Mai tri pa'i lugs kyi lha mo phyag gnyis ma'i srog sgrub rgyas pa
Resource ID | SCv11p670 |
---|---|
Title | mai tri pa'i lugs kyi lha mo phyag gnyis ma'i srog sgrub rgyas pa |
Topics | Pelden Lhamo |
Sub-Topics | Sadhana |
Author | Öntön Kyergangpa |
Associated Person | Maitripa Sangyé Nyentön |
Link | BDRC W23922 |
༈ མཻ་ཏྲི་པའི་ལུགས་ཀྱི་ལྷ་མོ་ཕྱག་གཉིས་མའི་སྲོག་སྒྲུབ་རྒྱས་པ་བཞུགས་སོ།།
༈ ༼ངུ༽ རྡོ་རྗེ་ལྷ་མོ་ལ་ཕྱག་འཚལ་ལོ། །བླ་མ་མཻ་ཏྲིའི་ལུགས་ཀྱི་ལྷ་མོ་ཕྱག་གཉིས་མའི་སྲོག་སྒྲུབ་རྒྱས་པ་འདི་ལ་གསུམ། སྔོན་འགྲོ་རྫས་དང་བཅའ་གཞི་བྱ་བ། དངོས་གཞི་སྒྲུབ་པ་བྱ་ཞིང་ལས་ལ་སྦྱར་བ། རྒྱུན་གྱི་རྟེན་བཅའ་ཞིང་བཀའ་བསྲུང་དུ་མཆོད་པའོ།
།དང་པོ་ནི། ཡེ་ཤེས་མགོན་པོའི་བསྙེན་པ་ཚད་ཐེངས་ཤིང་། ལྷ་མོ་འདིའི་བསྙེན་པ། མ་མོ་ནག་མོ་བེ་ཏ་ལི་སོགས་འབུམ་ཕྲག་ལ་སོགས་པ་སོང་ཞིང་། ལྷ་མོ་རང་ལ་འཁོར་བའི་མཚན་ལ་རྙེད་པའི་རྣལ་འབྱོར་པས། བྲག་ཕུག་ཁ་བྱང་ལ་བལྟས་པའི་གནས་སུ་ཕྱིན་ལ། ས་སྟེགས་མདའ་གང་གྲུ་བཞི་པ་གཅིག་བརྩིགས། དེའི་དབུས་སུ་འབྲུབ་ཁུང་གྲུ་གསུམ་ཐུར་དུ་བྲུ། དེའི་ལོག་རེ་ལ་ཁྲུ་རེ་ཡོད་པ། རྒྱ་ཚད་དང་དཔངས་སུ་མཐོ་གང་། རྩེ་མོ་དགྲ་ཕྱོགས་སུ་བསྟན་པར་བྱའོ། །འབྲུབ་ཁུང་གི་ནང་ཁྲག་སྣ་དུག་སྣ། རོ་སོལ་གསུམ་གྱིས་བྱུགས། དགྲ་བོའི་དྲི་ཆེན་རྙེད་ན་རབ། །མ་རྙེད་ན་རྐང་རྗེས་ཀྱི་ས་དང་། གྲོགས་པོ་ཕུ་གདུགས་ཀྱི་འཛག་མ་དང་། བག་ཟན་རྣམས་བསྲེས་ལ། ལིངྒ་མཐོ་གང་པ་གཅིག་བྱས་པའི་སྙིང་གར་གྲུ་གསུམ་བྲིས་པའི་ནང་དུ་ཤོག་བུ་ལ་ལིངྒ་མིང་རུས་བྲིས་པ་གཅིག་གཞུག ལིངྒ་དེ་རང་གི་མདུན་དུ་བཞག