Lam zhugs gang zag las dang po pa phan pa'i bskyed rdzogs gnad bsdus

From Shangpa Resource Center








Resource ID SCv6p245
Title lam zhugs kyi gang zag las dang po pa la phan pa'i bskyed rdzogs gnad bsdus
Topics Various
Sub-Topics Various by Jamgön Kongtrül
Author Jamgön Kongtrül Lodrö Thayé
Link BDRC W23922

༄༅། །ལམ་ཞུགས་ཀྱི་གང་ཟག་ལས་དང་པོ་པ་ལ་ཕན་པའི་བསྐྱེད་རྫོགས་གནད་བསྡུས་བཞུགས་སོ།།

རྟག་བརྟན་ཡོངས་སུ་གྲུབ་པ་ཟག་མེད་ཀྱི། །བདེ་སྟོང་ཏིང་འཛིན་སྒོ་བརྒྱ་སྤྲོ་བསྡུ་ལ། །རྣམ་པར་རོལ་པ་མཚོ་སྐྱེས་རྡོ་རྗེ་དང་། །དབྱེར་མེད་པདྨ་ཉིན་བྱེད་དབང་པོར་འདུད།
།སྙིགས་མའི་རང་མདངས་མངོན་པར་ཤར་བའི་སྐབས། །ཐ་མལ་རྨོངས་པ་བདག་འདྲས་ཟབ་རྒྱས་དོན། །བཤད་པས་ཅི་བྱ་རང་ཉིད་ངལ་བའི་རྒྱུ། །འོན་ཀྱང་རྡོ་རྗེ་མཆེད་པོས་བཀའ་གནང་དང་། །རང་འདྲའི་རྨོངས་པ་འགའ་ལའང་ཕན་པའི་གཏམ། །དཔལ་ལྡན་བླ་མའི་བྱིན་རླབས་ཁོ་ན་ལ། །བརྟེན་ནས་གང་ཤར་བཀག་མེད་ལྷུག་པར་སྨྲ། །རྙེད་དཀའི་དལ་འབྱོར་རིན་ཆེན་ད་རེས་ཐོབ། །ཐ་མལ་སྐྱེ་བོར་མ་ལུས་ཆོས།དང་མཇལ། །སངས་རྒྱས་དངོས་སྣང་བླ་མས་རྗེས་སུ་བཟུང་། །ཆོས་ཀྱི་ཡང་སྙིང་གང་ཟབ་ལྟ་བ་དང་། །བླ་མའི་ཁྲོད་ནས་སུ་བཟང་འདོམ་པས་ཆོག །རང་དབང་ཡོད་དུས་ཆོས་མཐུན་རྐྱེན་མ་ལུས། །འཛོམ་པའི་དུས་འདིར་གཞན་དོན་མ་འགྲུབ་ཀྱང་། །རང་མགོ་ཐོན་ཙམ་ཉམས་ལེན་མ་བྱས་ན། །ནམ་འཆི་ཆ་མེད་འཆི་ཚེ་ཆོས་མ་གཏོགས། །ཅིས་ཀྱང་མི་ཕན་འཁོར་ལོ་སྒྱུར་རྒྱལ་གྱི། །དཔལ་འབྱོར་ཡོད་ཀྱང་མལ་གྱི་ཤུལ་དུ་ལུས། །རྣམ་ཤེས་དཀར་ནག་ལས་ཀྱི་རྗེས་སུ་འབྲང་། །ཅི་བྱ་གཏོལ་མེད་འགྱོད་ཀྱང་མི་ཕན་པས། །ད་ལྟ་ཉིད་ནས་ཕྱི་བཤོལ་མེད་པ་རུ། །སྒོ་གསུམ་དགེ་བའི་ལས་ལ་འབད་པར་འཚལ།
༈ ཉམས་ལེན་རྨང་རྡོ་ངེས་འབྱུང་ཁོ་ན་ཡིན། །ཉམས་ལེན་འཇུག་སྒོ་དད་པ་ཁོ་ན་ཡིན། །ཉམས་ལེན་གཞུང་ལམ་སྙིང་རྗེ་ཁོ་ན་ཡིན། ཉམས་ལེན་སྲོག་ཤིང་རྩེ་གཅིག་སྒྲུབ་ཚུགས་ཡིན། །ཉམས་ལེན་འབྲལ་མེད་བག་ཡོད་དྲན་ཤེས་ཡིན། །ཉམས་ལེན་གེགས་སེལ་དཀོན་མཆོག་བློ་གཏད་ཡིན། །ཉམས་ལེན་བོགས་འདོན་བླ་མར་མོས་གུས་ཡིན། །ཉམས་ལེན་འཁྲུལ་མེད་བླ་མའི་གདམས་ངག་ཡིན། །ཉམས་ལེན་གནད་འདུས་རྩ་གསུམ་གཅིག་དྲིལ་བ། །ཞི་དང་ཁྲོ་བོའི་དཀྱིལ་འཁོར་མ་ལུས་པར། །བླ་མའི་རོལ་པར་ཤར་ན་གཅིག་ཆོག་ཡིན།
༈ དབང་པོ་ཡང་རབ་སྦྱངས་པ་སྔོན་སོང་དང་། །མོས་གུས་ཚད་དུ་ཕྱིན་དང་སྐྱེས་ཆེན་མཆོག །དེ་དག་རྣམས་ནི་རིམ་རྩོལ་མ་བྱས་ཀྱང་། །ཆོས་ཉིད་བདེན་པ་གཟིགས་པ་འཐད་རུང་ཡིན། །དེ་ལས་གཞན་ཀུན་འཕགས་པ་ཀླུ་སྒྲུབ་ཀྱི། །ཇི་སྐད་གསུངས་བཞིན་ཐོས་པས་བསམ་བྱུང་བསྐྱེད། །བསམ་པས་བསྒོམ་ཉམས་བསྐྱེད་དེ་གོ་རིམ་བཞིན། །རྣམ་གཡེང་སྤངས་ཏེ་རྟག་ཏུ་བརྩོན་བྱས་ན། །དང་པོ་ཐོས་པ་ལས་བྱུང་ཤེས་རབ་ཀྱིས། །འཁོར་འདས་ཆོས་ཀྱི་མཚན་ཉིད་སྤྱི་ཙམ་རྟོགས། བསམ་པས་འཁྲུལ་སྣང་བདེན་འཛིན་རགས་པ་ཞི། །བསྒོམ་པས་སེམས་ཐོག་ཁོ་ཐག་ཆོད་པ་སོགས། །སྔ་མ་སྔ་མས་རྒྱུ་བྱས་ཕྱི་མ་བསྐྱེད། །དེ་དག་མི་ལྡན་རྒྱུ་མེད་འབྲས་འདོད།ལྟར། །བསགས་སྦྱང་སྒྲུབ་ཚུགས་ཤིན་ཏུ་བཟང་ངོ་ལོ། །ངེས་ཤེས་མེད་པའི་ཉམས་ལེན་སྡུག་ཡུས་ཆེ། །དེ་འདྲས་ཉམས་མྱོང་བློ་ཐག་ཆོད་མི་འགྱུར། །ཐག་མ་ཆོད་པས་ཐེ་ཚོམ་ངང་དུ་ལུས། །ཐེ་ཚོམ་ཁོ་ན་མཆོག་གི་བར་ཆད་ཡིན། །ཐོས་བསམ་སྒོམ་པས་བློ་ཐག་ཆོད་པའི་ཚེ། །ཁྱོད་ཀྱི་བསྒོམ་འདིས་དམྱལ་བར་འགྲོ་ཟེར་ཡང་། །ཡ་ང་ཁུ་འཕྲིག་མི་སྐྱེ་ཐག་ཆོད་ལགས།
༈ རྒྱལ་བས་གསུངས་པའི་ཆོས་ཚུལ་མཐའ་དག་གི། གནད་དོན་བསྡུ་ན་རང་སེམས་འདུལ་ཐབས་ལགས། །སེམས་ཀྱི་ཉམས་ལེན་དང་པོའི་འཇུག་སྒོ་ནི། ངེས་འབྱུང་ཁོ་ན་མེད་ཐབས་མེད་པ་ལགས། །ངེས་འབྱུང་གཤའ་མ་སྐྱེ་ན་བྱ་བྱེད་ཉུང་། །བྱ་བྱེད་ཉུང་ན་བྱར་མེད་དོན་དང་ཉེ། །བྱར་མེད་མངོན་དུ་གྱུར་ཚེ་གནས་ལུགས་ཡིན། །དེ་ལས་གཞན་དུ་སངས་རྒྱས་ཡོད་མི་སྲིད།
༈ ལྟ་སྒོམ་སྤྱོད་པའི་དབྱེ་བ་གྲངས་མང་ཡང་། །རང་གི་སེམས་ཀྱི་སྟེང་དུ་ཚུར་བསྡུ་ན། །གནས་ལུགས་གཞི་རྩ་ཆོད་པ་ལྟ་བ་ཡིན། །དེ་དོན་རྒྱུད་ལ་སྦྱོར་བ་སྒོམ་པ་ཡིན། །གང་ཤར་ལྟ་སྒོམ་རྩིས་ཟིན་སྤྱོད་པ་ཡིན། །ཡིན་ལུགས་མངོན་དུ་གྱུར་པ་འབྲས་བུར་འདོད།
༈ འཁྲུལ་བའི་རྩ་བ་ཕྱི་རོལ་སྣང་བ་ལ། །རང་གི་སེམས་ཀྱིས་བདེན་པར་འཛིན་པ་ཡིན། །བསྐྱེད་རིམ་རྫོགས་རིམ་ཅི་དང་ཅིར་བསྒོམ་ཡང་། །འཁྲུལ་སྣང་བདེན་ཞེན་ཟློག་ཐབས་ཁོ་ན་སྟེ། །ཆགས་སྡང་ཨ་འཐས་བག་ཆགས་མ་ཟློག་ན། །བསྒོམ་པ་དོན་མེད་ཕྱི་བ་ཁུང་ཉལ་འདྲ། །བཅོས་མ་ཀུན་བརྟགས་རྒྱ་ཆེ་བསྐྱེད་པའི་རིམ། །རྣལ་མ་ཡོངས་གྲུབ་ཟབ་པ་རྫོགས་རིམ་གྱི། །མིང་གི་རྣམ་གྲངས་སོ་སོའི་ངེས་ཚིག་སྟོན། །སྤྲོས་བཅས་སྤྲོས་མེད་ཉིད་ཀྱང་དེ་བཞིན་ནོ། །གང་ཟག་བློ་རིམ་མཆོག་དམན་ལ་དགོངས་ནས། །བསླུ་མེད་རྒྱལ་བའི་དགོངས་པ་ཁོ་ནའི་ཕྱིར། །བཟང་ངན་དབྱེ་རྒྱུ་མེད་ཀྱང་རང་རང་གི། བློ་དང་བསྟུན་ནས་ཉམས་སུ་ལེན་པ་གནད།
