Mgon dkar gyi rjes gnang gi phyag len nag po 'gro shes bklag chog tu bkod pa

From Shangpa Resource Center








Resource ID Gönkar18
Title mgon dkar gyi rjes gnang gi phyag len nag po 'gro shes bklag chog tu bkod pa
Topics Initiation
Sub-Topics White protector
Author Ngawang Chödrak
Link BDRC W23681 (p. 264)

༄༅། །མགོན་དཀར་གྱི་རྗེས་གནང་གི་ཕྱག་ལེན་ནག་པོ་འགྲོ་ཤེས་བཀླག་ཆོག་ཏུ་བཀོད་པ་བཞུགས།

མཆོག་ཏུ་འགྱུར་བ་མེད་པ་རྡོ་རྗེའི་སྐུ། །ལེགས་སྦྱར་འཆི་མེད་རྔ་ཆེན་ཕྱོགས་བརྒྱར་སྒྲོགས། །གང་ཐུགས་བདེ་ཆེན་འཕེལ་བའི་རྡོ་རྗེ་འཆང༌། །སྐྱབས་མཆོག་བླ་མས་བདག་ལ་བྱིན་གྱིས་རློབས།
།ཞེས་བརྗོད་ནས། རྗེ་བཙུན་བླ་མ་དམ་པའི་ཕྱག་ལེན་མཐོང་བ་བརྒྱུད་པ་བཞིན་བྲི་བར་བྱ་སྟེ། དེའང་མགོན་དཀར་ལ་གཏོར་མ་ཟན་དྲས་ཟླུམ་པོའི་སྟེང་དུ་ནོར་བུ་མིག་གསུམ་པ། དེའི་སྟེང་དུ་ཛཾ་བཤོས་ཀྱི་དབྱིབས་ལྟ་བུ་ལ། རྩེ་རྒྱན་དར་དཀར་གྱི་གུར་དང་ལྡན་པ། སྟེགས་བུ་ཇི་ལྟར་འོས་པའི་སྟེང་དུ་བཞག །དེའི་མདུན་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་བཤམ། སྤྲོ་ན་འབུལ་གཏོར་གཉིས་ཀྱང་བཤམས་ཏེ། སློབ་དཔོན་སྟན་བདེ་བ་ལ་འདུག །སྐྱབས་འགྲོ་སེམས་བསྐྱེད་སྔོན་ཏུ་བཏང་ལ། རང་གི་སྙིང་གི་དཀྱིལ་དུ་ཐིག་ལེ་དམར་པོ་རྒྱ་སྲན་ཙམ་པ། དེའི་དཀྱིལ་དུ་ཧཱུྃ་དཀར་པོ་དངུལ་ཆུ་དྭངས་པའི་མདོག་ལྟ་བུ་ཅིག་བསྒོམ། དེ་གཉིས་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་དེ་གཉིས་ལ་ཐིམ། སྙིང་གའི་ཧཱུྃ་དང་ཐིག་ལེ་རོ་གཅིག་ཏུ་འདྲེས་པ་ལས།
པདྨ་དང་ཉི་མའི་གདན་གྱི་སྟེང་དུ་རང་ཉིད་བཅོམ་ལྡན་འདས་ཡིད་བཞིན་ནོར་བུ། སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་འཛུམ་ཞིང་ཁྲོ་བའི་ཉམས་དང་ལྡན་པ། སྤྱན་གསུམ་པ། ཕྱག་དྲུག་པ། གཡས་ཀྱི་དང་པོས་གྲི་གུག་འཕྱར་བ། གཉིས་པ་ཡིད་བཞིན་གྱི་ནོར་བུ། གསུམ་པས་ཌ་མ་རུ་འཁྲོལ་བ། གཡོན་གྱི་དང་པོས་ཐོད་པ་དང་བུམ་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་བ་བརླ་གཡོན་ལ་བརྟེན་ཏེ་འཛིན་པ། བར་པས་རྩེ་གསུམ། ཐ་མས་ལྕགས་ཀྱུ་བསྣམས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། སྐུ་སྨད་ལ་རིན་པོ་ཆེའི་ཆུན་འཕྱང་སྣ་ཚོགས་ཀྱིས་མཛེས་པར་བྱས་པ། ཞབས་གཉིས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་ད་ལྟ་རང་བྱོན་པ་འདྲ་བ། འབྱོན་འཕྲོ་ལ་བཞུགས་པ་འདྲ་བའི་ཞབས་འོག་ན་ཚོགས་བདག་ལ་ཕུག་དང་ནེའུ་ལེ་བཟུང་བ་རེ་རེ་མནན་ཏེ། ཁ་དང་བཤང་ལམ་སོགས་ནས་རིན་པོ་ཆེ་ལྷུག་ལྷུག་འོང་བ། མགོན་པོའི་སྤྱི་བོར་བླ་མ་རྡོ་རྗེ་འཆང་དགོས་འདོད་ཐམས་ཅད་འབྱུང་བ། སྐུ་མདོག་དམར་པོ་གཡས་རིན་པོ་ཆེ་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་བསྒོམ། ཞལ་འཛུམ་བག་དང་ལྡན་པ། མགོན་པོའི་ཐུགས་ཀར་དབང་སྡུད་ཀྱི་མཁའ་འགྲོ་མ་དམར་པོ་ཞལ་གཅིག་ཕྱག་གཉིས་མ། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་གཡས་ལྕགས་ཀྱུ། གཡོན་ཐོད་པ་བསྣམས་པ། ཞབས་གར་སྟབས་ལིང་ངེ་བ། སྤྱན་གསུམ་ནམ་མཁའ་ལ་ཧྲིག་གེར་གཟིགས་པ། ཁམས་གསུམ་དབང་དུ་སྡུད་པ་ཅིག་ཏུ་གྱུར།
དེའི་སྙིང་གར་ཆོས་ཉིད་ཀྱི་ཐིག་ལེ་དམར་པོ་འོད་འཕྲོ་བ། དེ་ལས་འོད་ཟེར་འཕྲོས་པས། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་མགོན་པོ་མཁའ་འགྲོ་མའི་ཚོགས་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཞེས་བསྙེན་སྔགས་ཅི་ནུས་བཟླ།
དེ་ནས་མདུན་གྱི་གཏོར་མ་བསང་སྦྱངས། སྟོང་པའི་ངང་ལས་མགོན་དཀར་དུ་བསྐྱེད། ཡེ་ཤེས་པ་བསྟིམ། གུ་རུ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་སྔོན་འགྲོས་ཕྱི་མཆོད། ནང་མཆོད། དུས་གསུམ་རྒྱལ་བ་ཀུན་དངོས་པད་དཀར་ཅན། །འགྲོ་འདིའི་ཕུན་ཚོགས་རེ་བ་སྐོང་བའི་སླད། །རབ་བརྗིད་ཁྲོ་བོའི་དབང་པོར་སྤྲུལ་པ་ལ། །ཡིད་བཞིན་ནོར་བུར་མཚན་གསོལ་ཁྱོད་ཕྱག་འཚལ། །ཞེས་པས་བསྟོད། འབུལ་གཏོར་ཡང་འབྲུ་གསུམ་གྱིས་ལན་གསུམ་བྱིན་གྱིས་བརླབ། གུ་རུ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་དབུལ།
དེ་ནས་སློབ་མ་ཁྲུས་བྱས་གྲལ་ལ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་གྲུབ་རྗེས། སློབ་དཔོན་ལ་མཎྜལ་དབུལ། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །ཞེས་སོགས་ལན་གསུམ་གྱིས་གསོལ་བ་གདབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཀྱིས་རྒྱུན་བཤགས་ལན་གསུམ། སློབ་དཔོན་གྱི་སྐུ་ལས་འོད་ཟེར་འཕྲོས། སློབ་མའི་ལུས་ལ་ཕོག །སྒྲིབ་གཉིས་སྦྱངས། ལུས་འོད་ཀྱི་གོང་བུར་གྱུར། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སློབ་མ་རྣམས་བཅོམ་ལྡན་འདས་ཡིད་བཞིན་ནོར་བུ་ཞེས་པ་ནས་ཐིག་ལེ་དམར་པོ་འོད་འཕྲོ་བ་ཞེས་པའི་བར་སྔར་བཞིན་བསྐྱེད།
