Lam zab ni gu chos drug gi dmigs rim snying por dril ba

From Shangpa Resource Center








Resource ID GD1
Title lam zab ni gu chos drug gi dmigs rim snying por dril ba
Topics Six doctrines of Niguma
Sub-Topics dmigs rim
Author Gyurmé Dechen
Link BDRC W2DB16431

༄༅། །ལམ་ཟབ་ནི་གུ་ཆོས་དྲུག་གི་དམིགས་རིམ་སྙིང་པོར་དྲིལ་བ།

ནམ་མཁའ་དང་སྙམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟུང་འཇུག་སྐུ་བཞིའི་བདག་ཉིང་རྒྱལ་དབང་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མཆོག་ཅི་ནས་ཀྱང་ཐོབ་པར་བྱ།
དེའི་སླད་དུ་ཟབ་པ་ལས་ཀྱང་ཆེས་ཟབ་པར་གྱུར་པ་ཟབ་མོ་རྡོ་རྗེ་ཐེག་པ་དང་རྗེས་སུ་འབྲེལ་བའི་མྱུར་ལམ་མཁའ་འགྲོ་མའི་སྙན་བརྒྱད་ཀྱི་གདམས་པ་ཁྱད་པར་ཅན་གསན་སྙམ་པ་བྱང་ཆུབ་རིན་པོ་ཆེར་ཐུགས་བསྐྱེད་པ་དང། དམ་པའི་ཆོས་གསན་པའི་ཀུན་དུ་སྤྱོད་པ་ཡང་མདོ་སྡེ་དང་རྒྱུད་སྡེ་རིན་པོ་ཆེ། དེ་དག་དང་རྗེས་སུ་འབྲེལ་བའི་བསྟན་བཅོས་ཆེན་པོ་དག་གི་ངེས་གནས་ལས་ཇི་སྐད་འབྱུང་བ་བཞིན་དུ་ལེགས་པར་གསལ་བཏབ་སྟེ་གསན་པར་ཞུ། དེ་ལ་འདིར་གསན་པར་བྱ་བའི་ཆོས་སུ་རྣམ་པར་བཞག་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོས་རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད་ལ། དཔལ་གསང་བ་འདུས་པ་དང་དྲག་པོ་རྡོ་རྗེ་འཇིགས་བྱེད། ཤེས་རབ་ཀྱི་རྒྱུད་ལ་མ་ཧཱ་མཱ་ཡཱ་དང་། འཁོར་ལོ་བདེ་མཆོག །གཉིས་སུ་མེད་པའི་རྒྱུད་ལ་དཔལ་ལྡན་དགྱེས་མཛད་རྡོ་རྗེ་སྟེ། རྒྱུད་སྡེ་རིན་པོ་ཆེ་ལྔའི་དོན་གྱི་བཅུང་མ་ལུས་པ་ཕྱུང་ནས། མ་ཡེ་ཤེས་ཀྱི་མཁའ་འགྲོ་དཔལ་ལྡན་ནི་གུ་མ་ཉིད་ལ་རྗེས་སུ་གདམས་པའི་སྙན་བརྒྱུད་ཀྱི་གདམས་པ་ཁྱད་པར་ཅན་འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ནས་བཟུང་སྟེ། དེང་སང་གི་བར་དུ་ཡང་གྲུབ་ཐོབ་ཀྱི་བརྒྱུད་པ་ཟམ་མ་ཆད། ཉམས་དང་རྟོགས་པའི་འཆར་སྒོ་མ་འགགས། གདམས་ངག་ཟབ་མོའི་རླན་དྲོད་མ་ཡལ། ཆོས་བདག་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་ཁ་སླངས་མ་ཡལ་བར་ཡོད་པའི་ཆོས་ཡིན་ལ། དེ་ལྟ་བུའི་གདམས་པ་ཁྱད་པར་ཅན་ཉམས་སུ་ལེན་པ་ལ། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱེད་པ་བླ་མ་བརྒྱུད་པའི་ལོ་རྒྱུས་དང་། བརྒྱུད་པ་དེ་ལས་བྱུང་བའི་གདམས་ངག་དངོས་གཉིས་ལས།
དང་པོ་ལ་བརྒྱུད་པ་ཐམས་ཅད་ཀྱི་རྩ་བ་རྡོ་རྗེ་འཆང་ཆེན་པོ་ནི།
འདི་ཉིད་ཀྱི་རྡོ་རྗེ་ཚིག་རྐང་ལས། གང་ཞིག་བརྗོད་བྲལ་ལྷུན་གྲུབ་འདུས་མ་བྱས། །ཁ་སྦྱོར་བདེ་ཆེན་ལོངས་སྐུ་གང་འདུལ་ཤར། །སྐུ་གསུམ་བདུན་ལྡན་རྡོ་རྗེ་འཆང་ཆེན་གྱིས། །ཐེག་ཆེན་སྐྱེ་མེད་རང་སྒྲ་འདི་སྐད་ཐོས། །ཅེས་པས་བསྟན་ཏེ།
དེ་དག་གི་དོན་ཁྱད་གཞི་རྡོ་རྗེ་འཆང་། ཁྱད་ཆོས་སྐུ་གསུམ་གྱི་ཡོན་ཏན་ཡན་ལག་བདུན་དང་ལྡན་པ་སྟེ། བརྗོད་པ་དང་བྲལ་བ། ལྷུན་གྱི་གྲུབ་པ། འདུས་མ་བྱས་པ་སྟེ་ཆོས་སྐུའི་ཡན་ལག་གསུམ། ཁ་སྦྱོར་དང་། བདེ་ཆེན་དང་། ལོངས་སྐུ་ཞེས་པ།
མངོན་རྟོགས་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་དེ། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད།
།ཅེས་གསུངས་པ་ལྟར་མཚན་དཔེས་བརྒྱན་པ་སྟེ། ལོངས་སྐུའི་ཡན་ལག་གསུམ། གང་འདུལ་ཤར། ཅེས་པ།
མངོན་རྟོགས་རྒྱན་ལས། གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད།
།ཅེས་གསུངས་པ་ལྟར། འདུལ་བྱ་གང་འདུལ་གྱི་སྐུར་སྟོན་པ་སྟེ། སྤྲུལ་སྐུའི་ཡན་ལག་གཅིག་སྟེ། སྐུ་གསུམ་ཡན་ལག་བདུན་དང་ལྡན་པའོ།
།དེ་ཉིད་ལ་དག་པའི་ས་ལ་གནས་ཤིང་། འཇའ་ལུས་འཆི་བ་མེད་པའི་སྐུ་བརྙེས་པ་ཡེ་ཤེས་ཀྱི་ཌཱ་ཀི་དཔལ་ལྡན་ནི་གུ་མས་དངོས་སུ་གསན་ཅིང་། དེ་ལ་མཁས་གྲུབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་ཞེས་རིགས་ལས་མཚན་དུ་གསོལ་བ་དེས་གསན་ཞིང་། དེ་ནས་རིམ་བཞིན་རྨོག་ཅོག་པ་རིན་ཆེན་བརྩོན་འགྲུསདབོན་སྟོན་སྐྱེར་པ་སྒང་པབླ་མ་སངས་རྒྱས་གཉན་སྟོནཆོས་རྗེ་སངས་རྒྱས་སྟོན་པ་སྟེ།
འདི་རྣམས་ནི། འདི་ཉིད་མི་རབས་བདུན་དུ་ཆིག་བརྒྱུད་ལས། །མི་སྤེལ་རྡོ་རྗེའི་རྒྱ་ཡིས་གདབ་པར་བྱ། །ཞེས་གསུངས་པའི་ཆིག་བརྒྱུད་བཀའ་རྒྱ་ཅན་ཡིན་ལ།