༈ ཐབས་མང་དཀའ་བ་མེད་པ་སྔགས་ལམ་ནས། །དབང་རྣོན་ཤེས་རབ་ཆེ་བའི་གང་ཟག་གིས། །བྱེད་སྤྱོད་ཐམས་ཅད་ཚོགས་གཉིས་ཁོ་ན་ལས། །དོན་མེད་གྱུར་པ་སྤུ་ཙམ་མེད་ན་ཡང་། །རྨོངས་པ་ལོག་ལྟ་ཅན་གྱི་སྤྱོད་ཡུལ་མིན། །ཅིར་སྣང་བདེན་ཞེན་ཆུང་ཞིང་ཐབས་ལམ་ལ། །དད་པ་མོས་གུས་ཡིད་ཆེས་གཏིང་ཚུག་སྟེ། །འདུན་པ་བསྒྱུར་བའི་གནད་ཀྱི་འཛིན་མཁས་ན། །མཆོག་ཐུན་དངོས་གྲུབ་བོས་པའི་མགྲོན་ལས་མྱུར།
༈ ཆོས་རྣམས་ཐམས་ཅད་བདེན་པ།གཉིས་ཀྱིས་བསྡུས། །དེ་ཡང་ཀུན་རྫོབ་བདེན་པ་འཁྲུལ་ངོར་བདེན། །དོན་དམ་བདེན་པ་གཤིས་ངོར་བདེན་པ་ཡིན། །བདེན་པའི་གཏན་ཚིགས་བསླུ་བ་མེད་ལ་བརྗོད། །བདེན་གཉིས་དབྱེར་མེད་ཆུ་ཟླ་ལྟར་ཤེས་ན། །དེ་ལ་འཁྲུལ་པའི་སྣང་བ་ཟད་དུ་ཉེ།
༈ དྲང་ངེས་ལམ་གྱིས་སངས་རྒྱས་སྒྲུབ་པ་ལ། །བསླུ་བ་མེད་ཀྱང་ལམ་ཐག་ཉེ་རིང་ཡོད། །དཔེར་ན་བགྲོད་བྱ་ལྷ་སའི་གནས་གཅིག་ལ། །རྐང་པས་ཕྱིན་དང་མཁའ་ལ་འཕུར་བ་འདྲ། །ཉེ་ལམ་ཡིན་ཡང་གང་ཟག་བློ་ཞན་ན། །ཟབ་ཁྱད་མི་ཐོན་ཐ་མལ་ངང་དུ་ལུས། འོག་མ་ཁྱད་བསད་གོང་མ་མི་ཟིན་པར། །སྟོང་སྐད་འདོན་ནས་རྒྱུ་འབྲས་ཁྱད་བསད་དེ། །ལྟ་བ་ཁ་ཁྱེར་རང་གི་རང་ཉིད་བསླུ། །དེ་འདྲས་རིམ་བགྲོད་ལམ་ལ་འབད་ན་ལེགས།
༈ འཇུག་པའི་ལམ་ཡང་མདོ་ལམ་སྔགས་ལམ་གཉིས། །ཞུགས་པའི་ཐབས་ལ་རྒྱ་ཆེ་གྲངས་མང་ཡང་། །སྡིག་པ་ཅི་ཡང་མི་བྱ་དགེ་བ་སྤྱད། །རང་སེམས་འདུལ་ལ་མདོ་ཡི་ཉམས་ལེན་འདུས། །བསྐྱེད་རྫོགས་རིམ་གཉིས་བསྒོམ་པ་སྔགས་ལུགས་ཀྱི། །ཉམས་ལེན་འདུས་ཞེས་ཐམས་ཅད་མཁྱེན་པས་གསུངས། །དེ་ཡང་ཆོས་ཀུན་རྩ་བ་སེམས་ཡིན་པས། ཐོག་མ་ཉིད་དུ་རང་སེམས་འདུལ་བ་གནད། །སེམས་མ་ཐུལ་བའི་བསྙེན་སྒྲུབ་རྟེན་བཞེངས་སོགས། །ཚེ་རབས་བསགས་ཀྱང་བྱང་ཆུབ་ཐོབ་མི་འགྱུར། །སེམས་དུལ་ཞེས་པ་ཉོན་མོངས་འདུལ་བ་ཡིན། །ཉོན་མོངས་འདུལ་ཐབས་སྤང་བསྒྱུར་ཤེས་གསུམ་འདུས། །ཉོན་མོངས་སྤོང་བ་ཐུན་མོང་མདོ་ཡི་ལམ། །འདོད་ཆགས་མི་སྡུག་ཞེ་སྡང་བྱམས་པ་དང་། གཏི་མུག་གཉེན་པོར་རྟེན་འབྲེལ་བསྒོམ་པས་སྤངས།
༈ ཉོན་མོངས་བསྒྱུར་བ་ཐུན་མིན་གསང་སྔགས་ལམ། །འདོད་ཆགས་སྐྱེས་ཚེ་འོད་དཔག་མེད་པའམ། །ཞལ་སྦྱོར་ཧེ་རུ་ཀ་ཡི་ལྷ་ཞིག་བསྒོམ། །འདོད་ཆགས་རྟོག་པ་ཡི་དམ་ལྷ་རུ་བསྒྱུར། །ཉོན་མོངས་གཞན་ལའང་དེ་ཡིས་འགྲེལ་བར་བྱ།
༈ ཉོན་མོངས་རང་བཞིན་ཤེས་པ་ཁྱད་པར་ལམ། །འདོད་ཆགས་རྟོག་པ་ལམ་ལམ་ཤར་བའི་ཚེ། །ངོ་བོ་གཅེར་གྱིས་བལྟས་པས་རང་སར་ཡལ། །བདེ་སྟོང་དབྱེར་མེད་ཕྱག་རྒྱ་ཆེན་པོ་འཆར། །སོ་སོར་རྟོག་པའི་ཡེ་ཤེས་ཞེས་ཀྱང་བྱ། གདོད་ནས་སྤང་དུ་མེད་ཅིང་བླང་དུ་མེད། །བསྒྱུར་དུ་མེད་པ་ཐམས་ཅད་སེམས་སུ་འདུས། །སེམས་ཉིད་མ་བཅོས་བཞག་ན་སངས་རྒྱས་ཀྱི། །དགོངས་པ་དེ་ལས་གཞན་མེད་ཤེས།པའོ།
༈ དེ་གསུམ་སྟན་ཐོག་གཅིག་ཏུ་ཉམས་བླངས་ཐབས། །རྒྱལ་བ་ཡང་དགོན་པ་ཡི་བཞེད་པ་ནི། །དཔེར་ན་འདོད་ཆགས་རྟོག་པ་སྐྱེས་པའི་ཚེ། །སྐྱེས་མ་ཐག་ཏུ་དེང་ནས་བྱང་ཆུབ་བར། །བདག་གིས་འདོད་ཆགས་རྟོག་པ་རང་རྒྱུད་པ། །བྱེད་རེ་སྙམ་དུ་སྤང་སེམས་བརྟན་པར་བྱ། །དེ་ནས་ནམ་མཁའ་ཁྱབ་པའི་སེམས་ཅན་རྣམས། །འདོད་ཆགས་རྟོག་པ་རང་རྒྱུད་པར་གཡེང་བས། །སྡུག་བསྔལ་མི་བཟད་མྱོང་བ་གང་ཡིན་དང་། །ཆོས་མཛད་བཤེས་གཉེན་རྣམས་ཀྱི་ཐུགས་རྒྱུད་ལ། །འདོད་ཆགས་རྟོག་པས་བར་ཆད་ལ་སོགས་པ། །ཐམས་ཅད་རང་གི་དེ་ལ་འུབ་ཀྱིས་བསྡུས། །འགྲོ་རྣམས་ཐམས་ཅད་འདོད་ཆགས་སེམས་བྲལ་བསྒོམ། །བདག་གིས་འདོད་ཆགས་རྟོག་པ་འདིར་བརྟེན་ནས། འགྲོ་རྣམས་རྡོ་རྗེ་འཆང་གི་གོ་འཕང་ལ། །འགོད་ཕྱིར་རིམ་གཉིས་བསྒོམ་པར་བྱ་སྙམ་དུ། །སྐད་ཅིག་བདེ་མཆོག་ལྟ་བུའི་ཧེ་རུ་ཀ།ཡབ་ཡུམ་ཞལ་སྦྱོར་རྒྱན་རྫོགས་གསལ་བར་བསྒོམ། །དེ་ཡང་ཡབ་ལ་རིག་པ་ཧྲིལ་གྱིས་གཏད། །ཧ་ཅང་ཡུམ་གྱི་རྣམ་པ་གསལ་དྲག་ན། །ད་དུང་འདོད་ཆགས་དུག་རོ་ལྡང་ཉེན་ཡོད། །དེས་ན་གནས་སྐབས་ཐིག་ལེ་འཆོར་བ་དང་། །མཐར་ཐུག་རང་སེམས་འདོད་ཆགས་དབང་དུ་ཤོར། །སྤྱིར་ཡང་ལྷ་སྐུ་བསྒོམས་ནས་ཉོན་མོངས་སོགས། །འཇིག་རྟེན་རྣམ་རྟོག་རྗེས་སུ་འབྲང་མི་རུང་། །དེ་ཡི་ཐུགས་ཀར་པད་ཟླའི་གདན་སྟེང་དུ། །རྩ་བའི་བླ་མ་མཛེས་བརྗིད་ལྡན་པར་བསྒོམ། །བདག་རྒྱུད་ལ་སྐྱེས་འདོད་ཆགས་རྟོག་པ་འདི། །སོར་རྟོག་ཡེ་ཤེས་འཆར་བར་བྱིན་གྱིས་རློབས། ཁ་ཞེ་མེད་པར་ཡང་ཡང་གསོལ་བ་གདབ། །དེ་ནས་ལྷ་དང་བླ་མ་ཉོན་མོངས་གསུམ། །དབྱེར་མེད་རང་སེམས་ཉིད་ལ་ཧྲིག་གེར་བལྟ། །བསྒོམ་ཡུན་རིང་ཐུང་ཉོན་མོངས་སྐྱེས་ནས་བཟུང་། །ལམ་དུ་མ་སོང་ཚོད་ཙམ་སྐྱོང་ནས་མཐར། །དགེ་འདིས་འཁྲུལ་བའི་སེམས་ཅན་མ་ལུས་དང་། །ཆོས་མཛད་རྣམས་ཀྱི་ས་ལམ་བར་ཆད་སོགས། །ཉོན་མོངས་འདོད་ཆགས་རྟོག་པ་ཀུན་ཞི་ནས། །བདེ་སྟོང་ཕྱག་རྒྱ་ཆེན་པོ་མངོན་གྱུར་ཤོག །ཅེས་པའི་བསྔོ་སྨོན་རྣམ་པར་དག་པ་བྱ། །ཞེ་སྡང་གཏི་མུག་ལ་ཡང་དེས་འགྲེ་ཞིང་། །ཞེ་སྡང་ཞི་བའི་ལྷ་བསྒོམ་ཁྱད་པར་གནད།
