Mgon dkar yid bzhin nor bu'i sgrub thabs dngos grub kyi rgya mtsho

From Shangpa Resource Center








Resource ID Gönkar16
Title mgon dkar yid bzhin nor bu'i sgrub thabs dngos grub kyi rgya mtsho
Alt. title myur mdzad yid bzhin nor bu bsnyen cing sgrub pa'i thabs dngos grub kun gyi rgya mtsho
Topics White protector
Sub-Topics Sadhana
Author Tsarchen Losel Gyamtso
Link BDRC W23681 (p. 250)

༄༅། །མགོན་དཀར་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་དངོས་གྲུབ་ཀྱི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།

།ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཌཱ་ཀི་ནཱི་ཡེ།
ལྷ་ཚོགས་བླ་མའི་ཐུགས་ཀྱི་བཅུད་བསྡུས་པ། །གྲུབ་ཆེན་ཁྱུང་པོའི་སྙན་བརྒྱུད་གསེར་ཆོས་མཆོག །མྱུར་མཛད་ཡིད་བཞིན་ནོར་བུ་སྒྲུབ་པའི་ཐབས། །དངོས་གྲུབ་རྒྱ་མཚོ་འདི་ནི་བདག་གིས་བྲི།
།དེ་ལ་རྟེན་གྱི་གང་ཟག་རྡོ་རྗེ་ཐེག་པའི་ལམ་ལ་མོས་ཤིང༌། ཁྱད་པར་མགོན་པོ་འདི་ཉིད་ལ་དད་པ་དང་ལྡན་པས། ཐོག་མར་རྒྱུད་སྨིན་པར་བྱ་བའི་ཕྱིར། བདེ་མཆོག་ལ་སོགས་པའི་དབང་བཞི་ཡོངས་སུ་རྫོགས་པ་དང༌། ཁྱད་པར་བླ་མ་མགོན་པོ་དབྱེར་མེད་དང༌། གཏོར་དབང་བར་ཆད་ཀུན་སེལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཞུས་ཤིང༌། དེ་རྗེས་གསོལ་བ་ལོ་ཟླའི་བར་དུ་གདབ། ཚོགས་འཁོར་རྒྱ་ཆེན་པོ་བཤམ། བླ་མ་མཉེས་པར་བྱས་ནས། འདི་རང་གི་རྗེས་གནང་ཡོངས་སུ་རྫོགས་པར་ཐོབ་པའི་རྣལ་འབྱོར་པས། གནས་གཙང་ཞིང་ཡིད་དུ་འོང་བར་རྫས་རྣམས་ཚང་བར་བཤམ། སྟན་བདེ་བ་ལ་འདུག་ནས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ། ཁྱད་པར་སེམས་ཅན་ཐམས་ཅད་དབུལ་བའི་སྡུག་བསྔལ་དང་བྲལ་ནས་སངས་རྒྱས་ཀྱི་ས་ལ་དགོད་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་ཡིད་བཞིན་ནོར་བུ་