Mgon po mchin kha sgrub pa'i man ngag dpral ba'i sin+d+hu ra la brten nas mkha' 'gro dbang du sdud pa'i zhal gdams

From Shangpa Resource Center








Resource ID SCv11p106
Title mgon po mchin kha sgrub pa'i man ngag dpral ba'i sin+d+hu ra la brten nas mkha' 'gro dbang du sdud pa'i zhal gdams
Topics Chadrupa
Sub-Topics Chadrupa mchin kha
Link BDRC W23922

༈ མགོན་པོ་མཆིན་ཁ་སྒྲུབ་པའི་མན་ངག་དཔྲལ་བའི་སིནྡྷུ་ར་ལ་བརྟེན་ནས་མཁའ་འགྲོ་དབང་དུ་སྡུད་པའི་ཞལ་གདམས་བཞུགས་སོ།།

༈ ༼ཡ༽ ན་མོ་གུ་རུ།
།མགོན་པོའི་སིནྡྷུ་རའི། སྔགས་རྣམས་དབང་གི་མདོག་ལྡན་པས། །མགོན་པོ་དཔའ་བོ་མཁའ་འགྲོ་རྣམས། །དབང་དུ་སྡུད་པའི་གནད་མཆོག་འདི། །འདི་དང་ཕྱི་མའི་དོན་མཆོག་འགྲུབ། །གཅིག་བརྒྱུད་འདི་ནི་སྲོག་ལྟར་ཆོངས། །ཞེས་པས་མགོན་པོའི་འཁོར་ལྔ་ཕྱོགས་སྐྱོང་བཅུ། གཙང་རིགས་ཀྱི་མགོན་པོ་དང་བཅས་པའི་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་དགུག་གཞུག་བྱའོ།
།དེ་ནས་མགོན་པོའི་སྤྱི་བོར་བླ་མ་སྐུ་མདོག་མཆིན་ཁ་གཡས་ཌཱ་མ་རུ་དང་གཡོན་དྲིལ་བུ་གཡེར་ཁ་བསྣམས་པ་ཞིག་བསྐྱེད། དེའི་ཐུགས་ཀ་ནས་འོད་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའམ། དཔའ་བོ་དང་དཔའ་མོ། བརྒྱུད་པའི་བླ་མ་དང་བཅས་པ་སྐུ་མདོག་མཆིན་ཁའི་རང་བཞིན་ཅན་དཔག་ཏུ་མེད་པ་བསྟིམ། དེས་བླ་མ་འོད་ཟེར་གྱི་རང་བཞིན་ཅན་འོད་སྨུག་པོའི་ཚོགས་ཀྱིས་བསྐོར་བ་ཞལ་འཛུམ་པའི་མདངས་དང་ལྡན་པར་བསམ་མོ།
།མགོན་པོའི་དཔྲལ་བར་སིནྡྷུ་རའི་འོད་ཀྱི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་སྨུག་འོད་ཀྱི་རང་བཞིན་གྱིས་བསྐོར་བར་བསམ། ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་ཁ་དོག་མཆིན་ཁ་འོད་ཀྱི་རང་བཞིན་ཅན་གྱིས་བསྐོར་བར་བསམ་ནས། རོལ་མོ་དང་བཅས་པས་བླ་མ་ལ་གསོལ་བ་དྲག་ཏུ་གདབ། ན་མོ་བུདྡྷ་ཡའི་གསོལ་བ་ལན་གསུམ་བཏབ་པས། བླ་མ་ལས་འོད་ཟེར་མཆིན་ཁ་བྱུང་མགོན་པའི་སྐུ་མཆིན་ཁ་དམར་སྨུག་གི་འོད་དུ་ཁྱུག་གིས་གྱུར། དེས་འཁོར་རྣམས་ཀྱང་འོད་དམར་སྨུག་ཏུ་གྱུར་པ་བསམ་མོ།
།དེ་ནས་ཡང་གསོལ་བ་གདབ་པ་དང་། བླ་མ་འོད་ཀྱི་རང་བཞིན་དེས་མགོན་པོ་འོད་ཀྱི་རང་བཞིན་དུ་བསྡུས་པ་དང་། སིནྡྷུ་རའི་སྟེང་གི་ན་ར་ཀྲིཾ་ཀྲིཾ་གི་སྔགས་མྱུར་དུ་བསྐོར་བ་འཁོར་བར་བསམ། དེ་ནས་བླ་མས་ཌཱ་མ་རུ་དང་གཡེར་ཁའི་སྒྲ་སྒྲོགས་ཤིང་། ཆེམ་ཆེམ་འུར་འུར་འདུག་པ་དཔའ་བོ་མཁའ་འགྲོ་སྲིད་གསུམ་ཐམས་ཅད་དབང་དུ་བསྡུས། མགོན་པོའི་སྐུ་ལུས་དང་སིནྡྷུ་རའི་ཧྲཱིཿསྔགས་དང་བཅས་པ་ལས་འོད་ཟེར་དམར་སྨུག་འཕྲོས་ནས་ཆོས་སྐྱོང་གི་འཁོར་ཐམས་ཅད་དང་། དཔའ་བོ་དང་མཁའ་འགྲོ་ལ་སོགས་པ་ཐམས་ཅད་དང་། སྲིད་པ་གསུམ་པོ་ཐམས་ཅད་འོད་ཀྱིས་ཁྱབ་ཅིང་དབང་དུ་བསྡུས་ནས་ཁབ་ལེན་ལ་ལྕགས་ཕྱེ་འདུས་པ་བཞིན་དུ་བསམ་ལ། ན་ར་ཀྲིཾ་ཀྲིཾ་གསུམ་གཉིས། རྩ་སྔགས་སུམ་ཆ་བཟླས་པ་བྱའོ།
།མ་ཡེངས་རྩེ་གཅིག་ཕྲག་གསུམ་གྱིས། །མཁའ་འགྲོ་ཆོས་སྐྱོང་དབང་དུ་འདུ། །བརྒྱན་དང་གཏོར་མ་ཚོགས་འཁོར་གསུམ། །གཞུང་བཞིན་བཤམས་ལ་སྒྲུབ་པར་བྱ། །ཡང་ན་དགེ་སྦྱོར་སྔོན་འགྲོ་ལ། །བརྒྱ་རྩ་བརྒྱད་དུ་བཟླས་པ་བྱ། །ཞེས་མགོན་པོས་ཤ་བ་རི་པ་ལ་ལན་གསུམ་གསུངས་སོ།
།འདི་གཅིག་བརྒྱུད་ལས་མང་བ་བྱིན་ན་མཁའ་འགྲོའི་སྲོག་སྙིང་བྱིན། མནར་མེད་དུ་ལྟུང་བའི་ཉེས་པས་གོས་པར་འགྱུར་མོད། དེས་ན་འདི་དམ་པར་བྱའོ།
།ང་ཡི་སྲོག་རྩ་སྣོད་དུ་མི་རུང་བ་ལ་མ་བྱིན་ཅིག །སྣོད་ལྡན་ལའང་གཅིག་བརྒྱུད་ལས་མང་བ་མ་སྤེལ་ཅིག །ཅེས་བཀའ་རྒྱ་ལན་ཉི་ཤུ་རྩ་གཅིག་གི་བར་བཏབ་སྟེ་རྔམས་པའི་ང་རོ་འབྲུག་ལྟར་སྒྲོགས་ཤིང་མཁའ་ལ་གཤེགས་སོ།
།དཔྲལ་བའི་སིནྡྷུ་ར་ལ་བརྟེན་ནས་མཁའ་འགྲོ་དབང་དུ་སྡུད་པའི་ཞལ་གདམས་རྫོགས་སོ།། །།ས་མ་ཡཿ