་པ་དང་། སྔོ་བ་རྣམས་སྤྱིར་ཤ་མདོག་དཀར་བ་གཞིར་བཞག་པ་ལ་རབ་འབྲིང་ཐ་མ་སྟེ། ལྕེ་དང་སྙིང་ལས་བྷ་གའི་ཁ་དོག་དང་། མཆན་ཁུང་གི་སྦུ་ལས་དེའི་སྦུ་བརྟག་དགོས་ཏེ། དེ་དང་དེ་དག་མཚུངས་པར་འོང་ངོ་། །ཞེས་ཀུན་དུ་བཟང་མོས་གསུངས་སོ།
།དགུག་པ་ནི་བུ་མོ་དེའི་ཆུ་རྡུལ་གྱི་ས་ལ་གཟུགས་བརྙན་བྱ། སྙིང་གར་གྱི་ཧཾ་དང་པདྨ་རཀྟའི་མིང་རུས་བྲིས་པའི་ཤོག་དྲིལ་གཞུག །དགུག་གཞུག་བྱ། ཟངས་ཀྱི་ལིང་གའི་ཁབ་ཀྱི་བྷ་ག་འཚག་ཅིང་། ཨ་ཧ་ར་ནི་ས། ཆགཻ་མོ། ཁུག་རྣམ་ཤེས་བྲང་བྲང་དུང་དུང་བདག་གི་དབང་དུ་བསྡུས་ཨ་ཧ་རི་ནི་ས། ཞེས་ཞག་བདུན་བཟླས། སྔགས་དེ་བཟླས་པའི་བཟའ་བཏུང་བྱིན་ན་དབང་དུ་འདུས་སོ། །ཡང་མཁའ་འགྲོ་སུ་ཁ་སིརྙིས་གཉན་སྟོན་ལ་དངོས་སུ་གནང་བའི་དགུག་པ་ཟབ་མོ་ནི། རྫས་སྦལ་པའི་ནང་དུ་མིང་རུས་བྲིས་ལ་གཞུག་ཡུངས་དཀར་བདུན་ནང་དུ་གཞུག་བདུན་སྦལ་པའི་ཁོག་ཏུ་བཅུག །རང་ཕག་མོའི་ཐུགས་ཀ་ནས་ཕོ་ཉ་མོ་དམར་མོ་མང་པོ་སྤྲོས་ཁམས་གསུམ་དབང་དུ་བསྡུས་པར་བསམ་ལ་ངག་བཅད་དེ། སྭཧཱ་བྷས་ཤ་ཁོལ་ཙག་ཙག་དུང་དུང་འདུར་ཡེད་ཡེད་ཆགཻ་མོ། །ཙིཏྟ་དཀྲུག་བདག་གི་དབང་དུ་གྱུར་ཅིག །ཅེས་སེམས་མ་ཡེངས་པར་རབ་ཐེག་གཅིག །འབྲིང་གཉིས། ཐ་མ་གསུམ་ན་རྨི་ལམ་དུ་བུད་མེད་འདུ་བ། ཁྲོམ་འཚོགས་པ། གཏེར་རྙེད་པ་སོགས་འབྱུང་ངོ་། །ལས་སྦྱོར་ནི་ཉི་མ་དམར་ཐག་ཆོད་བ་ན་རྫས་ལ་སྔགས་སྟོང་ཙམ་ཟླས། རབ་ཕྱེས་ཉུང་དཀར་གཏོར་བ། འབྲིང་ཤ་ལ་སླན་པ་ཙམ་དང་། ཐ་མའང་སྦལ་བས་ལུས་ལ་ཐེབ་ན་ཐེ་ཚོམ་མེད། ལུས་འཁྱོར་བ་དང། སེམས་མི་གནས་པ་ཡོང་ཉེན་ཡོད། དེ་ལ་འདོད་པ་སྤྱད་པས་སེལ། དགྲོལ་བར་འདོད་ན། གངས་ཆུ་གྲང་མོ་ལུས་ལ་རྒྱབ། སྔགས་མགོ་མཇུག་ཟློག །སྦལ་བ་བཅག །མིང་རུས་སྤོས་ཆུས་ཁྲུས་བྱས་པས་གྲོལ་བར་འགྱུར་རོ།
།རྩ་འཚོལ་བ་ནི། སྤྱི་བོར། གླ་རྩི། ཙནྡན་དཀར་པོ། ཏིལ་དམར་གསུམ་སྲེས་པའི་མཉེ། སྒ་ཤིང་སྟེང་དུ་མཁལ་སྣོལ་དང་ཤིང་ལེབ་དང་། སྐེ་རགས་བསྡམ། བཤང་ལམ་དུ་འབེ་ལྟོ་འཕྱང་བུ་བཅུག་པའི། བྷ་གའི་མཁུར་ཤ་ནུ་མ་འདྲ་བར་འགྲོ། རྩའི་རྩེ་མོ་རིབ་རིབ་འོང་། ཡང་ན་བཅོས་མའི་རྡོ་རྗེའི་ཕྱི་ནས་ཅིག །ནང་དུ་སྐོར་བའི་རྩ་ཡོད་པར་འཕྲད་པ་ལ་འཁུན་ཞིང་སྔངས་ཡོད་པ་འོང་། རྩ་སྦོམ་ན་པདྨ་དཀར་པོའི་རྩ་བ་དགོས་ཏེ། བོད་དུ་མི་རྙེད་པའི་ཨུག་ཆོས་མེ་ཏོག་རྩ་བ་དང་བཅས་པ་བ་དཀར་མོའི་འོ་མ། ཀ་ར། མར་གསར། གང་སྦ་ལམ། ད་བྱིད་སྨུག་པོའི་ཚིལ་སྦྱར་བ་བྱུག་པའམ། ཆང་དང་སྦྱར་བ་པདྨ་ར་བླུག་པའི་ཕྲ་བར་འགྱུར་རོ། །རྒྱ་ཚོས་ཀྱི་ཁུ་བ་ཆུ་རྩའི་མེ་ལ་སྐོལ། སྤང་རྒྱན་མེ་ཏོག་བཏབ་པ་བཏུང་པ་དང་། གཉེར་པོ་ཆེར་གསེར་གྱི་མེ་རྩ་བྱེད་པ། བྷ་ག་ཆུ་ལྕག་དང་། འཕོངས་ཚོས་ལ་བེར་ཀའི་དལ་བུར་རྡུང་བ་སོགས་ནི་སྲིད་རྒྱུན་སྐེམ་པའོ།
།གཉིས་པ་བུམ་པ་ཅན་ལ་བརྟན་པོ་སྒོམ་པ་ཡིན་ན། འཁྲུལ་འཁོར་རྣམས་ལས་ལ་སྦྱར་བའི་སྐབས་སུ་དགོས་ནའང་། ད་ལྟ་ནས་སྦྱང་དགོས་པས་ཐམས་ཅད་ལ་རླུང་ཁྲབ་སྔོན་དུ་གཏོང་ང་་ཤེས་པར་བྱའོ། །འཛིན་པ་ལ་གསུམ་གྱི།
དང་པོ་ཀློད་པ་ནི། ལུས་སེམས་ཁོང་ཀློད། སྲིན་ཞལ་ཕན་པའོ།
།གཉིས་པ་ནི། རྒྱ་མཚོ་བཅེར་བ་སོགས་འགྱུར་བ་བཞིའོ།
།གསུམ་པ་སེམས་ཀྱི་འཁྲུལ་འཁོར་ཏེ་བདེ་བའི་ངོ་བོ་ལ་ལྟས་ནས་ཀློད་པའོ།
།བཟློག་པ་ལྔའི་དང་པོ་ནི། སྤྱིར་རྡོ་རྗེ་ཐལ་མོ་འཐེན་ལ་སྟོང་འདྲེན་བྱས་ལ་སེམས་ནམ་མཁའ་འཕང་ལངས་ཏེ་ལན་གསུམ་སྐྱེད་ཅིང་སྟོད་འདྲེན་བྱེད།
གཉིས་པ་ནི། པུས་བཙུག་རྡོ་རྗེ་ཁུ་ཚུར་མདུན་དུ་བཅུག་ལ་ཧག་ཧིག་ཧོག་ཅེས། སྙིང་ག། མགྲིན་པ། སྤྱི་བོ་རྣམས་སུ་དྲང་ངོ་།