བསྒོམ་སྙམ་པ་བྱས་ལ། རང་ཐ་མལ་དུ་གནས་པའི་སྙིང་གའི་དཀྱིལ་དུ་ཐིག་ལེ་དམར་ཞིང་དྭངས་ལ་འདྲིལ་བ་རྒྱ་སྲན་ཙམ་ཞིག་བསམ། དེའི་ནང་གི་དབུས་སུ་ཧཱུྃ་དཀར་པོ་དངུལ་ཆུ་ལྟར་དྭངས་པ་ཞིག་བསམ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དབུལ་ཞིང་ཕོངས་པའི་སྡུག་བསྔལ་བསལ། ཡིད་བཞིན་ནོར་བུའི་གོ་འཕང་ལ་བཀོད། ཚུར་འདུས་དེ་གཉིས་དབྱེར་མེད་དུ་ཁྲུག་གིས་འདྲེས་པ་ཡོངས་སུ་གྱུར་པ་ལས། ཆོས་འབྱུང་གྲུ་གསུམ་ཤེལ་ལྟར་དྭངས་ཤིང་ཕྱི་ནས་མེ་རི་འབར་བ།
དེའི་ནང་དུ་པྃ་ལས་པདྨ་འདབ་མ་བརྒྱད་པའི་དབུས་སུ་བཅོམ་ལྡན་འདས་ཡིད་བཞིན་ནོར་བུ་སྐུ་མདོག་དུང་ལྟར་དཀར་ཞིང་སྨུག་རྩི་གསར་པ་བྱུགས་འདྲའི་དམར་མདངས་ཆགས་པ། ཞལ་གཅིག་ཕྱག་དྲུག་སྤྱན་གསུམ་པ་ཡིད་ཙམ་ཁྲོ་ཞིང་བཞད་པའི་ཞལ་མཆེ་བ་ཅུང་ཟད་འབུར་བ། ལི་ཁྲིའི་ལྷུན་པོ་ལྟ་བུའི་དབུ་སྐྲ་གྱེན་དུ་འཁྱིལ་བ། དཔྲལ་བར་སིནྡྷུ་རའི་ཐིག་ལེས་བྱུགས་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན། ཕྱག་དྲུག་གཡས་ཀྱི་དང་པོས་གྲི་གུག་སྔོན་པོ་ནམ་མཁར་འཕྱར་བ། གཉིས་པས་ནོར་བུ་དབང་གི་རྒྱལ་པོ་ཐུགས་ཀར་འཛིན་པ། གསུམ་པས་སེང་ལྡེང་གི་ཅང་ཏེའུ་ཁྲོ་ལོ་ལོ་འཁྲོལ་བ། གཡོན་གྱི་དང་པོས་བདུད་རྩིས་གང་བའི་ཐོད་ཆེན་གྱི་ནང་དུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་བའི་བུམ་པ་བརླ་གཡོན་པ་ལ་བརྟེན་ཏེ་འཛིན་ཅིང༌། གཉིས་པ་ན་རྩེ་གསུམ། གསུམ་པ་ན་རྡོ་རྗེ་རིན་པོ་ཆེའི་ལྕགས་ཀྱུ་འབར་བ་བསྣམས་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ། སོར་གདུབ། འོག་པགས་ཏེ་ནོར་བུའི་རྒྱན་བརྒྱད་ཀྱིས་མཛེས་པ། སྐུ་སྟོད་ལ་གླང་པོ་ཆེའི་ཀོ་བས་གཡོགས་ཤིང༌། སྐུ་སྨད་ལ་སྟག་ལྤགས་གསར་པའི་ཤམ་ཐབས་དཀྲིས་པ། རིན་པོ་ཆེའི་ཆུན་འཕྱང་སྣ་ཚོགས་ཀྱི་སྣེ་མོ་ལ་གསེར་དངུལ་གྱི་དྲིལ་བུ་གཡེར་ཁ་འཁྲོལ་བ། ལྷ་རྫས་ཀྱི་ན་བཟའ་དང་དར་སྣ་ཚོགས་ཀྱི་འཕྱང་འཕྲུལ་ཅན། ཞབས་གཉིས