རང་གི་གཡོན་ངོས་ཀྱི་ས་སྟེགས་ཀྱི་ཟུར་དུ་ནལ་བུའི་ཐོད་པའམ་གྲི་ཐོད་ཀྱི་ནང་དུ་ཉུངས་ཀར། ཉུངས་ནག །སྐེ་ཚེ། ཤངས་ཚེ། ལྕགས་ཕྱེ་རྡོ་རང་མའི་ཕྱེ་མ། མཛེ་ཕོ་མ་གཏོགས་པའི་ཁྲག་སྣ་རྙེད་ཚད། བོང་དུག་པ་མ་གཏོགས་པའི་དུག་སྣ་རྙེད་ཚད་རྣམས་བླུགས་པ་བཞག་པར་བྱ་སྟེ་ཐུན་རྫས། གྲི་ལྕགས་ཀྱི་ཕུར་པ་སོར་བརྒྱད་པ་ལྷ་མོར་བསྐྱེད་ཅིང་ཡེ་ཤེས་པ་བསྟིམ་ནས་འབྲུབ་ཁུང་གི་མདུན་དུ་དཀྱིལ་འཁོར་གྱི་ཁར་བཙུགས། དཀྱིལ་འཁོར་ས་སྟེགས་གྲུ་བཞི། དེའི་སྟེང་གི་རང་གི་གཡས་ཀྱི་ཟུར་དུ་ཚིལ་ཆེན་གྱི་དུད་པ་རྒྱུན་མི་ཆད་པ་བྱ། གཞན་ཟུར་གཉིས་སུ་དཀར་གཏོར་རེ་བཞག །དེ་གཉིས་ཨཱ་ལས་ཐོད་པའི་ནང་དུ་དགྲ་བོའི་ཤ་ཁྲག་ཏུ་བསམ། ཡེ་ཤེས་གསུམ་གྱིས་བྱིན་བརླབས་ལ། བསྒྲུབ་པ་བྱེད་པའི་དུས་སྲོད་ཀྱི་ཐུན་མཐར་གཅིག་ཕུལ་ནས་ཐོག་ཁར་བཏང་། གཅིག་ཐོ་རངས་ཕུལ་ནས་ཐོག་ཁར་བཏོང་།
གཉིས་པ་བསྒྲུབ་པ་ལ་གསུམ། ཐུན་སྒྲུབ་པ། ལིངྒ་སྒྲུབ་ཅིང་ལྷ་དབྱེ་བ། བསད་ལས་བྱ་བའོ།
།དང་པོ་ནི། སྒྲུབ་པ་ལ་འཇུག་པའི་སྔོན་དུ་ཐོག་ཁའམ། སྒོ་ཕྱི་ནས། འཇིག་རྟེན་གྱི་ལྷ་འདྲེ་སྡེ་བརྒྱད་རྣམས་ལ་གཏོར་མ་བྱིན། ཕུད་གཏོར་ནས་བདེན་པ་བདར། རང་གིས་མ་ཉེས་པའི་དཔང་གཟུ་བྱ། བར་ཆད་མ་བྱེད་པར་གྲོགས་བགྱིས་ཤིག །ཅེས་སྒོ། དེ་ནས་ནང་དུ་སྟན་ལ་འདུག་སྟེ་བསྲུང་བར་བསྒོམ་ཞིང་། རང་ཉིད་ཕྱག་རྡོར་རམ་གཤིན་རྗེ་གང་རུང་དུ་བསྐྱེད་པའི་ང་རྒྱལ་བརྟན་པ་ལ་གནས་ནས། མདུན་དུ་ལྷ་མོ་སྐུ་མདོག་དམར་མོ། ཁ་གདངས་ཤིང་མཆེ་བ་གཙིགས་པ། ཕྱག་གཡས་ཟངས་གྲི་དམར་པོས་དགྲ་བོའི་སྲོག་རྩ་གཅོད་པ། གཡོན་གྱིས་ནད་ཀྱི་རྐྱལ་པ་ཁ་ཕྱེ་ནས་དགྲ་བོའི་རྣམ་ཤེས་དུག་དང་ཁྲག་གི་མྱོས་ཏེ་འཆི་བར་བྱེད་པ། དྲིའུ་ཁམ་པའི་སྟེང་ན་ཞབས་ཕྱེད་སྐྱིལ་གྱིས་བཞུགས་པ། འཁོར་ཤ་ཟ་མ་མོ་ཁ་དོག་སྣ་ཚོགས་པས་ལག་ན་ཞགས་པ་དང་ནད་རྐྱལ་ཐོགས་པ་དཔག་ཏུ་མེད་པས་དགྲ་བོ་མྱུར་དུ་བརླག་པར་བྱེད་པར་བསམ་པར་བྱའོ། །ཡང་ན་རང་ཉིད་ཀྱང་ལྷ་མོར་བསྐྱེད་པས་ཆོག་སྟེ། འོན་ཀྱང་ཤིན་ཏུ་རྩུབ་བོ། །ལྕགས་ཕུར་ཡང་ལྷ་མོ་དེ་འདྲ་བར་བསྐྱེད། དེ་ནས་རང་དང་མདུན་བསྐྱེད་ཀྱི་ལྷ་མོའི་ཐུགས་ཀ་ནས་འོད་འཕྲོས། བྱང་ཤར་མཚམས་ནས་ལྷ་མོ་དངོས་བཞུགས་པའི་ཐུགས་ཀར་ཕོག་ཐུགས་རྒྱུད་བསྐུལ་འཁོར་ཤ་ཟ་མོ་བྱེ་བ་ས་ཡའི་ཚོགས་དང་བཅས་པ་ནམ་མཁའ་ནས་ཚུར་བྱོན། མདུན་བསྐྱེད་དང་ཕུར་པ་ལ་བསྟིམ། ཞིང་ཆེན་གྱི་དུད་པ་བཏང་། དེ་ནས་རང་གི་ཧི་ཧི་མ་མ་ཐུན་བྷྱོ་ལ་སོགས་པའི་སྔགས་དྲག་ཏུ་བཟླས་པས་ལྷ་མོའི་འཁོར་མ་མོ་བྱེ་བ་ས་ཡ་རྣམས་ནི་ལ་ལ་སྟེང་འོག་ཏུ་རྒྱུག །ལ་ལ་ཕྱོགས་ཀུན་གཡོན་འཁོར་དུ་རྒྱུག་པས་ཁེངས་ཏེ། དཔེར་ན་བུང་བ་ཚང་རྡོལ་ལྟར་རྔམས་ཤིང་གཏུམ་པའི་སེམས་ཀྱི་དམོད་པའི་དྲག་སྔགས་འབྲུག་གི་ངར་སྒྲ་ལྟར་རང་དང་ཁྱད་མེད་དུ་བཟླས་པར་བསམ་ལ། སྔགས་བརྒྱའམ་སྟོང་ལ་སོགས་པའི་མཚམས་སུ་ལག་གཡོན་པས་ལྕགས་ཕུར་བཟུང་ལ། ཐོད་པའི་ནང་གི་ཐུན་ལན་གསུམ་གཡོན་བསྐོར་དུ་དཀྲུགས་ཤིང་སྔགས་བཟླས་པའི་འཁོར་མ་མོ་དཔག་ཏུ་མེད་པ་ཐུན་ལ་སིབ་སིབ་ཐིམ་པས་ཐུན་ཐམས་ཅད་མ་མོར་དངོས་སུ་སོང་སྟེ། རྔམས་ཤིང་གཏུམ་པའི་སེམས་ཀྱིས་སྔགས་ཀྱི་སྒྲ་དི་རི་རི་སྒྲོགས་པར་བསམ། ཡང་ཕུར་པ་བཞག་ནས་སྔར་ལྟར་རྒྱུན་དུ་བཟླས་སོ། དེ་ལྟར་ཞག་བདུན་བྱས་པས་རབ་དངོས་དང་། འབྲིང་ཉམས་སྣང་རྨི་ལམ་དུ་ཞལ་མཐོང་བ་དང་། བུད་མེད་མང་པོས་གྲོགས་བྱེད་པ་ལ་སོགས་པའི་མཚན་མ་དུ་མ་འབྱུང་ངོ་།