།གསུམ་པ་ནི། རྩལ་སྤྲུག་གི་མཐར། སྟེང་རླུད་ཕྱིར་འཕང་ཐུར་སེལ་མཐེན། སྐྱིལ་ཀྲུང་རྡོ་རྗེ་ཁུ་ཚུར་བརླ་རྒང་ལ་བཅུག་སྟེ་རྒང་འདྲེན་བྱའོ།
།བཞི་པ་ནི། སེམས་དཀྱིལ་སྟོད་སྐྱིལ་ཡང་བཅས་ནས་སྨད་ཀྱི་རླུང་ཁོང་འདྲེན་དང་སྟོང་འདྲེན་བྱའོ།
།ལྔ་པ་ནི། ལག་པ་གཡོན་རྐྱང་གཡས་དཔུང་བར་ཁུ་ཚུར་བཅིང་། རྐང་པ་རྟ་ལ་གཡོན་ཞོན་བྱེད་ཚུལ་གྱི་གཡོན་ནས་རྒང་འཐེན་བྱ། དེ་ཉིད་གོ་བཟློག་རེའང་བྱའོ། །དགྲམས་པ་ལ་དགུ་ལས།
དང་པོ་ནི། ལངས་ཏེ་སླར་བསྡད་ཐལ་མོ་རྩེགས། ལག་པ་བརྐྱང་མགོ་བོ་ལ་ཐལ་ལྕགས་རེ་མོས་སུ་རྡེག་པ་དང་འཕགས་ཅིང་ལག་པའང་སྤྲུག་གོ
།གཉིས་པ་ནི། དགུར་ལ་རྐང་ལག་རེ་མོས་སུ་འཁྲབ་བོ།
།གསུམ་པ་ནི། དཀྱིལ་ཀྲུང་ལག་གཉིས་དཔུང་འཛིན་ཕོ་ཁར་སྣོལ། བཞི་སྤྲུག་བྱས་ནས་མཆན་ཁུང་རྡེབ་ཅིང་འཕགས་པའོ།
།བཞི་པ་ནི། རྡོ་རྗེ་སྐྱིལ་ཀྲུང་དང་རྡོ་རྗེ་ཁུ་ཚུར་མཁལ་མའི་ཐད་དུ་བཙུག་ལ་ཕོ་བ་སྐོར། གསང་བ་ལྕོག་ཅིང་གཡས་འཐེན་གཡོན་འཐེན་བྱའོ།
།ལྔ་པ་ནི། ལང་ལ་ལག་གཉིས་སྤྲུག
དྲུག་པ་ནི། ཅུང་ཟད་རྒན་རྐྱལ་སུག་བཞི་ཕུ་བའོ།
།བདུན་པ་ནི། སུག་བཞི་བཙུག་ལ་གཡས་གཡོན་དབུས་གསུམ་དུ་བཏེག་ཅིང་འཐེན་ནོ།
།བརྒྱད་པ་ནི། གདུང་སྣ་སོགས་ལ་འཇུག་ཏེ་བརྐྱང་སྐུམ་བྱའོ།
།དགུ་པ་ནི། གན་རྐྱལ་དང་ཁ་བུབ་རུང་སུས།་བཞི་ཕྱོགས་བཞིར་བརྐྱང་ནས་བཅུད་ལ་བོར་རོ།
།དེ་དག་ལས་འདྲེན་ཀུན་ལ་སྨད་སྒྲིམ་སྟོད་ཀློད་རྒྱ་མཚོ་བཅེར་བ་སོགས་ག་པ་འགྲུབ་དགོས། འགྲེམས་ཀུན་ལ་ཁ་སྦྱོར་ལུས་ལྷོད་ཅིང་འཆུན་དང་ལྡན་པ་དགོས། ཀུན་ཁྱབ་ཏུ་སེང་གེ་རྣམ་རོལ་ཡང་བྱའོ། །དེ་དག་ལ་སྡོམ་འདི་སྐད་ཅེས་བྱ་སྟེ། །ཀློད་དང་འགྱུར་བཞི་གཞོམ་པ་སྟེ། །འཛིན་པ་རྣམ་པ་གསུམ་དུ་འདོད། །རྡོ་རྗེ་ཐལ་མོ་ཁུ་ཚུར་པུས་བཙུག་དང་། །རྩལ་སྤྲུག་ཁོང་འདྲེན་རྟ་ཞོན་ཚུལ། །འདྲེན་པས་འཁྲུལ་འཁོར་རྣམ་ལྔའོ།
།དགྲམ་པའི་འཁྲུལ་འཁོར་རྣམ་དགུ་ནི། །དང་པོ་མགོ་ལྕོག་འཕར་སྤྲུག་བྱ། །གཉིས་པ་རྐང་ལག་རེ་མོས་འཁྲབ། །གསུམ་པ་དཔུང་འཛིན་བཞི་སྤྲུག་རྡེབ། །བཞི་པ་མཁའ་མནན་ཕོ་བ་སྐོར། །ལྔ་དྲུག་ལག་སྤྲུག་གན་རྐྱལ་འཁྲབ། །བདུན་པ་སུག་བཞི་གཡས་གཡོན་འཐེན། །བརྒྱད་དགུ་བརྐྱང་སྐུམ་གན་རྐྱལ་རྒྱངས། །འདི་དག་མཁའ་འགྲོ་གསུམ་གྱི་མན་ངག་གུང་སྤྲོས་པ་ཡིན་ནོ།
།གསུས་པ་ནི། དབབ་བཟུང་ཟློག་དགྲམ་རླུང་དང་བསྲེ་བ། ཡེ་ཤེས་ཆེན་པོར་སྲེ་བའོ། །དེ་དག་ཀྱང་སུ་ཁ་སིརྙི་འདོད་ཡོན་ལྔ་ལ་རིམ་སློབ་མི་བཞེད། གངྒ་རྡ་རས། རོ་ལ་བསླབ་པ་ནས་རེག་བྱ་སྤྱི་དང་རྡོ་རྗེ་པདྨ་ར་རེག་པ་ཡན་ཆད་སྡོམ་པ་ལ་ཐུན་གཅིག་ཏུ་མཛད་པ་ཡིན། ཀུན་དུ་བཟང་མོ་ནི། གླུ་སྙན་པ་དང་། གཟུགས་ལ་ལྟ་བ་དང་། ཀུ་རེ་བྱེད་པ་དང་། ལུས་ཀྱི་རྩེད་མོ་དང་། ལག་བཅིང་དང་། འོ་དང་། འཁྱུད་དང་སོ་དང་སེན་མོས་འདེབས་པ་དང་། བདེ་རེག་བྱེད་པ་དང་། ཕྱི་རོལ་དྲུད་པ་སྟེ་དྲུག །ཕྱིས་རེག་བྱ་ལ་བསླབ་པ་དང་། སྙོམས་པར་འཇུག་པ་སྟེ། ཆགས་སྤྱོད་བདུན་དུ་བཞེད་དོ། །དེ་ལ་རྡོ་རྗེ་པདྨ་ར་ཅུང་ཟད་གསོར་ཞིང་། ནོར་བུ་ཧཱུྃ་ནག་པོ་མགོ་གྱེན་བསྟན་གྱིས་བཀག་པར་བསམ། འཛིན་པའི་འཁྲུལ་འཁོར་གཉིས་པའི་འཛིན་པ་ཡིན། ཟིན་དཀའ་ན་ཧཱུྃ་གི་ཕུལ་ནས་ཐིག་ལེ་བ་ཐག་ལྟ་བུ་སྤྱི་བོར་ལྷན་ལྷན་ཐིམ་པར་བསམ་ལ། ཧཱུྃ་འདྲེན་དྲག་ཏུ་བྱའོ། །དེ་ནས་ལུས་ཀུན་སྤྲུག་ཅིང་གླང་བཞི་འཕང་བ་དང་བརྐྱང་བསྐུམ་བྱའོ། །ཡང་དང་པོར་དལ་བུ་དང་མཐར་དྲག་ཏུ་སྲུབ་པའི་རང་དང་རིག་མ་གཉིས་ཀའི་ཐིག་ལེ་ཞུ་བར་བྱས། དེ་ནས་མི་སྲུབ་པར་རྒྱ་མཚོ་སྦྱར་ཏེ་ཧཱུྃ་འདྲེན་དྲག་པོ་བྱས་ལ་བུ་མོ་འོད་དུ་ཞུ་ནས་རྡོ་རྗེས་དྲངས་ཏེ་རང་ལུས་ཁྱབ་པའི་མདངས་རྒྱས་པར་མོས། དེའི་ཤེས་རབ་མས་པདྨར་གྲགས་སིང་བ་དང་ཁྱུར་ཁྱུར་དྲང་བའི་ཉམས་དང་། བདེ་བ་ཟུག་དང་བཅས་པ་མི་བཟོད་པ་བྱུང་ན་འདྲེན་ཐུབ་པའི་རྟགས་སོ། །སུ་ཁའི་ལུགས་སོ།