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཆེན་ནས་ད་ལྟ་རང་འབྱོན་ཞིང༌། འགྲོ་འཕྲོ་བཞུགས་པ་འདྲ་བའི་ཞབས་འོག་ན་དཔལ་ཚོགས་ཀྱི་བདག་པོ་གླང་པོ་ཆེའི་གདོང་པ་ཅན། ཕྱག་གཡས་སའི་སྙིང་པོ་ལོ་མ་དང་བཅས་པ་ཞལ་དུ་གསོལ་ཞིང༌། གཡོན་གྱིས་རིན་པོ་ཆེ་སྣ་ཚོགས་སྐྱུགས་པའི་ནེའུ་ལེ་བསྣམས་ནས་སྒྲུབ་པ་པོ་ལ་སྩོལ་བའི་ཚུལ་མཛད་པ། ཁ་དང་བཤང་ལམ་བ་སྤུའི་བུ་ག་ཐམས་ཅད་ནས་ནོར་བུ་ལྷུག་ལྷུག་འབྱུང་བ་རེ་རེ་མནན་ཅིང་ཡེ་ཤེས་ཀྱི་འོད་ཟེར་འབར་བའི་དབུས་ན་བཞུགས་པ་ལ་འཁོར་དབང་སྡུད་ཀྱི་ཌཱ་ཀི་དཔག་ཏུ་མེད་པ་དང༌། ནོར་བདག་གནོད་སྦྱིན་ཕོ་མོ་དཔག་ཏུ་མེད་པས་བསྐོར་བའོ།
།མགོན་པོའི་སྤྱི་བོར་བླ་མ་རྡོ་རྗེ་འཆང་སྐུ་མདོག་དམར་པོ་དགོས་འདོད་འབྱུང་བ་འཛུམ་པའི་མདངས་ཅན། གཡས་ཡིད་བཞིན་གྱི་ནོར་བུ་དང༌། གཡོན་དེའི་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་ཅིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གི་བཞུགས་པའོ། །མགོན་པོའི་ཐུགས་ཀར་དབང་སྡུད་ཀྱི་མཁའ་འགྲོ་མ་སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང་བཅུ་དྲུག་ལོན་པའི་ལང་ཚོ་ཅན། ཕྱག་གཡས་ལྕགས་ཀྱུ་དང༌། གཡོན་གྱིས་ཐོད་པ་བདུད་རྩིས་གང་བ་བསྣམས་པ། ཞབས་གར་སྟབས་ཀྱིས་འགྱིངས་ཞིང་སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་པ། ཁམས་གསུམ་དབང་དུ་སྡུད་ཅིང་སྟོང་གསུམ་གཡོ་བར་བྱེད་པ་ཅིག་བཞུགས་པར་བསམ།
དེའི་ཐུགས་ཀར་ཆོས་ཉིད་ཀྱི་ཐིག་ལེ་དམར་པོ། དེ་ལས་འོད་ཟེར་འཕྲོས་པས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། ཤིང་ཙནྡན་རྐང་གཅིག་གི་དྲུང་ནས་མྱུར་མཛད་ཡིད་བཞིན་གྱི་ནོར་བུ་ལ་སངས་རྒྱས་བྱང་སེམས་དཔའ་བོ་དཔའ་མོ་མཁའ་འགྲོ་གནོད་སྦྱིན་ནོར་ལྷ་གཏེར་བདག་གི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁའ་ན་ཚུར་ཌ་མ་རུ་དང་དྲིལ་བུ་སྒྲོགས་ཤིང་དགྱེས་པའི་གར་སྟབས་དང་བཅས་པས་བྱོན་པར་བསམ།
ཧཱུྃ། ཙནྡན་ལྗོན་ཤིང་འཁྲིགས་པའི་དུར་ཁྲོད་ནས། །དྲི་བཞོན་གྱིས་བསྐྱོད་སྤྲིན་དཀར་ཕུང་པོ་བཞིན། །ཕྱག་ན་པདྨོ་རྣམ་རོལ་བསྟན་སྲུང་མཆོག །མགོན་དཀར་འདོད་རྒུའི་ཆར་འབེབས་གནས་འདིར་གཤེགས། །ལྷ་ཆེན་བླ་མ་ཡིད་བཞིན་ནོར་བུ་ཡི། །བཀའ་སྒྲུབ་ཕྱོགས་བཅུའི་འཇིག་རྟེན་དབང་དུ་སྡུད། །རྣལ་འབྱོར་མཆོག་ལ་དངོས་གྲུབ་སྩོལ་བ་ཡི། །ནོར་བདག་ཌཱ་ཀིའི་ཚོགས་བཅས་གནས་འདིར་གཤེགས། །མགོན་པོ་འཁོར་བཅས་ཐུགས་རྗེའི་ཟློས་གར་གྱི། །རྣམ་པར་གཡོས་པས་སྲིད་ཞིའི་དཔལ་འབྱོར་ནི། །གེགས་མེད་མྱུར་སྩོལ་དབུལ་བའི་སྡུག་བསྔལ་ཀུན། །མ་ལུས་བསལ་ནས་འབྱོར་པ་རྒྱས་པར་མཛོད།
།གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཞེས་དང་ཛཿཉེར་གཅིག་བརྗོད། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཆོས་འབྱུང་དཀར་དྭངས་མེ་རི་འབར་བའི་དབུས། །པད་དཀར་གདན་དང་འོད་སྟོང་དཀྱིལ་འཁོར་སྟེང༌། །གངས་རི་ལྟར་དཀར་ཞི་ཆགས་ཕྱག་དྲུག་པ། ཁྱོད་ལ་རྣམ་དཀར་དད་པས་ཕྱག་འཚལ་ལོ།
།རྩ་སྔགས་མཇུག་ཏུ། ས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ། པཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ། རཱུ་པ། ཤབྡ། གནྡྷེ། རཱ་ས། སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ། ཕྱི་མཆོད་དང༌།
མཐེབ་སྲིན་གྱིས་ནང་མཆོད་གཏོར་ལ་བརྒྱུད་པའི་བླ་མའི་མཚན་དང༌། རྩ་སྔགས་ཀྱི་མཇུག་ཏུ་འབྲུ་གསུམ་བཏགས་ལ་ནང་མཆོད་དབུལ། བཟླས་པ་བྱེད་པར་འདོད་ན། སྙིང་གའི་ཆོས་ཉིད་ཀྱི་ཐིག་ལེ་དམར་པོའི་མཐར་རྩ་སྔགས་བྱེ་རུའི་ཕྲེང་བ་ལྟ་བུ་དམར་ཧྲམ་མེ་བ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་འཁོད་དེ། དེ་ལས་འོད་ཟེར་དམར་པོ་རྣོ་བ་ལྕགས་ཀྱུའི་རྣམ་པ་དཔག་མེད་འཕྲོས། སྲིད་ཞིའི་དགེ་ལེགས་ཐམས་ཅད་རང་དབང་མེད་པར་དབང་དུ་བསྡུས་ནས་ཐིག་ལེ་ལ་ཐིམ་པར་བསམ། ཡང་འོད་ཟེར་དམར་པོ་ཚ་ཞིང་རྣོ་བ་འཕྲོས། འཁོར་གྱི་མཁའ་འགྲོ་དང་ནོར་བདག་གནོད་སྦྱིན་རྣམས་ཀྱི་ཐུགས་ཀར་ཕོག་པས་དེ་དག་གི་རྒྱུད་རང་དབང་མེད་པར་བསྐུལ་ནས་སྲིད་གསུམ་གྱི་དངོས་གྲུབ་ཧྲིལ་གྱིས་བསྡུས་ནས་རང་ཉིད་ཀྱི་མདུན་དུ་ཟས་ནོར་ལོངས་སྤྱོད་རི་རབ་ཙམ་སྤུངས་པར་བསམ། ཁྱད་པར་དུ་རྒྱལ་པོ། ཕྱུག་པོ། དྲག་རྒུ། ཆེ་རྒུ། སྐྱེས་པ། བུད་མེད་ལ་སོགས་ཏེ་མི་ཐམས་ཅད་ཀྱི་སྙིང་ནང་དུ་འོད་ཟེར་འཕྲོས། མཁའ་འགྲོ་གནོད་སྦྱིན་རྣམས་ཀྱི་རིག་པ་དང་བཅས་པ་ཞུགས། མི་ཐམས་ཅད་ཀྱི་ཤེས་པ་རང་དབང་མེད་པར་བསྒྱུར་ཏེ་བདག་གི་དབང་དུ་འུབས་ཀྱིས་འདུས་པར་བསམ། དེ་ཡང་ཁྱད་པར་དུ་རང་གང་དབང་དུ་སྡུད་པར་འདོད་པ་དེའི་སྙིང་གི་དཀྱིལ་དུ་མི་དེའི་རྣམ་ཤེས་ནྲྀ་ལྗང་གུ་ཉ་མིག་ཙམ་ཞིག་ཡོད་པར་བསམ། དེ་མཁའ་འགྲོ་དང་གནོད་སྦྱིན་རྣམས་ཀྱི་སྙིང་གའི་འོད་ཟེར་གྱི་ལྕགས་ཀྱུས་ཙིར་གྱིས་བཟུང་ནས་བདག་གི་དབང་དུ་བྱས་པར་བསམ་མོ། །མཁའ་འགྲོ་དང་གནོད་སྦྱིན་ལ་བརྟེན་པའི་ཟབ་ཁྱད་དོ། །ཚོགས་བདག་ལ་བརྟེན་པའི་ཟབ་ཁྱད་ཡོད་དེ་དེ་ཉིད་ཀྱི་སྒོས་གྲུབ་ལས་ཤེས་པར་བྱའོ།
།དེ་ལྟའི་མཁས་རློམ་རིག་རྒྱལ་འགའ་ཞིག་གིས། །ཟབ་ཁྱད་འདི་དག་རྣ་བར་མ་ཚོར་བར། །ལོངས་སྤྱོད་འདོད་ནས་ཨུ་ཚུགས་མུན་མདའ་འཕེན། །དེ་དག་ནམ་མཁར་མཛུབ་རིས་བྲི་འདོད་མཚུངས། །དེས་ན་ཁོ་བོ་སྐལ་བ་བཟང་སྙམ་མོ།
།དེ་ལྟར་གོང་བཞིན་དམིགས་པ་གསལ་པོས། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཞེས་པའི་ཡིག་འབྲུ་བཅུ་གསུམ། གི་གུ་བཞི། ཞབས་ཀྱུ་གཉིས་ཏེ་ཁམས་གསུམ་དབང་སྡུད་ཀྱི་སྙིང་པོ་འདི་ཚིག་གཞན་གྱིས་བར་མ་ཆོད་པར་འབུམ་ཕྲག་གསུམ་ཆུ་བོའི་གཞུང་བཞིན་དུ་བཟླའོ།
།དེ་ནས་རྟགས་རབ་མངོན་སུམ། འབྲིང་ཉམས་སྣང༌། ཐ་མ་རྨི་ལམ་དུ་མགོན་པོ་དང༌། མཁའ་འགྲོ་དངོས་སུ་མཐོང་བ་དང༌། བླ་མ་དུར་ཁྲོད་ནས་འབྱོན་པ་དང༌། རིག་མ་མཚན་ལྡན་དངོས་གྲུབ་སྟེར་བ་དང༌། ཁམས་གསུམ་སེམས་ཅན་ལ་དབང་བསྐུར་བ་དང༌། ཉི་ཟླ་ཤར་བ་དང༌། གོས་དཀར་པོ་གྱོན་པ་དང༌། བུམ་པ་ཐོད་པ་ནོར་བུ་རྙེད་པ་ལ་སོགས་པའི་རྟགས་འབྱུང་ངོ༌།
།དེ་ལྟར་རྟགས་བྱུང་ན་འགྲུབ་པ་ཡིན་པས། ཚེ་རིང་ནད་མེད་ཁམས་གསུམ་དབང་དུ་འདུས། ལྷ་སྲིན་བྲན་དུ་ཁོལ། རྨི་ལམ་ཟིན། བར་དོ་མེད་པར་འཚང་རྒྱའོ།
།ཐུན་མཚམས་སུ་གཏོར་མ་འབུལ་བར་འདོད་ན་འབྲས་སམ། ནས་དཀར་རྗེན་བཏགས་ཀྱི་ཕྱེ་མར་ཞོ་དང་སྦྲུས་པའམ། ཟན་ཆུ་རྐྱང་པ་ལས་ཀྱང་རུང་ལ། དབྱིབས་དཔལ་བཤོས་ཟུར་གསུམ་པ་ཁྲུ་གང་བ་མཐའ་མར་ཟན་རིལ་མོ་སུམ་བརྩེགས་ཀྱིས་སྐོར་བ་མར་དང་བུ་རམ་སྦྲང་རྩིའི་རྒྱན་གྱིས་བརྒྱན་པའི་རྩེ་མོར་མར་གྱི་ནོར་བུ་དབང་རྒྱལ་གཟུག །ཐ་མར་མཐེབ་ཀྱུ་བརྒྱ་རྩ་བརྒྱད་བཅད་ཁམ་ནང་དུ་བསྟན་ནས་བསྐོར། མགོན་པོའི་ཙཀླི་དང༌། མདའ་བྱ་རྒོད་མ་མེས་མ་བཞུར་བ་ལ་དར་དཀར་དམར་མཐིང་གསུམ་བཏགས་པ་གཟུག །གཞན་ཡང་ཤ་ལྔ་དང༌། ཟས་སྣ་ཚོགས་ཀྱིས་སྣོད་ཁེངས་པར་བཀང་ལ་གཡས་སུ་མཁའ་འགྲོའི་གཏོར་མ། གཡོན་དུ་གཞི་བདག་གི་གཏོར་མ། རྒྱབ་ཏུ་གནོད་སྦྱིན་གྱི་གཏོར་མ། མདུན་དུ་ཉེར་སྤྱོད་དང་ནང་མཆོད་ལ་སོགས་པའི་གཏོར་མ་བཤམ། བྱིན་གྱིས་བརླབས་པ་ནི་མགོན་པོ་བཞིན་བྱའམ། བསྡུ་ན་ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད། མགོན་པོ་འཁོར་བཅས་ཀྱི་ལྗགས་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་གསོལ་བར་བསམས་ལ། རྩ་སྔགས་མཇུག་ཏུ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་ལན་ལྔ་བརྗོད།
དཔལ་ལྡན་མགོན་པོ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་སྲུངས་རྣལ་འབྱོར་གྱི། །ཚེ་སྲིངས་ལོངས་སྤྱོད་རྒྱས་པར་མཛོད། །ཁམས་གསུམ་འགྲོ་བ་དབང་དུ་སྡུས།
།ཞེས་བརྗོད། གཞན་ཡང་འདོད་དོན་ལ་གསོལ་བ་གདབ། བསྟོད་པ་བྱ། དེ་ནས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་མགོན་པོ་ལ་ཐིམ། དེ་འོད་དུ་ཞུ་མཁའ་འགྲོ་མ་ལ་ཐིམ། དེ་འོད་དུ་ཞུ་སྔགས་ཕྲེང་ལ་ཐིམ། དེ་འོད་དུ་ཞུ་ཐིག་ལེ་ལ་ཐིམ་པར་བསམ་ཞིང༌། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་ངག་གི་རླུང་རྒྱུ་བ་རང་སོར་བཞག །སེམས་ཀྱི་དུས་གསུམ་གྱི་སྤྲོས་པ་བཅད། དང་པོ་རང་གི་སེམས་ཆོས་ཉིད་ཀྱི་ཐིག་ལེ་དམར་པོ་གསལ་ཞིང་འཚེར་བར་གྱུར་པ་དེ་ལ་སེམས་གཏད་དེ་ཇི་སྙེད་ཅིག་བསྒོམ། བར་དུ་ཐིག་ལེ་དེ་ཡང་འོད་དུ་ཡལ་སོང་བའི་ངང་ནས། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དེའི་ངང་ལ་ཇི་ཙམ་གནས་ཀྱི་བར་འཇོག །མཐར། དེ་ལྟར་བཞག་པའི་ངང་ནས་རིག་པ་དེ་རིག་སྟོང༌། འགྱུ་བ་དེ་འགྱུ་སྟོང༌། གསལ་བ་དེ་གསལ་སྟོང་ཡིན་མིན་གྱི་མཐའ་དང་བྲལ་བའི་རྨི་ལམ་གྱི་སྣང་བ་སྒྱུ་མའི་རང་བཞིན་ཞེས་པ་དེ་ལ་གབ་སྟེ་ངོ་སྤྲོད་པའོ།
།ཞེས་པ་ཁྱུང་པོ་རྣལ་འབྱོར་གྱི་བཞེད་པའོ། །བླ་མ་གོང་མ་དག་འདི་ཉིད་ཡིད་བཞིན་ནོར་བུའི་རྫོགས་རིམ་དུ་བཞེད་དོ། །སླར་ཡང་ཡིད་བཞིན་ནོར་བུའི་སྐུར་གསལ་སྟོང་སྒྱུ་མ་ལྟ་བུའི་ངང་ལྷ་སྐུར་ལངས་ལ་ཉལ་འཆག་འགྲོ་འདུག་གི་སྣང་བ་ཐམས་ཅད་དེའི་ངང་ནས་བྱའོ། །མྱུར་མཛད་ཡིད་བཞིན་ནོར་བུ་བསྙེན་ཅིང་སྒྲུབ་པའི་ཐབས་དངོས་གྲུབ་ཀུན་གྱི་རྒྱ་མཚོ་ཞེས་བྱ་བ་འདི་ནི། བླ་མ་རཱ་ཧུ་ལ་གུཔྟ་བཛྲ་དང༌། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་བཞེད་སྲོལ་ལ། བླ་མའི་གསུང་ལས་བྱུང་བའི་ཞལ་ཤེས་ཀྱིས་རྣམ་པར་བརྒྱན་ནས། རྣམ་དཀར་ཡོན་ཏན་རིན་པོ་ཆེའི་ཕྲེང་བ་འཛིན་པའི་འབྲོང་རྩེ་ནས་ནང་སོའི་བཀའ་དང་དུ་བླངས་ཤིང༌། གཞན་ཡང་རང་རང་གི་སློབ་མ་འགའ་ཞིག་གིས་བསྐུལ་ངོར། དཔལ་ལྡན་མགོན་པོའི་རྣལ་འབྱོར་པ་དགེ་ཚུལ་རྡོ་རྗེ་འཛིན་པ་བློ་གསལ་རྒྱ་མཚོས་སྦྱར་བ་འདི་རྫོགས་སོ།
།དཔལ་ལྡན་བླ་མའི་མཁྱེན་རབ་ལས་བསྐྲུན་ལྷ་མཆོག་སྒྲུབ་ཐབས་དངོས་གྲུབ་ཀྱི། །ནོར་བུའི་འབྱུང་གནས་རྒྱ་མཚོ་ཆེ་འདི་འབད་པས་སུག་བྲིས་ཉིད་བྱས་ཚེ། །ཐོག་མ་བར་དུ་དགེ་བའི་ལྟས་བཟང་དངོས་གྲུབ་ནོར་བུའི་དགའ་སྟོན་ནི། །མ་ལུས་ཀུན་གྱི་འབྱུང་གནས་རྒྱ་མཚོ་ཆེན་པོ་ཉིད་དུ་གྱུར་པ་ལགས། སཱ་དྷུ་པཱ་ཤྱ་ཧོ།།