གཉིས་པ་ལིངྒ་སྒྲུབ་ཅིང་ལྷ་དང་དབྱེ་བ་ནི། ལིངྒ་འབྲུབ་ཁུང་གི་ནང་དུ་བཞག ཐུན་མགོ་ལ་བདག་བསྐྱེད་མདུན་བསྐྱེད། ཕུར་པའི་བསྐྱེད་ཆོག དེ་དག་ལ་ཡེ་ཤེས་པ་དགུག་གཞུག་སོགས་སྔར་ལྟར་བྱས་ནས། དེ་ནས་དགྲ་བོའི་ཕྱོགས་སུ་ཁ་བལྟས་ཏེ་སྔགས་བཟླས་པས། རང་དང་མདུན་བསྐྱེད་ཀྱི་ལྷ་མོའི་ཐུགས་ཀ་ནས་འོད་འཕྲོས། འཁོར་གྱི་མ་མོ་ཐམས་ཅད་ལ་ཕོག་པས་མ་མོ་རྣམས་ཀྱི་ཐུགས་རང་དབང་མེད་པར་བསྐུལ་ཏེ། ཁྲོ་བ་དང་། རྔམས་པ་དང་། གཏུམ་པའི་སེམས་སྨེ་སྔགས་ཀྱི་འོ་དོད་སྣ་ཚོགས་འབོད་ཅིང་། ཤིནྟུ་རིངས་པའི་ཚུལ་གྱིས་ས་གཞི་བར་སྣང་ཐམས་ཅད་ཁེངས་པར་གྱུར་ཏེ། ཐོགས་པ་མེད་པར་རྒྱུགས་ནས་ཐམས་ཅད་དགྲ་བོ་གང་ན་འདུག་པའི་གནས་སུ་སོང་སྟེ། དེ་ཐམས་ཅད་དགྲ་བོའི་ལུས་ལ་སྲིབ་ཀྱི་རྔུབ་ནས་དགྲ་བོའི་ཤ་ཟོས། ཁྲག་འཐུངས། རུས་པ་འཆོས། སྙིང་གི་དཀྱིལ་ན་རྣམ་ཤེས་ཀྱི་རྟེན་སྲོག་གི་དངས་མ་མར་མེ་ལྟར་གསལ་བ་ཁ་དོག་དམར་པོ་མཚལ་ལྕོག་ལ་མ་ལྟ་བུ་འདུག་པ་དེ་སྟོན་ནས་མགྱོགས་པར་ཁྱེར་འོངས་ཏེ། འབྲུབ་ཁུང་གི་ལིངྒའི་སྙིང་གར་བཅུག་ཅིང་བསྟིམ་པས། ལིངྒ་འདི་དགྲ་བོ་དངོས་སུ་བསམ། དེ་ནས་ལྷ་མོ་གཙོ་འཁོར་ཐམས་ཅད་ཀྱི་ཕྱག་གཡོན་པའི་ནད་ཀྱི་རྐྱལ་པ་ཁ་ཕྱེ་ནས་བུས་པས། དགྲ་བོ་སྐྱོབ་པ་དང་། བསྟེན་པའི་ལྷ་དང་བསྲུང་མ་ཐམས་ཅད་ནད་དང་དུག་གི་མྱོས་ཤིང་ཕྱོགས་བཅུར་གྱེས་ཏེ། སྐྱོབ་པའི་ལྷ་གཅིག་ཀྱང་མེད་པར་བསམ་མོ། །དེ་ལྟ་བུ་ཐུན་བཞིར་བཅད། ཐུན་རེ་རེའི་ནང་དུ་ཡང་ལན་ཉེར་གཅིག་གི་གྲངས་ལ་སོགས་པ་བྱེད་པ་ཞག་བདུན་བྱས་པས་དགྲ་བོའི་བླ་ཁུག་པའི་མཚན་མ་དངོས་སམ། ཉམས་སྣང་རྨི་ལམ་དུ་འབྱུང་བར་འགྱུར་རོ།