དེ་ནས་འཇག་པ་དང་། བསམ་སྡིངས་པ་སོགས་བརྒྱུད་པའི་བཀའ་སྲོལ་དུ་མར་གྱེས་ཏེ། སྐལ་བ་དང་ལྡན་པ་གྲངས་ལས་འདས་པ་སྨིན་ཅིང་གྲོལ་བར་མཛད་དོ།
།ཉེ་བརྒྱུད་ནི། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ཞེས། རྗེ་བཙུན་ཕྱག་ན་པདྨ་གངས་ཅན་པའི་མགོན་དུ་སླར་བྱོན་པ་དེ་ཉིད་བས་མཐའི་རི་ཁྲོད་དབེན་ཞིང་ཉམས་དགའ་བ་ཞིག་ན་ཏིང་ངེ་འཛིན་གྱི་བདུད་རྩིས་དགེས་བཞིན་པར་བཞུགས་པའི་ཚེ། བུ་རྣལ་འབྱོར་པ་ཞེས་འབོད་པའི་སྒྲ་ལྷང་ལྷང་བྱུང་བ་ན། སྤྱན་ནམ་མཁའ་ལ་གཟིགས་པས། མཁའ་སྤྱོད་ཀྱི་དབང་མོ་མ་ཡེ་ཤེས་ཀྱི་མཁའ་འགྲོ་དཔལ་ལྡན་ནི་གུ་མ་སྐུ་མདོག་ཤེལ་དཀར་གྱི་རི་བོ་ཟླ་འོད་ཀྱིས་འཁྱུད་པ་ལྟ་བུ་སྤྲིན་ཕུང་འཁྲིགས་པའི་དབུས་ན་བདེ་བ་ཆེན་པོའི་ཉམས་ཀྱི་གར་གྱིས་རོལ་པ་མངོན་སུམ་དུ་གཟིགས། དེའི་ཚེ་གདམས་པ་ཟབ་མོ་འདི་ཉིད་འཆི་བ་མེད་པའི་གླུ་དབྱངས་ཀྱིས་བསྙད་པར་མཛད་ཅིང་། དེ་ཉིད་ཡི་གེའི་ལམ་དུ་འགོད་པར་མཛད་པ་ནི་གནད་ཡིག་སྙིང་པོ་ཀུན་འདུས་ཆ་ལག་དང་བཅས་པ་རྣམས་ཡིན་ནོ།
།ཤིན་དུ་ཉེ་བརྒྱུད་འཇམ་མགོན་གྲུབ་པའི་དཔའ་བོས་ཀྱང་ཡེ་ཤེས་ཀྱི་མཁའ་འགྲོ་ཉིང་ལ་གསན་པས་བརྒྱུད་པའི་བཀའ་བབས་ཁྱད་པར་ཅན་དང་ལྡན་པ་ཉིད་དོ།
།གཉིས་པ་བརྒྱུད་པ་དེ་ལས་བྱུང་བའི་གདམས་ངག་དངོས་ལ། ཉམས་སུ་ལེན་པའི་རྟེན་གྱི་གང་ཟག་དང་། ཉམས་ལེན་དངོས་གཉིས་ཀྱི་
དང་པོ་ནི། རྒྱུད་སྡེ་ལྔའི་དཀྱིལ་འཁོར་དུ་དབང་བཞི་ཐོབ་ཅིང་། དམ་ཚིག་དང་། དད་པ་དང་། བརྩོན་འགྲུས་དང་ལྡན་པ། དལ་འབྱོར་རྙེད་དཀའ་སེམས་པ། འཆི་བ་མི་རྟག་པ་སྙིང་ནས་དྲན་པ་རྒྱུ་དགེ་བ་དང་སྡིག་པ་ལས་འབྲས་བུ་བདེ་བ་དང་སྡུག་བསྔལ་སོ་སོར་འབྱུང་བའི་ཚུལ་ལ་ཡིད་ཆེས་པ། འཁོར་བ་མཐའ་དག་མེ་འོབས་ལྟ་བུར་མཐོང་ནས་ངེས་པར་འབྱུང་བའི་བློ་དང་ལྡན་པ། སེམས་ཅན་ཐམས་ཅད་དྲིན་ཅན་གྱི་ཕ་མ་ཁོ་ནར་ཤེས་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་རྒྱུད་བརླན་པར་བྱས་པ་སོགས་སྔོན་འགྲོའི་ཆོས་རྣམས་རྒྱུད་ལ་སྐྱེས་པ་ཅིག་དགོས་ཏེ།
དབང་བཞི་སྨིན་བྱས་དད་དང་བརྩོན་འགྲུས་ལྡན། །མི་རྟག་སྐྱོ་ཤས་ཉེས་དམིགས་སྔོན་འགྲོ་བས། །ལམ་མཆོག་འདི་ལ་གང་གིས་འབད་གྱུར་ན། །ཟླ་དྲུག་ལོ་འམ་ཚེ་འདིར་སངས་རྒྱས་འགྱུར། །ཞེས་གསུངས་པས་སོ།

།གཉིས་པ་ཉམས་ལེན་དངོས་ལ། ཐབས་ལམ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཁྲུལ་རང་དག །འོད་གསལ་གཏི་མུག་རང་སངས། འཕོ་བ་མ་སྒོམ་སངས་རྒྱས། བར་དོ་རྒྱལ་བ་ལོངས་སྐུ་དང་དྲུག

།དང་པོ་ཐབས་ལམ་བདེ་དྲོད་རང་འབར་ལ། བཤད་གཞི་རྡོ་རྗེ་ཚིག་རྐང་ནི།
རང་ལུས་ཐབས་ལྡན་རྩ་གསུམ་འཁོར་ལོ་བཞི། །ཨ་ཧཾ་འབར་འཛག་སྐད་ཅིག་དགའ་བཞིས་བརྒྱན། །ཤེས་རབ་ཁ་ག་མུ་ཁའི་སྙོམས་འཇུག་གིས། །ཟག་བཅས་ཟག་མེད་དགའ་བཞི་རིམ་བཞིན་ནོ། །བཅུད་བསྡུས་དག་བྱེད་སྟོང་རའི་གནད་གསུམ་དང་། །དྲོད་མྱུར་གཏུམ་མོ་ཆོས་དྲུག་རིམ་བཞིན་ཏེ། །རི་བོང་དབབ་བཟུང་ཟློག་དགྲམ་རླུང་དང་བསྲེ། །ཟག་མེད་ཡེ་ཤེས་ཆེན་པོས་བརྒྱན་པར་བྱའོ། །ཅེས་གསུངས་ཤིང་།
འདི་ཉིད་ཀྱི་མཚན་ཉིད། བདེ་དྲོད་རང་བཞིན་སྟོང་གསལ་འཆར། །འདི་ནི་ཐབས་ལམ་མཚན་ཉིད་ཡིན།
།ཞེས་རང་གི་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་ལས་བྱུང་བའི་བདེ་དྲོད་སྟོང་གསལ་དུ་འཆར་བའི་ཐབས་ཁྱད་པར་ཅན་ཞིག་ཡིན་ལ། དེ་ཉིད་ཉམས་སུ་ལེན་པ་ལ། སྔོན་འགྲོ། དངོས་གཞི། རྗེས་དང་གསུམ།
དང་པོ་ལ། དག་བྱེད་ཨའི་སྟོང་ར། སྟོང་ར་ནད་གདོན་སེལ་བྱེད། རྟགས་གསུམ་སྟོང་རའི་ཁྱད་པར།
དང་པོ་ལ། མཚན་ཉིད་ནི། རང་རྒྱུད་དྲི་མ་ཉམས་ཆག་དག །འདི་ནི་སྟོང་རའི་མཚན་ཉིད་ཡིན།
།ཞེས་རང་རྒྱུད་ཀྱི་སྡིག་སྒྲིབ་ཁྱད་པར་དམ་ཚིག་ཉམས་ཆག་དཀོར་སྐུ་གླུད་གྲིབ་དང་མི་གཙང་བ་ལ་སོགས་པ་འདག་པར་བྱེད་པའི་རྣལ་འབྱོར་ཡིན་ལ། དེ་ཉམས་སུ་ལེན་པ་ལ། བསམ་གཏན་གྱི་ཁང་བུར་བདེ་བའི་སྟན་ལ་བསམ་གཏན་གྱི་ཀུན་དུ་སྤྱོད་པས་བརྒྱན་ཏེ། ཐོག་མ་ཁོ་ནར། མི་རྟག་དྲན་ཤེས་ཀྱི་བསྐུལ་འདེབས་ཏིན་ངེ་འཛིན་ཐམས་ཅད་བསྐྱེད་པའི་གཞི་བླ་ན་མ་མཆིས་པའི་གནད་སྦྱོར།
འཇིག་རྟེན་གྱི་བྱ་བཞག་ཟིན་མེད་ལ། །ལས་བྲེལ་པོ་ཞིག་སྔོན་ལ་གཏོང་གཏོང་ནས། །ཚེ་ལོང་མེད་སང་འཆི་གནང་འཆི་ལ། །ཆོས་རིངས་པོ་ཅིག་ཡོད་པ་ཤུལ་དུ་ལུས། །ཅེས་རྗེ་རྨོག་ཅོག་པའི་གསུང་འདིས་ཡིང་བསྐུལ་ནས།