དེ་ནས་དངོས་གཞི་ལ། སློབ་དཔོན་དང་མདུན་གྱི་གཏོར་མ་མགོན་དཀར་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ན་བཞུགས་པའི་མགོན་པོའི་ཐུགས་ཀར་ཕོག །བླ་མ་གོང་མ་རྣམས་ཀྱི་བཀའ་དང་དམ་ཚིག་རྗེས་སུ་དྲན་པའི་དབང་གིས། མགོན་དཀར་ཡིད་བཞིན་ནོར་བུ་ནོར་ལྷའི་ཚོགས་དང་བཅས་པ་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་མདུན་གྱི་ནམ་མཁའི་གནས་འདིར་བྱོན། དེ་ལས་དེ་འདྲ་བའི་སྐུ་དཔག་ཏུ་མེད་པ་ཆད། ཁྱེད་རང་རྣམས་ཀྱི་སྐུ་ལུས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད་བྱས་ལ། རོལ་ཆེན་བྱ་ཞིང་གུ་གུལ་གྱི་དུད་པས་བདུག །གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཨཱ་ཝེ་ཤ་ཡ་ཨཿ ཞེས་ལན་གསུམ་མམ་ལྔ་བརྗོད། དེ་ནི་སྐུའི་རྗེས་སུ་གནང་བ་ཡིན། གསུང་གི་རྗེས་གནང་ཞུ་བའི་སླད་དུ་ཐུག་འདུན་དམིགས་པ་འདི་བཞིན་དུ་མཛད་པར་ཞུ། སློབ་དཔོན་ལ་མགོན་དཀར་ཡིད་བཞིན་ནོར་བུ་དངོས་ཡིན་སྙམ་པའི་གུས་འདུད་གནང་བས། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་མ་ལུས་པ་ཡི་གེ་ཨཱ་ལི་ཀཱ་ལི་དང༌། ཁྱད་པར་ཡེ་ཤེས་མགོན་པོའི་གསུང་གི་བྱིན་རླབས་ཐམས་ཅད་ཆོས་སྐྱོང་སྤྱིའི་སྔགས་ཤཱ་ས་ན་དང༌། མགོན་དཀར་འདི་ཉིད་ཀྱི་སྔགས་གུ་རུ་མ་ཧཱ་ཀཱ་ལ་སོགས་ཀྱི་སྔགས་ཕྲེང་ཁ་དོག་དཀར་པོ། རང་སྒྲ་སྒྲོགས་བཞིན་པ་བསམ་གྱིས་མི་ཁྱབ་པ་ནམ་མཁའ་ས་གཞི་བར་སྣང་གང་བ་འུར་འུར་ཐིབ་ཐིབ་བྱུང་ནས་ཁྱོད་རང་མགོན་དཀར་དུ་གསལ་བའི་མགྲིན་པ་ནས་ཐིམ། གསུང་གི་བྱིན་རླབས་མ་ལུས་པ་ཞུགས་པའི་མོས་པ་མཛོད་བྱས་ལ། རོལ་ཆེན་དང་སྤོས་དུད་བྱ། གུ་རུ་མ་ཧཱ་ཀཱ་ལ་སོགས་ཀྱི་སྔགས་སྔར་བཞིན་བརྗོད། དེ་ནི་གསུང་གི་རྗེས་སུ་གནང་བ་ཡིན། ཐུགས་ཀྱི་རྗེས་སུ་གནང་བའི་སླད་དུ་ཐུགས་འདུན་འདི་བཞིན་དུ་མཛད་པར་ཞུ། སློབ་དཔོན་ལ་གུས་འདུད་གནང་བས། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཡེ་ཤེས་ཀྱི་མགོན་པོའི་ཐུགས་ཀྱི་བྱིན་རླབས་དང་ནུས་པ་ཐམས་ཅད་རྣམ་པ་གྲི་གུག་དང༌། ཡིད་བཞིན་ནོར་བུ་དང༌། ཌ་མ་རུ་དང༌། ཐོད་པའི་ཕྲེང་བ་ལ་སོགས་པ་ཕྱག་མཚན་བསམ་གྱིས་མི་ཁྱབ་པ། ནམ་མཁའ་ས་གཞི་བར་སྣང་གང་བ་འུར་འུར་