༈ ཐ་མལ་འཁྲུལ་སྣང་བཟློག་ལ་བསྐྱེད་རིམ་སྟེ། །དེ་ཉིད་བདེན་ཞེན་བཟློག་ལ་རྫོགས་རིམ་གཙོ། །ཚེ་གཅིག་རྡོ་རྗེ་འཆང་དངོས་སྒྲུབ་པ་ལ། །བསྐྱེད།རྫོགས་ཡ་བྲལ་སོང་བས་དོན་མི་འགྲུབ། །བསྐྱེད་རྫོགས་ཟུང་འཇུག་ཟབ་མོའི་ལམ་ཡིན་ཀྱང་། །རྣམ་རྟོག་འགྱུ་བ་སྒོམ་དུ་མ་ཤར་བར། །ཟུང་འཇུག་དངོས་གཞི་མི་འོང་རེས་འཇོག་བྱ། །བཅོས་པའི་ཟུང་འཇུག་བློས་བྱས་ཡིན་པས་སྤངས།
༈ དེ་ཡང་བསྐྱེད་རིམ་སྒོམ་པར་བྱེད་པ་ལ། །སྦྱང་གཞི་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་ཀྱི། །གོ་དོན་ཕྱོགས་མགོ་ཙམ་ཞིག་ཆགས་པར་དགོས། །སྦྱང་གཞི་ཆོས་དབྱིངས་རྟག་བརྟན་འདུས་མ་བྱས། །བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཆོས་སྐུའི་ཡོན་ཏན་མཚན་དཔེ་སོགས་ཀྱང་ལྡན། །ཡེ་ཤེས་རང་ཆས་བཞུགས་པ་སྦྱང་གཞི་ཡིན། །སྦྱང་བྱ་ཐོག་མེད་དུས་ནས་མ་རིག་པས། །གློ་བུར་འཁྲུལ་པའི་དྲི་མས་གཤེགས་སྙིང་བསྒྲིབས། །དཔེར་ན་ཉི་མ་སྤྲིན་གྱིས་བསྒྲིབས་པ་བཞིན། །ཡོན་ཏན་རང་ཆས་མངོན་རུང་ཉི་ཟེར་འདྲ། །དྲི་མ་བློ་བུར་བསལ་རུང་སྤྲིན་དང་འདྲ། །སྙོམས་འཇུག་ཉོན་སྒྲིབ་ཤེས་སྒྲིབ་སྦྱང་བྱ་ཡིན། །སྦྱོང་བྱེད་དབྱིབས་ཀྱི་རྣལ་འབྱོར་གྲངས་མང་ཡང་། །མངལ་སྐྱེས་སྒོང་སྐྱེས་དྲོད་གཤེར་སྐྱེས་པ་གསུམ། །མངོན་བྱང་ལྔ་བསྐྱེད་རྡོ་རྗེ་བཞི་བསྐྱེད་དང་། །ཆོ་ག་གསུམ་གྱིས་བསྐྱེད་པ་སོགས་ཀྱིས་སྦྱངས། །བརྫུས་སྐྱེས་སྐད་ཅིག་དྲན་རྫོགས་བསྐྱེད་པས་སྦྱངས། །མཁས་པས་སྦྱར་བཤད་མི་མཐུན་གྲངས་མང་ཡང་། །མདོར་བསྡུས་གང་ཡང་འགལ་མེད་ཤེས་པས་འཐུས། །དང་པོར་མངོན་རྟོགས་བསྒོམ་ནས་བསྡུ་རིམ་ཡན། །ཆོ་གའི་རིམ་པ་སོ་སོར་ཡོད་པ་ཡང་། །སྦྱང་གཞི་བདེ་གཤེགས་སྙིང་པོ་དེ་ཉིད་ལ། །སྦྱང་བྱ་བྱིས་པའི་རྣམ་ཤེས་ཞུགས་ནས་བཟུང་། །བཙས་ནས་འཆི་བའི་བར་གྱི་འཁྲུལ་པ་སྟེ། །གསར་རྙིང་ཆོ་གའི་རིམ་པ་མི་འདྲ་ཡང་། །ཉོན་མོངས་འཁྲུལ་པའི་དྲི་མ་སྦྱངས་ལ་གཅིག །དཔེར་ན་མིག་ནད་བཙག་བུ་ཐུར་མས་གཙོ། ཁ་ནང་མཁུར་བཀང་ཚ་གྲང་བསིལ་དྲོད་སོགས། །ནད་ལ་གཉེན་པོ་སོ་སོར་དགོས་པ་བཞིན། །སྦྱང་བྱའི་གྲངས་ལྟར་སྦྱོང་བྱེད་དེ་མཚུངས་ཏེ། །མིག་ལ་ཐུར་མས་བཅོས་སམ་སྨན་གྱིས་གསོས། །མིག་གི་ཟུག་རྔུ་སེལ་ལ་གཅིག་པ་བཞིན། །གསར་རྙིང་ཆོ་གའི་རིམ་པ་ཐ་དད་ཀྱང་། །ཉོན་མོངས་རྟོག་ཚོགས་སྦྱངས་ལ་ཁྱད་པར་མེད། དེ་ལ་ཆོ་གས་སྦྱང་ཚུལ་མདོར་བསྡུ་ན། །དེ་ཏིང་བསྒོམས་པས་སྔར་གྱི་འཆི་སྲིད་སྦྱོང་། །ཀུན་ཏིང་བསྒོམས་པས་བར་སྲིད་ཡིད་ལུས་སྦྱོང་། །རྒྱུ་ཏིང་པད་ཉི་ཟླ་བའི་གདན་བསྒོམས།པས། །ལུས་རྟེན་ཕ་མའི་ཁུ་ཁྲག་དཀར་དམར་སྦྱོང་། །ས་བོན་བསྒོམས་པས་རྣམ་ཤེས་ཞུགས་པ་སྦྱོང་། །ཕྱག་མཚན་བསྒྱུར་དང་སླར་ཡང་ས་བོན་བསྒོམ། །མེར་མེར་ལྟར་ལྟར་གོར་གོར་ལ་སོགས་སྦྱོང་། །སྐུ་ཡོངས་རྫོགས་པས་ལུས་གྲུབ་བཙས་པ་སྦྱོང་། །གནས་གསུམ་བྱིན་རླབས་སྒོ་གསུམ་བག་ཆགས་སྦྱོང་། །མངོན་བྱང་ལྔ་ཡིས་མངལ་སྐྱེས་སྦྱོང་ཚུལ་སྟེ། །གཞན་དག་ལ་ཡང་དེ་ཡིས་རིགས་འགྲེ་བྱ། །གསང་སྔགས་བླ་མེད་རྒྱུད་སྡེ་འགའ་ཞིག་ནས། །རྒྱུ་ཡི་རྡོར་འཛིན་འཆི་སྲིད་འོད་གསལ་དང་། །འབྲས་བུའི་རྡོར་འཛིན་བར་སྲིད་གྲུབ་པ་དང་། །མཁའ་གསང་ནས་སྤྲོས་ཁུ་རྡུལ་རླུང་གསུམ་པོ། །འདྲེས་པའི་བག་ཆགས་ལུས་རྟེན་སྦྱོང་བ་དང་། །འབྲུ་གསུམ་རིམ་ཡལ་སྣང་མཆེད་ཐོབ་གསུམ་སྦྱང་། །ཐེག་ལེས་སྣང་བ་དཀར་དམར་སྦྱོང་བ་སོགས། །མང་ཡང་འདི་ཙམ་ཤེས་པས་དེ་དག་ཁྲོལ། །ཡེ་ཤེས་བཅུག་པ་འཁྲུལ་སྤྱོད་བསླབ་པ་སྦྱོང་། །དབང་བསྐུར་རྒྱས་གདབ་ཕ་སྐལ་ཕོག་པ་སྦྱོང་། །ཕྱག་བཤགས་མཆོད་བསྟོད་ཡུལ་ལ་ལོངས་སྤྱོད་སྦྱོང་། །འཛབ་བསྙེན་བཟླས་པས་ངག་གི་ལོང་གཏམ་སྦྱོང་། །བསྡུ་རིམ་སྐྱེ་བ་དེ་ཡི་འཆི་སྲིད་དང་། །ལྷ་སྐུར་ལྡངས་པས་བར་སྲིད་སྦྱོང་བ་སོགས། །རྒྱས་སྤྲོས་མི་བྱ་འདི་རུ་མདོ་ཙམ་མོ། །སྔོན་དུ་སྐྱབས་སེམས་རྗེས་སུ་བསྔོ་སྨོན་ནི། །ཐེག་ཆེན་ལམ་ལ་མེད་ཐབས་མེད་པ་སྟེ། །མཆོད་པ་བྱིན་རླབས་ཚོགས་ཀྱི་འཁོར་ལོ་སོགས། །འབད་མེད་ཚོགས་གཉིས་རྫོགས་པའི་ཡན་ལག་གོ༈ །དེ་ཡང་སྦྱང་གཞི་བདེ་གཤེགས་སྙིང་པོ་ཉིད། །རྡོ་རྗེ་མཚན་དཔེ་གསལ་རྫོགས་སྐུར་བཞུགས་པས། །དེ་དང་འདྲ་བའི་རྣམ་པ་ལམ་བྱེད་ཀྱིས། །སྦྱངས་འབྲས་གཞི་ལ་ཡོད་པའི་ལྷ་སྐུ་ཉིད། །མངོན་གྱུར་བྲལ་བའི་འབྲས་བུ་མཐར་ཐུག་ཚེ། །རྡོ་རྗེ་འཆང་གི་གོ་འཕང་ཐོབ་ཅེས་ཟེར།
༈ བསྐྱེད་རིམ་རྒྱས་བསྡུས་ཇི་ལྟར་བསྒོམ་ཡང་རུང་། །རྣམ་པ་གསལ་བས་སྣང་ཡུལ་ཞེན་པ་སྦྱོང་། །རྣམ་དག་དྲན་པས་གདོས་བཅས་མཚན་འཛིན་བྲལ། ང་རྒྱལ་བརྟན་པས་ཐ་མལ་ངར་འཛིན་གཞོམ། །དེ་ཕྱིར་དང་པོར་དབུ་དང་ཕྱག་ཞབས་སོགས། །རེ་རེ་བཞིན་ཏུ་གསལ་འདེབས་ཅུང་གོམས་ནས། །སྐུ་གཟུགས་ཡོངས་རྫོགས་ལམ་གྱིས་གསལ་བར་བསྒོམ། །བསྒོམ་ཡང་མི་གནས་རྣམ་རྟོག་འཕྲོ་འདུག་ན། །ཕྱག་ན་རྡོ་རྗེ་ལྟ་བུར་རིག་པ་གཏད། །རྒོད་ན་སྐྱིལ་ཀྲུང་བྱིང་ན་གཙུག་ཏོར་གྱི། །ནོར་བུ་ལྟ་བུར།རིག་པ་གཏད་ནས་བསྒོམ། །དེ་ནས་ཧ་ཅང་རྣམ་རྟོག་མི་འཕྲོ་ཡང་། །རྣམ་པ་མི་གསལ་རྙོག་པ་འདྲ་འདུག་ན། །མིག་སྔར་ཐང་ཀའམ་ནི་སྡེར་སོའི་སྐུ། །བཟོ་བྱད་ལེགས་ལ་ཚོན་བཀྲག་ལྡན་པར་བཤམ། །རྣམ་རྟོག་མི་འཕྲོ་དེ་ལ་ཡུན་རིང་ལྟ། །དེ་མ་ཐག་ཏུ་རང་ལུས་དེ་འདྲར་བསྐྱེད། །དེས་ནི་སྔར་གྱི་སྒོམ་དེ་བོགས་ཐོན་འགྱུར།