སྐྱོ་ཤེས་དུངས་པའི་རང་དེ་ལ་ཅེར་ལྟ། སྔ་ཕྱིའི་རྣམ་རྟོག་གི་རྗེས་འབྲེང་མི་བྱ། ད་ལྟའི་ཡིད་བུན་ལོང་བ་ལ་དར་ཙམ་ཙེན་ནེ་འཇོག །དེར་རྟོག་པའི་རྗེས་འཐུད་སྣང་བ་ཤར་ཙམ་ན། ཕ་བླ་མ། ཕ་བླ་མ། བླ་མ་རང་མཁྱེན། ངའི་བླ་མ་མཁྱེན། ཞེས་མ་བུ་དུངས་ཅན་གྱིས་བུའི་གནས་དྲན་པའི་ཚུལ་ལ་དཔགས་ཏེ་རང་རིག་དྲན་པའི་མེ་ལོང་འདས་མ་འོངས་ཀྱི་རྟོག་པའི་རྙོག་པས་མ་བསླད་པ། སལ་ལེ་སིང་ངེ་ཡེ་རེ་བའི་མདངས་དེར་ཡིད་འགྱུས་ཙམ་གྱི་དྲན་པ་ལམ་རྫོགས་ཀྱི་བླ་མའི་རྣལ་འབྱོར་གསལ་གདབ་པར་བྱ་སྟེ། དེ་ཡང་རང་གི་སྤྱི་བོར་པདྨ་ཉི་ཟླའི་སྟེང་དུ་རྩ་བའི་བླ་མ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོ་མཚན་དཔེའི་གཟི་འོད་འབར་བ་ཞིག་སྒོམ། དེ་ཉིད་སྐྱབས་གནས་ཀུན་འདུས་སུ་བསམ་ནས། ངག་ཏུ། བདག་སོགས་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐྱབས་གནས་ཀུན་འདུས་བླ་མ་ལ་སྐྱབས་སུ་མཆིའོ། །ཞེས་ཡིད་བརྩེ་གཅིག་པའི་སྒོ་ནས་མང་དུ་བརྗོད།
དེའི་རྗེས་སུ། སྔོན་འགྲོ་དག་བྱེད་སྟོང་ར་ལ། །གསོལ་འདེབས་གསུམ་ལ་དམིགས་པ་གསུམ། །ཞེས་ཐེམ་ཡིག་གིས་ཟིན་པའི་གསོལ་འདེབས།
བླ་མ་རིན་པོ་ཆེ། བདག་གི་ནད་གདོན་ཞི་བར། སྡིག་སྒྲིབ་འདག་པར། ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རླབ་ཏུ་གསོལ། ཞེས་བརྗོད།
བླ་མ་རིན་པོ་ཆེ་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས།
གངས་ཀྱི་རི་བོ་ལ་ཆུ་བོ་འབབ་པ་བཞིན་དུ། བླ་མའི་སྐུ་ལས་བདུད་རྩིའི་རྒྱུན་ཆིལ་བབ། སྨིན་མཚམས་ཡན་ཆད་གང་། བུམ་དབང་ཐོབ། མགྲིན་པ་ཡན་ཆད་གང་། གསང་དབང་ཐོབ། སྙིང་ག་ཡན་ཆད་གང་། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལུས་ཡངས་སུ་གང་བས། དབང་བཞི་པ་ཐོབ། མཐར་སྤྱི་བོའི་བླ་མ་ཆུ་བུར་ཆུ་ནང་དུ་ཐིམ་པའི་ཚུལ་གྱིས་རང་གི་ཚངས་པའི་སྒོ་ནས་ཞུགས། ཀླད་པ་གཏི་མུག་གི་རང་བཞིན་ཞོ་རུལ་དང་འདྲ་བ་དེ་སངས་ཀྱིས་སྦྱངས། ཐོད་པ་དུང་དཀར་གྱི་གཞལ་ཡས་ཁང་དུ་འོད་འདུས་པ་ལས་བྱུང་བའི་བདེ་སྟོང་ཆོས་ཀྱི་འབྱུང་གནས་ཕྱི་དཀར་ནང་དཀར་སྟོང་སེང་ངེ་བ། གདེངས་ཀ་ཆེ་བ་གྱེན་དུ་བསྟན་པ། རྩ་བ་ཕྲ་བ་ཐུར་དུ་ཟུག་པ། དེ་ཡང་སྟེང་གི་ཟུར་གསུམ་རང་གི་དཔྲལ་བ་དང་རྣ་བ་གཡས་གཡོན་དུ་གཏད་པ། དེའི་དབུས་དྲང་ཐད་ཀྱི་ནམ་མཁའ་ལ། ངོ་བོ་རང་གི་སེམས་ཉིད་སྐྱེ་བ་མེད་པ། རྣམ་པ་ཡི་གེ་ཨ་དཀར་པོ་སྐར་ཆེན་ཤར་བ་ལྟ་བུ་འོད་ཕིར་བ་ལ་སེམས་ལྷོད་དེ་སྦྲིད་ངེ་རེ་ཞིག་བསྟད་པས། མིག་རྩ་སྦྲིད་ཆིལ་ལེ་བ་ལ་ད་ལྟའི་ལས་སྣང་གི་འཆར་སྒོའི་བཀྲག་དབྱིངས་སུ་ཞི་བའི་བློ་བདེ་ལམ་ལམ་པའི་གུ་ཡངས་ཐང་ཆོང་ཤར་བ་ནི་འཆར་སྒོ་དང་པོའི་ཡེ་ཤེས་མ་བཅོས་གཉུག་མའི་གཏན་ཡུལ་ལ་འཇུག་པའི་སྒོ་དང་པོ་ཡིན་ཏེ། དེ་སྐད་དུ།
མཚན་ཡང་དག་པར་བརྗོད་པ་ལས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་དང་།
དགོངས་པ་ལུང་སྟོན་ལས། ཐུང་དུ་མ་ལུས་ངག་ཏུ་འགྱུར། །ཞེས་དང་།
མདོ་སྡེ་རིན་པོ་ཆེ་དག་ལས། ཨ་ཞེས་བྱ་བ་ནི་གདོད་མ་ནས་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་འོ། །ཞེས་གསུངས་པ་ལྟར།
འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཉིད་སྐྱེ་བ་མེད་པའི་རང་འདངས་འགག་མེད་དུ་ཤར་བ་ལས་འབྱུང་བའི་དོན་ཏེ། དེ་ནས་ཨ་ཨ་ཞེས་རང་སྒྲ་དྲིལ་བུ་བཟང་པོའི་སྒྲ་ལྟར་བསྒྲགས་པས། ཨ་ལས་བདུད་རྩིའི་ཆུ་རྒྱུན་བསམ་གྱིས་མི་ཁྱབ་པ་བབ། ཆོས་འབྱུང་གི་ནང་ཐམས་ཅད་ཁེངས། མ་ཤོངས་བར་ལུད་པའི་རྣམ་པས་ཆོས་འབྱུང་གི་ཁ་ནས་མར་ཞལ་བྱུང་བས་ལུས་ཀྱི་ནང་ཐམས་ཅད་ལེགས་པར་བཀྲུས། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྒྲིག་སྒྲིབ་ཐམས་ཅད་དུད་ཁུ་དང་རྣག་ཁྲག་ལ་སོགས་པའི་རྣམ་པས་དབང་པོའི་སྒོ་ཐམས་ཅད་ནས་སངས་ཀྱིས་ཐོན་པར་བསམ། འདིས་ཀྱང་གང་ཟག་གཅིག་འཚང་རྒྱ་བའི་ལམ་རིམ་མ་ནོར་བ་གཅིག་བསྟན་ཏེ།
ཐབས་དང་ཤེས་རབ་ཀུན་ཚང་ཕྱིར། །བླ་མ་དང་ནི་རྡོར་སེམས་ཀྱི། །སྒོམ་བཟླས་དོན་ཚང་ཨ་ཡིག་ལ། །དམིགས་རྩེ་གཏད་པས་བདག་མེད་པའི། །དོན་རྟོགས་སྒྲིབ་པ་ཀུན་བྱང་འགྱུར། །ཞེས་གསུངས་པ་ལྟར་རེ།
གཉིས་པ་སྟོང་ར་ནད་གདོན་སེལ་བྱེད་ནི། ནད་ཚད་པ་ལྟ་བུ་ལ་ངོ་བོ་བདུད་རྩི་རྣམ་པ་ག་པུར་གྱི་ཆུ་རྒྱུན་དུ་བསམ། གྲང་བ་ལ་ངོ་བོ་བདུད་རྩིའི་རྣམ་པ་ཞུན་མར་ཁ་དོག་དམར་བ་རེག་བྱ་ཚ་བར་བསམ། ས་གདོན་ལ་སྲོག་ཆགས་འབུ་སྲིན་ལ་སོགས་པ་ཐོན་པར་བསམ་མོ།
