Mgon po phyag drug pa'i bsnyen sgrub las gsum gyi rnam bzhag gsal bar phye ba khrigs su sdebs pa

From Shangpa Resource Center








Resource ID SCv11p295
Title ye shes mgon po phyag drug pa'i bsnyen sgrub las gsum gyi rnam gzhag gsal bar phye ba khrigs su sdeb pa mkhas grub thams cad mkhyen pa dge legs dpal bzang gis mdzad pa
Topics Chadrupa
Sub-Topics Commentary
Author Gelek Pelsang
Link BDRC W23922

༈ ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་གཞག་གསལ་བར་ཕྱེ་བ་ཁྲིགས་སུ་སྡེབ་པ་མཁས་གྲུབ་ཐམས་ཅད་མཁྱེན་པ་དགེ་ལེགས་དཔལ་བཟང་གིས་མཛད་པ་བཞུགས་སོ།།

༈ ༼འི༽ ན་མོ་མ་ཧཱ་ཀཱ་ལ་ཡ།
བླ་མ་རྡོ་རྗེ་འཆང་ཆེན་པོ་དང་དབྱེར་མ་མཆིས་པའི་མྱུར་མཛད་ཡེ་ཤེས་མགོན་པོ་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ།
།འདིར་ཡེ་ཤེས་མགོན་པོ་འདིའི་བསྙེན་སྒྲུབ་ལས་གསུམ་ལ་ཇི་ལྟ་བུར་འཇུག་ཅིང་། ཉམས་སུ་བླངས་པའི་ཚུལ་གྲངས་དང་གོ་རིམ་མ་ཉམས་ཤིང་རྣམ་པར་དག་པའི་ཆོ་གའི་རྣམ་གཞག་ཇི་ལྟར་བྱ་བའི་ཁྲིགས་སུ་སྡེབ་པར་འདི་ལྟར་རོ། །ཞེས་ཤེས་པར་བྱ་བའི་དོན་དུ་འདི་བྲི་བར་བྱའོ།
།དེ་ལ་ཐོག་མར་བརྒྱུད་པ་ཁུངས་ཀྱི་རྣམ་དབྱེ་ནི། མགོན་པོ་འདིའི་རྒྱུད་ལོ་བརྒྱད་མར་གྲགས་པ་ཞིག་ཡོད་པ་དེ་རྒྱུད་འབུམ་ཕལ་ཆེ་བ་ན་ཡོད། བླ་མ་སྔ་མ་རྣམས་ཀྱིས་བྱ་རྒྱུད་ཀྱི་པདྨའི་རིགས་ཀྱི་རྒྱུད་དུ་བྱས་ཤིང་། དེ་ཡང་འདི་གསུང་བ་པོ་རྟ་མགྲིན་དུ་འདུག་པ་དང་། དེ་པདྨའི་རིགས་ཀྱི་ལྷ་ཡིན་པས་སོ་སྙམ་དུ་བསམ་པར་སྣང་ནའང་རྒྱུ་མཚན་དུ་ནི་ཤིན་ཏུ་མ་ངེས་ལ། རྒྱུད་འདི་ལྟར་ན་རང་རྟ་མགྲིན་གྱི་ལྷའི་རྣལ་འབྱོར་ལ་གནས་ནས། མདུན་དུ་མགོན་པོ་བསྐྱེད་དེ་བསྙེན་སྒྲུབ་གཏོར་མ་ལ་སོགས་པ་བྱ་བ་དང་། ལས་མཁན་ཚོགས་ཀྱི་བདག་པོ་བཱི་ན་ཡ་ཀ་ལ་བྱ་དགོས་སོ། །རྒྱུད་འདིར་བཤད་པ་ལྟར་ན་དང་པོ་ཐ་མལ་པར་གནས་པའི་གདུག་པ་ཅན་ཞིག་རྟ་མགྲིན་གྱིས་བརྟུལ་ནས་བསྟན་པ་བསྲུང་བར་ཁས་བླངས་པར་འདུག་པས་སྤྱན་རས་གཟིགས་ཁྲོས་པ་དང་། ལྷ་བཞི་ལྷ་མོ་དང་ལྔ་པོ་དབྱེར་མེད་དུ་སྒྲུབ་པ་སོགས་མི་འཐད་སྙམ་ན། དེ་ཙམ་ཞིག་ལ་ནི་སྐྱོན་མེད་དེ། གདུལ་བྱའི་སྣང་ངོར་སྟོན་ཚུལ་ཙམ་ཡིན་པའི་ཕྱིར་རོ། །དཔེར་ན་དཔལ་གསང་བ་འདུས་པའི་རྒྱུད་ལས་རྡོ་རྗེ་འཆང་གི་དགོངས་པ་ཅན་ཚིག་གསུངས་པ་བཞིན། འཁོར་གྱི་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་རྣམས་ཀྱིས་མ་གོ་བར་བློ་བར་མི་ཚུད་དེ། འདི་ལྟ་བུའི་འཁོར་གྱི་དབུས་སུ་ཚིག་ངན་པ་འདི་ལྟ་བུ་མ་གསུངས་ཤིག །ཅེས་རྡོ་རྗེ་འཆང་ལ་ཞུས་པར་གསུངས་པ་ལྟ་བུའོ།
