Khrid kyi rim pa

From Shangpa Resource Center








Resource ID CN52
Title khrid kyi rim pa
Topics Mahamudra Gauma
Sub-Topics Various
Associated Person Bodong Cholé Namgyel
Link BUDA MW22103 (p.262)

ཁྲིད་ཀྱི་རིམ་པ་ལ། གནས་དབེན་པར་སྟན་བདེ་བ་ལ། ལུས་རྣམ་སྣང་གི་ཆོས་བདུན། སེམས་སྐྱེད། ལུས་ཡི་དམ་གྱི་ལྷ། སྤྱི་བོར་བླ་མ་སྒོམ།
བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་འཛིན། དགོས་མེད་རྒྱུད་ལ་སྐྱེ་བར། འོད་གསལ་ཕྱག་རྒྱ་ཆེན་པོ། ད་ལྟ་ཉིད་དུ། མྱུར་བ་ཉིད་དུ། འདུག་ས་འདི་ཉིད་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ།
ཅེས་བཅོས་མ་མ་ཡིན་པར་སྙིང་ཁོང་རུས་པས་གཏིང་ནས་གསོལ་བ་གདབ། སྤྱི་བོའི་བླ་མ་ཞུ་ནས་རང་གི་སྤྱི་གཙུག་དུ་ཐིམ། ལུས་ཀྱི་ནད་གདོན་སྡིག་སྒྲིབ་མ་ལུས་པ་སངས་དག །སྤྱི་བོ་ནས་རྐང་འཐིལ་ཡན་ཆད་ཐིག་ལེ་འོད་ཀྱི་རང་བཞིན་ཅན་དཀར་པོས་ཁྲིལ་གྱིས་ཁེངས་པ་ལ་སེམས་བཟུང་། སྔོན་འགྲོ་དང་པོ། ཉེ་བ་ལ་སླབ་པའི་སྨིན་འཚམས་ཀྱི་ཐད་ཀར་དངོས་པོ་གང་ཡང་རུང་བ་ལ་སེམས་བཟུང་། ཡང་ན་འདོམ་གང་གི་ཐད་ཀའི། དམིགས་པ་གང་བདེར་སྒོམས་པས་ཁོ་རང་གིས་བརྟན་པ་ཚོལ་ཏེ། རང་བབས་གསུམ་དང་ལྡན་པས་རྩོལ་མེད་དུ་བཞག །ཡང་དངོས་པོ་ཇི་ཙམ་རིང་བ་ལ་སེམས་གཏད། ཕྲ་བ་དང་། རགས་པ་ལ། ནམ་མཁའ་རི་བོ་ལ་སོགས་པ་གྱེན་ལ། ལུང་འཐིལ་ལ་སོགས་པ་ཐུར་ལ། ཐད་ཀར། འགྲོ་བ། འཆག་པ། ཉལ་བ། འདུག་པ། སྔགས་སྣ་ཚོགས། མདོ་སྣ་ཚོགས། གཏམ་སྣ་ཚོགས། ཆོས་སྣ་ཚོགས་ཤད་དོ། །ཉན་པ་ལ་རང་བབས་གསུམ་དང་ལྡན་པས་བཟུང་སྟེ་སྔོན་འགྲོའོ།
།དངོས་གཞི་ལ། མགོན་པོའི་མཎྜལ་བཞེངས་ལ། དབུས་སུ་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་འཁོར་དང་བཅས་པ་སྐྱེད་ཏེ།
ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ༴ དགེ་འདུན་ལ༴ བླ་མ་དམ་པ་རྣམས་ལ༴ ཡི་དམ་གྱི་ལྷ་ཚོགས་དང་། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ཞིང་སྐྱབ་སུ་མཆིའོ།
།ཞེས་ལན་གསུམ་གྱིས་གསོལ་བ་གདབ། དེ་ནས་མགོན་པོའི་སྤྱི་གཙུག་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མ་སྐུ་མདོག་ནག་པོ་ལ་དམར་བའི་མདངས་ཆགས་པ། གཡས་ཌ་མ་རུ་སྒྲ་དང་བཅས་པ། གཡོན་ཐོད་ཁྲག །མཆན་ཁུང་ཁཊྭཱཾ་ཀ། རུས་པའི་བརྒྱན་ཅན། སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་ཞིང་གར་སྟབས་སུ་ལིང་ལིང་བཞུགས་པ་ལ་དངོས་སུ་བཤམས་པའི་གསེར་གྱི་མཎྜལ་དེ་ཕུལ་ལོ།
།བདག་ལ་ཕྱག་རྒྱ་ཆེན་པོའི་དངོས་གཞི་ངོ་འཕྲོད་པར་མཛད་དུ་གསོལ། རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཅེས་མོས་གུས་བཅོམ་མ་མ་ཡིན་པ་བྱ།
མགོན་པོ་ལ། དངོས་གཞི་ཉམས་སུ་ལེན་པ་ལ་བར་ཆད་མི་འབྱུང་བར་མཛད་དུ་གསོལ། ཅས་གསོལ་བ་གདབ། སློབ་མའི་མགོ་ཐོག་དུ་གཏོར་མ་བཞག་ལ་རྡོ་རྗེ་འཆང་ཆེན་པོས་བྱིན་གྱིས་རློབས་ཅིག །ཅེས་གསུངས་རྒྱུད་པ་སོ་སོའི་མཚན་བརྗོད་དོ། །དེ་ནས་གང་ཤར་ངོས་བཟུང་བྱ། ཞེས་པ་ལ་སོགས་པ་རྐུན་བུའི་ངོ་སྤྲོད་དོ། ཨྀཐི།།