༈ རྣམ་དག་སོ་སོ་ཉིད་ནས་དྲན་བྱས་ཀྱང་། །བློ་ཡི་བརྩི་བསྒྲང་རྣམ་རྟོག་སྣོན་མ་ཡིན། །ལས་དང་པོ་ལ་མི་གསལ་འཕྲོ་རྐྱེན་བྱེད། །དེ་བས་ལྷ་སྐུ་སྟོང་གསལ་འཇའ་ཚོན་ལྟར། །དེ་ཉིད་བྱེད་མཁན་རང་གི་སེམས་ཡིན་ཏེ། །སེམས་ཉིད་གདོད་ནས་རྩ་བྲལ་སྟོང་པ་ཉིད། །དེ་ཡི་ཡོན་ཏན་ཁྱད་པར་སྟོན་པ་ལ། །ཞལ་ཕྱག་རྒྱན་གྱི་རྣམ་པར་ཤར་ཞེས་བསྒོམ།
༈ ང་རྒྱལ་མ་བསྒོམ་བདག་འཛིན་རྩ་བ་ཆོད། །བདག་འཛིན་ཞིག་ཚེ་རང་སེམས་གར་གཏད་ཀྱང་། །དེ་ཡི་ངོ་བོར་ཁྲིག་གེར་ཤར་བ་ཡིན། །དེ་ལྟར་བསྐྱེད་རིམ་རྩོལ་བས་བསྒོམ་པ་ཡིས། བསྒོམ་པའི་ཚེ་ན་དངོས་སྣང་ནུས་པ་བསྒྲིབ། །མ་བསྒོམ་ལྷར་འཆར་གསལ་སྣང་ཆུང་ངུ་ཡིས། །བསྒོམ་དང་མ་བསྒོམ་མེད་པར་འཁྲུལ་སྣང་ཀུན། །ལྷ་དང་གཞལ་ཡས་འཆར་བ་གསལ་སྣང་འབྲིང་། །རང་གིས་ལྷ་བསྒོམ་གཟུགས་ཅན་གཟུགས་མེད་ཀྱིས། །རང་ཉིད་ལྷར་མཐོང་གསལ་སྣང་ཆེན་པོ་སྟེ། །རྙིང་ལུགས་རྣམ་པར་སྨིན་པའི་རིག་འཛིན་ཟེར།
༈ ལྷ་སྐུ་གསལ་ཡང་རང་སེམས་གསལ་སྣང་ཡིན། །མི་གསལ་བློ་མི་ཚིམ་པའང་རང་སེམས་ཡིན། །གསལ་འདོད་ཡང་སྒོམ་བྱེད་པའི་མཁན་པོའང་སེམས། །རང་སེམས་ཡེ་ཤེས་བླ་མ་ལྷ་ཡང་ཡིན། །ཐམས་ཅད་སེམས་སྣང་སེམས་ཉིད་མ་བཅོས་པ། །རིམ་གཉིས་ལམ་གྱི་གཅེས་གནད་མཐར་ཐུག་སྟེ། །བསྐྱེད་པའི་རིམ་པ་མང་པོ་ཅི་བསྒོམ་ཡང་། །མ་ཡེངས་ཙམ་གྱི་དྲན་རིག་གསལ་ཐེབ་ན། །གསལ་ན་གསལ་སྟོང་རྙོགས་ན་རྙོགས་སྟོང་འཆར།
༈ སྤྱིར་ནི་བསྐྱེད་པའི་རིམ་པ་བཅོས་མ་ཡིན། །བཅོས་མའི་ལམ་གྱིས་རྣལ་མའི་དོན་ལ་ཁྲིད། །འཁྲུལ་སྣང་འཁྲུལ་འཛིན་གཞི་རྩ་མ་གྲུབ་པར། །བློ་ཐག་ཆོད་པས་མ་བཅོས་སོར་བཞག་ནི། །རྫོགས་རིམ་ཉིད་དེ་རྣལ་མ་དངོས་ཡིན་ནོ། །སྔ་མ་དྲང་དོན་ཕྱི་མ་ངེས་དོན་ཡིན།
༈ སེམས་དོན་ཤེས་ན་གཅིག་ཤེས་ཀུན་གྲོལ་ཏེ། །སེམས་དོན་མ་ཤེས་ཀུན་ཤེས་གཅིག་རྡུག་ཟེར། །སྟོང་ཉིད་རུང་ན་ཐམས་ཅད་ཀུན་རུང་ལ། །སྟོང་ཉིད་མི་རུང་ཐམས།ཅད་མི་རུང་ཞེས། །སློབ་དཔོན་ཆེན་པོ་འཕགས་པ་ཀླུ་ཡིས་གསུངས། །ཕྱག་རྫོགས་དབུ་མ་སྤྲོས་བྲལ་དོན་དམ་དང་། །རྒྱལ་བའི་དགོངས་པ་གདོད་མའི་གནས་ལུགས་དང་། །ཤེས་རབ་ཕར་ཕྱིན་ལྟ་སྒོམ་སྤྱོད་པ་སོགས། །ཐ་སྙད་མིང་གི་རྣམ་གྲངས་ཐམས་ཅད་ཀུན། །དོན་ལ་སེམས་ཉིད་དངོས་པོའི་གཤིས་ལུགས་ཉིད། །ཅིར་ཡང་མ་གྲུབ་བློ་འདས་བརྗོད་བྲལ་བ། །དེ་ཉིད་གཅིག་པུར་འདུ་ཚུལ་གསུངས་པ་ལགས།
༈ དེ་ལྟར་སེམས་དོན་སྒོམ་པར་བྱེད་པ་ལའང་། །མོས་གུས་སྟོབས་ཀྱིས་ནང་ནས་ཤར་བ་ལ། དགོས་པ་མིན་ཀྱང་གང་ཟག་ཕལ་རྣམས་ཀྱིས། །བསྒོམ་བྱ་སེམས་ཀྱི་གནས་ལུགས་ཅུང་ཟད་རེ། །མ་ཤེས་ལུང་མ་བསྟན་ལ་བསྒོམ་པར་སྲིད།
༈ རྣམ་ཤེས་ཚོགས་བརྒྱད་མ་དག་འཁྲུལ་སེམས་ཡིན། །དེ་ཡི་ངོ་བོ་དག་པའི་ཀུན་གཞི་གནས། །དེ་ལ་ཉིད་སྒྲས་བསྟན་ཕྱིར་སེམས་ཉིད་བྱ། །སྒོ་ལྔའི་རྣམ་པར་ཤེས་དང་དྲུག་པའི་ཡིད། །ཉོན་ཡིད་ཀུན་གཞིའི་རྣམ་ཤེས་བཅས་པ་ལ། །ཚོགས་བརྒྱད་ཞེས་སུ་རང་བྱུང་ཀུན་མཁྱེན་བཞེད། །དེ་མ་ཐག་ཡིད་དེ་ཀུན་འདུ་བྱེད་ཕྱིར། །ཟུར་དུ་མི་འདྲེན་ཚོགས་དགུར་བཞེད་པའང་ཡོད། །མདོ་ལས་ལེན་པའི་རྣམ་ཤེས་གསུངས་པ་དང་། །འཁྲུལ་པའི་སེམས་དང་ཤེས་བྱའི་སྒྲིབ་པ་དང་། །ཀུན་གཞིའི་རྣམ་ཤེས་མིང་གི་རྣམ་གྲངས་ཡིན། །ཀུན་གཞི་ངང་ལུགས་དགེ་བ་ཞེས་གསུངས་ཕྱིར། །དེ་ཡི་ངོ་བོ་རང་གྲོལ་བདེ་གཤེགས་སྙིང་། །བྲལ་བྱའི་གཞི་མིན་བྲལ་བའི་གཞི་རུ་གནས། །དེ་ཡང་རྣམ་ཤེས་ཚོགས་བརྒྱད་ཐག་ཁྲ་ལ། །སྦྲུལ་དུ་འཛིན་ལྟར་གཤིས་ལ་མི་གནས་པས། །འཁྲུལ་དུས་ཉིད་ནས་རང་གི་ངོ་བོས་སྟོང་། །ནམ་ཙམ་འཁྲུལ་ན་ཐོག་མ་མེད་པ་ནས། །ལྷན་ཅིག་སྐྱེས་པའི་མ་རིག་པ་ཡིས་སྒྲིབ། །དེ་ཡང་དཔེར་ན་མེ་ལོང་གསལ་བ་ཡི། །དྭངས་པའི་ཆ་ནི་བདེ་གཤེགས་སྙིང་པོ་ཡིན། །གཡའ་ཁམས་ཡོད་པ་ཀུན་གཞིའི་རྣམ་ཤེས་སམ། །ཤེས་བྱའི་སྒྲིབ་པ་ལྷན་སྐྱེས་མ་རིག་ཟེར། །གཡའ་དྲིས་གོས་ལྟར་ཀུན་གཞིའི་རྣམ་ཤེས་སྟེང་། །བག་ཆགས་བསགས་པ་ཉོན་མོངས་སྒྲིབ་པ་ཡིན། །རྣམ་ཤེས་དེ་ཡི་ངོ་བོ་སྟོང་པ་ལ། །བདག་ཏུ་འཛིན་ཅིང་གསལ་ཆ་ཡུལ་དུ་བཟུང་། །དེ་མ་ཐག་པའི་ཡིད་ཀྱིས་ཚོགས་དྲུག་གཡོ། །ཡུལ་དང་དབང་པོ་གཉིས་ཀ་འཕྲད་རྐྱེན་བྱེད། །རང་ལས་གཞན་དུ་མེད་ཀྱང་གཉིས་སྣང་དབང་། །དཔེར་ན་མིག་གི་གཟུགས་སུ་མཐོང་།བ་དང་། །མིག་ཤེས་དེ་ལས་གཞན་པའི་གཟུགས་མེད་ཀྱང་། །གསལ་ཆ་གཟུགས་དང་སྟོང་ཆ་དབང་པོར་འཁྲུལ། །དེ་མ་ཐག་པའི་ཡིད་ཀྱིས་མཚམས་སྦྱར་བྱེད། མིག་གི་ཤེས་པ་རྟོག་བྲལ་མ་འཁྲུལ་སྐྱེ། །དེ་མ་ཐག་པས་དེ་འགག་གཟུང་འཛིན་གྱི། །ཚོར་བ་སྐྱེས་ཚེ་དྲུག་པའི་ཡིད་ཀྱང་ལངས། །བདེ་སྡུག་བཏང་སྙོམས་མྱོང་བས་ཆགས་སྡང་དང་། །རྨོངས་པའི་འདུ་ཤེས་སྐྱེ་བ་ཉོན་ཡིད་ཡིན། །སྤང་བླང་བྱས་ནས་ཀུན་གཞིའི་རྣམ་ཤེས་སྟེང་། །ལས་བསགས་པ་ལ་འདུ་ཤེས་ཞེས་ཀྱང་ཟེར། །དྲུག་ཡིད་དེ་མ་ཐག་ཡིད་ལ་བསྡོམས་ན། །སྒོ་ལྔ་ཁ་ཕྱིར་བལྟས་པས་ཡུལ་ཡིན་ལ། །ཉོན་ཡིད་དེ་མ་ཐག་ཡིད་ལ་བསྡོམས་ན། །ནང་དུ་ཁ་ཕྱོགས་ཀུན་གཞིར་བག་ཆགས་འཇོག །དེར་འཇོག་ལས་ནི་ལུང་མ་བསྟན་པར་གནས། །རྣམ་པར་མ་སྨིན་བར་དུ་ཆུད་མི་ཟ།