།ཡང་ཤ་ཆེན་དུག་ཕྱུང་བ་བ་དམར་མོའི་འོ་མར་བཙོས། ཤིང་ཀུན་དང་ཁ་རུ་ཚྭ་བཏབ་པ་བསྟེན་མཆིལ་པའི་ཤ་དང་། ད་བྱིད་ཀྱང་བཏང་། ལུག་ཤ་དང་། ཆང་འཇམ་པོ་ཟུང་ཏེ་བརྟེན། ར་མོ་ཤའི་ཁནྡ་དང་། ཞོ་མ་སྐྲོག་པ་བཟའ་བའི་བདག་དང་རིག་མ་གཉིས་ཀའི་ལུས་ཟུང་སྐྱེད། རྩ་རིང་ན་རྐང་པ་བརྐྱང་། ཐུང་ན་རིག་མའི་རྐང་པ་འཕྲག་པར་བཀལ་ནས་སྐལ་ལ་སྤྱོད། པདྨའི་ནང་གི་གཡས་གཡོན་སྟེང་འོག་ཏུ་རྡོ་རྗེས་དྲུད་པའི་རྩ་བཙལ། རིག་མའི་ཀྱང་འོག་རླུང་བསྐུམ་སྟེང་རླུང་གནོན་པའི་རྩ་སྟེར་བར་བྱ། ཐིག་ལེ་འབྱུང་བ་སྙམ་བྱེད་ན་འཕོངས་བསྒྲད། མིག་གྱེན་དུ་བལྟ། ཤེས་རབ་མའི་སྐེད་པ་ཉགས་བཏང་ལ་རླུང་གསང་གནས་སུ་ཕུལ་བས་ཟིན་ཡོད་ལ། དེ་ནས་དྲང་། ཡང་བདེ་བ་ཡལ་དུ་མི་འཇུག་པར་བསྐྱོད་ཅིང་འབེབ འཕོངས་བདེ་བའི་སྒྲད་ནས་འབྱེད་མི་ཐུབ་ན། ལག་པས་དབྱེའོ། །གངྒ་རྡ་རའི་ལུགས་སོ།
།ཕལ་ཆེར་དེ་དང་འདྲ་བ་ལ་མིག་གྱེན་དུ་གཏད། པུས་མོ་ལ་ལག་པ་བཀབ། ཧཱུྃ་རིང་གི་མཐར་ཧིག་གི་འདྲེན་ཡུན་རིང་སྦྱངས་ནས། ལྕམ་པའི་རྐང་འཇམ་པོ་རྡོ་རྗེའི་བུ་གར་ཅུང་ཟད་འཇུག་ཅིང་མཐར་རྩ་བར་ལྷན་གྱི་གཏོང་ངོ་། །དེ་ནས་དེ་འདྲེན་པ་ལ་བསླབ། དེ་ནས་མདུན་མནན་ཏེ་དེ་གོ་ཧེ་འཕོངས་འབྱེད་འཛུམ་གྱི་དབྱུང་བ་ལ་བསླབ། དེ་ནས་དངོས་གཞི་ལ་འཇུག །འཛིན་པ་ལ་སེམས་ཀྱི་ཐིམ་བུ་སྟེ་འཁྲུལ་འཁོར་གསུམ་པ་དང་རྟིང་བས་དྲ་བ་དང་། བརྡེགས་པའི་གནོན་པ་ཁོ་ན་ཡིན་ནོ། །ཀུན་ཏུ་བཟང་མོའི་ལུགས་སོ།
།དེ་ནས་ཐམས་ཅད་ལ་ཡང་རུས་སྦལ་འགྲོས་ཀྱིས་ཕབ། སོ་སོའི་མན་ངག་གིས་ཕྱག་རྒྱ་ལ་སྦྱོར་བཞིན་པའི་ངང་ནས་བཟུང་ཀློག་གང་འགྲུབ་བྱ། དེ་ནས་འདྲེན་ལྔ་དང་འགྲེམ་དགུ་པོ་དེ་རྣམས་ཅི་རིགས་པ་བྱ། ཐམས་ཅད་ལ་སེང་གེ་རྣམ་རོལ་གང་མང་བྱ་སྟེ། ཟློག་པ་དང་ཁྱབ་པར་བྱའོ། །དེ་ནས་བུམ་པ་ཅན་གང་མང་བསྒོམ་ཏེ་རླུང་དང་བསྲེའོ། །ཡེ་ཤེས་ཆེན་པོར་སྐྱེལ་བ་ནི་སྒྱུ་ལུས་སྦས་དོན་དང་འདྲའོ། །མ་རྒྱུད་སྤྱིའི་རྫོགས་རིམ་མཁའ་འགྲོ་རྣམ་གསུམ་གྱི་གསང་ལམ་བཤད་ཟིན་ཏོ།
།འདི་ལ་གཞུང་ཤིང་ཡིག་རྙིང་ཁོ་ན་ལས་ཕྱིས་ཡི་གེ་གསར་པའི་བསྲེ་སླད་མེད་ཅིང་། ཕྱིས་ཀྱི་ཡི་གེ་འཁྲུལ་འཁོར་ཉི་ཤུ་པ་དང་ཉེར་གཅིག་ཟེར་བ་གཉིས་གདའ་ནའང་། གཞན་ནས་རྐུས་ཤིང་ཁུངས་མེད་ལ། ཕྱི་མ་རྣམས་འདི་ཡང་ནཻ་གུའི་གསང་ཁྲིད་ཡིན་ཟེར་བ་ཆེས་འཁྲུལ་ལོ། །འདི་ལ་ཡིག་རྙིང་ཡིག་ཆུང་དྲུག་ཡོད་དོ། །ཨྀཐི། ཤུབྷཾ།

༈ གསུམ་པ་ནི་མངའ་བདག་མཻ་ཏྲི་པའི་ལས་རྒྱས་མན་ངག་ནི། བདེ་བ་བཟུང་བ་དང་། བདེ་བ་སྐྱེད་པ་དང་། བདེ་བ་སྦྱང་བ་དང་། བདེ་བ་གནས་པའི་ཐབས་སོ།
།དང་པོ་ནི། གཏུམ་མོ་དང་ཕྱག་ཆེན་ལ་གོམ་པར་བྱེད་པའོ།
།གཉིས་པ་ལ་མཐར་སྐྱེས་ཀྱི་གྲོང་དུ་ཞུགས་ཏེ་མཚན་ལྡན་གྱི་རིག་མ་བཙལ་བ་དང་། འགྱུར་བ་བཅོ་ལྔའི་རླུང་ལ་རབ་ཏུ་གོམ་པ་དང་། སྤྱོར་བ་ལ་མཁས་པའི་རབ་ཏུ་གོམ་པ་དང་། སྐུ་བཞིའི་བདེ་བ་སྐྱེད་པའོ།
།དང་པོ་ནི། རིགས་དང་མཐུན་པ་དང་། རྩ་དང་ལྡན་པ་དམན་པའི་རིག་མའོ།
།དང་པོ་ནི། དཀར་ཤམ་མོ་རྡོ་རྗེའི་རིགས། སེར་སྐྱ་མོ་རིན་ཆེན་རིགས། དམར་སྨུག་མོ་པདྨའི་རིགས། སྨེ་བ་ཅན་མ་ལས་ཀྱི་རིགས། སྔོ་སངས་མ་དེ་བཞིན་གཤེགས་པའི་རིགས་སོ།
།གཉིས་པ་ནི། དུང་ཅན་མ་རྩ་རྩེགས་པའི་རྩེ་མོ་ལྟ་བུ། པདྨ་ཅན་མཁལ་མ་བཞིབ་པ་ལྟ་བུ། གླང་སྣ་ཅན་ཐུང་ཞིང་གུག་པ། ལི་རི་ཅན་ཐག་བཅུས་ཀྱི་རྩེ་མོ་ལྟ་བུའོ།