།གསུམ་པ་བསད་པའི་ལས་ནི། ཐུན་མགོ་ལ་དགུག་གཞུག་སྔར་ལྟར་བྱས་ལ། །ལིངྒ་དགྲ་བོ་དངོས་སུ་གསལ་བ། ལིངྒ་འབྲུབ་ཁུང་དུ་གན་རྐྱལ་དུ་བཞག་པའི་སྙིང་གར། ལྕགས་ཕུར་ལྷ་མོར་བསྐྱེད་ཅིང་གསལ་བ་དེ་གཙུགས་ཨོཾ་ཐུན་རྣམས་མ་མོའི་ཚོགས་དངོས་སུ་བསམ་ནས། ཐུན་སྔགས་ཧི་ཧི་ལ་སོགས་པ་དྲག་ཏུ་བརྗོད་ཅིང་ཁྲོས་པའི་སེམས་ཀྱིས་བྲབས་པས་མ་མོའི་ཚོགས་རྣམས་ཀྱི་མཚོན་དང་དུག་གི་ཆར་ལུས་ལ་ཕབ་ཅིང་ནད་ཀྱི་ན་བུན་སྤྲོས་པས། དགྲ་བོའི་ལུས་མྱགས་ཤིང་བུ་ག་དགུ་དང་བ་སྤུའི་ཁུང་བུ་རྣམས་ཀྱང་ཁྲག་དང་ཆུ་སེར་ན་ར་ར་འབབ་ཅིང་། སྙིང་གའི་རྣམ་ཤེས་ཀྱི་རྟེན་སྲོག་གི་དངས་མ་མར་མེ་ལྟ་བུ་དེ་ནག་ཐུམ་ཐུམ་སོང་། བཞིན་གྱི་མདངས་ཡལ་ནས་སེར་ཉལ་ཉལ་ཤི་བར་བསམ་ལ་ཐུན་གྱི་ལིངྒ་ལ་བྲའོ། །དེ་ལྟར་ཞག་བདུན་བྱས་པས་བུད་མེད་ནག་མོས་སྙིང་དང་མགོ་ལ་སོགས་སྟེར་བ་དང་། སྲོག་ཁ་ཁུང་འབྱེད་པ་ལ་སོགས་པ་འབྱུང་སྟེ། ཉམས་སམ་རྨི་ལམ་དུ་དེ་ལྟ་བུ་བྱུང་ནས་ལས་འགྲུབ་པར་འགྱུར་རོ། །འདིའི་དུས་མཚམས་དམ་པོར་བཅད། ལུས་ངག་ཡིད་གསུམ་གྱི་ཞུད་ལེགས་པར་བསྲུངས་ནས། ཉིན་མཚན་དུ་སྒྲུབ་ནས་ལས་ལ་སྦྱར་བས་མི་འགྲུབ་མི་སྲིད་པར་འདུག་ཅེས་བླ་མ་ཤངས་པས་གསུངས་སོ།
།དམ་ཚིག་ཏུ་དྲེའུའི་ཤ་མི་ཟ་བླ་མ་དང་ཆོས་སྐྱོང་ལ་ཡིད་ཆེས་ཤིང་གུས་པར་བྱའོ། །བསྒྲུབ་ཀྱི་བར་དུ་ཡུག་ས་མོ་ལ་མི་རེག་འདི་ནི་དུག་དང་འདྲ་བས་གཞན་ལ་མི་སྦྱིན། ལས་དང་སྐལ་བར་ལྡན་པ་གཅིག་ལ་སྦྱིན་ནོ། །དེ་ནས་ལིངྒ་ལྕགས་ཕུར་གྱིས་གཏུབས་པའི་དུམ་བུ་རེ་དང་འཐེབ་ཀྱུ་རེ་སྤེལ་ནས་གཏོར་མ་གསོས་ནས་རྒྱས་པར་ཕུལ། ནང་མཆོད་གཏོར། བསྟོད་པ་བྱ། གཏོར་མ་དགྲ་ཕྱོགས་སུ་འཕངས་ལྷ་མོ་འཁོར་བཅས་མདུན་གྱི་ནམ་མཁའ་ལ་བཞུགས་པ་དེ། རང་གནས་སུ་གཤེགས་སུ་གསོལ། བཀྲ་ཤིས་བྱ། བསྲུང་འཁོར་བསྒོམ། ལྕགས་ཕུར་དར་ནག་ལ་ལྷ་མོའི་སྐུ་བྲིས་པའམ། ཙཀླིས་དྲིལ་ཏེ་ཐོད་ནང་གི་ཐུན་ལྷག་ལ་བཙུགས། དེ་ཉིད་ཐོད་པ་དང་བཅས་པ་དར་ནག་གིས་དྲིལ་རྟེན་སྒྲོམ་ལ་སོགས་པའི་ནང་དུ་བཅུག་སྟེ། ལྷ་མོའི་ཕོ་བྲང་དུ་བསམ་ལ་སྒྲུབ་ཁང་གི་བྱང་ཤར་མཚམས་སུ་གཞུག ནུབ་རེ་བཞིན་གཏོར་མ་དང་ཕུད་ཀྱིས་མཆོད་དོ།
