Gser chos lnga'i bla ma brgyud gsol 'debs lam rim gyi smon lam

From Shangpa Resource Center








Resource ID SCv7p147
Title shangs pa'i gser chos lnga'i bla ma brgyud pa'i gsol 'debs lam rim gyi smon lam dang bcas pa
Topics Lineage prayer
Link BDRC W23922

༄༅། །ཤངས་པའི་གསེར་ཆོས་ལྔའི་བླ་མ་བརྒྱུད་པའི་གསོལ་འདེབས་ལམ་རིམ་གྱི་སྨོན་ལམ་དང་བཅས་པ་བཞུགས་སོ།།
༈ ཤངས་པའི་གསེར་ཆོས་ལྔའི་བླ་བརྒྱུད་གསོལ་འདེབས་ལམ་རིམ་གྱི་སྨོན་ལམ།

ན་མཿཤྲཱི་བཛྲ་གུ་རུ་ཝེ།
།སྐུ་གསུམ་ཡན་ལག་བདུན་ལྡན་རྡོ་རྗེ་འཆང་། །ཟག་མེད་སྒྱུ་མའི་གར་བསྒྱུར་ནི་གུ་མ། །ཟབ་རྒྱས་ཆོས་ཀྱི་དབང་ཕྱུག་ཁྱུང་པོའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།
།སྒྱུ་ལུས་རྨི་ལམ་མཐར་ཕྱིན་རྨོག་ལྕོག་པ། །བྱམས་དང་སྙིང་རྗེའི་དབང་ཕྱུག་སྐྱེར་སྒང་པ། །བདེ་ཆེན་རྡོ་རྗེའི་སྐུ་བརྙེས་གཉན་སྟོན་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།
།ཆིག་བརྒྱུད་རྡོ་རྗེའི་སྒོ་འབྱེད་སྟོན་པ འི་ཞབས། །ཆོས་ཉིད་གཉུག་མའི་དོན་གཟིགས་ཤངས་སྟོན་པ། ཟབ་ལམ་རྒྱས་མཛད་མཁས་བཙུན་རྒྱལ་མཚན་འབུམ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།
།ཉམས་དང་རྟོགས་པའི་དབང་ཕྱུག་བྱམས་པ་དཔལ། །དམ་ཅན་བྲན་ཁོལ་བློ་གྲོས་དཔལ་བཟང་པོ། །སྒྱུ་མའི་རང་བཞིན་མཐར་ཕྱིན་ཀུན་དགའ་དཔལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།
།མཁས་ཤིང་མཁས་པར་གྲགས་པ་ཆོས་རྒྱལ་དཔལ། །གྲུབ་ནས་གྲུབ་པའི་ལམ་སྟོན་འཁྲུལ་ཞིག་རྗེ། །རྒྱལ་སྲས་རྒྱལ་བའི་ཡབ་གཅིག་མཁྱེན་རབ་རྗེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།
།བོད་ཡུལ་གྲུབ་པའི་གཙུག་རྒྱན་རྡོ་རིངས་པ། །རབ་འབྱམས་རྒྱལ་བ་ཀུན་དངོས་ཚར་པ་རྗེ། །སྙན་བརྒྱུད་བཀའ་བབས་འཛིན་པ་མཁྱེན་བརྩེའི་དབང་། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།
།ཞེས་པ་ནི་འཇག་པ་ནས་བརྒྱུད་པ་དང་པོ་ཡིན་ལ། །ཡང་ན་འཇག་ཆེན་སྐུའི་རྗེས་སུ། །ཕ་རྒོད་གྲུབ་པ་མཆོག་བརྙེས་བསོད་ནམས་བཟང་། །སྐལ་བཟང་སངས་རྒྱས་དང་པོ་རྡོ་རིངས་པ། །རིགས་བརྒྱའི་འཁོར་ལོས་སྒྱུར་བ་ཚར་པའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།