།གསུམ་པ་ནི། བྲམ་ཟེ་རྒྱལ་རིགས་རྗེ་རིགས་གསུམ་སྤང་། དམངས་རིགས་ང་རྒྱལ་ཆུང་བའི་ཤེས་པའི་ཡུལ་དུ་ཕན་འདོགས་ཆེ་བའོ།
།གཉིས་པ་འགྱུར་བ་བཅོ་ལྔ་ནི། འདུག་སྟངས་ལྔ། སྐད་ལྔ། དམིགས་པ་བཏོད་པ་ལྔའོ།
།དེ་དག་ལ་འདུག་སྟང་དང་སྐད་དང་དམིགས་པ་རེ་རེ་སྦྲགས་ཏེ་སྒོམ་དགོས་པའི།
དང་པོ་ནི། གཅེར་བུའི་འདུག་སྟངས་། ཙོག་བུར་འདུག་ནས་ལག་པ་བྲང་ལ་སྣོལ། སྒྲ་གླང་ཆེན་ཧཾ་སྐད་ཀྱིས་འདྲེན། དམིགས་པ་ལྟེ་བར་བཏོད། དང་པོའོ།
།གྱད་སྟོབས་པོ་ཆེའི་འདུག་སྟངས། རྐང་པའི་རྟིང་པ་འོག་སྒོར་གཏད་ལག་པ་དང་པུས་མོ་ས་ལ་བཙུགས། སེང་གེའི་ངུར་སྐད་ཁྱུང་ཁྱུང་ཕཊ་ཀྱིས་སྒྲས་དྲངས། སེམས་སྙིང་ཁར་བཏོད། གཉིས་སོ།
།དྲང་སྲོང་བསྟན་མའི་འདུག་སྟངས། རྡོར་དཀྱིལ་ལག་མགོ་འཕོངས་ཚོས་ཀྱིས་མནན་ཧིག་འདྲེན། མགྲིན་པར་སེམས་གཏོད་གསུམ་པའོ།
།རིགས་ངན་གྱི་འདུག་སྟངས། ཙོག་བུ་པུས་འཕྱུད་དང་། གཅན་གཟན་སྣོམ་སྐད་སྣ་ནས་འབུད། སྨིན་མཚམས་སུ་སེམས་བཏོད་བཞི་པའོ།
།སྒེགས་པོ་འགྱུར་བའི་འདུག་སྟངས་ལངས་ཏེ་ཡང་རྐང་ངར་ས་ལ་བཙུག ཁུ་ཚུར་མཆན་ཁུང་དུ་བཅུག །ཝ་སྐད་འདོན་པ་ལྟ་བུ་ཝ་མོའི་བཞད་སྒྲ་ཁ་ནས་འདོན། སྤྱི་བོར་སེམས་གཏོད་དོ།
།གསུམ་པ་སྦྱོར་བ་ལ་མཁས་པ་ལས། གདན་དིངས་༼གདིང་༽པ་ནི་དངུལ་ལམ་གཞའ་ཚེའི་རིགས་ཀྱི་སྣོད་ཕུག་རོན་གྱི་སྒོང་ང་ཙམ་སྒོང་གཟུགས་མ་ཁ་དང་ལྡན་པ། ཁབ་ཤུལ་ཙམ་གྱི་བུ་ག་མང་པོ་ནང་དུ་ཅུང་ཟའི་ཕྱེ་ཧྲོས་དང་བའི་འོ་སྐོལ་བླུག་པའི་རྣམ་ལྔའི་ཁ་བཅད་དེ་ལའང་ཁབ་ཤུལ་གསུམ་བཏོད། ཐག་པ་བཏག་དེ་སྐེད་པ་ལ་གདག་ལ་དེ་ཉིད་འཕོངས་སུ་ཆུད་ཙམ་བྱའོ། །སྐུ་འདྲེན་པ་ནི་བལ་གྱི་བགང་རྡུར་གྱི་འབེ་ལྟོ་ཕྱག་རྒྱའི་སྐུར་བཅུག །ཆུས་འཆང་བའི་བཅིང་བ་ནི་ནུ་མ་དང་མཆན་ཁུང་བསྡམ་པའོ།
།རྒྱབ་ཡོལ་བྲེ་བ་ནི། རས་འབོལ་དཀྱུས་ལ་མཐོ་དོ་ཞེང་དུ་མཐོ་གང་ཡོད་པ་སྐེད་པའི་འོག་ཏུ་འཇུག་པའོ། གདུགས་འབུག་པ་ནི་རས་དེ་ཙམ་ཞིག་འཇིང་འོག་ཏུ་འཇུག་པའོ། །རྩ་གསོ་བ་ན་རིག་མ་ལ་འཇམ་བཤལ་བཏང་། དེ་རྗེས་བའི་འོ་མ་སུམ་ཆ་ཙམ་སྐམས་སྐམས་སུ་བསྐོལ་བར་བྱས་ལ། གུར་གུམ་ཨ་ཀར་ནག་པོ། ལི་ཤི་གསུམ་བཏགས་ལ་བཏབ་དེ་བཏང་། ར་ཤ་ཆུ་སེར་བཏོན་པ་སོགས་ཚད་བརྟེན་དུ་འཇུག་གོ །དེ་ནི་རྒྱ་གར་གྱི་དབང་དུ་བྱས་པ་སྟེ། བོད་ཡུལ་གྱི་ཟས་སྤྱོད་དང་བསྟུན་དགོས་སོ། །རྩ་བླང་བ་ནི་བུར་དཀར་དང་བདུད་རྩི་སྲེས་ལ་སྙུག་སྦུགས་བཀང་། རྩེ་མོ་རྩ་ལ་རགས་ཚོད་བཏང་ཏེ་བྷ་གར་བླུགས་པའོ། །རྩ་མཐུ་སྐྱེད་པ་ནི་ཆགས་སྤྱོད་སྣ་ཚོགས་ཀྱི་གཡའ་བླང་བའི་འཁྲང་པོར་བྱེད་པ་ཆང་གར་མ། ཕུལ་གང་ཙམ་བླང་བའི་ངོ་བཟི་ཙམ་བྱེད་པའོ།
།བཞི་པ་རྒྱུ་བཞིའི་བདེ་བ་སྐྱེད་པ་ནི། རྩ་དང་སྤྲད་པ་ཏེ་དུང་ཅན་མ་ཡིན་ན་རྡོ་རྗེ་པདྨའི་གཏིང་ཕྱིན་པར་འབུར། པདྨ་ཅན་མ་ལ་བཤང་ལམ་ཕྱོགས་ནས་རྡར་ཏེ་པདྨར་བཅུག །པདྨའི་ནང་རྡོ་རྗེ་ཀྲུག་ནས་གཏིང་ལས་སོར་གཉིས་ཙམ་ཚུར་འཐེན་པ་བཙལ། དུང་ཅན་མ་ལ་རྒྱབ་འཕོང་ཕྱོགས་ལ་བཞན་ནས་བཅུག །ལི་རི་ཅན་ལ་སྟེང་ཏེ་བྱ་ལྕེའི་འོག་ཏུ་དྲུད་དོ། །དེས་རྩ་དང་འཕྲད་འོང་། སྤྱིར་རིགས་བཅོ་ལྔ་ཡོད་ཀྱང་རྩ་སྤྲོ་བ་བཞི་ལས་མེད་གསུང་།
གསུམ་པ་བདེ་བ་སྦྱང་བ་གསུམ་སྟེ། མཉམ་བཞག་དང་རྗེས་ཐོབ་དང་། ཤེས་པ་གསལ་བཏབ་པའོ།
།དང་པོ་ལ་དབབ་པ་དང་ཟློག་པ་དང་། དཀྱིལ་བ་དང་། སྤར་པ་བའོ།
།དང་པོ་ལ་ཏིང་ངེ་འཛིན་དང་། འདུག་སྟངས་དང་། རྡོ་རྗེ་ཅུང་ཟད་སྐྱོད་པའི་དབབ་པའོ།
།དང་པོ་ནི་བྷ་གའི་ནང་གི་དབུས་ནས་འོད་དམར་པོ་བྱུང་། ནོར་བུར་ཞུགས་དབུ་མའི་ལམ་རྒྱུད་སྤྱི་གཙུག་གི་ཐིག་ལེ་ཞུ་གསང་བའི་བར་དུ་ཕྱིན་པར་བསམ་པའོ།
།གཉིས་པ་ནི། ཤེས་རབ་མ་ལ་ལྷག་པོར་རས་འབོལ་དཔངས་སོར་བཞི་རྒྱ་མཐོ་གང་བཏང་། བུ་མོའི་རྐང་པ་ཐབས་ཀྱིས་བརླ་སྟེང་ནས་བཏང་རྒྱབ་ཏུ་འཕྱུད་ལྡེམ་བྱ། དཔའ་བོ་རྐང་བ་པ་དགྲ་མེད་བསྐྱང་བའོ།
།གསུམ་པ་ནི། རུས་སྦལ་འགྲོས་སོ།
།གཉིས་པ་ཟློག་པ་ནི་གསུམ་སྟེ། རླུང་དམིགས་ཀྱི་ཟློག །ལུས་ཆ་སྒྲིམས་པའི་ཟློག །རིག་མའི་རླུང་གི་ཟློག་གོ
།དང་པོ་ནི་འགྱུར་བ་བཞིའོ།
།གཉིས་པ་ལ་གོ་བར་ཟད་ལ།
གསུམ་པ་ནི། རིག་མའི་རླུང་གསང་བར་སྡིག་པའོ། །རྩ་རྙེད་ན་ཧཱུྃ་དགུར་འགྱུར་ལན་དྲུག་གིས་མར་ཆ་དྲང་ལ་དཀྱིལ་བ་དང་གནས་ཐབས་བྱའོ།
།གསུམ་པ་དཀྱིལ་བ་ནི་འགྱུར་བ་བཅོ་ལྔའི་སྒྲ་སྐད་རྣམ་གསུམ་བཏུད་པའོ།
།བཞི་པ། སྤར་བ་ནི་རོ་རྩ་བའི་ཁ་ཟས་བཟའ། བུད་མེད་མཛེས་མ་ལ་ལྟ་བ་དང་། རྒོད་པ་དང་། འབྱུད་པ་དང་། འཁྲིགས་ཐབས་བྱེད་པ་ལ་སོགས་པའོ།
།གཉིས་པ་རྗེས་ཐོབ་ནི་དཔའ་བོའི་ཡུལ་གྱི་ཞེན་པ་ཟློག་ལ་སྒོམ་པ་བྱ་བ། འདོད་ཡོན་བཟང་པོ་ལ་མ་ཆགས་པར་རོལ་བའོ། །ཆགས་པའི་ཡིད་ཀྱི་ལྟ་བའི་སྒོམ་བྱ་བ། བུད་མེད་ཐམས་ཅད་ལ་འདོད་ཆགས་སྐྱེས་ཏེ་དབྱིངས་སུ་བསྲེ་བའོ། །སྣང་བ་ཐུག་ཕྲད་དུ་སྒོམ་པ་བྱ་བ་ཐམས་ཅད་ལ་བདེ་བས་འདེབས་པའོ།
།གསུམ་པ་ནི། མཉམ་རྗེས་ཁྱད་མེད་པར་སྟོང་པ་དང་བདེ་བས་རྒྱས་བཏང་པའོ།
།བཞི་པ། བདེ་བ་གནས་པའི་ཐབས་ནི། བུམ་ཅན་དང་ཕྱག་ཆེན་དང་རྣམ་རོལ་བསྲེ་བའོ། །ཡང་ཡིག་རྙིང་གཅིག་ན་སྦྱང་བ་དང་། དཀྱིལ་བ་ལ་བཅས་པ་ལུས་ཀྱི་གནད་དམིགས་པའི་གནད་རླུང་གི་གནད་དེ་གསུམ་ཚང་དགོས་ཞེས་པ་ཡོད་དེ། འགྱུར་ལྔ་གསུམ་བཅོ་ལྔ་ཉིད་དོ། །དགྱེས་མཛད། འདུས་པ། བདེ་མཆོག་གསུམ་གྱི་མན་ངག་མངའ་བདག་མཻ་ཏྲི་བའི་གསང་ལམ་བཤད་ཟིན་ཏོ། །དགེའོ།
།བཞི་པ་ནི། མཻ་ཏྲི་བའི་སློབ་མའང་ཡིན་མོད། གདམ་ངག་གཞན་མང་པོས་ཐུགས་རྒྱུད་འཆུག་པ་མི་མཉམ་རྡོ་རྗེའི་ཁོལ་པོ་ཞེས་པའམ། ཨ་ཏུ་ལ་དྭ་ས་བཛྲ་གྱི་ཆགས་ལམ་འདི་ལ་མཉམ་པར་སྦྱོར་བའི་ཡུལ་དང་། སྙོམས་འཇུག་དངོས་སོ།
།དང་པོ་ནི། གཞན་བརྟག་ཐབས་སྤྱི་ད།ང་མཐུན། པདྨ་བརྒྱ་བྱིན་གྱི་མིག་འདྲ་བ་རྡོ་རྗེའི་རིགས། ཤིན་དུ་ཡང་བ་རིན་ཆེན་རིགས་འདི་གཉིས་རླན་ཆེར་འབབ་པའོ། །རན་ཞིང་དྲོད་ཆེ་བ་རྣམ་སྣང་གི་རིགས། ཤིན་དུ་དམ་པ་པདྨའི་རིགས། པདྨ་ཆགས་པའི་རླུང་གི་སྒྲ་འབྱུང་བ་ལས་ཀྱིས་རིགས་སོ། །རིམ་པའི་བྱ་ལྕེ་ཡང་ཁྲོ་བོའི་སྣ་ལྟར་རྟོག་པོར་འགྲིལ་བ་དང་། སྲབ་ཅིང་ཆེ་བ་དང་། སྲབ་ཅིང་ཆུང་བ་དང་། སྡིགས་མཛུབ་ལྟར་སྒྲེང་བ་དང་། སྣ་རྩེ་ལྟར་རྣོ་བའོ། །ཡང་རིམ་པ་ལྟར་རྣམ་འགྱུར་གྱི་དབང་དུ་བྱས་ན། རིག་མའི་ཐབས་ལ་འོ་འཁྱུད་སོ་སེན་འདེབས་སོགས་རང་ཤུགས་སུ་འཆོར་བ་དང་། སྤྱོད་ལམ་བཏང་སྙོམས་སུ་འདུག་པ་དང་། གཞན་མི་འབྱུང་བར་དམ་དུ་འཁྱུད་ཅིང་ཡར་འདེགས་ཀྱི་སྒུལ་སྐྱོད་སྣ་ཚོགས་བྱེད་པ་དང་། རེག་པ་མི་བཟོད་ཅིང་། པདྨ་འཛུམ་སྡེབ་འབྱུང་ལ་རྒོད་པ་དང་། སྔངས་ཤིང་མཁུན་ཆེ་ཆུང་འདོན་ལ་གཏམ་ཚིག་མི་གོ་བར་སྨྲ་བ་རྣམས་སོ།
།གཉིས་པ་ལ། དབབ། དཀྱིལ། ཟློག་དྲངས་གནས་སུ་སྐྱལ་ལུས་ལ་དགྲམ་ཡན་ལག་ལ་སྤྲོ་བའོ།
།དང་པོ་ནི། རིག་མ་ལ་དལ་བུའི་སྲུབ་ཅིང་། སྦྱོར་བ་དང་རིག་མ་ལ་མི་བསམ། ཤེས་པ་དབྱིངས་སུ་གཏད་ལ་ཡེངས་སུ་གཞུག
།གཉིས་པ་ནི། དེས་ཐིག་ལེ་རྡོ་རྗེའི་རྩ་བར་བབ། བདེ་བ་རྒྱས། ཐིག་ལེ་འཆོར་ཚད་པ་ལ་མ་ཤོར་བའི་སྐབས་དེར། མིག་གྱེན་ལ་ཟློག །འོག་སྒོ་སྡམས། རྒྱ་མཚོ་བཅིར། ཉ་བཞི་སྒྲིམ་ལག་པའི་སོར་མོ་གསུམ་འཇིབ། དབུགས་རྔུབ་སྟེ་བསྡམས་རླུང་སེམས་སྙིང་ཁར་བསྡུས་ལ་བཞག །འདི་སྐབས་སྐྱོད་འཕྲོ་བཅད་ལ་རྡོ་རྗེ་པདྨ་གཡོ་འགུལ་མེད་པར་བཞག །དེ་འདྲ་དབུགས་ཐེངས་གསུམ་བཏུད་ལ་བྱའོ།