།བཞི་པ་རྟེན་བཅའ་བ་ནི། གཟའ་སྐར་བཟང་པོ་ལ་གྲི་ལྕགས་ལས་ཕུར་པ་སོར་བརྒྱད་པ་བྱས་ལ། མགར་བའི་ལག་ནས་མི་ལག་མི་འགྲིམ་པར་བླངས་ཏེ། དབེན་པའི་གནས་སུ་ཁྱེར་ལ། ཕུར་པ་ལྷ་མོར་བསྐྱེད། བྱང་ཤར་མཚམས་ནས་ཡེ་ཤེས་པ་བཀུག་ལ་བསྟིམ། སྐུ་གསུང་ཐུགས་བྱིན་གྱིས་རླབས། ནང་མཆོད་དང་དམར་གཏོར་བྱིན་གྱིས་རླབས་པས་མཆོད་ཅིང་བསྟོད་དོ། །སྔགས་བཟླས་པའི་མེ་ཏོག་ནག་པོ་གཏོར། སྤོས་བསྲེས་པས་བདུག་ལ། དྲག་སྔགས་ཀྱི་བདག་མོར་མངའ་གསོལ་ནས། འཁོར་བ་མ་སྟོང་གི་བར་དུ་བར་ཆད་སེལ་ཞིང་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་གསོལ་བ་གདབ། ཐང་ཀའི་རབ་གནས་ཀྱང་དེ་དང་འདྲའོ། །དེ་ནས་ལྕགས་ཕུར་དེ་ཉིད་མི་མཐོང་བར་སྒྲུབ་ཁང་གི་བྱང་ཤར་མཚམས་སུ་བཞུགས་ནས་རྒྱུན་དུ་མཆོད་པ་དང་གཏོར་མ་བྱའོ། །བླ་མ་མཻ་ཏྲི་པའི་ལུགས་ཀྱི་ལྷ་མོ་ཕྱག་གཉིས་མའི་སྲོག་སྒྲུབ་རྒྱས་པ་རྫོགས་སོ།
།སྲོག་སྒྲུབ་ཀྱི་ཡི་གེ་འདི་བླ་མ་རི་གོང་པས་མཛད་པ་ཡིན་གསུངས། འགའ་ཞིག་སྐྱེར་སྒང་པས་མཛད་ནས་ལྕགས་པོ་རིའི་བྲག་ལ་སྦས་པ་རི་གོང་པས་བཏོན་པ་ཡིན་ཟེར་བའང་ཡོད་དོ། །གཏོར་སྣོད་ཉི་མའི་དཀྱིལ་འཁོར་དུ་གྱུར་པའི་དབུས་སུ་གཏོར་མ་ར་ལས་ཁྲག་གི་རྒྱ་མཚོར་གྱུར་པའི་ནང་ན་སྙིང་སྡུག་གེ་བར་བསམ་ནས་ཕུལ་བ་ཞལ་ཤེས་ཆིག་བརྒྱུད་དུ་བྱས་ནས་ཕལ་ཆེར་ལ་མི་བསྟན་ནོ། །གུ་ཧྱ་ས་མ་ཡ།
།སྤོས་ནི། བུ་རམ། ཉུངས་ཀར། བོང་ང་། གླ་བ། གུ་གུལ། གྲི་ཤ། གྲི་ཁྲག་རྣམས་མ་ཉམས་པར་བྱ། ཨྀཐིཿ