ཐིབ་ཐིབ་བྱུང་ནས་མདུན་གྱི་ནམ་མཁར་གནས་པ་ལ་སེམས་ཆེར་གྱིས་གཏད་པས། དེ་རྣམས་འོད་དང་འོད་ཟེར་གྱི་རྣམ་པར་ཞུ་ནས། ཁྱེད་རང་མགོན་དཀར་དུ་གསལ་བའི་སྙིང་གར་ཐིམ་པས། ཐུགས་ཀྱི་བྱིན་རླབས་མ་ལུས་པ་ཞུགས་པའི་མོས་པ་མཛོད་བྱས་ལ། རོལ་ཆེན་དང་སྤོས་དུད་བྱ་ཞིང༌། སྔགས་སྔར་བཞིན་བརྗོད། དེ་ནི་ཐུགས་ཀྱི་རྗེས་སུ་གནང་བ་ཡིན། ཡང་ཐུགས་འདུན་འདི་བཞིན་དུ་མཛད་པར་ཞུ། སློབ་དཔོན་མགོན་དཀར་དུ་གསལ་བ་དང༌། མདུན་བསྐྱེད་ཀྱི་མགོན་པོ་གཉིས་ཀྱི་སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བ། གསང་གནས་རྣམས་སུ་དབང་སྡུད་ཀྱི་མཁའ་འགྲོ་མ་དམར་པོ་ཞལ་གཅིག་ཕྱག་གཉིས་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གཡས་ལྕགས་ཀྱུ། གཡོན་ཐོད་པ། ཞབས་གཉིས་གར་སྟབས། སྤྱན་གསུམ་ནམ་མཁའ་ལ་ཧྲིག་གེར་གཟིགས་པ་རེ་ལམ་སྟེ་གསལ་བཏབ་པའི་མཁའ་འགྲོ་མའི་སྐུ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས། འཇིག་རྟེན་གྱི་ཁམས་ཀྱི་ཟས་ནོར་བཅུད་གཡང་ལ་སོགས་པའི་དངོས་གྲུབ་འུབ་ཀྱིས་བསྡུས་ནས། ཁྱེད་རང་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད་བྱས་ལ། རོལ་ཆེན་དང་སྤོས་དུད་བྱ། སྔགས་སྔར་བཞིན་བརྗོད། དེ་ནས་བཟླས་ལུང་གི་སླད་དུ། སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ལས། སྔགས་ཕྲེང་དང་པོ། གཉིས་པ། གསུམ་པ་རྣམས་ཆད་པས་ཁྱེད་རང་གི་ཞལ་དུ་ཞུགས། སྙིང་གའི་ཧཱུྃ་ལ་ཐིམ་པས། ཐུགས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད་བྱས་ལ། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཞེས་པའི་རྗེས་ཟློས་ལན་གསུམ་བྱ།
སློབ་དཔོན་ལ་དྲིན་ལན་གྱི་ཚུལ་དུ་ཕྱག་གིས་མེ་ཏོག་འཐོར་བ་རེ་གནང་ལ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ལན་གསུམ།
དེ་ལྟར་ཕུལ་བའི་མེ་ཏོག་དེ་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ཏེ། ཁྱེད་རང་གི་དབུའི་གཙུག་ཏུ་ཕུལ་བས་སྔགས་ཀྱི་དངོས་གྲུབ་མྱུར་དུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའི་མོས་པ་མཛོད་བྱས་ལ། སློབ་མའི་མགོ་ལ་མེ་ཏོག་འཐོར་ཞིང༌།
བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ།