༈ རྣམ་དཀར་དགེ་བའི་ཕྱོགས་ཀྱི་བག་ཆགས་ནི། །ཀུན་གཞིའི་རྣམ་ཤེས་སྟེང་དུ་བསགས་མི་ནུས། །དེ་ཚེ་ཉོན་ཡིད་རྣམ་བྱང་ཡིད་གྱུར་དང་། །གཉེན་པོ་ཡིན་ཕྱིར་ཡེ་ཤེས་སྟེང་དུ་འཇོག །དགེ་བའི་སེམས་པ་ཀུན་གཞིའི་ཡེ་ཤེས་ཀྱི། །རང་གདངས་ལས་བྱུང་དགེ་རྩ་བསགས་པ་ཡང་། །བྲལ་བའི་རྐྱེན་དང་རྣམ་སྨིན་རྒྱུར་འགྱུར་ལས། །བར་མ་དོ་རུ་ཆུད་ཟོས་འགྲོ་མི་སྲིད། །ཀུན་གཞི་ཕྱི་ཡི་ཡུལ་དང་ནང་དབང་པོ། །བར་གྱི་ཤེས་པ་ཀུན་གྱི་རྒྱུ་རུ་བྱེད། །ཉོན་ཡིད་སྤྲིན་བཞིན་ཚོགས་དྲུག་ཆར་ལྟ་བུ། །ལས་བྱས་པ་རྣམས་ཆུ་བོ་བག་ཆགས་ཀྱི། །ཀུན་གཞི་རྒྱ་མཚོའི་དཔེ་ཡིན་དེ་ཀུན་རྒྱུན། །འབྲེལ་བར་བྱེད་པ་དེ་མ་ཐག་ཡིད་ཡིན།
༈ ཉམས་ལེན་པ་རྣམས་ཀུན་གཞིའི་རྣམ་ཤེས་ལས། །དེ་མ་ཐག་ཡིད་ལངས་པ་ཙམ་ཉིད་ལས། །དེ་རྒྱུན་མི་མཐུད་དེ་ཡི་སྟེང་དུ་བཞག །དེ་ལ་སྐད་ཅིག་དང་པོར་གྲོལ་ཞེས་དང་། །ཆོས་སྐད་འགའ་ལ་འབུར་འཇོམས་མགོ་ཐུག་ཟེར། །དྲུག་པའི་ཡིད་དང་ཉོན་ཡིད་ལང་ཙམ་ནས། །དྲན་པས་ཟིན་ཚེ་རང་སར་གྲོལ་བ་ལ། །སྐད་ཅིག་གཉིས་པ་གསུམ་པར་གྲོལ་ཞེས་གསུངས།
༈ འོན་ཀྱང་རྣམ་རྟོག་སེམས་ཀྱི་རྩལ་ཡིན་པས། །ཆགས་སྡང་རྟོག་པ་མི་ཤར་མི་སྲིད་ཀྱང་། །དྲན་ཤེས་བརྟན་ན་ལས་བསགས་མི་ནུས་ཏེ། །བུམ་པ་ཞབས་རྡོལ་ནང་དུ་ཆུ་བླུག་འདྲ། འཁྲུལ་རྟོག་རིག་པ་ཕྱེད་ཆ་མཉམ་པ་ལ། །སོར་རྟོག་ཉིད་ཀྱིས་ཞེན་རྟོག་གཞལ་ཞེས་གསུངས། །དཔེར་ན་རྩྭ་སྦུར་ཕྲ་མོ་མེས་ཟིན་འདྲ། །མེ་དང་རྩྭ་སྦུར་གཉིས་ཀར་སྣང་ན་ཡང་། །སྐད་ཅིག་ཉིད་ལ་མེ་རུ་འགྱུར་བའི་ཕྱིར། །མེ་ཡིན་བྱས་ཀྱང་ཆོག་པ་ཇི་བཞིན་ནོ།
༈ མདོར་ན་ད་ལྟ་ཅི་ཡང་མི་དྲན་པའི། །ནག་ཐོམ་ལུང་མ་བསྟན་ཏུ་གནས་པ་ནི། ཀུན་གཞིའི་རྣམ་ཤེས་ཤེས་བྱའི་སྒྲིབ་པ་ཡིན། །ལྷན་སྐྱེས་མ་རིག་ཅེས་པའང་དེ་ལ་བྱ། །ཡུལ་དབང་གཉིས་འཕྲད་ལམ་གྱི་དུང་ལྟ་བུའི། །གཟུགས་མཐོང་སྐད་ཅིག་མིག་ཤེས་རྟོག་མེད་ཟེར། །དེ་ལ་རེག་པའི་རྐྱེན་གྱིས་ཚོར་བར་གསུངས། །དུང་དཀར་ལེགས་ལ་ཡིད་སེམས་དགའ་བ་སོགས། །ཆགས་སྡང་སྐྱེ་དུས་ཉོན་ཡིད་སླེབ་པ་ཡིན། །འདུ་ཤེས་ཞེས་གསུངས་དེ་ལས་འདུ་བྱེད་སོགས། །རྟེན་འབྲེལ་བཅུ་གཉིས་སྲིད་པའི་འཁོར་ལོ་བསྐོར། །མིག་ཤེས་ཡིད་ཤེས་བཀག་ཀྱང་མི་ཁེག་ལ། །ལས་ཀྱི་བག་ཆགས་བསགས་པའི་ནུས་པ་མེད། །ཕྱི་མ་ཉོན་ཡིད་དབང་དུ་ཤོར་བ་ན། །ལྟ་སྒོམ་སྤྱོད་པའི་གནད་མེད་ཐ་མལ་པ། །ཡིན་ཕྱིར་ཀུན་གཞིའི་སྟེང་དུ་བག་ཆགས་གསོག །དེ་ཕྱིར་དེ་ཡི་དབང་དུ་མ་ཤོར་འཚལ། དེ་རྒྱུན་འབྲེལ་བྱེད་དེ་མ་ཐག་ཡིད་དེ། །ཆུ་ཡི་ཤུགས་འདྲ་དེ་ལྟར་ཚོགས་བརྒྱད་ཀྱི། །གནད་ཤེས་ཉམས་ལེན་སྲོང་དུ་འཛུད་མཁས་ན། །ཚོགས་དྲུག་ཡུལ་ལ་གཟུང་འཛིན་འབྲེལ་ཆད་པས། །ཡུལ་དྲུག་རྐྱེན་གྱིས་མཉམ་བཞག་གཡོ་མི་ནུས། །དབང་ཤེས་ནང་དུ་ལྡོག་པར་རྩོམ་པ་ཡིན། །དེ་ཚེ་རླུང་བཅུ་ལས་སུ་རུང་བའི་རྟགས། །དུ་བ་སྨིག་རྒྱུ་སྒྲ་གཅན་ལ་སོགས་འཆར། །དངོས་སྣང་ནུས་པ་ཉམས་པས་སྒྲིབ་མེད་དུ། །ལྷ་སྐུ་ཐིག་ལེ་ལ་སོགས་གྲངས་མེད་པར། །ཕྱི་ནང་རང་ལུས་རང་སེམས་གར་གཏད་དུ། །རེ་དོགས་བྱ་རྩོལ་མི་དགོས་ཤུགས་ཀྱིས་འཆར། །དྲོད་ཐོབ་རྟགས་སུ་རྣམ་གཡེང་ལོང་གཏམ་དང་། །བྱ་བྱེད་འབྲེལ་འདྲིས་སྤྱོད་པར་འཇུག་མི་སྤྲོ། །རྣམ་གཡེང་མེད་པའི་དབེན་པ་ཁོ་ན་འདོད། །རྣམ་རྟོག་རྒྱུན་ཆད་ནམ་མཁའ་གཡའ་དག་འདྲ། །ལུས་ངག་ཡིད་ལ་བདེ་གསལ་མི་རྟོག་ཉམས། །དཔག་མེད་འཆར་ཡང་ངེས་ཤེས་ཕྱོགས་རེ་བས། །ལམ་རྟགས་ཙམ་ལས་ས་ཟིན་གང་ཡང་མེད། །ཡུལ་དུ་བྱས་ཚད་སྐྱེ་འགག་འཕོ་འགྱུར་ཅན། །བརྟག་མི་ཐུབ་པར་གྲུབ་བརྙེས་ཡོངས་ཀྱིས་བཞེད། །རང་བྱུང་ཡེ་ཤེས་ཡུལ་མེད་ཟང་ཐལ་དུ། །མངོན་གྱུར་ཉིད་ལ་རྟོགས་པའི་ཡེ་ཤེས་བཏགས། །དེ་ཚེ་ལྟ་སྒོམ་སྤྱོད་པའི་ཞེ་འདོད་ཟད། །ཐ་མལ་ཤེས་པ་དེ་ཀའི་ཐོག་ཏུ་བབ། །སྔར་ནས་ཡོད་པ་ད་རེས་ཐག་ཆོད་པས། །བྱ་བ་ཟིན་པའི་སྐྱེས་བུ་བློ།བདེ་ལྟར། །འབད་རྩོལ་ཞིག་པ་འབྲས་བུའི་མཐར་ཐུག་གོ༈ །སྣང་བ་རྫུན་སྣང་མེད་བཞིན་སྣ་ཚོགས་སྣང་། །སྣང་བཞིན་ངོ་བོ་མ་གྲུབ་སྟོང་པ་ཡིན། །སེམས་ཉིད་གསལ་རིག་གཞི་མེད་རྩ་བྲལ་ཏེ། །ཡོད་མེད་ལ་སོགས་གང་དུའང་བརྗོད་མི་ནུས།
༈ མ་ཧཱ་ཡོ་ག་ཡན་ཆད་རྣམ་བྱང་དང་། །སྡུག་བསྔལ་བདེན་པ་དབྱེར་མེད་ལྟ་བས་འཕགས། རིམ་གཉིས་བསྒོམ་པས་དོན་དམ་མངོན་གྱུར་ཚེ། །ཀུན་རྫོབ་གཞི་མེད་རྩ་བྲལ་རང་ཡལ་འདོད། །དེ་ཕྱིར་སྣང་སེམས་གཉིས་བསྡུས་འཁོར་འདས་ཆོས། །ཅིར་ཡང་མ་གྲུབ་ཅིར་ཡང་འཆར་ཤེས་ན། །ཐོས་བསམ་གནད་དུ་སོང་བའི་གཏན་ཚིགས་ཡིན།