།གསུམ་པ་ནི། དེ་ནས་ཀྱང་རྡོ་རྗེ་པདྨ་མ་ཕྲལ་བ་ཉིད་དུ་སྦྱོར་བ་དྲུག་པ་གཞན་དང་འདྲ་བ་ལ། ཧལ་ཞེས་པའི་ཧི་རི་རི་ཞེས་འདྲེན། དེའི་བདེ་བ་ཡལ་ལ་ཁད་སོང་བ་ན། ཡང་དབབ་སྐྱ་སྙེལ་ཟློག་པ་སོགས་གོང་བཞིན་སྦྱང་། དེ་ལྟར་ལན་གསུམ་བཞི་བྱ།
བཞི་པ་ནི། རྡོ་རྗེ་པདྨ་ཕྲལ་ཏེ། དེ་འཕྲལ་སྦྱོར་བ་དྲུག་པ་ཧཱུྃ་སྒྲ་དྭངས་བའི་ལན་གསུམ་བརྒྱུད་མར་དྲག་ཏུ་དྲངས། དམིགས་པ་རྩ་དབུ་མ་རྙོག་སྦུ་ཙམ་གྱི་ནང་ན་ཡར་ཐིག་ལེ་སྐྱ་ཆིལ་ལི་ལི་སོང་། སྤྱི་བོའི་ཧཾ་ལ་སིབ་སྡིབ་ཐིམ་པར་བསམ་མོ། །འདི་སྐབས་ཧཱུྃ་དང་ཧིག་དང་ཁྲིར་སོགས་རང་གང་མོས་ཡིན་ལ། ཐམས་ཅད་བྱས་ཀྱང་ཡོང་། དེ་གསུམ་ཀར་སྣ་ནས་འབུད་པ་གཙོ་ཆེ་གསུང་ངོ་། །ཧཱུྃ་ལ་ངེས་པར་ཁ་སྡམ་པར་བྱའོ།
།ལྔ་པ་ནི་ལྔ་སྟེ། དང་པོ་ཐིག་ལེ་སྒྲ་ཅན་དང་འདྲ་བ་ལ་ཨཾ་ཞེས་དྲངས་པས། གསང་བ་ནས་ལྟེ་བར་སླེབ་པར་བསམ།
༈ གཉིས་པ་ཙོག་པུ་པུས་བྲང་སྦྱར། ལག་སོར་གྲུ་མོར་འཇུས། ལག་ངར་པུས་མོར་འཕྱུད་ལ་སྒོམ་ཐག་གི་ཕྱག་རྒྱ་བཅས། རླུང་ནང་དུ་དྲངས། འོག་འཐེན་པ་དང་གྲེ་བར་ངུར་ངུར་གྱི་སྒྲ་ལྟེ་བ་ནས་སྙིང་ཁར་སླེབ་པར་བསམ།
གསུམ་པ་དཀྱིལ་ཀྲུང་རྡོ་རྗེ་ཁུ་ཚུར་ལྟེ་ཁུང་གཉིས་སུ་བཙུག །སྟོད་སྒུར་ལ་ཧག་ཧ་ཀ་ཅེས་དྲངས་པའི་སྙིང་ཀ་ནས་མགྲིན་པར་སླེབ་པར་བསམ།
བཞི་པ་སྐྱིལ་ཀྲུང་རྡོ་རྗེ་ཐལ་མོ་ཁ་བུབ་རླ་གཡས་གཡོན་གྱི་སྟེང་ནས་གནོན་ཞིང་འདྲེན་པས་ཧི་ཧིག་ཅེས་མགྲིན་པ་ནས་སྤྱི་བོར་སླེབ་པར་བསམ།
ལྔ་པ་དཀྱིལ་ཀྲུང་ལུས་སྲང་རྡོ་རྗེ་ཁུ་ཚུར་མཆན་ཁུང་གཡས་གཡོན་དུ་བཅུག །དབུགས་རྔུབ་པ་སྒྲ་གདངས་འོག་རླུང་༩་རི་ཐེན་བྲང་སྐྱེད་མགྲིན་པ་དགུག་པའི་སྤྱི་བོ་ནས་གཙུག་ཏོམ་དུ་དྲངས་བར་བསམ་མོ།
༈ དྲུག་པ་ནི། སེང་གེ་རྣམ་རོལ།
༈ བདུན་པ་ནི། ལང་ལ་མགོ་དང་རྐང་ལག་ལན་གསུམ་སྤྲུག་ལྡན་ནས་ཀྱང་དེ་བཞིན་དང་། གན་རྐྱལ་ལས་ཀྱང་དེ་བཞིན་བྱའོ། །ལས་རྒྱའི་གདམས་ངག་བོད་དུ་འགྱུར་བ་གཅིག་ལ་འདི་ལས་ཟབ་པ་མེད་ཅེས་གྲགས་ལ་གྲུབ་ཐོབ་ཞིང་ཆོས་སང་ནས་བརྒྱུད་པ་ཡིན་ནོ། །གྲུབ་ཆེན་མི་མཉམ་རྡོ་རྗེའི་མན་ངག་ལས་རྒྱའི་སྤྱོར་བ་བཤད་ཟིན་ཏོ། །ཀ་ལྱཱ་ཎ་བི་སུ་ལི།
༈ ལྔ་པ་ནི། སློབ་དཔོན་ར་ཧུ་ལ་ལས་རླུང་ལ་བུམ་པ་ཅན་དང་རླུང་འཁོར་ལོ་བཅིང་གྲོལ་དང་། ཕྱག་རྒྱ་འཆིང་གྲོལ་ཞེས་པ་རྣམས་རང་ལུས་ཀྱི་གདམས་པ་ཁོ་ན་ཡིན་པས། འདིར་མི་འཆད་ལ། འདིར་ཤིང་རྟ་ཅན་བཤད་པར་བྱའོ། །འདི་རླུང་བཟུང་བ་དང་། སྒོམ་པ་དང་། བོགས་དབྱུང་བ་གསུམ་མོ།
།དང་པོ་ནི། དབེན་པར་དཀོན་མཆོག་མཆོད་པ་དང་། སྨོན་ལམ་བཏབ། བདུད་རྩི་ལྔའི་ཆུ་ཚན་དང་། བའི་འོ་མ་སྐོལ་བས་བ་བྱུང་ལྔ་དང་བཟའ་བ་བདུད་རྩི་ལྔ་སྲེས་བའི་ཁྲུས་བྱ། ཨ་རུ་ར། འོ་མར་བཙོས་པ་མུར་ཅི་བདེར་འདུག་པ་ཞག་ལྔའམ། བདུན་བྱ། ཁྲིའུ་ཁྲུ་དོ་བ་བརྙན་པོ་གཉིས་གཞུ་སྙི་བ་གཉིས་ཆང་བཟུང་མར་བསྟན་ལ་གཡས་གཡོན་དུ་བཅིང་། དབུས་ཀྱི་སྟེང་དུ་ཤིང་གཅིག་གཉིས་གསུམ་གང་འོས་བཏང་ལ་བཅིང་། རྗེ་བཙུན་མ་དང་མགོན་པོ་གཙོ་བོར་གྱུར་པ་དང་མཁའ་འགྲོ་ལྔ་ལ་གཏོར་མ་བཟང་དུ་ཕུལ། ཚོགས་མཆོད་རྒྱས་པར་བྱ། ནང་གཏོར་མ་བསྡུས་པས་སྐབས་སུ་སློབ་མ་ཤིང་རྟ་ལ་སྐྱོན། རྐང་པའི་ཕྲང་བའི་གཞུའི་ཆང་ཟུང་ནམ་ཙམ་བྱ། ལག་གཉིས་ཐལ་མོ་སྤྱི་བོར་སྦྱར་ལ་རྐྱང་། ལུས་ཁོང་སྟོང་གི་དཀྱིལ་གྱི་དབུ་མ་ནས་སེམས་ཐིག་ལེ་འུ་རུ་རུ་ཐོན་ཚངས་བུག་རྒྱུད། མཁའ་དབྱིངས་མཐོན་པོར་ཐིག་ལེ་ལ་སེམས་གཏད། རྐང་པ་བརྐྱང་ཏེ་འོག་སྒོ་བསྡམ་དུ་བཅུག །བླ་མ་དང་གྲོགས་ཀྱི་རོལ་མོའི་སྒྲ་བྱ། གུ་གུལ་བདུག །བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་གསོལ་བ་དྲག་ཏུ་བཏབ། ཡང་ཡང་གཞུ་རྒྱུད་སྐུལ་ལོ། །དེ་འདྲ་ལན་མང་དུ་བྱས་པས་འོག་གི་རླུང་ཟིན་པར་འགྱུར་རོ། །ཡང་ཙོག་པུ་བྱ་རོག་འདུག་སྟངས་ལ། རྐང་མཐེབ་ལ་གཞུ་རྒྱུད་རིག་གེ་བྱ། རླུང་གི་འདེགས་པར་བསམ། འོག་རླུང་སྡམས། རོལ་མོ་སོགས་གོང་བཞིན་བྱའོ། །འདིས་སྟེང་རླུང་ཟིན་པར་འགྱུར་རོ། །དེ་ཡང་རླུད་ཚེས་གཅིག་གི་སྔ་དྲོ། མེ་རླུང་གནམ་སྟོང་གི་སྲོད། ཆ་མཉམ་ཉེར་གཉིས་ཀྱི་ཉིན་ཕྱེད་ལ། རླུང་ཆེན་པོ་ཚེས་བརྒྱད་ཐོ་རངས་འཛིན་ཏེ། ཚ་ཤས་ཆེ་བ་དང་། གྲང་ཤས་ཆེ་བ་དང་། བད་ཀན་ཅན་དང་། རླུང་ལྷག་པར་ཆེ་བ་རྣམས་ལ་རིམ་པས་ཤེས་སོ། །འདི་སྐབས་འཕར་གཡོ་བརྒྱལ་བ་སོགས་བྱུང་ན་རླུང་ཟིན་ཞིང་ཚུད་པ་ཡིན་ལ། བླ་མའི་གྲོགས་ཀྱི་རྟག་ཏུ་ལྟ་བ་གལ་ཆེའོ། །ཐལ་ཉེན་བྱུང་ན་སྦྱོར་བ་ཀློད། ཐུན་མཚམས་སུ་དབུ་མའི་ནང་སྨིན་མཚམས་སུ་ཧཾ་དཀར་པོ། རྡོ་རྗེའི་རྩེར་ཨཾ་དམར་པོ། རླུང་ཁ་སྦྱོར་དྲག་པོ་སྒོམ། བདེ་ཤས་ཆེན་འོག་ཀློད་སྟོང་ཤས་ཆེ་ན་སྟེང་ཀློད། མཉམ་ན་ཟུང་དུ་འཇུག་པར་མནན་ནོ། །དྷུ་ཏིར་ཤེས་པ་ཡར་འགྲོ་མར་འགྲོ་བྱས་ལ་ལྟ་རེས་བྱའོ། །འཕར་གཡོ་ཀུ་ཅོ་རྒྱལ་བ་སོགས། ཆེས་ན་རླུང་གི་དུག་དབྱུང་བ་བྱ་སྣ་རྩེར་ཁབ་ཙག་བྱས་ཁྲག་དབྱུང་བ་སོགས་བྱའོ། །སྤྱི་གཙུག་དང་སྙིང་ཀར་བདུད་རྩི་ལྔ་དང་མི་ཚིལ་བྱུག་ལུས་གཡེར་མ་དང་སྲན་ཕྱེའི་མཉེས། ཆུ་སྐོལ་ལ་ཏང་འཁུན་པའི་ཕྱེ་བ་བཏབ་པ་བཏུང་པའི་ཁྱབ་བྱེད་ལོག་པ་སེལ། འབྲུ་མར་དང་གཡེར་མ་ཚིགས་པར་བྱུག་ལ། རྐང་འོག་གི་ཡཾ་ལ་སེམས་གཏད། དེ་དག་གི་སྙོ་པ་དང་། ཁྱབ་བྱེད་ལོག་པ་དང་། ཤ་ལྤགས་བར་དུ་ཞུགས་པ་དང་། རྩུབ་མོའི་སྦྱོར་བ་ཞི་བར་འགྱུར་རོ།
།གཉིས་པ་ལ། སྦྱང་བ། སྤེལ་བ། དབང་དུ་བྱའོ།
།དང་པོ། དབུགས་འགྲེང་བ་ལ་དམིགས་སྐོར་གཅིག་གསང་འདུས་དང་མཐུན་པའི་རྡོར་བཟླས་ལ་དམིགས་སྐོར་གཅིག །སྟེང་རླུང་འོག་རླུང་འཐེན་པ་ལ་དམིགས་སྐོར་རེ་རེ། ཁ་སྦྱོར་གནོན་པ་ལ་དམིགས་སྐོར་གཅིག་རྩ་གསུམ་ལྟེ་བར་སྲད་བུ་ལྟར་དཔྱང་པ་ལ་གཡས་སུ་ཨེ་དམར་གཡོན་དུ་ཝཾ་དཀར་བབས་འོག་རླུང་འཐེན་པས་ཨེ་ཝཾ་དབུ་མར་ཞུགས། སྤྱི་གཙུག་ཏུ་དྲངས་སོ་ལུས་བདེ་བ་དང་། ཡང་བ་དང་། ཟོ་མདོག་པ་དེ་བ་འབྱུང་ངོ་།
།གཉིས་པ་ནི། སྦྱོར་བའི་དོན་དང་། ཡི་གེའི་དོན་དང་། དེ་ཁོ་ན་ཉིད་ཀྱི་དོན་དང་། ཕྱག་རྒྱ་ཆེན་པོའི་མན་ངག་སྟེ་བཞི་ལས།
དང་པོ་ནི། སེམས་ཅན་ཐམས་ཅད་སེམས་དཔའ་སུམ་བརྩེག་ཏུ་ཡེ་ནས་གནས། རང་སེམས་འོད་དཀར་པོ་སྲན་རྡོག་ཙམ་འོག་སྒོ་ནས་དྷུ་ཏི་ནང་ལ་འུ་རུ་རུ་ཐོན། ཉི་ཟླ་ཐུག་པར་འཕོང་། ནམ་མཁའ་ལྟར་རྒྱ་སྐྱེད་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་སེམས་མཁའ་ཁྱབ་ལ་སེམས་གཏད། རླུང་གཏོང་བའི་ཚེ་མར་བབ་སྟེ་འོག་སྒོར་སླེབ་པར་བསམ་མོ།
།གཉིས་པ་ནི། ལྟེ་བ་ནས་འབྲུ་གསུམ་སྦོར་བ་སྟེ་གཞན་དེ་དང་འདྲ།
གསུམ་པ་ནི། ལྟེ་བ་ནས་རིམ་པའི་སྟོང་པར་གཏོང་བ་ལ་སེམས་གཏོད་ཚུལ་གྱི་སྤྲོ་བསྡུ་གོང་དང་འདྲ།
བཞི་པ་ནི། དོན་དམ་པའི་ལྷ་སྔགས་གཉུག་མའི་གནས་ལུགས་ལ་མཉམ་པར་བཞག་པའོ། །བཞི་ཀ་ལ་ཐུན་འཇིག་ཁར་སེམས་ཅན་ཐམས་ཅད་སེམས་དཔའ་སུམ་བརྩེག་ཏུ་གསལ་བས་ཧཱུྃ་གི་མཐར་སྔགས་ཀྱི་སྐོར་བར་བསྒོམ་མོ། །ཐམས་ཅད་ལ་མདའ་ལྟར་འཕང་བ་དང་། ནམ་མཁའ་ལྟར་རྒྱ་སྐྱེད་པ་འདྲའོ།
།གསུམ་པ་དབང་དུ་བྱ་བ་ནི། ལྟེ་བར་འཁོར་ལོ་དྲག་ཏུ་སྐོར་ཞིང་རྒྱ་སྐྱེད་པ་དང་། གསེར་གྱི་འཁོར་ལོ་འོག་སྒོ་ནས་དྷུ་ཏིར་བརྒྱུད་སྤྱི་བོ་ནས་མཐོན་མཁའ་དབྱིངས་མཐོན་པོར་འགྲོ་ཞིང་སླར་འོང་བར་སྒོམ།
གསུམ་པ་བོགས་དབྱུང་བ་ལ། རྒྱས་བཏབ་པ་དང་། ཟུང་དུ་འཇུག་པའོ།
