K+She tra pa la'i gtor ma'i las sbyor rA hu la las khyung po la gnang ba'i mgon po zhing skyong du sgrub pa'i man ngag
Resource ID | SCv11p923 |
---|---|
Title | k+She tra pa la'i gtor ma'i las sbyor rA hu la las khyung po la gnang ba'i mgon po zhing skyong du sgrub pa'i man ngag |
Topics | Kshetrapala |
Sub-Topics | Instructions |
Author | Gelek Pelsang |
Associated Person | Rahula Khyungpo Neljor Künga Gyeltsen |
Link | W23922 W3CN18508 (v3p.255) WA00KG09215 (p.376) |
Notes | Included in tshogs rnams kyi zur 'debs kyi zhal shes shin tu gsang ba'i yig chung rnams |
༈ ཀྵེ་ཏྲ་པ་ལའི་གཏོར་མའི་ལས་སྦྱོར་རཱ་ཧུ་ལ་ལས་ཁྱུང་པོ་ལ་གནང་བའི་མགོན་པོ་ཞིང་སྐྱོང་དུ་བསྒྲུབས་པའི་མན་ངག་བཞུགས་སོ།།
༈ ༼གོ༽ ཀྵེ་ཏྲ་པཱ་ལའི་ལས་སྦྱོར་ནི། འདིར་བཀའ་སྡོད་ལ་བརྟེན་པའི་གཏོར་མའི་ལས་སྦྱོར་ནི། ཤོག་བུའམ་དོམ་གྱི་སྙིང་ཤུན་ལ་ལིངྒ་མཚན་ཉིད་ཚང་བ་བྲི། དེ་ལ་ཟག་རྫས་བྱུགས། རང་ཉིད་ཡེ་ཤེས་མགོན་པོར་བསྐྱེད། ཡེ་ཤེས་པ་དགུག་གཞུག །བསྟོད་པ་དང་བསྙེན་པ་བྱེད། །གཏོར་མ་ཕུལ། འཕྲིན་ལས་བཅོལ། དེ་ནས་ལིངྒ་ཤིང་གི་རྩེ་མོ་ལ་སྐྱོན་ནས་དགུག་གཞུག་བརྒྱ་རྩ་སོགས་བྱེད། གཏོར་ཆེན་ནས་བཤད་པའི་ཁ་སྦྱོར་དབྱེ་བ་བྱས་ལ། མ་སྟེབས་པར་ཡུག་སྐྲ་ཤན་པས་ཕྱིན་ཅི་ལོག་ཏུ་བཀལ་བའི་སྐུད་པས་གཟུང་ཐག་དྲངས་ལ། སྐྱེར་པའམ་མི་གྲིར་ཤི་བའི་རྒྱུས་པ་ལ་གྲི་གུག་མཚོན་གང་པ་གཅིག་བྱས་ལ་མདུན་ནས་ཕྱར། སྣེ་མོ་ཕུར་པ་ལ་གཏོད། དེ་ཡི་དམ་མགོན་པོར་བསྐྱེད། ལིངྒ་དེ་རྡོ་རྗེས་མནན། དེ་ནས་ཆང་དང་བསྲེས་པ་ལ། ཀྵེ་ཏྲ་པཱ་ལའི་གཏོར་མ་ཟུར་གསུམ་བརྩེགས་ཀྱི་སྟེང་དུ་བཤོས་བུ་ཟུར་གསུམ་པ་གཅིག་བཞག །བང་རིམ་འོག་མ་ནུབ་ཙམ་ལ་མི་མགོའི་འཐེབ་ཀྱུས་བསྐོར། བར་བའི་དབུས་སུ་གྲུ་གསུམ་བྱས་ལ་ནང་རོ་སོལ་གྱི་ནག་པོ་དང་། ཕྱི་དུག་ཁྲག་གི་དམར་པོ་བྱའོ། །དེའི་མཐིལ་དུ་སྔར་གྱི་ལིངྒ་སྤུབ་ལ་བཞག །དེའི་སྟེང་ཐུན་རྫས་བཞག །སྟེང་གི་གྲུ་གསུམ་གྱི་ལོགས་ལ་རྡོ་རྗེ་རྒྱ་གྲམ་བྲིས་ལ་མར་བཀབ། དེའི་སྟེང་བཤོས་བུ་ཟུར་གསུམ་དེ་བཞག །སྙིང་གའི་གཟུང་ཐག་དེ་བང་རིམ་གོང་མའི་ཁར་སྟོན། དེ་བཤོས་བུའི་ཞབས་ཀྱི་མདུན་ངོས་ལ་དྲངས་ལ་ཕུར་པ་ལ་གཏོད། སྟེང་གི་བཤོས་བུ་ལ་མ་དོད་པར་བྱའོ། །གཏོར་མའི་ཟུར་དགྲ་ཕྱོགས་སུ་བསྟན། མི་གྲིར་ཤི་བའི་ཤའམ། སྙིང་སྣས་རྒྱན། ལྕགས་ཀྱི་སྣོད་དུ་བཞག་ལ། དེ་ནས་ཀྵེ་ཏྲ་པཱ་ལའི་མངོན་རྟོགས་གཏོར་ཆེན་ནས་བཤད་པ་ལྟར་བསྐྱེད་ཅིང་གནས་གསུམ་ལ་ཡི་གེ་གསུམ་བཀོད། ཀྵེ་ཏྲ་པཱ་ལ་ཨ་ཀཪྵ་ཡ་ཛཿ ཅེས་པས་ཡེ་ཤེས་པ་བསྟིམ། དེའི་སྟེང་དུ་༼པད་ཉི་༽ཚོགས་བདག་གི་གདན་ལ་མགོན་པོ་ཆོ་ག་གསུམ་གྱིས་བསྐྱེད། ཡེ་ཤེས་པ་གཞུག །དེའི་སྤྱི་བོར་མི་བསྐྱོད་པ་བསྐྱེད། དེ་ཡོངས་སུ་གྱུར་པ་ལས་ཧཱུྃ་ཡིག །དེ་ལས་འོད་ཟེར་འཕྲོས་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས། ཧཱུྃ་ལ་ཐིམ། དེ་མགོན་པོའི་སྤྱི་བོ་ནས་ཞུགས་སྙིང་གར་སླེབས། རྡོ་རྗེ་འཇིགས་བྱེད་ཞལ་གསུམ་ཕྱག་དྲུག་པར་གྱུར་ནས། སྲིད་གསུམ་ཟ་བར་ནུས་པའི་གཟི་བརྗིད་བསྐྱེད། མགོན་པོ་ཀྵེ་ཏྲ་པཱ་ལ་ལ་ཐིམ། ཀྵེ་ཏྲ་པཱ་ལ་གཟི་བརྗིད་དང་ལྡན་པར་བྱས་ལ། གཏོར་ཆེན་ལྟར་གཏོར་མ་བྱིན་གྱིས་བརླབས། དགྲ་བོ་གང་ཡིན་དེའི་ཤ་ཁྲག་རུས་གསུམ་ལྷག་མ་མ་ལུས་པར་གསོལ་བར་བསམས། གཏོར་ཆེན་ནས་བཤད་པའི་གཏོར་སྔགས་ཡུམ་མེད་པར་བརྗོད། བསྟོད་ཅིང་འཕྲིན་ལས་བཅོལ། རང་དམ་ཚིག་པར་གནས་པ་ལ་བསིལ་བའི་ཚལ་ནས་ཡེ་ཤེས་པ་སྤྱན་དྲངས་ནས་གཞུག །མདུན་གྱི་ཀྵེ་ཏྲ་པཱ་ལ་ཡང་རང་ལ་ཡར་མིག་གིས་བལྟ་བར་བསམ། བཀའ་བསྒོ་བྱའོ། །ཨོཾ་ཀྵེ་ཏྲ་པཱ་ལ་བིགྷྣན་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཡཀྵ་དམ་ཉམས་འདིའི་ཙིཏྟ་ལ་དུན་དུན་རྦད། མཐུན་མོང་མ་ཡིན་པའི་ཞལ་ཤེས་ནི་ཐུན་གྱི་མཐར་བྱ་ཞིང་། ལས་ལ་སྦྱར་བ་ནི་ཕུར་པ་ལ་གཟུངས་ཐག་༼དཀྲོལ་ནས་ལག་པ་གཉིས་ཀྱི་བར་དུ་བཟུང་ཐག་༽དྲིལ་ཞིང་གྲི་གུག་འཁོར་བར་བྱས་པས། གྲི་གུག་གིས་ཁོ་ཡི་སྲོག་རྩ་རྦད་རྦད་གཅད་པར་བསམ། དེ་ནས་འཕྲལ་གཏོར་ཟུར་གསུམ་ལ་ལིངྒ་ལ་ཡང་གཙུགས། དགུག་གཞུག་བྱས་ལ་གཏོར་མ་ཕུལ་ཏེ་འཕྲིན་ལས་བཅོལ། སྲོད་ཀྱི་དུས་སུ་གཏོར་མ་བཏང་། ལིངྒ་དེ་ཚུར་བླངས་ནས་བསྲེགས། དེ་ལྟར་ཞག་གསུམ་བསྒྲིམས་པས་ཀྵེ་ཏྲ་པཱ་ལས་དངོས་སུ་སྙིང་སྟེར་བ་དང་། འབྲིང་མི་ནག་པོས་ཤ་ཁྲག་ཟ་འཐུང་བྱེད་པ་དང་། ཐ་མ་སྲོག་ཆགས་བསད་པ་རྣམས་དངོས་སམ་རྨི་ལམ་དུ་འབྱུང་སྟེ། དེ་བྱུང་ནས་སྟེག་བུའི་ཁར་སྟེང་གི་བཤོས་བུ་གཏོར་མ་ཆེ་བ་དེ་དགྲ་ཕྱོགས་སུ་འཕངས་ལ། ཆོས་འབྱུང་གི་ལིངྒ་སྟོན། དེ་ནས་ཆོས་འབྱུང་དུག་ཁྲག་གིས་བྲིས་ལ་འཚེར་མ་ཅན་གྱི་ཤིང་གྲུ་གསུམ་བརྩེགས་པའི་ཟུར་དགྲ་ཕྱོགས་སུ་བསྟན། སྟག་ལོ་པའམ། ཕག་ལོ་པས་མེ་སྦར་ཏེ་མེའི་ནང་དུ་ཀྵེ་ཏྲ་པཱ་ལ་རྐང་ཐང་དུ་ཞབས་གཡས་བསྐུམ་གཡོན་བསྐྱང་བ་༼བསྐྱེད་༽དེའི་སྙིང་གར་ཡེ་ཤེས་མགོན་པོ་བསྐྱེད། གནས་གསུམ་བྱིན་གྱིས་བརླབས། ཡེ་ཤེས་པ་གཞུག །དེ་ནས་ལིངྒ་རྣམས་གྲི་ལྕགས་ལས་བྱས་པའི་གྲི་གུག་གི་བཏུབས། རང་གི་ལག་པ་གཡོན་པས་ཕུལ། མེ་མ་ཤི་བར་མི་སྒུལ་མི་རེག །དེ་མ་ཐག་གཏོར་མ་གཅིག་བཤམས་ལ་གཏང་རག་གི་ཚུལ་དུ་འབུལ། གཏོར་མ་ཕུལ་བ་དང་དུས་སྙམ་དུ་ལས་མགོན་སོང་ནས་དགྲ་བོ་དེ་རྡུལ་དུ་བརླག་པར་བསམ། མགོན་པོ་རང་ལ་བསྟིམ། ཐལ་བ་སྦྲུལ་ནག་པོའི་ཁོང་པར་བླུག་ལ་སྔར་གྱི་༼གཟུངས་༽ཐག་གིས་བསྡོམས། དགྲའི་འགྲིམ་སྲང་དུ་མནན། ཁོས་འགོམས་ན་ལས་མྱུར་བར་སྣང་གསུང་། ཐལ་བ་ལྷག་མ་ཆུ་དང་རླུང་ལ་ཕྱར། ལུས་ལ་མ་རེག་པར་གལ་ཆེའོ། །འདིའི་ལས་སྦྱོར་༼གྱི་༽དུས་སུ་གཏོར་མའི་ནང་དུ་ཟས་ཕུད་བཞག་པ་གལ་ཆེ་ཞིང་། རང་ཉིད་བླ་མ་དང་མགོན་པོ་དབྱེར་མེད་དུ་བྱས་ནས་གསོལ་བ་གཏབ། གཏོར་མའི་ནང་དུ་གྲི་ཁྲག་བསྲེས་པ་དེ། ལས་ཤིན་ཏུ་མྱུར་བའི་གནད་ཆེའོ།
།འདི་ནི་མན་ངག་དང་བཅས་པ་ཐམས་ཅད་ཕྱོགས་གཅིག་ཏུ་དྲིལ་བ་ཡིན་པས་སུ་ལ་ཡང་མ་བསྟན་གཅིག །རྣལ་འབྱོར་གྱི་དབང་ཕྱུག་རཱ་ཧུ་ལ་ཉིད་ཀྱིས་མགོན་པོ་ཞིང་སྐྱོང་དུ་བསྒྲུབ་པའི་མན་ངག་འདི་མཉམ་མེད་ཁྱུང་པོ་རྣལ་འབྱོར་ལ་གནང་ནས་རིམ་པར་བརྒྱུད་པའོ།
།མང་ཐོས་དགེ་ལེགས་དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་བསལ་ནས་དག་པར་བྱས། །མཁས་པའི་དབང་པོ་ཉང་སྟོན་ཀུན་དགའ་རྒྱལ་མཚན་གྱི་གསེར་སྲང་གང་ཕུལ་ཞུས། རྒྱ་རྒྱ། ཨྀཐིཿ