ན་མོ་གུ་རུ།
ཡེ་ཤེས་ཀྱི་ཌཱ་ཀི་མ་ནི་གུ་མའི་ཕྱག་རྒྱ་ཆེན་པོ་ལ་སྔོན་འགྲོ་རང་བབས་རྣམ་གསུམ། དངོས་གཞི་སྐྱོན་བཞི་རང་གྲོལ། འབྲས་བུ་སྐུ་གསུམ་རང་ཤར་རོ།
།དང་པོར་བླ་མའི་རྣལ་འབྱོར་ཆོས་དྲུག་གི་སྐབས་བཞིན་སྐུ་མདོག་དཀར་སིངས་པ་སྒོམས་ལ་བདག་འཛིན་དགོས་མེད། འོད་གསལ་ཕྱག་རྒྱ་ཆེན་པོ། ད་ལྟ་ཉིད་དུ། མྱུར་བ་ཉིད་དུ། འདུག་ས་འདི་ཉིད་དུ་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ།
ཞེས་ཞེ་ཐག་པ་ནས་གསོལ་བ་གདབ་སྟེ། དེ་ཡང་རྒྱུ་དུས་སུ་ཐབས་ལམ་རྩོལ་བའི་གནད། ཚོད་འཛིན་གྱི་དུས་སུ་རྨི་ལམ་འདུན་པའི་གནད། འབྲས་བུའི་དུས་སུ་འོད་གསལ་ཕྱག་རྒྱ་ཆེན་པོ་མོས་གུས་ཀྱི་གནད་ཆེ་གསུང་། བླ་མའི་སྐུ་ལུས་ལས་འོད་ཟེར་དཀར་པོ་བྱུང་། སྤྱི་བོ། མགྲིན་པ། སྙིང་ཁ། ལྟེ་བར་སླེབ་པས་དབང་བཞི་ཐོབ་པར་བསམ་ཞིང་རང་གི་ལུས་འོད་ཟེར་དཀར་ལ་གསལ་བ་ཤེལ་གོང་དངས་པའམ། ཕྲུ་མ་ཕུས་བཏབ་པ་བཞིན་དུ་བསམ་མོ།
།ཡང་རང་གི་སྙིང་ཁར་བླ་མ་འོད་ཀྱི་རང་བཞིན་ཅན་ཅིག་བསམ། སྤྱི་བོའི་བླ་མ་པད་མ། སྙིང་ཁའི་བླ་མ་ལ་ཐིམ། སྙིང་ཁའི་བླ་མ་ཡང་འོད་དུ་ཡལ། སྟོང་སངས་སོང་བར་བསམ་མོ། །སངས་རྒྱས་གཉན་སྟོན་ལ་འདི་གཅིག་པུས་ཆོག་པར་བྱུང་གསུང་ངོ་།
།ཡང་སྔར་བཞིན་གསོལ་བ་བཏབ་པའི་རྗེས་ལ། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱེས་ཏེ། ལུས་ཉ་བཞི་ས་རྩ་བཞི་གློད། མཆུ་དང་མིག་འབྱེད་འཛུམ་དང་བྲལ་ནས་རང་བབས་སུ་ཧད་ཏེ་བཞག་གོ །དེ་བཞིན་དུ་ཉལ་བ་དང་འགྲོ་འདུག་གི་དུས་སུ་སྒོམ་པ་ཡིན་གསུང་།
མདོ་ལས། འགྲོ་འཆག་ཉལ་དང་འདུག་པར་ཤེས་བཞིན་རབ་དུ་ལྡན། །ཅེས་བྱ་བ་བཞིན་དུ་སྤྱོད་ལམ་ཐམས་ཅད་ཀྱི་དུས་སུ་སྔར་ལྟར་གསལ་ལ་འཛིན་པ་མེད་པའི་ངང་དུ་བཞག་གོ །སྔོན་འགྲོའོ།
།དངོས་གཞི་ནི། བླ་མའི་ཞལ་ལས་ཏྲིའོ། །སྐྱོན་བཞི་རང་གྲོལ་ལོ།
།འབྲས་བུ་སྐུ་གསུམ་རང་ཤར། མཁྱེན་པ་གཉིས་ལྡན་ནོ།
།གསལ་བའི་ངང་ནས་སྤྲུལ་སྐུ། མི་རྟོག་པ་ཆོས་སྐུ། བདེ་བ་ལོངས་སྐུ། སྐུ་གསུམ་དབྱེར་མེད་བདེ་བ་ཆེན་པོའི་སྐུའོ།
།བླ་མའི་གསུང་བཞིན་དུ་བྲིས་སོ། ཨྀཐི།།