Lha bzhi dril sgrub kyi ting nge 'dzin gyi dbang rgyun du blang ba'i man ngag

From Shangpa Resource Center








Resource ID SCv11p214
Title lha bzhi dril sgrub kyi ting nge 'dzin gyi dbang rgyun du blang ba'i man ngag
Topics Initiation
Sub-Topics Combined Accomplishment of the Four Deities
Link BDRC W23922

༈ ལྷ་བཞི་དྲིལ་སྒྲུབ་ཀྱི་ཏིང་ངེ་འཛིན་གྱི་དབང་རྒྱུན་དུ་བླང་བའི་མན་ངག་བཞུགས་སོ།།

༈ ༼དི༽ ལྷ་བཞི་དྲིལ་སྒྲུབ་ཀྱི་ཏིང་ངེ་འཛིན་གྱི་དབང་རྒྱུན་དུ་བླང་བའི་མན་ངག་གི་རིམ་པ་ནི།
ཐོ་རངས་ནམ་གྱི་བརྒྱད་ཆ་ཙམ་ལུས་པ་ལ། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས་ལ། རང་ཐ་མལ་པར་གནས་པའི་སྤྱི་བོའི་གཙུག་ཏུ་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ་བདེ་བར་འཆར་ཞིང་བདེ་བར་གནས་པ་འོད་ཀྱི་རང་བཞིན་ཅན། རྩེ་མོ་ཕྲ་བ་རང་གི་ཚངས་བུག་ཏུ་ཟུག་པ། གདེངས་ཀ་ཆེ་བ་གྱེན་དུ་ཕྱོགས་པ། དེའི་དབུས་སུ་པདྨ་འདབ་མ་བཞི་པ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བ། ལྟེ་བ་ལྗང་སེར། དེའི་དབུས་སུ་ཟླ་བའི་གདན་གྱི་སྟེང་དུ། རང་གི་རྩ་བའི་བླ་མ་རྣམ་པ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སེར་པོ་གསེར་བཙོ་མ་ལྟ་བུ། ཞལ་གཅིག་ཕྱག་གཉིས་གཡས་ཡིད་བཞིན་ནོར་བུ་དང་། གཡོན་གསེར་གྱི་དྲིལ་བུ་གཡེར་ཁ་བསྣམས་པ། ཞབས་རྡོ་རྗེའི་དཀྱིལ་ཀྲུང་དུ་བཞུགས་པ། རྡོ་རྗེ་འཆང་དང་། བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་ངོ་བོར་གྱུར་པ། རིན་པོ་ཆེའི་རྒྱན་དཔག་ཏུ་མེད་པས་སྤྲས་པ་བསྒོམ། མདུན་གྱི་པད་འདབ་ལ་ཉི་མའི་གདན་གྱི་སྟེང་དུ། གྷཾ་ལས་ཚོགས་བདག་མགོ་གཡས་སུ་བསྟན་པ་ཞིག་གི་སྟེང་དུ་ཧཱུྃ་ལས་གྲི་གུག་ཡུ་བ་ལ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་ཕར་འཕྲོས་པས་གདུག་པ་ཅན་ཐམས་ཅད་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས། ཡེ་ཤེས་མགོན་པོ་གཞུང་བཞིན་བསྐྱེད། གཡས་ཀྱི་པད་འདབ་ལ་ཉི་མའི་གདན་གྱི་སྟེང་དུ་འཇིགས་བྱེད་དང་། དུས་མཚན་གྱི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་དབུ་སྐྲ་དཔུང་པ་གཡས་པའི་སྟེང་དུ་དམར་སིལ་ལེ་ཡོད་པ། བཅུ་དྲུག་ལོན་པའི་རྣམ་པ་ཅན། སྤྱན་གསུམ་དང་ལྡན་པའི་ཞལ་འཛུམ་ཁྲོའི་རྣམ་པ་དང་ལྡན་པ། མཆེ་བ་ནས་ཙམ་འབུར་བ། སྤྱན་གཡོན་གྱི་ཕྱོགས་སུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་གཟིགས་པ། གཡས་གྲི་གུག་འཛིན་པ་དཔྱི་མགོ་གཡས་སུ་བརྐྱང་བ། གཡོན་ནམ་མཁའ་ལ་སངས་རྒྱས་ཐམས་ཅད་ཀྱི་བདུད་རྩི་ཐོད་པའི་ཁར་གསོལ་བ། སྤྱི་བོར་རུས་པའི་འཁོར་ལོ་དང་རྡོ་རྗེ་འཆང་གིས་བརྒྱན་པ། ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་པ། རུས་པའི་རྣ་ཆ། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། མི་མགོ་ལྔ་བཅུའི་ཕྲེང་བ། ཞབས་གཡས་བརྐྱང་ནས་མ་ཧཱ་དེ་བ་མནན་པ། གཡོན་བསྐུམ་ནས་དབུ་མ་དེ་བ་མནན་པ། མཆན་ཁུང་གཡོན་ན་ཁ་ཊྭཱཾ་ག་བསྣམས་པ་ཞིག་ཝལ་གྱིས་བསྐྱེད་དོ། །རྒྱབ་ངོས་ཀྱི་པད་འདབ་ལ་ཟླ་བའི་གདན་གྱི་སྟེང་དུ་ཧྲཱིཿདཀར་པོ་ཡོངས་སུ་གྱུར་པ་ལས། སྤྱན་རས་གཟིགས་སྐུ་མདོག་དཀར་པོ་གངས་ལ་ཉི་མ་ཤར་བ་ལྟ་བུ། ཞལ་གཅིག་ཕྱག་གཉིས་པ། གཡས་སྐྱབས་སྦྱིན་དང་བཅས་པས་བདུད་རྩིས་གང་བའི་བུམ་པ་དང་། གཡོན་པདྨ་དཀར་པོའི་ཡུ་བ་ཐུགས་ཀར་བཟུང་ནས་ཡལ་ག་སྙན་གྱི་ཐད་ཀར་ཁ་བྱེ་བ། དབུ་སྐྲ་དཔུང་པའི་སྟེང་ན་སིལ་ལེ་ཡོད་པ། ཞབས་གཡས་བརྐྱང་། གཡོན་བསྐུམ་པ། འོད་དཔག་མེད་ཀྱིས་དབུ་བརྒྱན་པ་ཞིག་བསྒོམ། གཡོན་ངོས་ཀྱི་པད་འདབ་ལ་ཟླ་བའི་སྟེང་དུ་ཏཱཾ་ཡིག་ཡོངས་སུ་གྱུར་པ་ལས་རྗེ་བཙུན་མ་སྒྲོལ་མ་སྐུ་མདོག་ལྗང་གུ་ལང་ཚོ་དར་ལ་བབ་པ། ལོ་བཅུ་དྲུག་ལོན་པ་ལྟ་བུ། ཞབས་གཡས་བརྐྱང་། གཡོན་བསྐུམ་པ། ཕྱག་གཡས་སྐྱབས་སྦྱིན། གཡོན་ཨུཏྤལའི་ཡུ་བ་ཐུར་དུ་བཟུང་བ། སྤྱི་བོར་དོན་ཡོད་གྲུབ་པས་དབུ་བརྒྱན་པ་ཞིག་བསྒོམ། ཐམས་ཅད་ཀྱི་གནས་གསུམ་དུ་ཡི་གེ་གསུམ་འགོད། དེ་ནས་བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། རྩ་བ་དང་བརྒྱུད་པའི་བླ་མ་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བླ་མ་ལ་ཐིམ། ཡང་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དཔའ་བོ་དང་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་བླ་མ་ལ་ཐིམ་པས། བླ་མ་དེ་ཉིད་སངས་རྒྱས་ཀུན་འདུས། དམ་ཆོས་ཀུན་འདུས་ཀྱི་ངོ་བོར་བསྒོམ་ལ། ན་མོ་བུདྡྷ་ཡའི་གསོལ་བ་གདབ་བོ། །མགོན་པོའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། ལྷོ་ཤར་ནས་ཡེ་ཤེས་པ་སྤྱན་དྲངས་བསྟིམ། ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དམར་པོ་མེ་འོད་ལྟ་བུ་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། གདོན་ཐམས་ཅད་ཞལ་དུ་དམར་ཙིར་ཙིར་གསོལ་བར་བསམས་ནས། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཞེས་རྩ་སྔགས་བརྗོད། རྗེ་བཙུན་མ་ལ་ཡང་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། ཐུགས་ཀའི་སྔགས་ཕྲེང་ལས་བདུད་རྩིའི་རྒྱུན་དམར་པོ་བབས། གསང་གནས་ནས་ཐོན། རང་གི་ཚངས་བུག་ནས་ཞུགས། ལུས་ལ་བདེ་ཆེན་བསྐྱེད་པར་མོས་ནས། ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་མང་དུ་བཟླས། ཐུགས་རྗེ་ཆེན་པོ་ལ་ཡེ་ཤེས་པ་སྤྱན་དྲངས་བསྟིམ། ཕྱག་གཡས་པའི་རིལ་བ་ནས་བདུད་རྩིའི་རྒྱུན་བབས་རང་གི་ཚངས་བུག་ནས་ཞུགས་པས་སྡིག་སྒྲིབ་ཐམས་ཅད་དག །བདེ་བ་ཆེན་པོས་སྐྱེད་པར་མོས། ཨོཾ་བཛྲ་རཀྵ་རཀྵ་ས་མནྟ་ཧཱུྃ་ཕཊ། ཅེས་ཅི་མང་བགྲང་། སྒྲོལ་མ་ལ་ཡང་ཡེ་ཤེས་པ་སྤྱན་དྲངས་བསྟིམ། ཞབས་གཡས་པའི་མཐེ་བོང་ལས་བདུད་རྩིའི་རྒྱུན་བབས། རང་གི་ལུས་ལ་ཐིམ་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །བདེ་བ་ཆེན་པོ་སྐྱེད་པར་བསམ་ནས། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ། ཞེས་ཅི་མང་བགྲང་། དེ་ནས་ལྷ་བཞི་པོ་བླ་མ་ལ་སིབ་སིབ་ཐིམ། བླ་མའི་ཐུགས་ཀ་ནས་འོད་འཕྲོས་བརྒྱུད་པའི་བླ་མ་དང་སངས་རྒྱས་བྱང་སེམས་དང་། སྔགས་ཕྱི་ནང་གི་ལྷ་ཚོགས་ཐམས་ཅད་ཐིམ་པས། བླ་མ་འོད་ཟེར་དང་འོད་ཟེར་གྱི་རང་བཞིན་དུ་གྱུར་པ་སྣང་ལ་རང་བཞིན་མེད་པར་བསྒོམས་ནས་གསོལ་བ་དྲག་པོ་གདབ་བོ། །དེ་ནས་རང་གི་ལྟེ་བའི་གཏུམ་མོའི་མེ་འབར། ཨ་ཝ་དྷཱུ་ཏིའི་ནང་ནས་ཡར་སོང་ཚངས་བུག་ནས་ཐོན་བླ་མའི་སྐུ་ལ་ཕོག་པས་སྐུའི་ནང་གི་ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་མེར་ཏེ་ཞུ། བདུད་རྩིའི་རྒྱུན་ཚངས་བུག་ནས་ཞུགས། སྨིན་མཚམས་ཡན་ཆད་གང་། བླ་མའི་སྐུའི་བྱིན་རླབས་ཐོབ། ལུས་ཀྱི་སྒྲིབ་པ་དག །བུམ་པའི་དབང་ཐོབ་སྙམ་པ་དང་། དེ་བཞིན་དུ་མགྲིན་པ་དང་སྙིང་ཁར་སླེབ་པ་ན། གསུང་དང་ཐུགས་ཀྱི་བྱིན་རླབས་ཐོབ་སྙམ་པ་དང་། ངག་དང་ཡིད་ཀྱི་སྒྲིབ་པ་དག །གསང་བ་དང་ཡེ་ཤེས་ཀྱི་དབང་ཐོབ་སྙམ་པའི་མོས་པ་བྱེད། ལྟེ་བར་སླེབས་པ་ན་བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ། རང་གི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག །དབང་བཞི་པ་ཐོབ་སྙམ་པའི་མོས་པ་བྱེད། དེ་ནས་བླ་མ་འོད་དུ་མེར་གྱིས་ཞུ། རང་གི་སྤྱི་བོ་ནས་མར་ཐིམ་པས། བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མི་ཕྱེད་པར་གྱུར་སྙམ་དུ་བསམ་ནས། ལྟ་ཐོག་ཏུ་ཅུང་ཟད་བཞག །ཆོས་འབྱུང་དེ་ཉིད་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་བར་བསམ་མོ།
།འདིའི་བྱིན་རླབས་གཞན་ལ་བྱེད་པར་འདོད་ན། མཎྜལ་ཕུལ།
ཁྱོད་ཞབས་པད་མོ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་མཐུ་ཆེན་གྱིས། །བདག་ལ་བློ་མཆོག་སྩལ་དུ་གསོལ། །ཅེས་གསུམ་དང་།
དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་པ་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པ་གསུམ་རྣམས་སྔོན་དུ་བཏང་ནས། གང་གིས་རང་ཇི་ལྟར་ལེན་པའི་ཆོ་གས་སློབ་མ་ལ་དབང་བསྐུར་བར་བྱའོ། །ཨྀཐིཿ