།འོན་ཀྱང་མཁས་པ་ཆེན་པོ་འགའ་ཞིག་ནི་འདིའི་ལེའུ་ལྔ་པ་ལས། སྭས་སྭས་སྭཱ་ཧཱ། ཞེས་བོད་སྐད་ལ་བཟོ་བྱས་པའི་སྔགས་སུ་མངོན་པས་བརྟག་པའི་ནོས་སོ། །ཞེས་གསུངས་པའང་ཡོད་དེ།
དཔལ་རྡོ་རྗེ་ནག་པོ་ཁྲོས་པའི་མགོན་པོ་གསང་བ་དངོས་གྲུབ་འབྱུང་བ་ཞེས་བྱ་བའི་རྒྱུད་ལེའུ་ཉེར་ལྔ་པ་དེར་གཙོ་བོར་མགོན་པོ་ཕྱག་བཞི་པ་སོགས་ཀྱི་རྣམ་བཞག་རྒྱས་པར་སྟོན་ཀྱང་མགོན་པོ་འདི་དང་བེང་ལ་སོགས་པའི་རྣམ་གཞག་ཀྱང་ཟུར་ཙམ་འཆད་ལ།
མགོན་པོ་འདི་ཉིད་སྟོན་པའི་ཚིག་ནི་རྒྱུད་དེ་ཉིད་ཀྱི་ལེའུ་བཞི་པ་ལས། མགོན་པོ་ཀུན་གྱི་གནད་འདི་ནི། །ཞལ་གཅིག་པ་ལ་ཕྱག་དྲུག་པ། །དང་པོ་གྲི་གུག་ཐོད་ཁྲག་འཛིན། །སྤྱན་གསུམ་མཐིང་ནག་བརྔམས་པ་ཡིས། །གཡས་གཡོན་བར་པས་འཕྲེང་བ་དང་། །ཌཱ་མ་རུ་ནི་འཛིན་ཅིང་བརྡུངས། །ཐ་མ་གཉིས་ཀྱིས་ཁ་ཊྭཾ་དང་། །སྡིགས་མཛུབ་ཞགས་པས་འཆིང་བར་མཛད། །ཀླུ་བརྒྱད་ཀྱིས་བརྒྱན་ཁྲག་འཛག་ཞལ། །ས་བོན་རང་སྔགས་ཕྲེང་བ་ཅན། །རྒྱས་བཏབ་པས་ནི་བྱིན་བརླབས་ཤིང་། །རྡོ་རྗེ་སེམས་དཔས་དབུ་བརྒྱན་པ། །ནྱ་གྲོ་དྷ་ཡི་ཤིང་ལ་བརྟེན། །བི་ནཱ་ཡ་ཀ་མནན་པར་བསམ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཤ་ཆེན་སྲེག་སྤོས་ཕུལ་ནས་ནི། །སྐྱེ་བར་གྱུར་ནས་གསང་སྔགས་བཟླས། །དེ་ལ་གཏོར་མ་དབུལ་བར་བྱ། །འཕྲིན་ལས་ཐོགས་པ་མེད་པར་འགྲུབ། ཅེས་གསལ་བར་གསུངས་ཏེ།
རྒྱུད་འདི་ནི་པཎྜི་ཏ་ཨ་བྷྱ་ཀ་རའི་ཞལ་སྔ་ནས་དང་། ལོ་ཙཱ་བ་ཁྱིའུ་གད་པ་འཁོར་ལོ་གྲགས་ཀྱིས་བསྒྱུར་བ་ལས། སླར་ཡང་རྩ་མི་སངས་རྒྱས་གྲགས་དང་ལོ་ཙཱ་བ་ཀྲེའོ་ཤེས་རབ་དཔལ་གྱིས་བསྒྱུར་བ་ཡིན་ལ། ཕྱག་མཚན་གོང་འོག་ཅུང་ཟད་ཚུལ་མི་འདྲ་བ་གཅིག་སྣང་ངོ་།
།དཔལ་ནག་པོ་ཆེན་པོའི་རྒྱུད་ལེའུ་ལྔ་བཅུ་པ་ལ་སྤྱིར་མགོན་པོའི་རིགས་མི་འདྲ་བ་དུ་མ་དང་། མགོན་པོ་འདི་ཉིད་ཞལ་གསུམ་ཕྱག་དྲུག་པ་གཅིག་གསུངས་ཤིང་། འོན་ཀྱང་ལོ་རྒྱུས་རྒྱས་པ་ནི་ཁྱུང་པོ་ལ་མཻ་ཏྲཱི་པས། ཀོ་ས་ལ་བིཀྵའི་དུར་ཁྲོད་དུ་གསུངས་པའི་མཻ་ཏྲཱི་པའི་གསུང་ངག་མགོན་པོར་ཐུགས་བསྐྱེད་ཚུལ་ཉིད་ཤིན་ཏུ་ཡིད་ཆེས་ཀྱིས་གནང་བ་ཡིན་ནོ། །ཞེས་བླ་མ་དམ་པ་དག་མཐུན་པར་གསུངས་སོ།
།དེ་ལ་སྤྱིར་མགོན་པོ་འདི་རྒྱ་གར་ནས་ལོ་ཙྪ་བས་ཞུས་པ་ལ། གྱི་ཇོ་ཟླ་བའི་འོད་ཟེར་གྱིས་རྒྱ་གར་དུ་ཞུས་ནས་ཁྱེར་བྱོན་པ་ལ་སོགས་པའི་ལུགས་གཞན་ཡང་སྣང་མེད་ཀྱང་། ད་ལྟ་དེ་དག་ནས་བརྒྱུད་པ་སོགས་བྱེད་པ་ཆེར་མི་སྣང་ཞིང་། ཤངས་པ་ནས་བརྒྱུད་པ་འདི་ཉིད་མཆོག་ཏུ་གནང་བས། འདིར་ཡང་འདིའི་དབང་དུ་བྱས་སོ། །དེ་ཡང་ད་ལྟ་བླ་མ་བརྒྱུད་རིམ་ལ། མཻ་ཏྲཱི་པརཱ་ཧུ་ལ། ཞེས་འབྱུང་བ་ནི་ཁྱུང་པོས་མགོན་པོའི་སྐོར་མཻ་ཏྲཱི་པ་ལས་གསན་པ་མང་པོ་ཞིག །ཕྱིས་རཱ་ཧུ་ལ་ལས་གསན་ཞིང་། གཞན་མང་པོ་ཞིག་ཐོག་མར་མཻ་ཏྲཱི་པ་ལས་གསན་པས། ཁྱུང་པོས་འདི་ཡི་ཆོས་སྐོར་རྫོགས་པར་གསན་པའི་བརྒྱུད་པ་བླ་མ་དེ་གཉིས་ཀ་ཚང་དགོས་པའི་རྒྱུ་མཚན་གྱིས་གཉིས་ཀ་སྨོས་པ་ཡིན་གྱི། རཱ་ཧུ་ལམཻ་ཏྲཱི་པའི་སློབ་མར་འོང་དོན་མེད་ལ། བླ་མ་ཁྱུང་པོ་རང་གི་གསུང་གི་ཡིག་ཆུང་རྙིང་པ་དག་ཏུ་བླ་མ་གཉིས་ཀྱིས་བཞེད་པ་ལྟར་ཞེས་འབྱུང་བའི་རྒྱུ་མཚན་ཡིན་ནོ། དེ་ཡང་ཁྱུང་པོས་མཻ་ཏྲཱི་པ་ལ་རྒྱ་གར་དུ་གསན་ལ། རཱ་ཧུ་ལ་ལ་བོད་དུ་བྱོན་ནས་ཁྱུང་པོས་འཕན་ཡུལ་འཇོག་པོའི་རི་ལ་སྒྲུབ་པ་མཛད་པའི་ཚེ་གནང་ཞིང་། བོད་དུ་ཟླ་བ་དྲུག་ཏུ་བཞུགས་སོ་ཞེས་གྲགས་ཏེ། རཱ་ཧུ་ལ་ནི་ཇོ་བོ་རྗེའི་ཡང་བླ་མ་རི་ནག་པོའི་གཙུག་ལག་ཁང་ན་ཚེའི་རིག་འཛིན་བརྙེས་ནས། ད་ལྟ་ཡང་བཞུགས་པ་དེ་ཉིད་དོ། །དེས་ན་མགོན་པོ་འདི་ལ་གྲུབ་ཆེན་ས་ར་ཧའི་ལུགས། གྲུབ་ཆེན་ཤ་བ་རི་པའི་ལུགས། གྲུབ་ཆེན་རཱ་ཧུ་ལའི་ལུགས་གསུམ་ཡོད་པ་ལས། ས་ར་ཧ་དང་ཤ་བ་རི་པའི་ལུགས་གཉིས་ཀ་མཻ་ཏྲཱི་པ་ལས་གསན། དེ་ལ་ས་ར་ཧ་པའི་ལུགས་ནི་ཞལ་གསུམ་ཕྱག་དྲུག་པ་ལ་མཁའ་འགྲོ་མ་བཞིས་བསྐོར་བའི་སྒྲུབ་ཐབས་གྲུབ་ཆེན་ས་ར་ཧ་པ་ཉིད་ཀྱིས་མཛད་པའི་རྒྱ་གཞུང་རྣམ་གཞག་རྒྱ་གར་གྱི་བླ་མ་ཨ་ཐ་ཡ་བཛྲ་དང་། ཤངས་པ་ལོ་ཙྪ་བ་ཚུལ་ཁྲིམས་མགོན་པོ་གཉིས་ཀྱིས་རྒྱ་དཔེ་ལས་བསྒྱུར་བ་དང་ད་ལྟ་ཡོད་པ་འདི་ལྟར་ཡིན་ལ། སྤྱིར་མགོན་པོ་འདི་ཉིད་ཞལ་གསུམ་ཕྱག་དྲུག་པ་ལ་རིགས་མི་འདྲ་བ་གཉིས་གསུམ་ཡོད་དེ་ཤིན་ཏུ་དྲག་པོར་སྒྲུབ་པའི་དབང་དུ་བྱས་པའོ། །ཤ་བ་རི་པས་མཛད་པའི་བྱིན་རླབས་མགོན་པོ་ཞལ་གཅིག་ཕྱག་དྲུག་པའི་སྒྲུབ་ཐབས་རྒྱ་གཞུང་འདི་ནི་ཤིན་ཏུ་རྣམ་པར་དག་པ་ཡིན་ལ། འདི་ལ་ལོ་ཙྪ་བ་གླན་དར་མ་ཚུལ་ཁྲིམས་ཀྱིས་རྒྱ་དཔེ་ལས་བསྒྱུར་བ་དང་། ཁྱུང་པོས་མཻ་ཏྲཱི་པ་ལས་གསན་ནས་བསྣམས་བྱོན་པ་གཉིས་ལ་ཚིག་གཅིག་ཡང་ཁྱད་པར་མེད་པར་མཐུན་པར་ཡོད། དེས་ན་གྲུབ་ཆེན་གྱི་གཞུང་རྣམ་དག་ནི་རྒྱུད་དང་ཡིད་ཆེས་པའི་གནས་སུ་ཁྱད་པར་མེད་དེ། རཱ་ཧུ་ལའི་ལུང་ལ་བླ་མ་ཨ་ཐ་ཡ་བཛྲས་མཛད་པའི་ལྷ་བཞི་དྲིལ་སྒྲུབ་ཀྱི་རྒྱ་གཞུང་སོགས་དང་། རཱ་ཧུ་ལའི་གསུང་ངག་བླ་མ་ཁྱུང་པོ་ལས་བརྒྱུད་པའི་ཡིག་ཆུང་རྙིང་པ་དང་། ཁྱུང་པོ་རང་ཉིད་ཀྱིས་མཛད་པའི་མགོན་པོ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་ལ་སོགས་པ་འགའ་རེ་མ་གཏོགས་རཱ་ཧུ་ལ་རང་གིས་མཛད་པའི་རྒྱ་གཞུང་རྣམ་དག་ཐེ་ཚོམ་མི་ཟ་བ་མེད་དོ། །མགོན་པོ་ཞལ་གཅིག་ཕྱག་དྲུག་པ་མཐིང་ནག་ཡུམ་སྔོན་མོས་འཁྱུད་པའི་སྒྲུབ་ཐབསརཱ་ཧུ་ལས་མཛད་པར་བྱས་པ་དང་། མགོན་པོ་ལྗང་ནག་གི་སྒྲུབ་ཐབས་རཱ་ཧུ་ལས་མཛད་པར་བྱས་པ་དང་། མགོན་པོ་དབང་གི་རྒྱལ་པོའི་སྒྲུབ་ཐབས་རཱ་ཧུ་ལས་མཛད་པར་བྱས་པ་དང་། ཤ་བ་རི་པའི་མགོན་པོ་གསང་སྒྲུབ་ཅེས་ཐ་སྙད་བྱས་པ། མགོན་པོ་མཐིང་ནག་ཞལ་གཅིག་ཕྱག་དྲུག་ཡུམ་དམར་མོས་འཁྱུད་པའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཤ་བ་རི་པས་མཛད་པར་བྱས་པ་ལ་སོགས་པ་རྒྱ་གཞུང་གི་ཐ་སྙད་བྱས་པ་ཤིན