།མགོན་དཀར་ཡིད་བཞིན་གྱི་ནོར་བུའི་སྐུ་གསུང་ཐུགས་གསང་སྔགས་རིག་སྔགས་ཀྱི་ནུས་མཐུ་དང་བྱིན་རླབས་ཐམས་ཅད་རིག་པ་འཛིན་པ་འདིའི་རྒྱུད་ལ་འཇུག་ཅིང་བརྟན་པར་གྱུར་ཅིག་བརྗོད། དེ་ནས་གཏོར་མ་མགོན་དཀར་དུ་གསལ་བ་སློབ་མའི་མགོ་ཐོག་ཏུ་བཞག་ལ། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ས་མ་ཡ་སྨ་ར། ས་མ་ཡ་མ་ཏི་ཀྲ་མ་ཐ། ས་མ་ཡ་རཀྵནྟུ།
རྡོ་རྗེ་འཆང༌། དཔལ་ཤ་ཝ་རིམངའ་བདག་མཻ་ཏྲི་པགྲུབ་ཐོབ་རཱ་ཧུ་ལ་གུཔྟ་བཛྲགྲུབ་ཐོབ་ཁྱུང་པོ་རྣལ་འབྱོརརྨོག་ལྕོག་པ་རིན་ཆེན་བརྩོན་འགྲུསདབོན་སྟོན་སྐྱེར་སྒང་པགཉན་སྟོན་སྦས་པའི་རྣལ་འབྱོརའགྲོ་མགོན་སངས་རྒྱས་སྟོན་པམཁས་གྲུབ་གཙང་མ་བཤང་སྟོནམུས་ཆེན་རྒྱལ་མཚན་དཔལ་བཟང༌བླ་མ་རྡོ་རྗེ་གཞོན་ནུམུས་ཆེན་ནམ་མཁའི་རྣལ་འབྱོརབྱང་སེམས་སྦྱིན་པ་བཟང་པོགྲུབ་ཐོབ་ཐང་སྟོང་རྒྱལ་པོམང་མཁར་བ་བློ་གྲོས་རྒྱལ་མཚནཔུ་ཧྲང་དཔལ་ལྡན་དར་པོཞེ་དགོན་པ་རྗེ་བསོད་ནམས་རྩེ་མོལོ་ཆེན་དམ་པ་འགྱུར་མེད་བདེ་ཆེན། རྩ་བའི་བླ་མ་རྗེ་བཙུན་ངག་དབང་ཆོས་ཀྱི་གྲགས་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། རྡོ་རྗེ་སློབ་མ་རིག་པ་འཛིན་པ་འདི་རྣམས་ལ་འགོ་ཞིང་འཆེས་པ་དང༌། བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བར་མཛད་དུ་གསོལ། འདི་རྣམས་ལ་སྒྲུབ་པ་བྱེད་པའི་དུས་སུ་འཚོ་བའི་ཡོ་བྱད་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང༌། ཚེ་དང་བསོད་ནམས་ལུང་དང་རྟོགས་པའི་ཡོན་ཏན་རྣམས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཁྱེད་རང་གི་སྤྱི་བོ་ན་བཞུགས་པའི་མགོན་དཀར་འོད་དུ་ལྟེམ་གྱིས་ཞུ། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ་པས། མགོན་པོ་ལུས་དང་གྲིབ་མ་ལྟར་དུ་འགྲོགས་ཏེ། སྲུང་སྐྱོབ་མཛད་པ་ཡིན་སྙམ་པའི་མོས་པ་གནང་བར་ཞུ། ཞེས་གཙོ་བོས་ཇི་ལྟར་དང་མཎྜལ། དེང་ནས་བརྩམས་ཏེ་རྣམས་སྤྱི་དང་འདྲ། འབུལ་གཏོར་སྟེང་དུ་འབུལ། ཡིག་བརྒྱ་ལན་གསུམ་ནོངས་པ་བཟོད་གསོལ། དགེ་རྩ་སངས་རྒྱས་ཀྱི་སར་བསྔོའོ།
།ཞེས་པ་འདི་ནི་ལོ་ཆེན་དམ་པ་འགྱུར་མེད་བདེ་ཆེན་གྱིས་ཇི་ལྟར་མཛད་པའི་ཕྱག་ལེན་རྣམས་ཡིད་ཡུལ་དུ་ངེས་པར་བྱས་པའི་ཟིན་བྲིས་ཀྱི་ཐོ་ཆུང་ལ་བརྟེན་ནས། སླར་ས་ཕོ་རྟ་ལོར་འཛད་ཆོས་སྒོ་ཐར་གླིང་གི་གཙུག་ལག་ཁང་དུ་ལོ་ཆེན་དེ་ཉིད་ཀྱི་ཞབས་པད་ཉེ་བར་བསྟེན་པ། དགེ་སློང་རྡོ་རྗེ་འཛིན་པ་ངག་དབང་ཆོས་གྲགས་ཀྱིས་ལེགས་པར་བཀོད་པའོ།།