།གསུམ་པ་རྟགས་གསུམ་སྟོང་རའི་ཁྱད་པར་ནི། ཉི་ཟླ་ཤར་བ། ནམ་མཁའ་ལ་འཕུར་བ་སོགས་སྡིག་པ་དག་པའི་རྟགས། འཁྲུ་སྐྱུག་རྣག་ཁྲག་འཛག་པ་སོགས་ནད་ཐོན་པའི་རྟགས། སྡིག་སྦྲུལ་སྡོམ་སྦལ་ལྗོང་སོགས་ཐོན་པ་གདོན་ཐོན་པའི་རྟགས། དེ་རྣམས་དངོས་ཉམས་སྣང་རྨི་ལམ་ཅི་རིགས་སུ་འབྱུང་ངོ་།
།གཉིས་པ་དངོས་གཞི་ལ། ལུས་གནད་མེའི་སྟོང་ར། གཏུམ་མོ་ཟས་སུ་ཟ་བ། གོས་སུ་གྱོན་པ། སྟན་དུ་འདིངས་པ། སྲིད་པའི་དབང་ཞུ་བའོ།
།དེ་རྣམས་ལས་གཞན་རྣམས་དམིགས་ཕྲན་ཡིན་པས་མ་བཀོད། འདིར་འབར་འཛག་གི་རྣལ་འབྱོར་གྲུབ་ཐོབ་ཆེན་པོའི་གསུང་ཇི་ལྟ་བ་བཞིན་དུ་སྒོམ་པ་ནི། རང་ཉིད་རྡོ་རྗེ་རྣལ་འབྱོར་མ་བདེ་སྟོང་གི་ཉམས་ཀྱིས་མྱོས་པ་ཞིག་ནམ་མཁའ་ལས་འཇའ་ཤར་བའི་ཚུལ་ཅན་དུ་སྒོམ། དེའི་སྤྱི་བོར་བླ་མ་ཡང་རིགས་བདག་རྡོ་རྗེ་འཆང་དུ་བསམ་ནས།
ཐབས་ལམ་བདེ་དྲོད་རང་འབར་ལ། །གསོལ་འདེབས་གཉིས་ལ་དམིགས་པ་ལྔ། །ཞེས་ཐེམས་ཡིག་གིས་ཟིན་པའི་གསོལ་འདེབས།
བླ་མ་རིན་པོ་ཆེ། བདག་ལ་བདེ་དྲོད་ཀྱི་ཏིང་ངེ་འཛིན་སྐྱེ་བར་བྱིན་གྱིས་རླབ་ཏུ་གསོལ། བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ་བར༴ ཞེས་བརྗོད།
དབང་བཞི་གོང་བཞིན་བླངས་ནས། ལུས་གནད། ཡང་ན་ལུས་ནི་ཙོག་པུར་སྡད། །རེའུ་མིག་བཞིན་བསྣོལ་བར་བྱ། །ཞེས་པ་དང་འཐུན་པར། མེ་ཐབ་དྲུག་བཅིངས་བཅའ། དམིགས་པ་རང་གི་སྤྱི་གཙུག་ནས་གསང་གནས་ཀྱི་བར་ལ་རྩ་དབུ་མ་མདའ་སྨྱུག་ལྟར་དྲང་བ། དོང་རྩེ་ལྟར་ཁོང་པ་སྟོང་པ། རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་དམར་བ། ཏིལ་གྱི་མར་ཁུ་ལྟར་དངས་པ། དབུ་མ་ཆོས་བཞི་ལྡན་གསལ་བཏབ། དེའི་གཡས་སུ་རོ་མ་དམར། གཡོན་དུ་བརྐྱང་མ་དཀར། དེ་གཉིས་ཀྱི་མས་སྣེ་དབུ་མའི་ནང་དུ་ཆུད་པ། ལྟེ། སྙིང་། མགྲིན། སྤྱི་བོ་སྟེ་གནས་བཞིར་རོ་བརྐྱང་འཁྲིལ་བའི་རྩ་མདུད་རེ་ཡོད་པ། སྤྱི་བོ་ནས་གཡས་སུ་རོ་མ། གཡོན་དུ་བརྐྱང་མ་རྩ་ཕྲན་བཞི་བཞིར་གྱེས་པ། ཁའི་གཡས་གཡོན་གཉིས། སྣ་བུག་གཉིས། མིག་གཉིས། རྣ་བ་གཉིས་རྣམས་སུ་སྦྲུལ་མགོ་ལྟར་རྫིད་དེ་ཡོད་པ། བཤང་ལམ་གྱི་སྒོར་རླུང་གི་གཞུ་མཆོག་མ་ལ་བ་དན་སྔོན་པོ་འཆང་བ། མདེ་རྩེ་རོ་བརྐྱང་གཉིས་ཀྱི་དབུ་མའི་ནང་དུ་ཆུག་པ། མདེའུ་ཡི་རྩེར་རཾ་ལས་མེ་གླ་བའི་རིལ་མ་ཙམ། རྩ་བ་ཕྲ་བ། རྩེ་མོ་རྣོ་བ། སྐྱེད་པ་ལྡིར་བ། རེག་བྱ་ཚ་བ། ཁ་དོག་དམར་བ་སྟེ་ཆོས་ལྔ་ལྡན་ཅིག་གསལ་བཏབ། སྤྱི་གཙུག་གི་དབུ་མའི་ནང་དུ་ཧཾ་ཡིག་དཀར་པོ་མགོ་བོ་ཐུར་དུ་བསྟན་པར་བསམ། དེ་ནས་རླུང་རོ་དལ་བུས་ཕྱིར་བསལ་ནས་རླུང་མཉམ་རྒྱུ་བྱས་ལ། སྟེང་རླུང་དལ་བུས་ནང་དུ་མར་དྲངས། འོག་རླུང་དལ་བུས་ཡར་འཐེན་ལ། སྟེང་འོག་གི་རླུང་ལྟེ་བར་ཁ་སྦྱར་བས་འོག་རླུང་གཡོས། མེ་དེ་གཟུངས་མོ་བྱི་དུར་གྱི་དབྱིབས་འདྲ་བ་ཞིག་ལྟེ་འོག་ཏུ་འབར། ཡང་རླུང་བཟུང་བས་ལྟེ་བར་འབར། རླུང་འཛིན་ཐེབས་གསུམ་པ་ལ་སྙིང་གར་སླེབ་པའི་དྲོད་ཀྱིས་སྤྱི་བོའི་ཧཾ་ལས་ཐིག་ལེ་མུ་ཏིག་གི་ཕྲེང་བ་ལྟ་བུ་བབས་སྙིང་གའི་མེ་ལ་ཕོག་པས་སོར་སྒྲ་དང་བཅས་པར་བསམ། མེ་མ་ཤི་བ་དང་མེ་ལྕེ་མ་འདར་བར་བྱེད་པ་ཟབ་གནད་གཅིག་ཡིན་པས་གལ་ཆེའོ། །དེས་ཐོག་མར་དྲོད། དེ་ནས་བདེ་བ། དེ་ནས་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ་བར་འགྱུར་བས་ཆོས་དྲུག་གི་རྩ་བ་ལྟ་བུ་ཡིན་ནོ། ཞེས་འབྱུང་ལ།
ནི་གུའི་ཁྲིད་ཡིག་གཞན་རྣམས་སུ་འཁོར་ལོ་བཞི་དང་། ཧཾ་ཡིག་ལས་བདུད་རྩི་འཛག་པ་མ་བཤད་ཀྱང་། འདིར་བཀོད་པ་ནི། རྒྱུད་སྡེའི་ངེས་གསང་མཁའ་འགྲོའི་ཞལ་ལུང་དྲོན་མོ་ལས་བརྙེད་པ་སྟེ།
བརྟག་གཉིས་ལས། ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་སྲེག་ཅིང་། །སྤྱན་ལ་སོགས་པ་ཡང་བསྲེགས་ནས། །བསྲེགས་པས་རི་བོང་སྤྱན་ཧཾ་འཛག །ཞེས་དང་།
དེ་ཉིད་དུ། རང་ལུས་ཐབས་ལྡན་རྩ་གསུམ་འཁོར་ལོ་བཞི། །ཨ་ཧཾ་འབར་འཛག་སྐད་ཅིག་དགའ་བཞིས་བརྒྱན། །ཞེས་གསུངས་པའི་ཕྱིར་རོ།
།གསུམ་པ་རྗེས་ལ། གེགས་རང་གྲོལ་དང་རླུང་རྟར་ཞོན་པའོ།

།གཉིས་པ་སྒྱུ་ལུས་ལ།
སྒྱུ་ལུས་བདེན་མེད་དབང་པོ་རབ་འབྲིང་གསུམ། །འབྲལ་མེད་མོས་གུས་རང་ལུས་ཅིར་སྣང་ཀུན། །སྣང་སྟོང་ཞེན་བྲལ་ལྷ་སྐུའི་ལམ་ཁྱེར་བྱ། །ཆགས་སྡང་རང་གྲོལ་བཅུ་བཞིའི་ས་ཐོབ་འགྱུར།