༈ རྫུན་སྣང་དེ་དག་སྦྱང་བསྒྱུར་སོར་བཞག་སོགས། །བསྐྱེད་རྫོགས་དམིགས་བཅས་དམིགས་མེད་ཐབས་དུ་མས། །སྦྱོང་ཚུལ་ཉམས་ལེན་ཀུན་གྱི་གཅེས་གནས་ནི། །དུས་གསུམ་རྣམ་རྟོག་ཆུ་ཡི་གཉེར་མ་འདྲ། །ཟད་པ་མེད་པ་དེ་རྗེས་མི་འབྲང་བར། །གང་ལ་མཉམ་པར་བཞག་བྱ་དེ་ཉིད་ལ། །བཟོ་གནས་མཁན་པོས་སྐུད་པ་འཁེལ་བ་ལྟར། །སྒྲིམ་ལྷོད་བར་མ་ཁམས་དང་བསྟུན་མཁས་ཀྱིས། །དྲན་པའི་རྒྱང་སོ་ཡང་ནས་ཡང་དུ་འཛུག། ཅུང་ཟད་གོམས་པས་དྲན་གྲངས་ཇེ་མང་འགྲོ། །རྩེ་གཅིག་ལ་སོགས་ཉམས་རྣམས་རིམ་གྱིས་སྐྱེ། །སེམས་སམ་རིག་པའི་སྙིགས་མ་ཞེས་བྱ་བ། །ཐ་མལ་འོག་འགྱུར་མི་བཏང་གསལ་ངར་འདོན། བྱིང་རྒོད་གཉིས་ལས་འོག་འགྱུ་གནོད་ཚབས་ཆེ།
༈ སེམས་ཀྱི་རང་བཞིན་རྩད་བདར་ཆོད་པའི་ཚེ། །དུ་མར་སྣང་ཡང་གཅིག་ལས་མེད་པ་དང་། །གཅིག་པུ་དེ་ཡང་བཟུང་བས་མི་ཟིན་ཞིང་། །བལྟས་པས་མི་མཐོང་ཁ་དོག་དབྱིབས་མེད་པ། །གཞི་མེད་རྩ་བྲལ་བློ་འདས་ཡིན་པའི་རྟགས། །དེ་ཡི་ངོ་བོ་སྟོང་ལ་རང་བཞིན་གསལ། །ཐུགས་རྗེའི་རོལ་རྩལ་འགག་པ་མེད་འཆར་བ། །སྐུ་གསུམ་ཉིད་དུ་ཡེ་ནས་ལྷུན་གྲུབ་ལགས།
༈ རྣམ་རྟོག་བཀག་ཀྱང་ཁེག་པ་མི་འོང་བས། །མ་བཀག་གཅིག་ཤར་གཉིས་ཤར་ཤར་དུ་ཆུག །ཤར་ཚེ་གར་འགྲོར་བཏང་ནས་རྒྱང་སོ་ཚུགས། །དེ་ཚེ་འགྲོ་ས་མི་རྙེད་ཚུར་ལ་ལོག །དཔེར་ན་རྫིང་ལས་འཕུར་བའི་བྱ་རོག་བཞིན། །མེ་རེ་ལྷོད་དེ་རྒྱ་མཚོ་བཞིན་དུ་གནས།
༈ དྲན་པ་ཡེངས་མེད་གནས་པ་འཁོར་ཡུག་རྣམས། །ཅུང་ཟད་འབྱུང་དཀའ་གོམ་ཤུགས་ཆུང་བས་ལེན། །འོན་ཀྱང་སྣ་སུན་མི་བྱེད་རྒྱུན་སྐྱོང་གནད།
༈ གནས་པ་བརྟན་ཡང་འཛིན་ཞེན།མ་གྲོལ་ན། ཁམས་གསུམ་ཉིད་ལས་འཕགས་པར་མི་ནུས་ཀྱང་། །རྟོགས་པའི་རང་ངོ་རྣམ་རྟོག་འགྱུ་ཆས་སྤུར། །ཆུ་སྣོད་གཡོ་བས་ཟླ་གཟུགས་མི་མཐོང་འདྲ། །དེ་ཕྱིར་ཐོག་མར་ཞི་གནས་ཉམས་བསྒྲུབ་ནས། །རྗེས་ལ་ལྷག་མཐོང་བསྒོམ་པ་ཐུན་མོང་ལམ།
༈ སྤྱིར་ནི་ཕྱག་ཆེན་མན་ཆད་སེམས་ལམ་བྱེད། །རྫོགས་ཆེན་ཐུན་མོང་པའང་དེ་ཕྱོགས་མཐུན། །ཐུན་མོང་མ་ཡིན་མན་ངག་སྡེ་པ་ནི། །རིག་པ་ལམ་བྱེད་ཉིད་དུ་གསུངས་པའི་ཕྱིར། །ཞི་གནས་ལམ་ནས་འཇུག་དགོས་ངེས་པ་མེད། །རིག་པ་རྗེན་པ་སྒྲོ་སྐུར་བྲལ་བ་ཉིད། །རང་ངོ་འཕྲོད་ན་དེ་ལ་གོམས་པས་ཆོག །འོན་ཀྱང་རང་ངོ་འཆུག་མེད་མ་འཕྲོད་ན། །མན་ངག་ཟབ་ཀྱང་རྒྱུད་ཐོག་ལོན་པར་དཀའ། །དེ་འདྲས་རིམ་འགྲོད་ལམ་ལ་འབད་ན་ལེགས།
༈ བསྒོམ་མེད་ཡེངས་མེད་ཡིད་བྱེད་སྤངས་པ་དང་། །གང་ཤར་སྐྱོང་དང་ཐ་མལ་ཤེས་པ་དང་། །བློ་བྲལ་རྣམས་ནི་མ་བཅོས་པ་ཡི་དོན། །གནས་འགྱུ་གང་ཡང་རིག་ན་བཅོས་མི་དགོས། །ཡང་དྲན་ཡང་འཇོག་རྟོག་པ་ཉིད་འཁྲུལ་ལགས། །རིག་ཙམ་དེ་ཡི་སྟེང་དུ་འཇོག་པ་ལ། །གང་ཤར་སྐྱོང་ཞེས་གྲུབ་བརྙེས་ཡོངས་ཀྱི་ལམ། །ཉམས་ལེན་རྒྱུད་ལ་སྦྱོར་ཚུལ་དབུ་མ་དང་། །ཞི་གཅོད་ཕྱག་ཆེན་རྫོགས་ཆེན་ཐུན་མོང་གིས། །རྣམ་རྟོག་གང་ཤར་དེ་ལ་བཟོ་མེད་དུ། །གཅེར་གྱིས་བལྟས་པས་གྲོལ་བ་ལམ་དུ་བྱེད། །རྫོགས་ཆེན་མན་ངག་སྙིང་ཐིག་ལམ་ལས་ནི། །གང་ཤར་རྣམ་རྟོག་རིག་མཁན་རང་ངོ་ལ། །ནང་དུ་བལྟས་པས་ཆོས་ཉིད་ངོ་བོ་མཇལ། །འཁྲུལ་སྣང་རྣམ་རྟོག་གཏད་མེད་རང་སར་ཡལ། །སྔ་མ་ཁ་ཕྱིར་ལྟ་བས་གཉིས་འཛིན་ཡོད། །ཕྱི་མ་ནང་བལྟས་གཉིས་མེད་ཉིད་ཡིན་ཅེས། །མཁས་གྲུབ་བླ་མ་འགལ་ཡི་ཞལ་ལས་ཐོས། །དེ་ལྟ་ན་ཡང་རྣམ་རྟོག་གྲོལ་ཚུལ་གྱིས། །རིམ་པ་གསུམ་ལ་ངེས་ཤེས་ཉམས་མྱོང་དགོས།
༈ དེ་ཡང་བི་མ་ལ་ཡི་བཞེད་པ་ལྟར། །རྣམ་རྟོག་སྔ་ཕྱི་མེད་པར་གྲོལ་བ་ནི། །བུ་ཆུང་དག་གིས་ལྷ་ཁང་མཐོང་བ་འདྲ། །མཐོང་ཙམ་ཉིད་ལས་བཟང་ངན་ཡིད་བྱེད་མེད། །རྣམ་རྟོག་གང་ཤར་རང་སར་གྲོལ་བ་ནི། །སྦྲུལ་གྱི་མདུད་པ་ནམ་མཁར་ཞིག་པ་འདྲ། །ཤར་ཙམ་ཉིད་ནས་གཉེན་པོ་མེད་པར་ཞིག །རྣམ་རྟོག་ཕན་གནོད་མེད་པར་གྲོལ་བ་ནི། ཁང་སྟོང་ནང་དུ་རྐུན་མ་ཕྱིན་པ་འདྲ། །བྱུང་དང་མ་བྱུང་གཉིས་ཀ་ཐོབ་ཤོར་མེད།
༈ གནད་དོན་བསྡུ་ན་ཉམས་ལེན་གནད་ཤེས་ནས། །ཕྱི།ཚུལ་ཐ་མལ་དབང་དུ་མི་གཏོང་བཞིན། །ནང་གི་འབད་རྩོལ་ཇི་ཙམ་ཀློད་ཆོག་པ། །བརྟན་པ་ཐོབ་པའི་རྟགས་སུ་མཁྱེན་པར་མཛོད། །བསྒོམ་མེད་ཟེར་བའང་འབད་རྩོལ་ཟད་པ་ཡིན། །གནས་ལུགས་བསྒོམ་རྒྱུ་མེད་ཀྱང་གོམས་རྒྱུ་ཡོད། །གོམས་པའི་ཆེད་དུ་ཟ་ཉལ་འགྲོ་སྡོང་སོགས། །སྤྱོད་ལམ་ཀུན་ལ་ཡེངས་དབང་མི་བཏང་གཅེས།
༈ གཅིག་པུར་གནས་ཚེ་ལྷོད་ཅིང་རང་ངོ་སྐྱོང་། །མང་པོ་ཚོགས་ཚེ་དྲན་རིག་གསལ་ངར་འདོན། །དྲན་རིག་ངོ་བོ་ཅིར་ཡང་མ་གྲུབ་པས། །གཏད་སོ་མེད་ཀྱང་རང་ཚུགས་འཛིན་རྒྱུ་ཡོད། །རིག་སྟོང་ཡིན་པས་ཚོ་འཛིན་ཅུང་ཟད་དཀའ། །དཀའ་ཡང་གོམས་ན་ངོ་ཤེས་འཕྲད་ལྟར་འོང་། །སྣང་གྲགས་རྟོག་གསུམ་སྣ་ཚོགས་ཅི་ཤར་ཡང་། ཁོ་ཡི་རྣམ་འགྱུར་ཉིད་ལས་རྡུལ་ཙམ་མེད།
