Mgon po dbang gi rgyal po'i rjes gnang gi yi ge chig brgyud ma

From Shangpa Resource Center








Resource ID SCv11p146
Title mgon po dbang gi rgyal po'i rjes gnang gi yi ge chig brgyud ma
Topics Initiation
Sub-Topics White protector
Author Mokchokpa Rinchen Tsöndrü
Link BDRC W23922

༈ མགོན་པོ་དབང་གི་རྒྱལ་པོའི་རྗེས་གནང་གི་ཡི་གེ་ཆིག་བརྒྱུད་མ་བཞུགས་སོ།།

༈ ༼ཨ༽ བྱིན་བརླབས་བྱེད་པར་འདོད་པས། མཎྜལ་གྲུ་གསུམ་མཐིང་ནག་མེ་རི་དང་བཅས་པའི་དབུས་སུ་པདྨ་འདབ་མ་བརྒྱད་པ་བྱ། དེའི་དབུས་སུ་གྲི་གུག་ནག་པོ་བྲིས། དེའི་སྟེང་དུ་མཉྫིའི་ཁར་ཐོད་པ་ཚད་ལྡན་ཆང་གིས་བཀང་བ་ལ་བདུད་རྩི་རིལ་བུ་བླུག །དེའི་སྟེང་དུ་མེ་ལོང་ལ་སིནྡྷུ་ར་བཏབ་ལ་ཆོས་འབྱུང་ཉིས་བརྩེགས་བྲིས་པའི་ལྟེ་བ་ལ་རྡོ་རྗེ་ཨཿས་མཚན་པ་བྲི། ཐ་མ་སྔགས་ཀྱིས་འཁོར་བའི་སྟེང་ནས་དར་དམར་པོའི་གདུགས་ཕུབ། གཏོར་མ་རིན་པོ་ཆེའི་སྣོད་ཁེངས་པར་བྱས་ལ། ཤ་ཁྲག་དང་སྦྲང་རྩི་བུ་རམ་ལ་སོགས་པ་ཅི་འབྱོར་པས་བརྒྱན་ནས། མདའ་བྱ་རྒོད་མ་མེས་མ་བཞུར་བ་དར་དམར་པོ་དང་མེ་ལོང་དག་གཙུགས་ལ་བཞག །མཐའ་མར་མཆོད་པ་ཅི་འབྱོར་པ་བཤམས། སློབ་དཔོན་གྱིས་བདག་བསྐྱེད་སྔགས་བཟླས། སྒྲུབ་ཐབས་བཞིན་དུ་ཐོད་པར་མདུན་བསྐྱེད་ལ་མཆོད་བསྟོད་བྱ། སློབ་མ་གཅིག་ཁྲུས་བྱས་ལ་མཎྜལ་ཕུལ། གསོལ་བ་གདབ། སྐྱབས་འགྲོ་སེམས་བསྐྱེད་བྱ། གནང་བ་བྱིན་པ། རྟོགས་པ་བསྡུ། ལམ་ཡན་ལག་ལྔ་པ། སྡོམ་པ་བཟུང་བ། གསང་སྔགས་འབྱུང་བ་དཀོན་པ་སོགས་བསྟན་པ། སློབ་མ་མགོན་པོ་བསྒོམ་དུ་གཞུག །མགོན་པོའི་སྤྱི་བོ་ནས་ཨོཾ་དཀར་པོ་ལས་མགོན་པོ་སྐུ་མདོག་དཀར་པོ་སྐུ་ཆུང་ལ་ཡན་ལག་རགས་པ་མང་པོ་ཆད་ནས་སློབ་མའི་སྤྱི་བོར་ཐིམ་པས་བུམ་པའི་དབང་ཐོབ། དེ་བཞིན་དུ་མགྲིན་པ་ནས་མགོན་པོ་དམར་པོ་དཔག་ཏུ་མེད་པ་འཕྲོས་པས་གསང་དབང་ཐོབ། ཐུགས་ཀ་ནས་མགོན་པོ་སྔོན་པོ་འཕྲོས་ཤེས་རབ་ཡེ་ཤེས། གནས་གསུམ་ནས་མགོན་པོ་དཀར་དམར་མཐིང་གསུམ་མང་པོ་འཕྲོས། དབང་བཞི་པ་ཐོབ། དེ་ནས་མགོན་པོའི་སྤྱི་བོར་བྱོན་ནས་འོད་དུ་ཞུ་བ། དབང་བཞི་ལ་སྦྱར་ཏེ་སྤྱི་བོར་ཐིམ་པས་སྨིན་མཚམས་མན་ཆད་གང་བས་བུམ་དབང་། མགྲིན་པར་བསླེབས་པས་གསང་དབང་། སྙིང་གར་བསླེབས་པས་ཤེས་རབ་ཡེ་ཤེས། རྐང་མཐིལ་མན་ཆད་གང་ནས་ཡིད་མཉམ་པར་བཞག་པས་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ངོ་སྤྲད་ལ་བསྒོམ་དུ་གཞུག །དེ་ནས་དབང་རྫས་རྣམས་རིམ་པས་བསྐུར་བར་བྱ་སྟེ། ཐོག་མར་གཏོར་མ་མགོན་པོ་བསྐྱེད་པ་དེ་སྤྱི་ཐོག་བཞག་ལ།
ཧཱུྃ། ཡེ་ཤེས་ལྷུན་པོ་མི་འགྱུར་སྐུ་ཡི་དབང་། །སྐུ་གསུང་ཐུགས་ཀྱི་དབང་ཆེན་དམ་པ་འདིས། །དམ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །རྣམ་དག་ཡེ་ཤེས་དཔལ་ལ་ལོངས་སྤྱོད་ཤོག །རྩ་སྔགས་བརྗོད།
ཐོད་པ་ལག་ཏུ་གཏད་ལ་འདི་སྐད་བརྗོད། །བདེ་གཤེགས་ཀུན་གྱི་གསུང་གི་རང་བཞིན་འདི། །དམར་པོ་དབང་གི་བདུད་རྩི་མཚན་ལྡན་པས། །དམ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །ཐོགས་མེད་ཚངས་པའི་དབྱངས་ལ་སྤྱོད་གྱུར་ཅིག །སིནྡྷུ་ར་ཡི་མེ་ལོང་ལག་ཏུ་གཏད། །དྲི་མེད་སྣང་སྟོང་མེ་ལོང་ཡེ་ཤེས་འདི། །བཟུང་འཛིན་ཀུན་བྲལ་མགོན་པོ་ཡབ་ཡུམ་ཐུགས། །དམ་ལྡན་རིགས་ཀྱི་བུ་ལ༴
ཆོས་ཉིད་ཡང་དག་དོན་ལ་སྤྱོད་གྱུར་ཅིག །དེ་ནས་རིག་པ་གཏད་མེད་པའི་ངང་ལ་དར་ཅིག་མཉམ་པར་འཇོག་ཏུ་བཅུག །ཆོས་ཉིད་མཐའ་བྲལ་སྤྲོས་པ་རབ་ཞི་བའི། །ཡེ་ཤེས་རིག་པ་ཏིང་འཛིན་ཡངས་པའི་ཀློང་། །དམ་ལྡན་རིགས་ཀྱི་བུ་ལ༴
རྣམ་ཤེས་རང་བཞིན་ཆོས་སྐུ་རྟོགས་གྱུར་ཅིག །དེ་ནས་སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱས་ལ། སློབ་མའི་སྤྱི་བོར་མེ་ཏོག་བཞག་ལ། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་བརྗོད་པས་སློབ་དཔོན་གྱིས།
བཅོམ་ལྡན་འདི་ལ་སྦྱིན་པར་བྱ། །འདི་ལ་བཅོམ་ལྡན་འགོ་བར་མཛོད། །བྱས་ལ་སྔགས་ཀྱི་རྗེས་གནང་སྦྱིན། །དེ་ནས་སློབ་དཔོན་ལ་གསེར་གྱི་མཎྜལ་ཕུལ་ཕྱག་གསུམ་བཙལ་ལ། སྐུ་དྲིན་ལེགས་ཞེས་བརྗོད། ཚོགས་ལ་རོལ། དངོས་གྲུབ་བླངས། ལྷག་གཏོར་བཏང་། བསྔོ་བ་བྱ། སྨོན་ལམ་གདབ། བཀྲ་ཤིས་བརྗོད། ལས་ཀྱི་རྗེས་མི་མངོན་པར་བྱའོ།
།ཆིག་བརྒྱུད་བཀའ་རྒྱ་མ་འདི་རིན་ཆེན་བརྩོན་གྲུས་ལ་གདམས་པའོ།། །།ཨྀཐིཿ