།ཞེས་པས་བསྟན་ལ། འདིའི་མཚན་ཉིད། སྣང་ཡང་རང་བཞིན་མ་གྲུབ་པ། །འདི་ནི་སྒྱུ་མའི་མཚན་ཉིད་ཡིན། །ཞེས་སྣང་བ་སྣ་ཚོགས་སུ་སྣང་ཡང་རང་བཞིན་བདེན་པར་མ་གྲུབ་པར་བརྟེགས་པའོ།
།དེ་ལ་དབང་པོ་རབ་བླ་མ་དམ་པ་གྲོགས་སུ་བསྟེན་པ། འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་ཁྲིད་པ། ཐ་མ་མལ་གཅིག་ཏུ་ཏིང་ངེ་འཛིན་བསྐྱེད་པའོ།
།དེ་ལ་ཅིའི་ཕྱིར་གྲོགས་ཞེས་བྱ་ན། འདུ་འབྲལ་མེད་པའི་དོན་གྱིས་ན་གྲོགས། གོང་ནས་གོང་དུ་འཁྲིད་པར་བྱེད་པས་ན་གྲོགས། ཡོན་ཏན་ཐམས་ཅད་སྐྱེད་པ་འམ་ཚེ་གཅིག་གམ་ལོ་ཟླ་ཙམ་གྱིས་སངས་རྒྱས་ཀྱི་ས་ལ་འཁྲིད་པར་བྱེད་པས་ན་གྲོགས་ཡིན་ཏེ།
བརྟག་གཉིས་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཅེས་དང་།
མ་མཁའ་འགྲོ་ཉིད་ཀྱིས། ལམ་ལྔ་ས་བཅུའི་རིམ་པ་རྣམས། །མོས་གུས་སྟོབས་ཀྱིས་བགྲོད་པར་བྱེད། །བླ་མའི་སྣང་བ་མི་འབྲལ་བ། །རྒྱུད་སྡེའི་དགོངས་པ་གནད་ཀྱི་མཆོག །ཅེས་སོགས་རྒྱ་ཆེར་འབྱུང་བ་ལྟར་ཡིན་ལ།
དེ་ལ་གསོལ་འདེབས་བླ་མའི་ལམ་ཁྱེར་དང་། ཅིར་སྣང་བདེན་མེད་ལམ་ཁྱེར་གཉིས།
དེ་དག་ཉམས་སུ་ལེན་པའི་གནད་ནི། དབང་པོ་རབ་དང་འབྲིང་པོ་ལ། །གསོལ་འདེབས་ལྔ་ལ་འདུན་པ་གསུམ། །ཞེས་འབྱུང་བའི་གསོལ་འདེབས་ལྔ་ནི། བདག་འཛིན་བློས་ཐོངས་པར༴ དགོས་མེད་རྒྱུད་ལ་སྐྱེ་བར༴ སྒྱུ་ལུས་འབྱོངས་པར༴ རྨི་ལམ་འབྱོངས་པར༴ འོད་གསལ་མངོན་དུ་འགྱུར་བར་བྱིན་གྱིས་རློབས།
འདུན་པ་གསུམ་ནི། འཆི་ངེས་སྙམ་པ་དང་། བླ་མའི་མོས་གུས་དང་། བདེན་མེད་ཡིན་སྙམ་པའོ།
།གཉིས་པ་འབྲིང་ཆིག་གཞན་གྱི་བར་མ་ཆོད་པར་འཁྲིད་པ་ནི། ཐ་མལ་གྱི་ལོང་གཏམ་ལྟ་ཅི་སྨོས། རེ་ཞིག་མདོ་འདོན་སྔགས་བཟླ་བ་སོགས་ཀྱང་བཞག་ནས། ཡིད་ལ་ཡང་སྒྱུ་མ་རྨི་ལམ། ངག་ཏུ་ཡང་སྒྱུ་མ་རྨི་ལམ་ཡིན་ཞེས་རྟག་ཏུ་བརྗོད་པ་སྟེ།
ཁྱེའུ་རབ་སྣང་གི་ཞུས་པའི་མདོ་ལས། ཆོས་རྣམས་རྨི་ལམ་སྒྱུ་མ་ཞེས། །གང་གིས་ཚིག་བརྗོད་དྲན་གྱུར་ན། །སྲིད་པའི་འཆིང་བ་ལས་གྲོལ་ནས། །ཚེ་འདི་ཉིད་དུ་འཚང་རྒྱ་ངེས། །ཞེས་འབྱུང་བ་ལྟར་རོ།
།དེ་ལ་རང་ལུས་སྣང་སྟོང་ལྷ་སྐུ། ཅི་ཡང་སྒྱུ་མའི་ལམ་ཁྱེར་རོ། །གསོལ་འདེབས་དང་བདུན་པའི་གྲངས་གོང་དུ་བཤད་ཟིན།
གསུམ་པ་དབང་པོ་ཐ་མ་མལ་གཅིག་ཏུ་ཏིང་ངེ་འཛིན་བསྐྱེད་པ་ནི། སད་བཞིས་མ་ཁྱེར་བར་ཉམས་སུ་བླང་སྟེ། འགྲོ་འདུག་མང་པོ་དགེ་སྦྱོར་གྱི་སད། འཕོ་བསྐྱས་མང་པོ། ལོག་ལྟ་མང་པོ་བློ་སྣ་མང་པོ་དགེ་སྦྱོར་གྱི་སད་དེ་རྣམས་སྤངས་ལ།
སྒྱུ་ལུས་དབང་པོ་ཐ་མ་ལ། །གསོལ་འདེབས་གསུམ་ལ་འདུན་པ་གསུམ།
།ཞེས་པའི་གསོལ་འདེབས་གསུམ་ནི། བདག་འཛིན་བློས་ཐོངས་པར༴ དགོས་མེད་རྒྱུད་ལ་སྐྱེ་བར༴ སྒྱུ་ལུས་འབྱོངས་པར༴
འདུན་པ་གསུམ་ནི། འཆི་ངེས་སྙམ་པ། བླ་མའི་མོས་གུས། སྒྱུ་མ་རྨི་ལམ་ཡིན་སྙམ་པའོ།
།དབང་པོ་ཐ་མའི་དམིགས་རྐང་། འགྲོ་དྲུག་སྒྱུ་མར་འཆར་བྱེད། ནད་གདོན་སྒྱུ་མ་ལམ་འཁྱེར། འཆར་བྱེད་ཡོན་ཏན་ཚོགས་དྲུག །ཞེན་མེད་སྒྱུ་མ་རང་ཤར་རོ།
།དེ་ལྟ་བུའི་སྒྱུ་ལུས་ཀྱི་རྣལ་འབྱོར་དེ་དག་ཐུན་གཅིག་ལ་ཉམས་སུ་ལེན་པའི་ཚུལ་ནི། མི་རྟག་སྐྱོ་ཤས་ཀྱིས་རྒྱུད་བསྐུལ་ནས། གང་ལ་ཡང་མ་ཆགས་པའི་ཡིད་ཤེས་སྐད་ཅིག་གིས། པདྨ་ཉི་མ་འཇིགས་བྱེད་དུས་མཚན་གྱིས་སྟེང་དུ་རང་ཉིད་དཔལ་འཁོར་ལོ་སྡོམ་པ་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། སྤྱན་གསུམ་དང་ལྡན་ཞིང་མཆེ་གཙིགས་པ། རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་པའི་རྩེ་མོར་རིན་པོ་ཆེ། གཡོན་ན་ཚེས་གཅིག་གི་ཟླ་བ། འཚོགས་མའི་སྟེང་ན་སྣ་ཚོགས་རྡོ་རྗེ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན། རློན་པ་ལྔ་བཅུའི་དོ་ཤལ། རུས་པའི་རྒྱན་དྲུག་དང་ལྡན་ཞིང་། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། ཞབས་གཡས་བརྐྱང་གཡོན་བསྐུམ། གར་གུའི་ཉམས་དང་ལྡན་པ། དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་གུག་དང་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ། གཅེར་བུ་སྤྱན་གསུམ། སྐྲ་གྲོལ་བ། སྐུ་ཤ་རྒྱས་ཤིང་ནུ་མ་འབུར་བ། ཐོད་སྐམ་གྱི་དབུ་རྒྱན་དང་དོ་ཤལ་ཅན། རུས་རྒྱན་ལྔ་དང་ལྡན་པ། ཞབས་གཡོན་བརྐྱང་ཞིང་ཡབ་ལ་འཁྲིལ་བ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ་ཅིག་གསམ།