༈ ཐུན་མིན་ཨ་ཏི་ཡོ་གའི་མན་ངག་ལས། །སེམས་དང་རིག་པའི་ཤན་འབྱེད་ཅེས་གསུངས་པ། །དྲན་པས་འོད་གསལ་རང་ངོ་མི་ཟིན་པས། །རྙོགས་པའི་ཆ་ཡོད་འགྱུ་དྲན་ཆོད་དཀའ་སེམས། །ཤེས་པའི་ཡུལ་མེད་འོད་གསལ་རང་ངོ་མཐོང་། །དྭངས་ཆ་མར་མེ་ལྟར་གནས་ཕྱི་མ་སྟེ། །སྔངས་སྐྲག་ལྟ་བུས་ཡུལ་མེད་ལམ་ལམ་པ། །འཆར་ཚེ་དེ་ངོས་བཟུང་བས་ངེས་ཤེས་སྐྱེ། །རིག་པའི་འགྱུ་སྟོང་སྐྱེ་མེད་གྲོལ་ཅེས་གསུངས། །དཔེ་མཐོང་སྟོང་སྐད་མ་ཡིན་བླ་མ་ཡི། །ཞལ་ནས་བརྒྱུད་པའི་གདམས་པ་སྙིང་ཁྲག་འདྲ། དམ་ཉམས་ཁ་ཁྱེར་སོགས་ལ་མི་སྟོན་པ། །སྔགས་ཀྱི་སྲུང་མས་བྱ་ར་ལྷང་ལྷང་ཡོད།
༈ ཆོས་ཉིད་མ་བཅོས་པ་ལ་རྟག་ཏུ་ནི། །ཏུ་རེ་མི་དགོས་ཕོག་ཅིག་དྲན་པ་ཡིས། །ཆོག་ཅེས་བཀའ་བརྒྱུད་གོང་མའི་ཞལ་ནས་གསུངས། །ངོ་བོ་བསྒོམ་པས་བསྐལ་མང་ལས་སྒྲིབ་རྣམས། །དག་ཅིང་རླུང་ཡང་དབུ་མར་རང་བཞིན་ཏུ། །ཚུད་པ་ལ་སོགས་ཕན་ཡོན་བརྗོད་ལས་འདས། །རང་ངོ་ཤེས་ན་གཅིག་ཤེས་ཀུན་གྲོལ་ཡིན། །བློ་སྟོབས་ཆུང་ཚེ་གཏད་མེད་སྐྱོང་དཀའ་ན། །བསྐྱེད་རིམ་སོགས་ལ་དྲན་འཛིན་རང་ཁམས་བསྟུན།
༈ གཏན་མེད་སྐྱོང་ལ་དབྱིངས་རིག་བསྲེ་བ་ཡི། །བོགས་འདོན་ནམ་མཁའི་དཀྱིལ་དང་རྒྱ་མཚོའི་གཏིང་། །རྩ་བ་བསྲེས་ལ་དྲན་པའི་གསལ་འདེབས་བྱ། །དེ་ཚེ་རིག་སྟོང་མཐའ་དབུས་མེད་པར་འཆར།
༈ སྟོང་ཉིད་ཞི་གནས་ལུང་མ་བསྟན་གསུམ་བོར། །ནོར་དོགས་གསུངས་པས་དང་པོར་སྟོང་ཉིད་ནི། །ཡོད་མེད་སྐྱེ་འགག་རྟག་ཆད་མཐའ་བྲལ་དོན། །དམིགས་བསམ།བརྗོད་བྲལ་རིག་ཐོག་མྱོང་ལ་ཟེར།
༈ ཞི་གནས་རྣམ་རྟོག་འཚུབ་མ་རབ་ཞི་ནས། །མཐའ་དབུས་མེད་པར་ཤེས་པ་ཁད་ཆགས་པ། །རླབས་དང་བྲལ་བའི་རྒྱ་མཚོ་བཞིན་ཏུ་གནས།
༈ ལུང་མ་བསྟན་ནི་དྲན་རིག་ཤེད་ཉམས་ནས། །འགྱུ་བ་ཕྲ་མོའི་རྗེས་སུ་འབྲང་བྱས་ཏེ། །དྲན་རིག་སླེབ་དུས་ཕྱི་བལྟས་བྱས་འདྲ་འོང་། །རྩ་ཕུབ་གསེབ་ཏུ་ཆུ་བླུག་མི་མངོན་པ། །རྩ་ཕུབ་མེད་པར་སླེབ་དུས་མཐོང་དང་འདྲ།
༈ མཉམ་བཞག་སྐབས་སུ་ལུང་མ་བསྟན་བྱུང་ན། །ཐེར་ལ་འདོན་ཞེས་དྲན་རིག་གྲིམ་ཆ་བསྐྱེད། །ནག་ཐོམ་བྱུང་ན་རླུང་རོ་བསལ་བ་དང་། །བཟླས་བརྗོད་སྐད་མཐོ་གཡོ་འགུལ་སོགས་ཀྱིས་སེལ།
༈ ཞེ་སྡང་རྟོག་པ་ལམ་ལམ་འཆར་བའི་ཚེ། །རྗེན་པར་བལྟ་ཞིང་བཟོ་མེད་བཞག་པ་ན། །ཕན་གནོད་མེད་པར་རང་ས་དེ་རུ་ཡལ། །དེ་ལས་གཞན་ཏུ་རང་བྱུང་ཡེ་ཤེས་མེད། །བཟོ་མེད་ངང་དུ་ལམ་ལམ་འཆར་བ་དེ། །རྣམ་པ་ཞེ་སྡང་ངོ་བོ་ཡེ་ཤེས་ཡིན། །ཞེ་སྡང་ཡལ་རྗེས་སྟོང་མདངས་ཚོལ་མི་དགོས། །སྟོང་ཞིང་དམིགས་མེད་དེ་ལ་ཟུང་འཇུག་ཟེར། །རྡོ་རྗེ་སེམས་དཔའ་སོགས་ཀྱང་དེ་བཞིན་ནོ། །ཉོན་མོངས་འདོད་ཆགས་སོགས་ལའང་རིགས་འགྲེ་འཚལ།
༈ ཡང་དག་དོན་ལ་བསྒོམ་བྱ་སྒོམ་བྱེད་མེད། །དྲན་པ་གཅིག་པུས་ཆོག་ན་ཉམས་ལེན་རྩེ། །མཐར་ཐུག་དོན་ལ་དྲན་པ་ཉིད་ཀྱང་མེད། །དྲན་གཞི་དབྱིངས་སུ་དག་ཚེ་ཡེ་ཤེས་བརྗོད། །བུད་ཤིང་ཟད་ཚེ་མེ་ཡང་ཡལ་བ་བཞིན། །འཁྲུལ་པ་ཟད་ཚེ་གཉེན་པོ་ཉིད་ཀྱང་ཞི། །འདི་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ལགས།
༈ བསྒོམ་པ་མ་ཡིན་མི་བསྒོམ་པ་ཡང་མིན། །བསྒོམ་པ་མིན་ཏེ་དམིགས་གཏད་གང་ཡང་མེད། །མི་བསྒོམ་མིན་ཏེ་ཡེངས་སུ་བཏང་བ་མེད། །ཆོས་ཉིད་རང་ངོ་ཤེས་ཙམ་དེ་ཐོག་འཇོག །དེ་ལ་བློ་ཡི་བསམ་བྱ་ཡོད་མིན་ཏེ། །དོན་དམ་བློ་འདས་དམིགས་མེད་ཡིན་པས་སོ། །རྣམ་རྟོག་ཡུལ་དང་འབྲེལ་འདྲིས་མ་ཆད་ན། །མ་བཅོས་ཟེར་ཡང་འཁྲུལ་པ་བཟློག་མི་ཐུབ། །ལྟ་མཁན་ནང་དང་ལྟ་ཡུལ་ཕྱིར་ཆད་པ། །རང་ཤར་རང་གྲོལ་ཟེར་ཡང་གཉིས་འཛིན་ཉིད། །གཉེན་པོ་མེད་ན་རང་ཤར་རང་གྲོལ་ཡིན།
༈ རང་གི་སེམས་ཉིད་མ་ལ་སྣང་བ་བུ། །ཆུ་ལས་ཆུ་བུར་བརྡོལ་བཞིན་ཞེན་པ་ལས། །སྣང་བ་ཤར་ཡང་གཉིས་མེད་རོལ་ཤེས་ན། །སྣང་སེམས་མ་བུ་འཕྲད་ཅེས་དེ་ལ་བྱ། །འཁོར་འདས་བཟང་ངན་རྟོགས་དང་མ་རྟོགས་ཀུན། །སྤང་བླང་།མི་རྙེད་ཡེ་སྟོང་ཡེ་རྫོགས་འགྱུར། །ལྟ་སྒོམ་སྤྱོད་པ་ཐམས་ཅད་དེ་ལ་འདུས། །བསྲུང་བྱའི་དམ་ཚིག་རྣམས་ཀྱང་དེར་འདུས་པས། །དེ་ཕྱིར་རྫོགས་ཆེན་ཨ་ཏི་ཡོ་ག་ལས། །མི་བསྲུང་བསྲུང་བའི་དམ་ཚིག་བཞིར་གསུངས་པ། །བསྲུང་མཚམས་མེད་པས་མེད་པའི་དམ་ཚིག་ལ། །གཟུང་དང་འཛིན་པ་བྲལ་བས་ཕྱལ་པ་ཡིན། །ཐམས་ཅད་སེམས་སུ་རྫོགས་པས་གཅིག་པུ་སྟེ། །ལྷག་མེད་དེ་ལ་རྫོགས་པས་ལྷུན་གྱིས་རྫོགས། །དུས་གསུམ་རྒྱལ་བའི་དགོངས་པའི་མཐར་ཐུག་གོ་༈ །ཐོ་རེངས་གཉིད་སད་དུས་ཀྱང་རྨི་ལམ་ལ། རྟོག་དཔྱོད་ལ་སོགས་རྣམ་རྟོག་བསུ་སྐྱེལ་ཀུན། །མི་བྱེད་ཉམས་ལེན་གསལ་འདེབས་དྲན་པའི་ངང་། །བཞག་ཚེ་དེ་ཉིན་རིག་པའི་དྭངས་སྙིགས་ཕྱེད།
༈ སྤང་བླང་མི་ཤེས་ཆོས་ལ་མི་གུས་དང་། །བག་མེད་པ་དང་ཉོན་མོངས་མང་བ་བཞི། །འདི་བཞི་འཛོམ་ན་ཉེས་ལྟུང་འཆར་བཞིན་འབེབས། །ལྟུང་བ་འབྱུང་བའི་སྒོ་བཞི་ཕྱེས་པ་འདྲ། །དྲན་ཤེས་བག་ཡོད་ཉིད་དང་མ་བྲལ་ན། །ཉོན་མོངས་རྣམས་ཀྱང་ཡེ་ཤེས་ཆེན་པོར་འགྱུར། །གཞན་ཀུན་དགེ་བར་འགྱུར་བ་སྨོས་ཅི་དགོས། །ལམ་ཁྱེར་གནད་ཀུན་དྲན་པའི་ལག་ཏུ་ཡོད། །དྲན་པ་མེད་ན་ལམ་ཁྱེར་མི་དྲན་པས། །ཡིན་པ་ཙམ་གྱིས་ཕན་ཐོགས་ཅི་ཡང་མེད། །ཐད་ཀ་ཐད་ཀའི་འདུ་ཤེས་རྩིས་ཟིན་དགོས། །སྤྱོད་ལམ་ཀུན་ལ་བག་ཡོད་བསྟེན་པ་ནི། །ཐུབ་དབང་ཉིད་དང་འབྲལ་མེད་འགྲོགས་པ་འདྲ།