།ཡང་ན་གཙང་མ་ཤངས་སྟོན་པའི་རྗེས་སུ། །རྟོགས་པའི་དབང་ཕྱུག་མུས་ཆེན་རྒྱལ་མཚན་དཔལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།
།དེ་སྲས་རྡོ་རྗེ་གཞོན་ནུ་གྲུབ་པའི་དབང་། །ཆོས་ཉིད་དོན་གཟིགས་ནམ་མཁའི་རྣལ་འབྱོར་པ། །འཁོར་ལོ་སྡོམ་པ་དཀོན་མཆོག་རྒྱལ་མཚན་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།
།སྙན་བརྒྱུད་གདམས་པའི་གཏེར་མཛོད་སངས་རྒྱས་དཔལ། །བག་ཆགས་ལུས་ལ་དབང་ཐོབ་ཆོས་རྒྱལ་བཀྲ་ཤིས་མཚན། །གཉིས་འཛིན་འཁྲུལ་ཞིག་བྱམས་པ་ཤེར་བཟང་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།
།རབ་འབྱམས་རྒྱལ་བ་ཀུན་དངོས་ཚར་པ་རྗེ། །སྙན་བརྒྱུད་བཀའ་བབས་འཛིན་པ་མཁྱེན་བརྩེའི་དབང་། །གྲུབ་གཉིས་མྱུར་སྩོལ་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།
།ཞེས་པ་ནི་འཇག་ལུགས་ཀྱི་བཀའ་བབས་གསུམ་པ་ཡིན་ལ། །བསམ་ལྡིང་པའི་གདན་རབ་ལྟར་ན། །ཆོས་རྗེ་སྟོན་པའི་རྗེས་སུ།
།མཁས་བཙུན་གྲུབ་པའི་ཁྱུ་མཆོག་གཞོན་ནུ་གྲུབ། །དེ་སྲས་གྲུབ་དབང་བྱང་ཆུབ་ཤེས་རབ་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།
།ཡང་དགོན་རྒྱལ་བའི་རྣམ་འཕྲུལ་རྡོ་སྟོན་པ༼གཞོན་ནུ་བསོད་ནམས།༽། །གསང་བདག་ཞལ་གཟིགས་བློ་གྲོས་རྒྱལ་མཚན་དང་། །ཟབ་ལམ་མཛོད་འཛིན་བློ་གྲོས་སེང་གེའི་ཞབས། གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།
།སྤྲུལ་སྐུ་འགྲོ་བའི་དོན་མཛད་བསོད་ནམས་བློ། །འཇམ་དཔལ་ཁྲོས་པས་རྗེས་བཟུང་ཆོས་དཔལ་ཞབས། །ངེས་དོན་བསྟན་པའི་མངའ་བདག་འཁྲུལ་ཞིག་རྗེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།
།ཉི་བརྒྱུད་ནི་མཁས་གྲུབ་པའི་རྗེས་སུ། །ཐུགས་སྲས་གདམས་པའི་གཏེར་མཛོད་བསོད་ནམས་གྲགས། །དམ་ཅན་བྲན་ཁོལ་ཡོན་ཏན་མགོན་པོའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།
འཇམ་དཔལ་ཁྲོས་པས་རྗེས་བཟུང་ཆོས་དཔལ་ཞབས། །ངེས་དོན་བསྟན་པའི་མངའ་བདག་འཁྲུལ་ཞིག་རྗེ། །མཁྱེན་རབ་ཆོས་རྗེ་རྗེ་བཙུན་རྡོ་རིངས་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།
།ཕ་བླ་མ་མན་གོང་བཞིན། བདེ་ཆེན་པ་ནས་བརྒྱུད་པ་ལྟར་ན། མཁས་བཙུན་པའི་རྗེས་སུ། མཁས་གྲུབ་ཁྱུང་པོའི་རྣམ་འཕྲུལ་ཚུལ་ཁྲིམས་མགོན