དེའི་སྤྱི་བོར་བླ་མ་ཡང་རིགས་བདག་ཏུ་བསམ་ནས་གོང་དུ་སྨོས་པ་ལྟར་གྱིས་གསོལ་བ་བཏབ། དབང་བཞི་བླངས། ཐུགས་ཡིད་བསྲེས་ནས་རང་རིག་གི་ཆོས་ཝལ་ཙམ་གྱི་འཆར་སྒོའི་ཡུལ་ལ་ཧད་དེ་བཞག་པས། སྒྱུ་མའི་བྱེད་པ་ལྟར་བུན་ལོང་གི་ཚན་བསྙད་པ་ན། བཅོས་བསླད་མེད་པར་སལ་ལེ། བསྟད་སོ་མེད་པར་ཆལ་ལེ། འཛིན་པ་མེད་པར་ཤིག་གེ །ལྷ་འདོད་ཆགས་སྐྱེས་པའི་ཚུལ་ལྟར་བསླབ། ཡང་དྲན་རིག་ཏུར་སྐྱེས་འཚམས། འདིར་གཤིས་སྐྱེ་མེད་ལ་མདངས་འགག་མེད་སྣང་སྟོང་དུ་མ་གོ་བའི་སེམས་ཅན་སྙིང་རེ་རྗེ། མི་གཙང་དྲི་ལ་སྲེད་པ་སྦྲང་བུའི་ཀུན་སྤྱོད་ལ་ཡ་རེ་ཆ་སྙམ་དུ་བསམ། ལྟེ་འོག་ཏུ་ཆོས་འབྱུང་ཕྱི་དཀར་ལ་སྣང་དམར་བའི་ནང་དུ་འགྲོ་དྲུག་གི་སེམས་ཅན་འོད་དུ་ལྟེམ་ལྟེམ་པ་ལ་ཡིད་གཏད། ཨ་ཙ་མ་འགྲོ་དྲུག་རང་ངོ་རང་གིས་མ་ཤེས་པས་འཁོར་བར་འཁྱམས་པ་འདི། སྒྱུ་མའི་ཉམས་དང་འཆར་སྒོ་ཙམ་ཡིན་སྙམ་དུ་ཡང་ཡང་ངེས་པ་བསྐྱེད་ནས། མཐར་འགྲོ་དྲུག་མི་དམིགས་པའི་ཆོས་འབྱུང་ཀྱང་པ་ལ་ཡིད་མཉམ་པར་བཞག་པས་ཅིར་སྣང་སྒྱུ་མར་འཆར་གསུང་།
གསུམ་པ་རྨི་ལམ་ནི།
གང་གིས་བསམ་པ་ཐམས་ཅད་ཡོངས་སྤངས་ནས། །རྨི་ལམ་འདུན་པའི་གནད་ལ་འབྲལ་མེད་བྱ། །ཉིང་འཁྲུལ་རང་དག་སྒྱུ་མ་ལམ་རིམ་གྱི། །ཡོན་ཏན་ཉིན་མཚན་དུས་སུ་རང་ཤར་འབྱུང་། །འཁྲུལ་འབྱམས་སད་འབྱམས་བདེ་འབྱམས་སྟོང་འབྱམས་རྣམས། །མོས་གུས་ཚོགས་གསོག་གེགས་སེལ་བརྒྱན་པར་བྱ།
།འདིའི་མཚན་ཉིད། ཉིང་འཁྲུལ་བདེན་མེད་བདེ་བར་ཤར། །འདི་ནི་རྨི་ལམ་མཚན་ཉིད་ཡིན། །ཞེས་ཉིན་བར་དང་ནུབ་མོའི་འཁྲུལ་སྣང་གཉིས་རྨི་ལམ་ཟིན་པས་བདེན་མེད་དུ་ཤེས་པ་བདེ་བར་ཤརབ་དེ་ཡིན་ལ། རྨི་ལམ་གྱི་དམིགས་རྐང་། རྨི་ལམ་བཟུང་བ། སྦྱང་བ། སྤེལ་བ། སྤྲུལ་བ། བསྒྱུར་བ། ཡུལ་སྣང་རྣམས་དམིགས་ཕྲན་ཡིན་པས་འདིར་མ་བཀོད།
དང་པོ་བཟུང་བ་ལ། རང་ཟིན་ནི།
མ་མཁའ་འགྲོ་ཉིད་ཀྱི་སྒྱུ་མ་ལམ་གྱི་རིམ་པར། གང་ཞིག་དག་བྱེད་བུམ་པ་སྟེ། །དབྱེར་མེད་དཀར་དམར་གསང་བ་ལ། །བདེ་བའི་ཆ་ནི་གསུམ་པ་སྟེ། །བརྗོད་མེད་བཞི་པར་ཤེས་པར་བྱ། །ཞེས་པས་བསྟན་པའི་ཐིག་ལེ་དབང་བཞིའི་གནད་ཀྱིས་འཛིན་པ་སྟེ།
དེའི་གོ་དོན། རྡོ་རྗེའི་ལུས་སྐྱོན་མེད་ལ་དབུ་མའི་ཡར་རྩེར་ཧཾ་ཡིག་ཐབས་ཀྱི་ཆ་འགྱུར་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རྟེན་ཡབ་མཐའ་དག་གི་ངོ་བོ་རྡོ་རྗེ་ཟླ་བ་དྲི་མེད་དེ་ཉིད། ལམ་མ་ཞུགས་མ་རིག་ཀུན་ལྡན་ལ་ཉོན་མོངས་གཏི་མུག་གི་ཁང་བུ་ཉིད་དུ་གནས་ཏེ་གཉིད་བྲོ་བའི་དུས་སྨིན་ཕྲག་ཏུ་ནག་ཐིབས་ཏེ་འབྱུང་བས་མཚོན་ཞིང་། དབུ་མའི་མར་སྣར་ཐབས་ཤེས་ཀྱི་ཁྱད་པར་ཧཱུྃ་ཨཾ་གི་ཡི་གེ་སོ་སོ་འོད་གསལ་རྣམ་པ་ཀུན་ལྡན་གྱི་རང་བཞིན་ཡུམ་རྣམ་པ་ཐམས་ཅད་པའི་བདག་ཉིད་རྡོ་རྗེ་ཉི་མ་སྣང་བ་ཆེན་པོ་ཉིད་ཐ་མལ་པ་རྣམས་ལ་ཉོན་མོངས་པ་འདོད་ཆགས་ཀྱི་ཞིང་སར་གནས་ཏེ། འདོད་ཆགས་ཀྱི་ཀུན་རྟོག་སྐྱེས་ཚེ་གསང་གནས་རོ་ཙ་བས་མཚོན་པའོ། །ཞེ་སྡང་ནི་ཡིད་འཁྲུག་ཚེ་སྙིང་རྩ་འདར་ཕྲུག་པས་གོ་བར་ནུས་སོ། །ཐིག་ལེ་དཀར་དམར་གྱི་འཕྲོ་འདུ་རྣམས་ཀྱང་དབུ་མའི་ནང་ཉིད་དུ་དམིགས་པ་དང་། ཨ་བྷི་ཥིཉྩའི་སྒྲ་ལས་སེམས་ཀྱི་དྲི་མ་འཁྲུད་པའི་སྒྲ་དོན་དུ་སྦྱོར་བ་ཡང་།
བརྟག་གཉིས་ལས། གཏོར་དང་བླུགས་པ་ཞེས་བྱ་འདིས། །དེས་ན་དབང་ཞེས་བརྗོད་པ་ཡིན། །ཞེས་སོགས་ཀྱི་ལུང་དང་སྦྱར་ཞིང་། དེ་ལས་གཞན་པ།
མཚན་བརྗོད་ལས། རྡོ་རྗེ་ཟླ་བ་དྲི་མེད་འོད། །རྡོ་རྗེ་ཉི་མ་སྣང་བ་ཆེ། །ཞེས་དང་།
དབང་མདོར་བསྟན་ལས། ལུས་ཅན་ཐམས་ཅད་འཆི་བ་ན། །ཟླ་བ་བདུད་རྩི་འོག་ཏུ་འགྲོ། །སྟེང་དུ་ཉི་མ་རྡུལ་སྒྲ་གཅན། །རྣམ་ཤེས་དངོས་པོའི་མཚན་ཉིད་ལ། །ཞེས་གསུངས་པ་ལྟར།
འབྱུང་ངེས་འཆི་སྲིད་ཀྱི་སྣང་འཆེད་ཐོབ་གསུམ་གྱི་ཉམས་ལེན་དང་ཡང་སྦྱར་དགོས་ཏེ། དཀར་ལམ་གྱི་ཚེ། ཞེ་སྡང་ལས་གྱུར་པའི་རྟོག་པ་སོ་གསུམ། དམར་ལམ་གྱི་སྐབས་སུ་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ། ནག་ལམ་གྱི་ཚེ་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་ཏེ། རང་བཞིན་བརྒྱད་ཅུའི་སྒྲིབ་གཡོགས་དང་བྲལ་བའི་ཆོས་སྐུ་གཅེར་མཐོང་དེ་ཉིད་དུས་འཁོར་ལས་གསུངས་པའི་འཇིག་རྟེན་ལས་འདས་པའི་དབང་བཞི་པར་གོ་དགོས་སོ།