།དང་པོ་བདེ་བ་རོ་མཉམ་པ་ནི། ཕྱག་རྒྱ་མཚན་ལྡན་ཁྲུས་བྱ། ལུས་ཟུང་སྐྱེད་རླུད་ལ་སླབས། གུར་གུམ་གྱིས་བྱུག །དངུལ་ཆུ་དུག་བཏོན་པ་ཐིགས་པ་གཉིས་གསུམ་བྷ་གར་བྱུག །ཆང་གར་མ་ཅུང་ཟད་འཐུང་དུ་བཅུག་རང་གི་པང་དུ་ཙོག་པུར་གནས་པའི་པདྨའི་སྐྱིལ་ཀྲུང་གིས་འཁྱུད་རྡོ་རྗེ་པདྨར་བཅུག །རིག་མ་རླུང་འཇམ་པོར་གནོན་དུ་བཅུག །དལ་བུས་སྲུབ། ཐིག་ལེ་རྡོ་རྗེར་སོན་པ་ན། འགྲོན་བུའི་རྒྱལ་པོའི་སྦྱོར་བ་དང་། རང་གི་འོག་སྒོ་སྡམས་སྟེང་མནན། བུ་མོའི་སྟེང་རླུང་མནན་འོག་རླུང་གསང་བར་ཀློད་པའི་བདེ་བ་བཟུང་ཞིང་ཡེ་ཤེས་ངོས་བཟུང་ངོ་། །དེ་ནས་ཧཱུྃ་དགུར་སྦྱོར་གྱིས་དྲངས་ཏེ། གསང་བ་ནས་ཡར་སྤགས་པ་ཙམ་མམ། ལྟེ་བར་གཏད་ལ། ཧྲིང་འདྲེན་དང་། སྙིང་ཀར་གཏད་ལ་གི་ཞི་ཥ་དང་། མགྲིན་པར་གཏད་ལ་ཧིག །ཅེས་སྟག་མོ་སྐྱུག་ཚུལ་དང་། སྨིན་མཚམས་སུ་གཏད་ལ་རྔུབ་ཅིང་སེང་གེའི་ངུར་སྡང་དང། སྤྱི་གཙུག་ཏུ་གཏང་རླུང་སྐོར་བ་གསུམ་གྱི་རྩ་གསུམ་སྤྱི་གཙུག་ཏུ་ཐིམ་པར་བསམ་པ་སྟེ། ཕྱི་མ་གསུམ་དགང་འདྲེན་ཡིན་ནོ། །འགྲམ་པ་སྤྱི་དང་འདྲའོ། །དེ་ནས་བདེ་བའི་ཤེས་པ་དེས་སྣང་གྲག་ལ་རྒྱས་འདེབས་པའོ།
།གཉིས་པ་ཟུང་དུ་འཇུག་པ་ནི། སྟོང་པར་རོ་སྙོམས་པ་སྟེ། དེ་ལ་དང་པོ་ཚིག་དྲུག་དང་སྟེང་སྒོ་བཅད་པ་ནི། རྩ་གསུམ་ཐིག་གུ་ལྟ་བུ་ལས་རྡོ་རྗེ་རྩེ་གཅིག་ཧཱུྃ་གིས་མཚན་པ་མདའ་ལྟར་འཕང་བ་སོགས་བྱེད། འདི་སྐབས་སུ་སྐུ་མཉེས་བྱའོ། །སྣང་གྲགས་ལ་སྟོང་པའི་རྒྱས་བཏང་ཏེ་དབྱིངས་སུ་སྐྱོལ།
གཉིས་པ་དབུ་མར་འཛུད་པ་ནི། རྡོར་དཀྱིལ་རྡོ་རྗེ་བསྡོམ་པ་གསང་བར་བརྐྱང་སྤྲུག་ཅིང་ལུས་སྒྲིམ་མིག་འབྱེད་འཛུམ་ཅུང་ཟད་སྤེལ་བསུས་པ་འགྱུར་བྱ། རྩ་གསུམ་ལ་ཝཾ་དཀར་ཧཾ་སྔོ་ཨི་དམར་བའི་མཚན་པ། རླུང་མནན་པས་རྩ་གསུམ་འདུས་མདོར་སླེབ། འོག་རླུང་སྡམས། རྡོ་རྗེ་སྡམས་པ་ཁ་ཐུར་སུབ། མིག་བཟློག་སྟེ། ཧཱུྃ་ཞེས་དྲངས། ཡིག་གེ་གསུམ། སྤྱི་བོར་དྲངས་ཡང་ཡི་གེ་རྣམས་ཡར་འགྲོ་མར་འགྲོ་བྱའོ། །སེམས་རྟགས་ལྔ་ཡོན་ཏན་བརྒྱད་འབྱུང་ངོ་། །ཡང་དེ་ཐམས་ཅད་ཀྱི་ཉམས་སྣང་གྲགས་རྒྱས་བཏབ། བདག་མེད་མའི་ནང་ཁྲིད་རྫོགས་རིམ་དང་། དེ་ཡང་ཟུང་འཇུག་ཏུ་བྱའོ། །བར་ཡིག་རྙིང་ལས་ཤེས་པར་བྱའོ། །གྲུབ་ཐོབ་ར་ཧུ་ལའི་གདམ་པ་ལས་རྒྱ་དང་འབྲེལ་བ་བཤད་ཟིན་ཏོ།
།གཞན་ཡང་ར་ཧུ་ལའི་རླུང་ཕྱོགས་གཞན་རྣམས་དང་། སུ་ཁའི་སྐོར་གྱི་ལྟེ་བ་སྤྲུལ་འཁོར་གྱི་རྫོགས་རིམ་དང་། བདག་མེད་མའི་ནང་ཁྲིད་ཀྱི་རྫོགས་རིམ་དང་། ཕྱིས་གཉེན་སྟོན་ཆེན་པོ་ལས་བྱུང་བའི་འཆི་མེད་གྲུབ་པ་སོགས་ཀྱང་ལེགས་པར་འབྱོར་ན། གཞན་ལུས་ཀྱི་རྫོགས་རིམ་ལ་ཐོགས་པ་མེད་པའི་མཐུ་ཐོབ་པར་འགྱུར་རོ། །ཤངས་ཆོས་ཀྱི་མན་ངག་དར་ཡང་བདེ་བ་ལམ་བྱེད་ཀྱིས་འདི་རྣམས་དེང་སང་ཕལ་ཆེར་ལ་དཀོན་ཞིང་། ར་ཧུ་ལའི་མན་ངག་གི་དཔེ་རྣམས་ཅུང་ཟད་མོད་ཀྱང་ལག་ལེན་ཕྱོགས་མགོ་ཙམ་ཡང་མ་ཐེང་བ་ཤས་ཆེ་ཞིང་། ལྷག་མ་རྣམས་དཔེ་ཡང་ཅུང་ཟད་དཀོན། ནི་གུའི་གསང་ལམ་ལ་ལག་ལེན་ཅུང་ཟད་ཡོད་མོད་ཀྱང་། བསྲེ་སླད་བྱས་པ་དང་། ཁུངས་མེད་སྦྱོར་བ་སོགས་སྣང་བས། དེ་དག་ལ་ཕན་པའི་ཕྱིར་ཡི་གེ་རིགས་ཆིག་ཆོག་རྒྱལ་པོ་འདི་བྱས་པ་ཡིན་ནོ།
།རབ་ཟབ་ལམ་འདི་བཤད་པས་ཀྱང་། །འགྲོ་ཀུན་བདེ་ཆེན་སྐུ་འགྲུབ་སྟེ། །ཟག་མེད་བདེ་བ་ཆེར་རྒྱས་པའི། །མཆོད་སྤྲིན་རྒྱུན་མི་འཆད་པར་ཤོག
།ཅེས་ཤངས་པ་བཀའ་བརྒྱུད་ཀྱིས་མན་ངག་ཆགས་ལམ་འཁྲིད་ཚུལ་རིམ་པ་ལྔ་ཡོད་པ་ཆབ་གཅིག་ཏུ་སྒྲིགས་པ་སྟེ། ཐབས་ལམ་གསེར་གྱི་ཕུང་པོ་ཞེས་བྱ་བ་འདི་ཡང་གཙང་སྤྱོན་ཀུན་དགའ་དཔལ་བཟང་གིས་བསྐུལ་ནས། ཏཱ་ར་ནཱ་ཐས་སྦྱར་བའོ།
།མངྒ་ལཾ་བི་སྟཱ་ར་ཀུ་རུ། ཞུས་དག །དགེའོ། །དགེའོ།