།ལུང་རྟོགས་དབང་ཕྱུག་རི་ཁྲོད་རས་ཆེན་༼སངས་རྒྱས་སེང་གེ།༽ཞབས། །གྲུབ་མཆོག་སྤྲུལ་སྐུ་སངས་རྒྱས་རྡོ་རྗེའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།
།ཆོས་དྲུག་རྟོགས་པ་མཐར་ཕྱིན་ཐར་པ་དཔལ་༼བཟང༽། །ཕྱག་ཆེན་བདུད་རྩིས་མྱོས་པའི་སངས་རྒྱས་མཚན་༼རྣམ་རྒྱལ་༽། །འབྲེལ་ཚད་དོན་ལྡན་ཕ་རྒོད་ཚར་པ་རྗེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།
།གྲུབ་གཉིས་མྱུར་སྩོལ་རྒྱུད་སྡེ་ལྔ་ཡི་ལྷ། །བར་ཆད་ཀུན་སེལ་མྱུར་མཛད་ནག་པོ་ཆེ། །དག་སྣང་མཐར་ཕྱིན་རྟོ་རྗེ་མཆེད་ལྕམ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།
།དགོས་མེད་ཚེ་འདིའི་བྱ་བ་རྒྱབ་ཏུ་བོར། །བདག་འཛིན་གཉིས་སྣང་རྟོག་པས་མི་གཡེངས་བར། །དབང་བཞིས་རྒྱུད་སྨིན་ཟབ་མོའི་བྱིན་བརླབས་ཀྱིས། །རྒྱུད་སྦྱངས་དམ་ཚིག་ལྡན་པར་བྱིན་གྱིས་རློབས།
།བསླུ་མེད་སྐྱབས་གནས་ཐུགས་རྗེའི་ཁོངས་སུ་ཚུད། །མ་རྒན་འགྲོ་ལ་བརྩེ་བས་སེམས་རྒྱུད་སྦྱངས། །བསྐྱེད་རིམས་ཟབ་མོའི་ཐ་མལ་སྣང་ཞེན་སྦྱངས། །དག་བྱེད་ལམ་མཆོག་འབྱོངས་པར་བྱིན་གྱིས་རློབས།
།རང་བབ་གསུམ་གྱིས་སེམས་ཀྱི་གཞི་རྩ་ཆོད། །སྐྱོན་བཞི་ལས་གྲོལ་ཐ་མལ་ཤེས་པའི་དབྱིངས། །སྐུ་བཞི་རང་ཤར་བློ་འདས་ཕྱག་རྒྱ་ཆེ། །གནས་ལུགས་རང་ངོ་ཤེས་པར་བྱིན་གྱིས་རློབས།
།དོན་གྱི་ཕག་མོ་ཨ་ཐུང་ཙཎྜ་ལི། །རླུང་སྦྱོར་འཁྲུལ་འཁོར་སྦྱོར་བས་རབ་བསྐུལ་ཏེ། །ཧཾ་ཡིག་བདུད་རྩིས་མཆོད་པའི་དགའ་སྟོན་གྱིས། །བདེ་དྲོད་རྩོལ་མེད་འཆར་བར་བྱིན་གྱིས་རློབས།
།མཚན་ལྡན་བླ་མའི་མོས་གུས་འཁོར་ཡུག་ངང་། །ཅིར་སྣང་སྒྱུ་མར་ཤེས་པའི་ཏིང་འཛིན་མཆོག །སད་བཞི་སྤོང་སྟེ་རྩེ་གཅིག་སྒོམ་པའི་མཐུས། །བདེན་མེད་རང་གྲོལ་འཆར་བར་བྱིན་གྱིས་རློབས།
།འཕྱུགས་མེད་གནད་ཀྱིས་རང་སེམས་བསྲང་དུ་ཚུད། །མ་ཡེངས་དྲན་པས་ཉིན་མཚན་གཅིག་ཏུ་འདྲེས། །ཟིན་སྦྱངས་སྤེལ་སྤྲུལ་བསྒྱུར་བའི་ཐབས་མཁས་ཀྱིས། །ཉིང་འཁྲུལ་ལམ་དུ་ལོངས་པར་བྱིན་གྱིས་རློབས།
།མ་རིག་སྐྱོ་ཤས་ངེས་འབྱུང་ལྕག་གིས་བསྐུལ། །དུས་གནད་དམིགས་པས་གཟུང་འཛིན་འཆིང་བ་བཅད། །དམ་ཚིག་གྲོགས་ཀྱིས་གེགས་མེད་བོགས་ཐོན་ཏེ། །ཉམས་རྟོགས་འོད་གསལ་འཆར་བར་བྱིན་གྱིས་རློབས།
།ཚེ་འདིའི་ཆགས་ཞེན་འཁྲི་བ་རྦད་ཀྱིས་ཆོད། །གནད་གཅོད་ཟུག་རྔུའི་འཕྲང་ལས་རིང་དུ་བརྒལ། །མཁའ་སྤྱོད་དག་པའི་གནས་སུ་ཡུད་ཀྱིས་བགྲོད། །ཉེ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས།
།གལ་ཏེ་ལམ་གྱི་བར་དོ་ཤར་གྱུར་ན། །ཟབ་མོའི་ལམ་གྱིས་ཆགས་སྡང་མིག་སེར་སྦྱངས། །སྐུ་གསུམ་རང་ཤར་ཐག་ཆོད་གདེང་ཐོབ་ནས། །བདེ་ཆེན་ལོངས་སྐུ་ཐོབ་པར་བྱིན་གྱིས་རློབས།
།ཅིར་སྣང་འཁྲུལ་པའི་ཡོ་ལང་མ་ལུས་པ། །མོས་གུས་དག་སྣང་སྒྱུ་མའི་ལམ་ཁྱེར་གྱིས། །བླ་ལ་ཡི་དམ་བདེན་མེད་རང་ཤར་ནས། །རྗེས་སྤྱོད་འཁྲུལ་པ་འཇིག་པར་བྱིན་གྱིས་རློབས།
།སྲས་བཅས་རྒྱལ་བའི་དགའ་མ་ཡིད་འོང་མ། །རྫས་སྔགས་མཆོད་པས་མཉེས་ནས་ཆེས་མྱུར་བར། །འཁྱུད་དང་ཙུམ་བྷའི་བདེ་བས་རོལ་བཞིན་དུ། །འཇའ་ལུས་མཁའ་སྤྱོད་ཐོབ་པར་བྱིན་གྱིས་རློབས།
།རང་སོམས་གསལ་སྟོང་ཟུང་འཇུག་གདོད་མའི་གཤིས། །འགག་མེད་ལྷ་སྐུ་རང་ཤར་སྒྱུ་མའི་གར། །ཟུང་འཇུག་བརྗོད་བྲལ་བློ་འདས་བདེ་ཆེན་དབྱིངས། །རང་སེམས་འཆི་མེད་རྟོགས་པར་བྱིན་གྱིས་རློབས།
།ཐུགས་རྗེས་ཁྲོས་པའི་ཟློས་གར་བདུད་ཀྱི་གཤེད། །དྲན་པས་འདོད་དགུའི་དཔལ་སྟེར་ཡིད་བཞིན་ནོར། །མྱུར་མཛད་འཁོར་བཅས་བྲན་དུ་འཁོལ་གྱུར་ཏེ། །གསང་ཆེན་བསྟན་པ་སྲུང་བར་བྱིན་གྱིས་རློབས།
།མདོར་ན་སྤྱི་བོར་བླ་མའི་ཅོད་པན་འཛིན། །ཟབ་ལམ་སྙན་བརྒྱུད་གདམས་པའི་དཔལ་གྱིས་ཕྱུག །གནས་གསུམ་མཁའ་འགྲོ་དམ་ཅན་བྲན་དུ་འཁོལ། །གྲུབ་གཉིས་འཁོར་ལོས་སྒྱུར་བར་བྱིན་གྱིས་རློབས།
།སྐྱེ་དང་སྐྱེ་བར་རྡོ་རྗེ་ཐེག་པ་ཡི། །ཡང་སྙིང་སྙན་བརྒྱུད་གདམས་པའི་མཛོད་བཟུང་ནས། །ཇི་སྲིད་འཁོར་བའི་སེམས་ཅན་ཐམས་ཅད་ལ། །ཕན་བདེ་རྒྱ་ཆེར་སྤེལ་བར་བྱིན་གྱིས་རློབས།
།ཅེས་བླ་མ་ཤངས་པའི་གསེར་ཆོས་རྣམ་པ་ལྔའི་བརྒྱུད་པ་རིན་པོ་ཆེ་ལ་གསོལ་བ་འདེབས་པ་ལམ་གྱི་རིམ་པའི་སྨོན་ལམ་དང་བཅས་པ་འདིའང་། མང་དུ་གསན་པ་རྒྱ་མཚོའི་མཐར་སོན་ནས་རྩེ་གཅིག་ཏུ་སྒྲུབ་པ་ལ་གཞོལ་ཞིང་། འཕགས་པ་ཐུགས་རྗེ་ཆེན་པོས་བྱིན་གྱིས་རླབས་དགེ་སློང་བཀྲ་ཤིས་དཔལ་བའི་གསུང་གིས་བསྐུལ་བའི་ངོར། ཕ་བླ་ལ་ཚར་པ་ཆོས་རྗེའི་སྐུ་དྲིན་ལས་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་སྙན་བརྒྱུད་འཛིན་པའི་བཙུན་པ་མཁྱེན་བརྩེའི་དབང་ཕྱུག་གིས་དཔལ་ཞ་ལུའི་གསེར་ཁང་གི་གཙུག་ལག་ཁང་དུ་སྦྱར་བ་བྱིན་རླབས་འཇུག་པ་གྱུར་ཅིག།