༈ བཟའ་བཏུང་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་སྦྱངས། །དྲོ་ཡི་གོང་དུ་དཀོན་མཆོག་རྗེས་དྲན་པའི། །མདོ་ཡི་ཚིག་ནི་རྒྱས་བསྡུས་གང་རུང་བཏོན། །རང་ལུས་ལྷར་གསལ་སྤྱི་མགྲིན་སྙིང་ག་རུ། ཁྲོ་བོ་རིག་འཛིན་ཞི་བ་རིགས་བརྒྱའི་ལྷ། །གཙོ་བོ་རྩ་བའི་བླ་མ་དབྱེར་མེད་བསྒོམ། །བ་སྤུའི་བུ་གར་རིག་འཛིན་མཁའ་འགྲོ་སོགས། །ཏིལ་གོང་ཁ་ཕྱེས་བཞིན་ཏུ་བཞུགས་མོས་ལ། །དྲན་དང་ཤེས་བཞིན་ཆགས་སེམས་མེད་པར་སྤྱད། །བཟའ་བཏུང་ཐ་མལ་མཐོང་ཡང་སྐྱོན་མེད་དེ། །ཅི་ཟོས་ཚོགས་ཀྱི་འཁོར་ལོར་འགྱུར་བ་ཡིན།
༈ ལམ་ཁྱེར་གཞན་ལ་བླ་མའི་རྣལ་འབྱོར་དང་། །བྱང་ཆུབ་སེམས་སྤྱོད་བསྐྱེད་རིམ་རྫོགས་རིམ་སོགས། །གང་འདོད་བསྒོམ་པ་བླ་མའི་ཞལ་ལས་ལོངས།
༈ འདུས་བྱས་མི་རྟག་ཟག་བཅས་སྡུག་བསྔལ་བ། །མྱང་འདས་ཆོས་རྣམས་ཞི་བ་སྟོང་པ་ཉིད། །འདི་བཞི་ལྟ་བ་བཀའ་རྟགས་ཕྱག་རྒྱ་ལགས། །ཛམ་ལར་གཏོར་མ།འཕྲོག་མར་ཆང་བུ་དང་། །འཇུར་གེགས་ཁ་འབར་མ་ལ་ཆུ་སྦྱིན་ཏེ། །བཞི་འདི་སྤྱོད་པ་བཀའ་རྟགས་ཕྱག་རྒྱ་ལགས། །ལྟ་སྤྱོད་ཕྱག་རྒྱ་བརྒྱད་པོ་འདི་འཛིན་ན། རྒྱལ་བའི་རྗེས་འཇུག་ཡིན་ལ་མི་འཛིན་དེ། །ཁོང་གི་སློབ་མ་མིན་ཞེས་ཐུབ་པས་གསུངས། །བོད་ཁམས་སྐྱོབས་པའི་མགོན་པོ་ཨོ་རྒྱན་ཡིན། །རྣམ་ཐར་བཀའ་དྲིན་དྲན་པས་གསོལ་འདེབས་འཚལ། །བོད་ཀྱི་ལྷ་སྐལ་ཐུགས་རྗེ་ཆེན་པོ་ཡིན། །བཟླས་པ་ཡིག་དྲུག་ཉིད་ལ་འབད་པར་འཚལ།
༈ ཡེ་ཤེས་རང་ཤར་འགྲོ་བའི་གནད་ཟབ་ནི། །གཟུང་འཛིན་རླུང་རྣམས་རང་བཞིན་དག་པའི་ཕྱིར། །འབད་རྩོལ་མེད་པར་བར་གྱི་རླུང་སྦྱོར་དགང་། །ཅིར་སྣང་ཡེ་ཤེས་འཆར་བའི་སྒོ་ཡིན་ཕྱིར། །ཀ་ཏི་ཤེལ་གྱི་རྩ་ཆེན་ནམ་མཁར་ཕྱེ། །གང་ཤར་གཏད་མེད་ངང་དུ་གྲོལ་བའི་ཕྱིར། །རང་སེམས་སྙིང་པོ་ཡི་གེ་ལ་གཏད། །གནད་ཀྱི་ཁྱད་པར་དེ་གསུམ་དང་ལྡན་ན། །དཀའ་བ་མེད་པར་གདོད་མའི་རྒྱལ་སར་གཤེགས།
༈ གཞན་ཡང་ནངས་སྔ་ལངས་མ་ཐག་པའི་ཚེ། །རླུང་རོ་གསལ་ནས་འབྱུང་གནས་འཇུག་པ་གསུམ། །ཨཱཿཨོཾ་སྦྱར་ཉེར་གཅིག་བརྒྱ་སོགས་བསྒྲང་། །ཉིན་པར་རླུང་རྣམས་དེ་བཞིན་ཡིན་པར་མོས། །ཉལ་ཁར་འབྱུང་འཇུག་གནས་གསུམ་འབྲུ་གསུམ་སྦྱར། །མཚན་གྱིས་དབུགས་རྣམས་དེ་བཞིན་ཡིན་པར་མོས། །དེས་ནི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་། སྔགས་འགྱུར་བཀའ་བ་མེད་པར་ལྷ་བསྙེན་ཐེམ།
༈ ཆོས་ཀྱི་རྒྱལ་པོ་མཉམ་མེད་དྭགས་པོ་ཡིས། །ངོ་བོ་མཐོང་ནས་འཇམ་རླུང་ཅུང་ཟད་རེ། །བཟུང་ཞིང་ཡིད་བཟླས་ཟབ་མོར་མི་ཚེ་དྲིལ། །སྐབས་སུ་བླ་མར་གསོལ་གདབ་ཐུགས་ཡིད་བསྲེ། །དེ་ལས་གཞན་པའི་ཟབ་ལམ་མེད་པར་གསུངས།
༈ ཉལ་དུས་སྤྱི་བོའི་བླ་མ་སྙིང་དབུས་དྲངས། །དྲན་རྟོག་འཕྲོ་འདུ་བསམ་བློ་ཀུན་སྤངས་ཏེ། །མོས་གུས་གསོལ་བཏབ་ཡེངས་མེད་ངང་དུ་ཀློད། །སྲབ་འཐུག་འོད་གསལ་རིམ་བཞིན་འཆར་བར་འགྱུར།
༈ རྨི་ལམ་འཛིན་བསྒྱུར་སྤེལ་སྦྱང་སྒོམ་འདོད་ན། །ཉིན་མོའི་སྣང་བ་ཐམས་ཅད་རྨི་ལམ་གྱི། །འདུན་པས་ཟིན་ན་རྨི་ལམ་འབྱང་བ་སླ། །ཉིན་སྣང་ཨ་འཐས་དབང་བཏང་མཚན་མོ་ལ། །རྨི་ལམ་འཛིན་མོད་ལག་ཏུ་ལོན་པ་དཀའ། །དེ་ཡང་བར་དོ་ཆོད་པར་བྱེད་པ་ལ། །རྨི་ལམ་ཆོད་དགོས་དེ་ལ་ཉིན་སྣང་ཀུན། །སྒྱུ་མ་རྨི་ལམ་ལྟ་བུར་མ་རྟོགས་ན། །འཁྲུལ་པ་རྒྱ་འབྱམས་གཅིག་གིས་གཅིག་ལ།སྒྲིབ།
༈ སྤྱིར་ནི་འཆི་བ་མི་རྟག་བྱམས་སྙིང་རྗེ། །མོས་གུས་བསྐྱེད་རིམ་རྨི་ལམ་སྒྱུ་ལུས་དང་། །བར་དོ་ལ་སོགས་གོམས་འདྲིས་དགོས་ཚད་ཀུན། །སྤྱོད་ལམ་རྣམ་བཞིར་མི་བརྗེད་གསལ་འདེབས་བྱ། །མྱུར་དུ་འབྱོར་ཞིང་རྒྱུད་ལ་སྐྱེ་བར་འགྱུར། །བདག་འདྲ་སྙིང་ནས་ཆོས་སྒྲུབ་མ་དྲན་པས། །རང་རྒྱུད་ཆོས་དང་འདྲེ་བར་མི་འདུག་ཀྱང་། སྔོན་བསགས་རྣམ་དཀར་ལས་ཀྱི་འཕྲོ་བཟང་པོས། །སངས་རྒྱས་བསྟན་ལ་སྙིང་ནས་དད་པའི་ཕྱིར། །འདི་ཙམ་གྱིས་ཀྱང་གཞན་ལ་ཕན་པའི་བློས། །རྒྱུད་བྱས་བསླབ་གསུམ་རྣམ་དག་དགེ་བའི་བཤེས། །ཤྲཱི་མཱན་ཞེས་བྱས་གསུང་བསྐུལ་རྐྱེན་བྱས་ཏེ། །རང་ལ་མེད་པར་ནེ་ཙོའི་ཆོས་སྐར་བཞིན། །བྲིས་པའི་དགེ་རྩས་དཔལ་ལྡན་ཀརྨ་པ། །ཡབ་སྲས་བརྒྱུད་པར་བཅས་པའི་ཞབས་བརྟན་ཅིང་། །མཛད་ཕྲིན་འཕེལ་དེས་མཁའ་ཁྱབ་སེམས་ཅན་རྣམས། །ཚེ་གཅིག་རྡོ་རྗེ་འཆང་དངོས་འགྲུབ་གྱུར་ཅིག
།ཞེས་པའང་རྒྱལ་དབང་ཐམས་ཅད་མཁྱེན་པ་བཅུ་བཞི་པའི་ཞབས་གྲས་ཀྱི་དགེ་བའི་བཤེས་གཉེན་ངེས་དོན་ལ་ཐུགས་ཤིན་ཏུ་གཞོལ་བ་ཀརྨ་དཔལ་ལྡན་ནས་གསུང་པ་བསྐུལ་གནང་བ་ལྟར། ཤཀྱའི་དགེ་སྦྱོང་རྟགས་ཙམ་འཛིན་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཞེས་པས་རང་ལོ་ཉེར་བདུན་པར་སྨྲས་རིམ་བཞིན་ཏུ་བསྐུལ་བ་པོ་ཉིད་ཀྱིས་བྲིས་པ་འདིས་ཀྱང་བསྟན་འགྲོ་ལ་སྨན་པའི་དཔལ་ཡོན་འབྱུང་བར་གྱུར་ཅིག །སརྦ་ཐཱ་ཀཱ་ལ་བིཀྵུ་ཤྲི་ཡཱཾ་སི་སྥོ་ཊ་བྷ་བནྟུ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །དགེའོ། །དགེའོ།