།དེས་ན་རྨི་ལམ་གྱི་སྐབས་འདིར་གནད་ཡིག་སྙིང་པོ་ཀུན་འདུས་སུ་རྡོ་རྗེ་འཆང་སྐུ་མདོག་དམར་པོར་བཤད་པ་ནི། རྨི་ལམ་གྱི་ཉམས་ལེན་འདི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་གཙོ་བོར་གནད་དུ་བསྣུན་པའི་ཕྱིར་གསུང་རྡོ་རྗེའི་རྣལ་འབྱོར་ཡིན་ལ། གསུང་དག་པ་འོད་དཔག་མེད་ཡིན་པའི་དབང་ལས་དམར་པོར་མཛད་པར་སེམས་སོ།
།རྨི་ལམ་འཛིན་པར་བྱེད་པ་ལ། །གསོལ་འདེབས་གསུམ་ལ་འདུན་པ་གསུམ། །ཞེས་གསུངས་པས།
གསོལ་འདེབས་གསུམ་ནི། བདག་འཛིན༴ དགོས་མེད༴ རྨི་ལམ་ཟིན་པར།
འདུན་པ་གསུམ་ནི། རྟོག་མེད་ལ་གཉིས། རྟོག་བཅས་ལ་གཅིག །ཐིག་ལེ་དབང་བཞིའི་འཛིན་པའི་དམིགས་པ་དངོས་ནི། སྟེང་རླུང་ཐིག་ལེ་དཀར་བ་དང་འགྲོགས་སྙིང་ག་དང་། འོག་རླུང་ཐིག་ལེ་དམར་བ་དང་འགྲོགས་སྙིང་གར་འབྱུང་། ཐིག་ལེ་དཀར་དམར་གཉིས་འཁོར་བ་བུམ་དབང་། རེག་པ་གསང་དབང་། རེག་བདེ་ཤེས་རབ་ཡེ་ཤེས། གཅིག་ལ་གཅིག་ཐིམ་ནས་འོད་དུ་ཡལ་བ་དབང་བཞི་པ་ཡིན་ཞེས་དྲན་པ་དབང་བཞིའི་ལམ་ལ་གཏད་ནས་འཛིན་པའོ།

།བཞི་པ་འོད་གསལ་ནི།
འོད་གསལ་འཆར་བྱེད་བླ་མའི་མོས་གུས་དང་། །བདེ་ཆེན་ཟག་བཅས་ཟག་མེད་ལྟ་སྟངས་ཀྱིས། །བདེ་གསལ་མི་རྟོག་དབྱེར་མེད་རང་ཤར་འབྱུང་། །སྦྱོར་དངོས་རྗེས་གསུམ་དུས་གནད་བརྒྱན་བྱ་ཞིང་། །འོད་གསལ་མངོན་གྱུར་དམ་པ་ཉམས་མྱོང་ཅན། །འཆར་སྒོ་བོགས་འདོན་གེགས་སེལ་བརྒྱན་པར་བྱ།
།འདིའི་མཚན་ཉིད། གསལ་སྟོང་ནམ་མཁའ་མཐའ་དབུས་མེད། །འདི་ནི་འོད་གསལ་མཚན་ཉིད་ཡིན། །ཞེས་གསལ་བ་དང་སྟོང་པ་དབྱེར་མེད་ཅིང་། ནམ་མཁའ་ལྟར་མཐའ་དབུས་ཕྱོགས་ཆ་དང་བྲལ་བའི་རྣལ་འབྱོར་དེ་ཉམས་སུ་ལེན་པའི་ཚུལ་ནི།
སྔོན་འགྲོ། དངོས་གཞི། རྗེས་སོ།
།དང་པོ་ལ་བཞི་སྟེ། རྩ་བ་མི་རྟག་སྐྱོ་ཤས། ཡལ་ག་སྤྱོད་ལམ་དམ་རྫས། ལོ་འདབ་ཐབས་ལམ་རང་དངས། མེ་ཏོག་གསོལ་འདེབས་འཆར་བྱེད་དོ།
།གཉིས་པ་ལ་བཞི་སྟེ། འོད་གསལ་བཟུང་བ། ལམ་ཁྱེར། བསྲེ་བ། མཐར་ཐུག་གི་འོད་གསལ་ལོ།
།དང་པོ་ལ་དགུ་སྟེ། དུས་ཀྱི་གནད་གསུམ། ལུས་ཀྱི་གནད་གསུམ། དམིགས་པའི་གནད་གསུམ་མོ།
།གཉིས་པ་ལ་གཉིས་ཏེ། ཉིན་བར་སྐུ་གསུམ་ལམ་འཁྱེར། མཚན་མོ་སྐུ་གསུམ་རང་ཤར་རོ།
།གསུམ་པ་ལ་བཞི་སྟེ། གསལ་སྟོང་བདེ་ཆེན་དུ་བསྲེ་བ། ༼ཉིན་མཚན་དབྱེར་མེད་དུ་བསྲེ་བ།༽ ལྟ་སྟངས་ཀྱིས་མཉམ་རྗེས་བསྲེ་བ། ཤེས་ར་བདེ་སྟོང་དུ་བསྲེ་བའོ།
།བཞི་པ་མཐར་ཐུག་ལ་ལྔ་སྟེ། གསལ་སྟོང་རང་ཤར་གྱི་འོད་གསལ། བདེ་སྟོང་རང་ཤར་གྱི་འོད་གསལ། ཟབ་ཞི་སྤྲོས་བྲལ་གྱི་འོད་གསལ། དབྱེར་མེད་མཐར་ཐུག་གི་འོད་གསལ། དག་པ་གཉིས་ལྡན་གྱི་འོད་གསོལ་ལོ།
།གསུམ་པ་རྗེས་ལ་ལྔ་སྟེ། དམ་ཚིག་སྤྱི་དང་བྱེ་བྲག གེགས་སེལ་ཉེས་སྐྱོན་རང་དག །བོགས་འདོན་ཐེ་ཚོམ་གཅོད་བྱེད། ཁྱད་འཕགས་འཆར་སྒོ་ངོས་འཛིན། ཉམས་རྟོགས་ཉིན་མཚན་ཁྱད་པར་རོ།
།དེ་དག་གི་དོན་རྒྱས་པ་འཁྲིད་ཡིག་རྣམས་ན་བཞུགས་ཤིང་། འདིར་དམིགས་ཆེན་ཉམས་སུ་བླང་ཚུལ།
ཁྱད་འཕགས་འོད་གསལ་ཆོས་བཞི་ལ། །གསོལ་འདེབས་གསུམ་ལ་དམིགས་པ་བཞི། །ཞེས་གསུངས་པས་རང་ཉིད་ལྷར་གསལ་བའི་སྤྱི་བོར་བླ་མ་རྡོ་རྗེ་འཆང་དུ་བསྒོམས།
དེ་ལ། བདག་འཛིན་བློས་ཐོངས་པར། དགོས་མེད་རྒྱུད་ལ་སྐྱེ་བར། འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་དུ་འགྱུར་བར་བྱིན་གྱིས་རླབ་ཏུ་གསོལ། ཞེས་གསོལ་བ་བཏབ། དབང་བཞི་བླངས། ཐུགས་ཡིད་བསྲེས་ནས། ཉིན་མོ་ཀླད་རྒྱའི་སྟེང་ཐོད་པའི་འོག་ཏུ་བདག་མེད་མ་དཀར་མོ་གཞོན་ཤ་ཅན་གྲི་ཐོད་འཛིན་པ་དང་། མཚན་མོ་ལྟེ་བར་ཨ་ཡིག་དཀར་གསལ་འོད་ཀྱི་རང་བཞིན་ཅན་ལ་ཤེས་པ་གཏད། དུས་ཀུན་དུ་བླ་མ་ལྷག་པར་དགྱེས་པའི་འཛུམ་ཞལ་མུལ་ལེ་བ་སྙིང་གི་དབུས་སུ་བསམ་པའི་རྟེན་འབྲེལ་ལས་རང་བྱུང་གི་ཡེ་ཤེས་འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་དུ་འགྱུར་བ་ཉིད་དོ།

།ལྔ་པ་འཕོ་བ་མ་སྒོམ་སངས་རྒྱས་ནི།
འཕོ་བྱ་འཕོ་བྱེད་བྲལ་བ་ཡང་རབ་སྟེ། །འབྲིང་དང་ཐ་མས་ཆགས་སྡང་སྤང་བྱས་ནས། །དགའ་ཞིང་མོས་གུས་དམིགས་པ་རྩེ་གཅིག་གིས། །གྱེན་དུ་འཕང་ཞིང་སྨོན་ལམ་བརྒྱན་པར་བྱ། །དུས་གནད་ལུས་གནད་རྫས་གནད་ངག་གནད་ལ། །སྦྱང་ཞིང་བརྟན་པས་འཕོ་བ་མཆོག་ཡིན་ནོ། །ཞེས་པས་བསྟན་ལ།
དེའི་མཚན་ཉིད། འཆི་ཀར་དྲན་པས་མངོན་འཚང་རྒྱ། །འདི་ནི་འཕོ་བའི་མཚན་ཉིད་ཡིན། །ཞེས་གསུངས་པས།
འཆི་ཀར་དྲན་པ་ཙམ་གྱི་མཁའ་སྤྱོད་དུ་བགྲོད་པའི་ཐབས་ཁྱད་པར་ཅན་ཞིག་ཡིན་ཞིང་།
དེ་ལ། ཆོས་སྐུ་དེ་བཞིན་ཉིད་ཀྱི་འཕོ་བ། གཟུགས་སྐུ་ཟུང་འཇུག་གི་འཕོ་བ། བྱིན་རླབས་བླ་མའི་འཕོ་བ། འཆུག་མེད་མཁའ་སྤྱོད་ཀྱི་འཕོ་བའོ།
།དེ་ཉིད་ཉམས་སུ་ལེན་པ་ལ། འཕོ་བ་མ་སྒོམས་སངས་རྒྱས་ལ། །གསོལ་འདེབས་གསུམ་ལ་དམིགས་པ་བཞི། །ཞེས་པའི་གསོལ་འདེབས་གསུམ་ནི། བདག་འཛིན་བློས་ཐོངས་པར། དགོས་མེད་རྒྱུད་ལ་སྐྱེ་བར། མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རླབ་ཏུ་གསོལ། ཞེས་པའོ།
།འཆུག་མེད་མཁའ་སྤྱོད་ཀྱི་འཕོ་བ་ཉམས་སུ་བླང་ཚུལ། ཡེ་ཤེས་ཀྱི་མཁའ་འགྲོས་གྲུབ་ཐོབ་ཆེན་པོ་ལ་ཞལ་གདམས་དཔེ་གཉིས་ཀྱི་སྒོ་ནས་བསྟོན་པ་བདག་གིས་ཡི་གེར་བཀོད་པ་ལ་གཟིགས་པར་བྱའོ།

།དྲུག་པ་བར་དོ་ལ།
བར་དོ་སྣང་སོགས་འོད་གསལ་ཆོས་སྐུ་དང་། །གང་འདུལ་སྤྲུལ་སྐུའི་མཚམས་སྦྱོར་སྐྱོ་ཤས་གནད། །ཆགས་སྡང་ཕྲག་དོག་འོད་གསལ་ལྷ་སྐུས་སྦྱངས། །སྒྲིབ་གཉིས་རང་དག་སྐུ་གསུམ་མངོན་དུ་འགྱུར། །གཟུགས་སྒྲ་ས་ཆུ་སྣང་མཆེད་ལ་སོགས་པ། །ཐིམ་འགྲོས་རང་བཞིན་བརྒྱད་ཅུ་ཤེས་པར་བྱའོ། །ཞེས་པས་བསྟན་ལ།
དེའི་མཚན་ཉིད། སྣང་སྟོང་ཞེན་བྲལ་བདེ་ཆེན་སྐུ། །འདི་ནི་ལོངས་སྐུའི་མཚན་ཉིད་དོ། །ཞེས་གསུངས་པས།
སྣང་བ་དང་སྟོང་པ་དབྱེར་མེད་ཅིང་། ཞེན་པའི་དྲི་མ་དང་བྲལ་བ་བདེ་བ་ཆེན་པོའི་སྐུ་བར་དོ་ལོངས་སྤྱོད་རྫོགས་སྐུའི་མཚན་ཉིད་ཡིན་ལ།
འདི་ཉམས་སུ་ལེན་པ་ལ། རབ་བར་དོ་དང་པོའི་འོད་གསལ་རང་ཤར། འབྲིང་རྒྱལ་བ་ལོངས་སྐུ་རང་ཤར། ཐ་མ་སྤྲུལ་སྐུ་འགག་མེད་རང་ཤར། སྤྱི་གནད་འཆུག་མེད་ལམ་ཁྱེར་རོ།
།འདི་དག་ཉམས་སུ་ལེན་ཚུལ་རྒྱས་པ་འཁྲིད་ཡིག་ན་གསལ་ཞིང་། གསོལ་འདེབས་ཀྱི་གྲངས།
།བར་དོ་ལོངས་སྤྱོད་རྫོགས་སྐུ་ལ། །གསོལ་འདེབས་གསུམ་ལ་དམིགས་པ་བཞི། །ཞེས་པའི་གསོལ་འདེབས་གསུམ་ནི། བདག་འཛིན་བློས་ཐོངས་པར། དགོས་མེད་རྒྱུད་ལ་སྐྱེ་བར། བར་དོ་རྒྱལ་བ་ལོངས་སྐུ་འགྲུབ་པར་བྱིན་གྱིས་རླབ་ཏུ་གསོལ། ཞེས་པ་ཡིན་ལ།
དམིགས་པ་ནི་ཆོས་འབྱུང་སྔོན་པོའི་དབུས་སུ་རང་སེམས་བདེ་མཆོག་ལྷན་སྐྱེས་སུ་བསྒོམས། སྣང་བ་ལྷ། དྲག་པ་སྔགས། དྲན་རྟོག་ཡེ་ཤེས་རང་ཤར་ལ་མཉམ་པར་བཞག་གོ
།དེ་ལྟ་བུའི་ཆོས་དྲུག་པོ་ཉམས་སུ་ལེན་པ་ལ། མི་མཐུན་ཕྱོགས་གེགས་དྲུག་ནི། ཐབས་ལམ་ལ་དྲེད། སྒྱུ་ལུས་ལ་འཐས། རྨི་ལམ་ལ་འབྱམས། འོད་གསལ་ལ་རྡུགས། འཕོ་བ་ལ་འཕྲོས། བར་དོ་ལ་འཁྲུལ་བའོ། །ཞེས་པ་རྣམས་ཡིན་ལ།
དེ་དག་གི་གཉེན་པོར་གནད་དྲུག་ནི། ཐབས་ལམ་རྩོལ་བའི་གནད། སྒྱུ་ལུས་བདེན་མེད་ཀྱི་གནད། རྨི་ལམ་འདུན་པའི་གནད། འོད་གསལ་མོས་གུས་ཀྱི་གནད། འཕོ་བ་རྩེ་གཅིག་གི་གནད། བར་དོ་སྐྱོ་ཤས་ཀྱི་གནད་དོ།
།འདིར་རྡོ་རྗེ་ཚིག་རྐང་ཚིག་གསལ་ཐེམ་ཡིག་སོགས་བླ་མ་གོང་མའི་གསུང་དྲི་མ་མེད་པ་རྣམས་ལྷན་ཅིག་ཏུ་བཀོད་པ་ཡིན་པས་དཔྱོད་ལྡན་ཡིད་ཀྱི་བདུད་རྩིར་བསྟེན་པ་རིགས་སོ།
།དེ་སྐད་དུ། ལོག་ལྟས་རྒྱུད་དཀྲུགས་རྩོད་ལྡན་སྙིགས་མའི་དུས། །ཡང་དག་ཆོས་ནི་ཉིན་དཀར་རུ་སྦལ་སྤུ། །ལོག་ཆོས་ཚོང་འདུས་འོ་མའི་ཆོས་སྤྱོད་ཚེ། །ཉམས་མྱོང་ལུང་དང་ཐེམ་ཡིག་བརྒྱན་པ་གཅེས། །ཞེས་དང་།
རྗེ་བཙུན་གྲོལ་མཆོག་ཞབས་ཀྱིས། ལྕམ་མཁའ་འགྲོའི་གསང་ཚིག་སྙིང་པོའི་བཅུད། །ཚིག་མ་བཅོས་ཐེམ་ཡིག་རྡོ་རྗེའི་མདུད། །དོན་སྙིང་ལ་འབབ་པ་དངོས་པོའི་གཤིས། །སྤྲང་ཡིད་བདེའི་ཐར་ལམ་གསོས་སུ་ཤར། །ཞེས་ཁྲིད་ཚུལ་མཐའ་དག་ལས་ཁྱད་པར་དུ་འཕགས་པར་མཛད་དོ།

།ལམ་ཟབ་མོ་འདི་བསྒོམ་པས་འབྲས་བུ་དུས་མཚམས་དང་བཅས་པ་ནི། ལམ་གྱི་མཆོག་གྱུར་འདི་ཉིད་ཉམས་ལེན་རྣམས། །གཞན་གྱི་དུས་མིན་འདི་འམ་བར་མ་དོར། །བདེ་སྟོང་དབྱེར་མེད་སྐུ་གསུམ་རང་ཤར་ནས། །རྣམ་པར་དག་པའི་མཁའ་སྤྱོད་ཉིད་དུ་འགྲོ། །ཞེས་སོ།
།གདམ་པ་འདི་ནི་གསང་བ་ལས་ཀྱང་ཆེས་གསང་བ་ཡིན་ནོ།
།འདི་ཆིག་བརྒྱུད་ཀྱི་བཀའ་རྒྱས་བཏབ་པ། འདི་ཉིད་མི་རབས་བདུན་དུ་ཆིག་བརྒྱུང་ལས། །མི་སྤེལ་རྡོ་རྗེའི་རྒྱ་ཡིས་གདབ་པར་བྱ། །ཞེས་གསུངས་སོ།
།མཁའ་འགྲོའི་ཞལ་ལུང་དྲོན་མོ་འོ་མའི་མཚོ། །རང་གཟོ་ཆུ་ཡི་བསྲེ་བསླང་བྲལ་བ་འདི། །སྐལ་བཟང་རོ་འཛིན་དབང་པོས་ཉེར་བསྟེན་ལ། །ཉམས་དང་རྟོགས་པའི་ལུས་སྟོབས་རྒྱས་པར་མཛོད། །ཅེས་པ་འདི་ཡང་དང་ལྡན་འགས་གསོལ་བ་བཏབ་པའི་ངོར། སྐང་གཉིས་སྨྲ་བ་འགྱུར་མེད་བདེ་ཆེན་གྱིས་གྲུབ་པའི་རི་བོར་བཀོད་པ་འོ།། གཅིག་ཞུས།