་ཏུ་མང་བར་ཡོད་ནའང་། ཕལ་ཆེ་བ་དག་བླ་མ་རཱ་ཧུ་ལ་དང་མཻ་ཏྲི་པ་ལས་གསན་པའི་ཁྱུང་པོའི་གསུང་སྒྲོས་ཀྱི་ཡིག་ཆུང་གི་གཞི་རེ་ལ་བར་སྐབས་སུ་ཤིན་ཏུ་མི་མཁས་པ་རེས། མགོར་རྒྱ་སྐད་རེ་བཅུག་ནས་བོད་ཚིག་ཤིན་ཏུ་མི་ལེགས་པ་རེའི་མཇུག་ཏུ་གྲུབ་ཆེན་དེ་དག་གིས་མཛད་པའོ། །ཟེར་བ་དང་། གསེར་སྲང་ལྔ་བརྒྱ་ལ་སོགས་པ་ཕུལ་བའི་ལོ་རྒྱུས་སོགས་མང་པོ་རེ་བཅུག་པ་ཤས་ཆེ་བར་སྣང་ཞིང་། རྒྱ་གཞུང་ཡིན་ཟེར་བ་འགའ་ཞིག་གི་ནང་དུ་གུར་མགོན་གྱི་ཆོ་གའི་ཡན་ལག་འགྲོ་མགོན་འཕགས་པས་མཛད་པ་འགའ་ཞིག་གིས་ཚིག་སོར་བཞག་བྲིས་པ་དང་། དབང་ཆོག་རྒྱ་གཞུང་ཡིན་ཟེར་བ་འགའ་ཞིག་ལ་དབང་བསྐུར་གྱི་སྐད་དོད་རྫོགས་པའང་མ་ཤེས་ཤིང་། ཆོ་གའི་སྐད་དོད་ཀ་པཱ་ལ་ཟེར་བ་ཡིན་པ་ལ། རྒྱ་གར་སྐད་དུ། བཛྲ་མ་ཧཱ་ཀཱ་ལ་ཡེ་ཨ་བྷི་དྷི་ན་མ། ཞེས་འབྲེལ་མེད་བྲིས་པ་དང་། གཞན་ཡང་དབང་བཞི་པའི་རྣམ་གཞག་སོགས་ལ་ཐམས་ཅད་ཀྱི་གཞི་ཤིན་ཏུ་ཆེ་བ་མངོན་པར་ཤོག །མགོན་པོ་རྒྱན་ཅན་ཞེས་པའི་ཐ་སྙད་གཅིག་ཡོད་པ་དེ་ལ། བདག་གི་རྗེ་བཙུན་ནམ་མཁའི་རྣལ་འབྱོར་པའི་ཞལ་ནས་མགོན་པོ་ཞལ་གཅིག་ཕྱག་དྲུག་པ་ནག་པོ་འདི་ཡུམ་ཡོད་པ་དང་མེད་པ་ལ་རྒྱན་ཅན་དང་རྒྱན་མེད་ཅེས་ཟེར། དེ་ལས་གཞན་པའི་རྒྱན་ཅན་མགོན་པོ་ཤངས་པའི་ལུགས་ལ་མེད། ཅེས་གསུངས་། བདག་གིས་རི་གོང་པའི་ལུགས་ཕྱིས་ཀྱི་མགོན་པོ་སྟོད་ལུགས་གཞན་དང་མ་འདྲེས་པ། སྨད་ལུགས་གཉིས་ལ་སོགས་པ་རྫོགས་པར་ཐོབ་པའི་ནང་ནའང་མི་སྣང་ངོ་། །ཕྱིས་ཀྱི་སྟོད་ལུགས་པ་མང་པོ་ནི་རྒྱན་ཅན་མགོན་པོ་ཞེས་པ་མགོན་པོ་ཞལ་བཅུ་གཅིག་པ་ཕྱག་སྟོང་སྤྱན་སྟོང་ཡུམ་ཅན་ལ་འདོད་ཅིང་། དེ་གཉིས་ལུགས་འདི་ཡི་ཟབ་གནད་མཐར་ཐུག་པར་འདོད་ཅིང་ཁོ་བོས་ལུགས་དེ་ཉིད་ཀྱང་ལེགས་པར་ཐོབ་པར་བྱས་སོ། །འོན་ཀྱང་བླ་མ་རཱ་ཧུ་ལའི་ཞལ་སྔ་ནས་ཁྱུང་པོས་བསྒྱུར་བ་ཡིན་ཞེས་པའི་ཁ་བྱང་བཏགས་པའི་རྒྱ་གཞུང་གི་ཐ་སྙད་བྱས་པ་འགའ་ཞིག་ཤིན་ཏུ་རྫུན་མ་ཆེན་པོར་སྣང་སྟེ། དེ་དག་ནི་རྙིང་མ་བའི་དུར་ཁྲོད་གསང་བ་མཆོག་གི་རྒྱུད་ཅེས་བྱ་བ་ལ་གཞི་བྱས། གསང་སྔགས་གསར་རྙིང་། རྒྱུད་སྡེ་གོང་འོག །ཕྱག་ཆེན་རྫོགས་ཆེན། ཨུཥྞིཥ་ར་ལུང་དང་གཉལ་ལོ་ལུགས་དང་། ཨོ་རྒྱན་གུ་རུའི་གཏེར་ཆོས་སུ་གྲགས་པ་སོགས་དུ་མ་ཞིག་བསྲེས་པའི་ནང་དུ་བླུན་པོའི་རང་བཟོ་དུ་མ་ཞིག་བཅུག་ནས། བོད་སྒོམ་ཤིན་ཏུ་མི་མཁས་པའི་ཚིག་སྦྱོར་ཉོག་རིག་མ་ལེགས་ལ་ནོར་བ་ཁམ་ཆེ་བ་ཤ་སྟག་རྒྱུད་མར་བྲིས་ནས་གྲུབ་ཆེན་གྱིས་མཛད་པའི་རྒྱ་གཞུང་ཡིན་ནོ། །ཞེས་སྙིང་ཁམས་བསྐྱེད་དེ་སྨྲ་བར་སྣང་བའི་ཕྱིར་རོ། །དེ་ཡང་རྒྱ་གཞུང་ཡིན་ཟེར་བ་དེ་དག་གི་ནང་ནས། ཐོག་མར་གཏོར་མ་གཅིག་བཤམས་པ་བྱིན་གྱིས་བརླབས་ནས། བླ་མ་དཀོན་མཆོག །མཁའ་འགྲོ་ཆོས་སྐྱོང་། ཡེ་ཤེས་སྤྱན་ལྡན་རྣམས་ལ་འབུལ། དེ་ནས་གཏོར་མ་དེ་གསོས་བྲན་བརླབས་གསུམ་བྱས་ནས་རྒྱན་ཅན་མགོན་པོའི་ལྷ་ཚོགས་ལ་འབུལ། ཡང་གཏོར་མ་དེ་གཉིས་ཀ་གྲལ་ཕྱིར་བསྒྱུར་ནས་གསོས་བྲན་བརླབས་གསུམ་བྱས་ཏེ་གཞི་བདག་ལ་བྱིན། ཡང་གཏོར་མ་དེ་ཉིད་གྲལ་ཕྱིར་བསྒྱུར་ཏེ་གསོས་བྲན་བརླབས་གསུམ་བྱས་ནས་ཕ་མ་རིགས་དྲུག་ལ་བྱིན། ཡང་གཏོར་མ་དེ་ཉིད་གྲལ་ཕྱིར་བསྒྱུར་ཏེ་གསོས་བྲན་བརླབས་གསུམ་བྱས་ནས་གནོད་སྦྱིན་གདོན་བགེགས་ལ་བྱིན་བགེགས་གཏོར་སྐྱེལ་བ་ལྟར་བྱེད་པར་བཤད་པ་ནི་བླུན་པོའི་ལག་ལེན་དུ་ཤེས་རིག་དང་ལྡན་པ་སུ་ཞིག་གིས་མི་ཤེས། གཞལ་ཡས་ཁང་བསྒོམས་པ་ན། སྔོན་དུ་སྭ་བྷཱ་ཝའི་སྔགས་ཀྱིས་ཡུལ་སྟོང་པར་བསྒོམས། དེ་ནས་ཤཱུ་ནྱ་ཏཱའི་སྔགས་ཀྱིས་ཡུལ་ཅན་སྟོང་པར་བསྒོམས་ཞེས་པ་ཡང་། སརྦ་དྷརྨཿཞེས་པ་ཆོས་ཐམས་ཅད་ཅེས་པར་མ་གོ་བའོ།
།དེ་ནས་གཞལ་ཡས་ཁང་གི་འོག་གི་འབྱུང་བ་རིམ་བརྩེགས་བསྐྱེད་པ་ན་ཆུ་ཡི་དཀྱིལ་འཁོར་ཁྲག་མཚོ་གྲུ་གསུམ་རཾ་ཡིག་ལས་བསྐྱེད་ཅིང་དེས་མཚན་པ་དང་། ས་ཡི་དཀྱིལ་འཁོར་སྨུག་ནག་ཟླུམ་པོ་བམ་ལས་བསྐྱེད་ཅིང་དེས་མཚན་པ་ནི་རྒྱུད་སྡེ་མཐའ་དག་དང་རྒྱབ་འགལ་ལོ། །དེ་ནས་བོད་ཀྱི་རྙིང་མ་བ་འགའ་ཞིག་འདོད་པ་ལྟར་ཆོས་འབྱུང་དམར་ནག་གྲུ་གསུམ་གྱི་ནང་དུ་གཞལ་ཡས་ཁང་བསྐྱེད་པ་ལ་དབུས་སུ་གྲུ་གསུམ་མཐིང་ནག་ཟླ་གམ་གྲུ་གསུམ་དང་བཅས་པ་ཞེས་པ་ན་རྙིང་མ་བ་མང་པོ་ཞིག་གིས་བྲིས་པའི་ཆོས་འབྱུང་གི་ཟུར་གསུམ་པོ་ཟླུམ་སྐོར་རེག་པའི་ཁར་ཆོས་འབྱུང་གི་ལོགས་གསུམ་དུ་ཟླ་གམ་གྱི་རྣམ་པ་གསུམ་ཡོང་བ་དེ། སྒོམ་དོན་དུ་ཆོས་འབྱུང་གྱེན་དུ་བླང་བ་ནི་རྩེ་མོ་ཕྲ་བ་ཐུར་དུ་ཟུག་ཅིང་གདེངས་ཀ་ཆེ་བ་གྱེན་དུ་བསྟན་པས་ཆོས་འབྱུང་གི་ཟུར་གསུམ་ཕྱིའི་ཟླུམ་སྐོར་ལ་རེག་རྒྱུ་མེད་པའི་དོན་སྤྱི་གང་ཡང་མ་ཤར་བར། སྒོམ་དོན་ལ་ཡང་བྲིས་པ་ལྟར་འོང་བར་འཁྲུལ་ནས་སྒོམ་དོན་ངག་ཏུ་བརྗོད་པའི་ཚེ་ཡང་ཟླ་གམ་གསུམ་དང་བཅས་པ་ཟེར་བ་དེ་ཉིད་ཤོར་བའོ། །དེའི་ཕྱི་རོལ་ཏུ་ཐོད་སྐམ་ལྟག་སྤྲོད་ཀྱི་རྩིག་པ་ལ་ཀ་ཁ་སོགས་གསལ་བྱེད་ཀྱི་ཡི་གེ་ལས་གྲུབ་པའི་བྱང་སེམས་དཀར་པོས་རྩིག་འདམ་བྱས་པའི་སྐུ་མཁར་ཟླུམ་པོ་དང་། དེའི་ཕྱི་རོལ་དུ་ཐོད་རློན་ལྷག་སྤྲོད་ཀྱི་རྩིག་པ་ལ་བར་རྣམས་དབྱངས་ཡིག་ལས་གྲུབ་པའི་བྱང་སེམས་དམར་པོའི་རྩིག་འདམ་གྱིས་བསྡམས་པའི་སྐུ་མཁར་གྲུ་བཞི་པ་ཞེས་པ་ནི་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་གི་སྒོམ་དོན་འཆད་ན། རྩིག་རྡོ་དང་རྩིག་འདམ་སོགས་ཀྱི་རྣམ་གཞག་བླུན་པོ་མིན་པ་སུ་ཞིག་བྱེད། བྱང་སེམས་དཀར་པོ་གསལ་བྱེད་དང་། དམར་པོ་དབྱངས་ཡིག་ལས་གྲུབ་པར་སྨྲ་བ་ནི། བྱང་སེམས་དཀར་པོ་ཨཱ་ལི་དང་ཟླ་བའི་ཆ་དང་། དམར་པོ་ཀཱ་ལི་དང་ཉི་མའི་ཆ་ལ་སོགས་པར་རྒྱ་བོད་ཀྱི་སྔགས་པ་མཁས་པ་མཐའ་དག་ལ་རླུང་ལྟར་གྲགས་པའི་ཐ་སྙད་ཙམ་ཡང་རྣ་བར་མ་ཚོར་ཞིང་། ཐབས་ཤེས་ཀྱི་དོན་གང་ཡང་མ་གོ་བའི་འཆལ་གཏམ་ཡིན་ལ། གཞལ་ཡས་ཁང་ལ་སྐུ་མཁར་ཞེས་པ་ནི་བོན་པོའི་ཐ་སྙད་ཡིན་ཅིང་། གཞལ་ཡས་ཁང་ཕྱི་མ་དེ་ཉིད་ཤ་ས་ནའི་སྔགས་ཀྱི་མཇུག་སྤེལ་ཚིག་དང་བཅས་པ་ལས་གྲུབ་པར་འཆད་པ་ན། སྐྱེ་བཞི་དགུ་མིག་བདུན་ཟུར་ཞེས་པ་ནི་ནག་རྩིས་པ་ཁོ་ནའི་ཐུན་མོང་མིན་པའི་བརྡའ་ཆད་ཡིན་འཕྱ་མོད། མི་ཁ་འགྲམ་ཆུ་ཞེས་སོགས་དུ་མ་ཞིག་ནི་བོད་ཀྱི་སྐྱེ་བ་མི་ནག་པའི་ཐ་སྙད་རང་ག་བ་འགའ་ཞིག་བྲིས་ནས། རྒྱ་གར་གྱི་གྲུབ་ཆེན་གྱི་གཞུང་ཡིན་ཟེར་བར་སྣང་ལ། སྲིན་པོའི་རོ་རེངས་ཀྱི་རེ་བཞི་དང་ཞིང་ཆེན་གྱི་ཀོ་ལེབ་བྱས་པ་ལ་སོགས་པ་ནི་བླུན་བཟོ་ཡིན་པར་ཤིན་ཏུ་གོ་སླ་ཞིང་། གཞལ་ཡས་ཁང་གི་མཐའ་ནས་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་རྣམ་གཞག་ལ་དུར་ཁྲོད་ཀྱི་གཞི་ཕྱོགས་མདོག་ཏུ་བྱས་ཤིང་། དེ་ཡང་ཕྱོགས་གཡས་བསྐོར་དང་། མཚམས་གཡོན་སྐོར་དུ་བསྒོམས་ནས། ཤར་གྱི་དུར་ཁྲོད་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། བྱང་ཤར་དམར། བྱང་ནུབ་སེར། ལྷོ་ནུབ་དཀར། ལྷོ་ཤར་ལྗང་། ཞེས་བྱ་བ་ནི། དུར་ཁྲོད་བརྒྱད་ཀྱི་ས་གཞི་ཕྱོགས་མདོག་མི་འདྲ་བ་གང་ནས་ཀྱང་མ་བཤད་ཅིང་། བདེ་མཆོག་ནས་བསྒོམས་པའི་རིམ་པ་ལ་གཞལ་ཡས་ཁང་གི་ནང་གི་ལྷ་ལ་སོགས་པ་ཕྱོགས་གཡོན་སྐོར་དང་མཚམས་གཡས་སྐོར་དུ་བཤད་ཅིང་། དུར་ཁྲོད་ཐམས་ཅད་ཤར་ནས་བརྩམས་ཏེ་གཡོན་སྐོར་གྱི་རིམ་པས་བསྒོམ་པ་དང་། དུས་འཁོར་དུ་ཤར་ལྷོ་བྱང་ནུབ་ཀྱི་རིམ་པས་བསྒོམ་པར་བཤད་པ་སོགས་ཡོད་ཀྱི། ཕྱོགས་གཡས་སྐོར་དང་མཚམས་གཡོན་སྐོར་བྱེད་པ་གང་ནས་ཀྱང་མ་བཤད་ལ། མཚམས་ཀྱི་ཁ་དོག་དེ་འདྲ་བ་གང་དང་ཡང་མི་མཐུན་ཞིང་། སྤྲིན་བརྒྱད་ཨཱ་ལི་ཀཱ་ལི་ཡི་གེ་ལ་བསྐྱེད་པའང་ཀུན་དང་མི་མཐུན་པའི་བླུན་བཟོ་ཆེན་པོ་ཡིན་ལ། དུར་ཁྲོད་བརྒྱད་ན་གྲུབ་ཆེན་བརྒྱད་གནས་པའི་ཡ་གྱལ་ལ་མཻ་ཏྲཱི་པ་དང་ཨ་ཐ་ཡ་བཛྲ་ལ་སོགས་པ་སོ་སོ་སྐྱེ་བོའི་རྣལ་འབྱོར་པ་བགྲངས་བ་དང་། བླ་མ་རཱ་ཧུ་ལས་མཛད་པའི་རྒྱ་གཞུང་དུ་གྲུབ་ཆེན་བརྒྱད་ཀྱི་ཡ་གྱལ་བླ་མ་རཱ་ཧུ་ལ་རང་ཉིད་དང་ནཱ་རོ་པའི་སློབ་མ་མཻ་ཏྲཱི་པ་གཉིས་བགྲང་བར་བྱས་པ་དང་། དུར་ཁྲོད་བརྒྱད་པོ་དེ་ན་མཚན་ཉིད་པ་རིག་ལུགས་དང་བགྲོ་གླེང་དང་། ཆོས་འཆད་ཉན་དང་དེས་འཛིན། བཤར་བྱང་སོགས་བྱེད་པ་ཁྲི་འབུམ་བྱེ་བ་ཕྲག་གི་དང་། སྒོམ་ཆེན་བསམ་གཏན་དང་རང་རིག་འོད་གསལ་ཕྱག་རྒྱ་ཆེན་པོ་བསྒོམ་པ་དེ་ཉིད། སྔགས་པ་སྔགས་ཀྱི་བཟླས་བརྗོད་དང་གཏོར་མ་སོགས་བྱེད་པ་དེ་སྙེད་ཡོད་ཅེས། དུར་ཁྲོད་བརྒྱད་པོ་དེ་བོད་ཀྱི་སྡེ་དགོན་ལྟ་བུ་གཅིག་གི་དོན་སྤྱི་ཤར་འདུག་པས་འདི་འདྲའང་ཡིད་ཆེས་ཀྱི་གནས་ཡིན་ན། ཡིད་ཆེས་ཀྱི་གནས་མ་ཡིན་པ་གང་ཞིག་བྱར་ཡོད། མཻ་ཏྲཱི་པ་ནི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཡིན་མོད་ཀྱང་། མཆོག་གི་དངོས་གྲུབ་བརྙེས་ན་སྐུ་ཚེ་དེ་ལ་འཚང་རྒྱ་བས་ཁྱབ་པ་ཡིན་ཞིང་། མཻ་ཏྲཱི་པ་ལ་སྐུ་ཚེའི་འདུ་བྱེད་བཏང་དགོས་པ་བྱུང་བར་བཤད། སྤྱིར་རང་མགོན་པོའི་གཞལ་ཡས་ཁང་དུར་ཁྲོད་དང་བཅས་པ་གྲུབ་པ་དང་། ཁྱེད་ཀྱིས་འདོད་པའི་གྲུབ་ཆེན་དེ་དག་གི་གྲུབ་པ་ཐོབ་པ་ལ་དུས་སྔ་ཕྱི་ཡོད་དམ་མེད་ཅེས་དྲིས་ན་ཅི་ཟེར་བསམ་དགོས་པ་ཡིན། གཞན་ཡང་དུར་ཁྲོད་བརྒྱད་ཀྱི་མཆོད་རྟེན་བརྒྱད་མྱང་འདས་མཆོད་རྟེན་ལ་སོགས་པ་བརྒྱད་ལ་བྱས་པས་ལུགས་འདི་ལྟར་ན་སངས་རྒྱས་མྱ་ངན་ལས་འདས་པའི་ཚུལ་མ་བསྟན་གོང་དུ་དུར་ཁྲོད་བརྒྱད་ཀྱི་མཆོད་རྟེན་བརྒྱད་མ་ཚང་བར་གྱུར་ལ། དབུས་ཀྱི་གཞལ་ཡས་ཁང་བྲང་ཁོག་གནས་འགྱུ་བ་དང་། དུར་ཁྲོད་བརྒྱད་མགོ་དང་སྐེ་འཇིགས་དང་། ཡན་ལག་བཞི་ལྟོ་བ་གསང་གནས་ཏེ་བརྒྱད་གནས་འགྱུར་བར་འདོད་པ་ནི་བླུན་གཏམ་ཆེན་པོའོ། །དུར་ཁྲོད་ཆེན་པོ་བརྒྱད་པོ་དེ་དུར་ཁྲོད་ཕྲན་བཅུ་དྲུག་ཏུ་ཕྱེ་བ་དེ་དག་གནས་ཉི་ཤུ་རྩ་བཞིར་བཤད་པ་ནི། བདེ་མཆོག་ལ་སོགས་པའི་རྒྱུད་དང་གྲུབ་ཆེན་དུ་མ་ཞིག་གི་པུ་ལླི་ར་མ་ཡ་ལ་སོགས་པ་ཉེར་བཞིར་བཤད་ནས། དུར་ཁྲོད་བརྒྱད་གནས་ཉེར་བཞི་ལ་མ་ཐེ་བའི་ལོགས་སུ་བགྲངས་པ་ཤ་སྟག་ཡོད་པ་ཐམས་ཅད་དང་རྒྱབ་འགལ་དུ་སོང་བའི་ནོར་བ་ཤིན་ཏུ་ཁམ་ཆེ་བ་ཡིན་ལ། དེའི་ཕྱི་རོལ་དུ་སྲུང་སྐྱོབ་འཁོར་ལོ་ལྔ་རིམ་ཞེས་ཐ་སྙད་བྱས་པའི་འཁོར་ལོའི་རྭ་གུར་རིམ་པ་དུ་མ་སྒོམ་པ་རྣམས་འགའ་ཞིག་སྙིང་པོའི་སྔགས་ལ་མཁའ་འགྲོ་རིགས་སོ་སོའི་སྔགས་བཏགས་པར་གྱུར་པ་ལས་བསྐྱེད་ཅིང་། ཕྱིར་བཟློག་གི་འཁོར་ལོ་ནི་ཨཥྚིཥ་ལུགས་གཉིས་ཀྱི་སྔགས་མ་དག་པ་གཅིག་ལས་བསྐྱེད་ལ། དེའི་ཕྱིར་བོད་ཀྱི་རྙིང་མའི་རྒྱུད་དུ་གྲགས་པ་འགའ་ཞིག་ཁོ་ནའི་ནང་ན་ཡོད་པའི་སྔགས་དང་སྔགས་ཀྱི་ཚིག་སྤྲུགས་ལུགས་ཇི་ལྟ་བ་བཞིན་དུ་བྱས་པ་ལས་བསྐྱེད་པའི་ཕྱོགས་ངན་བཟློག་པའི་འཁོར་ལོ་དང་མནའ་ཟོས་པའི་ཆད་པ་བཟློག་པའི་འཁོར་ལོ་ལ་སོགས་པ་ཚན་ཆེ་བ་ཞིག་སྒོམ་པར་བཤད་ཀྱང་རྒྱ་གར་གྱི་གྲུབ་ཆེན་གཞུང་ཡིན་ན། དེའི་ནང་དུ་ཕྱོགས་ངན་དང་མནའ་ཟོས་པ་བཟློག་པ་སོགས་ཀྱིས་ཐ་སྙད་ཀྱང་འོང་དོན་ག་ལ་ཡོད། གཞལ་གཡས་ཁང་གི་ཕྱི་ནང་ཐམས་ཅད་དུ་མཆོད་པའི་སྤྲིན་གྱི་གཟུངས་དང་། ཨཱརྒྷཾ་པྲ་ཏཱཱི་ཙྪ་ཡེ་སྭཱ་ཧཱ།
ཡོངས་སུ་གྱུར་པ་ལས་བྱུང་བའི་མཆོད་རྫས་དཔག་ཏུ་མེད་པས་གང་བར་བསྒོམ་ཞེས་པ་ནི། མཆོད་པ་བྱིན་གྱིས་བརླབས་པ་དང་འབུལ་བའི་སྔགས་རྣམས་མཆོད་རྫས་བསྐྱེད་སྔགས་སུ་སྨྲ་བ་རྒྱུད་དང་རྒྱ་གཞུང་རྣམ་གཞག་ཐམས་ཅད་དང་འགལ་བའི་ལོག་ཆོས་སོ། །དེས་ན་སྡེ་བརྒྱད་གཤེད་འབེབས་ཀྱི་དྲག་སྔགས་ཞེས་བྱ་བ། བོད་ཀྱི་དམོད་མོའི་ཚིག་མང་པོ་ཞིག་གིས་བར་བར་དུ་རྦད་དང་རྦུད་ལ་སོགས་པའི་རེ་རེ་ཙམ་བཅུག་པ་སྲོག་ཧབ་ཤ་རྦད་དང་སྙིང་སྲོག་ཤང་དཀྲུགས་ལ་སོགས་པ་མང་པོ་ཞིག་བྲིས་ཤིང་། བོད་ཀྱི་གུ་རུ་བ་ཁོ་ནའི་སྔགས་པ་ཀུན་ལ་རླུང་ལྟར་གྲགས་པའི་ཨ་ཙིག་ནོར་རྩིག་ལ་སོགས་པ་སོར་བཞག་བྲིས་ནས་རྒྱ་གཞུང་རྣམ་གཞག་ནས་བཤད་པའི་སྔགས་སུ་སྨྲ་བ་འདུག་པས། དེ་འདྲ་ལ་རྣམ་དཔྱོད་དང་ལྡན་པ་སུ་ཞིག་ཡིད་རྟོན་བྱེད། དེ་དག་གིས་ནི་འདི་ལ་དཔེ་སྐོར་ཤིན་ཏུ་ཚན་ཆེ་བ་གཅིག་བྱས་འདུག་པའི་ནང་ནས། ཕྱི་དུར་ཁྲོད་ལམ་ཁྱེར་ཞེས་བྱ་བའི་ནང་གི་ནོར་པ་རགས་པ་འགའ་ཞིག་མཚོན་པའི་ཕྱིར་དུ་སྨོས་པ་ཙམ་ཡིན་ལ། ནང་དུར་ཁྲོད་ལམ་ཁྱེར་ཞེས་བྱ་བ་ལས། གཞལ་ཡས་ཁང་དེའི་དབུས་བསྒོམ་བྱའི་གཙོ་བོ་ཕྱག་སྟོང་སྤྱན་སྟོང་གི་མངོན་རྟོགས་དང་། ཕྱི་ནང་གསང་གསུམ་གྱི་རྟགས་ཀྱི་རིམ་པ་མང་པོ་ཞིག་བསྟན་པ་ལ། ཕྱག་སྟོང་སྤྱན་སྟོང་ནི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ལ་དེའི་རྒྱུད་རྩོད་མེད་དང་རྒྱ་གཞུང་རྣམ་གཞག་ཐམས་ཅད་མཐུན་པར་རྩ་ཕྱག་བརྒྱད་བྱས། ཕྱག་ལྷག་མ་དགུ་བརྒྱ་དང་དགུ་བཅུ་གོ་གཉིས་བྱས་པའི་རྣམ་གཞག་གསུངས་པ་ལྟར། རྩ་ཕྱག་དྲུག་ཐེ་བ་སྟེང་འོག་གྱུར་འདུག་པ་ལས། འདི་ལ་རྩ་ཕྱག་དྲུག །དེའི་ཕྱི་རིམ་ལ་རིམ་པ་བཞིན་སྐུ་འཁོར་གྱི་ཕྱག་རྒྱ་དྲུག་ཅུ། གསུང་འཁོར་གྱི་ཕྱག་རྒྱ་བརྒྱད་ཅུ། ཐུགས་འཁོར་གྱི་ཕྱག་རྒྱ་ཉིས་བརྒྱ། ཡོན་ཏན་གྱི་ཕྱག་ཉིས་བརྒྱ་ཉི་ཤུ། འཕྲིན་ལས་ཀྱི་ཕྱག་ཉིས་བརྒྱ་བཞི་བཅུ་སྟེ་སྟོང་ལས་དྲུག་གིས་ལྷག་པས་མགོན་པོ་ཕྱག་སྟོང་སྤྱན་སྟོང་ཞེས་སྨྲ་བ་དང་འགལ་ཞིང་། ཕྱག་གི་གྲངས་ཙམ་ལའང་འཁྲུལ་འདུག་ལ། དབུ་བཅུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞལ་དང་། སྟེང་ཞལ་བཅུ་གཅིག་པ་བླ་མ་མི་བསྐྱོད་པའི་ཞལ་དུ་བྱས་པའི་རྣམ་གཞག་རྣམས་ལ་ཡང་ཐེ་ཚོམ་གྱི་གཞི་ཆེ་བར་ཡོད་ཅིང་། ས་བཅུ་དང་ཕར་ཕྱིན་བཅུ་སྦྱོར་ཟེར་བ་ཙམ་ཞིག་ཚོར། སྦྱོར་ཚུལ་གང་ཡང་བསླབ་མ་མྱོང་བས། སྦྱིན་པ་བཏང་བས་ས་དང་པོ་ཐོབ། ཚུལ་ཁྲིམས་བསྲུངས་པས་ས་གཉིས་པ་ཐོབ། ཅེས་སོགས་དོན་དུ་བཟུང་ནས་དེ་ལྟར་སྦྱར་བ་དང་། ཕར་ཕྱིན་བཅུའི་ཡ་གྱལ་གྱི་སྟོབས་ཀྱི་ཕར་ཕྱིན་མི་འཇིགས་པའི་སྦྱིན་པ་ངོས་བཟུང་བ་ལ་སོགས་པ་མཁས་པས་མཐོང་ན་ངོ་ཚ་བའི་གནད་མང་བ་ཡོད་ལ། དེ་ལས་ཀྱང་རྒྱན་ཅན་ཡོངས་ཀྱི་སྒྲུབ་ཐབས་དང་མན་ངག་ཟབ་ཤོས་སྙིང་གི་རྒྱན་དུ་འདོད་པ་དུ་མ་ཞིག་དང་དེའི་དབུར་ཆོ་ག་ལ་སོགས་པར་ཡོད་དེ། རང་མགོན་པོ་ཕྱག་སྟོང་སྤྱན་སྟོང་དུ་བསྒོམས་པའི་ལུས་ལ་རྒྱུད་སྡེ་ལྔ་དང་ཞི་ཁྲོ་གདན་འཛོམ་གྱི་ལྷ་རྫོགས་པའི་རྒྱན་འགོད་པ་ཡིན་ཟེར་ནས། རང་མགོན་པོར་བསྒོམས་པའི་ལུས་ལ་ཕ་རྒྱུད་མ་རྒྱུད་ཐམས་ཅད་བསྲེས་པའི་ལྷ་དུ་མ་ཞིག་བཀོད་པའི་ལུས་དཀྱིལ་དང་། དཀྱིལ་འཁོར་ལྷའི་རྣམ་གཞག་ལ་སོགས་པ་དུ་མ་ཞིག་བྱས་འདུག་པ་ཐམས་ཅད་ནོར་པའི་དཀྱིལ་དུ་སྣང་། བསྐྱེད་རིམ་དེ་ལྟ་བུའི་དབང་དུ་བྱས་ནས་རྫོགས་རིམ་ལ་ཧ་ཤང་གི་སྒོམ་རང་ག་བ་སོར་བཞག་བྱེད་ཅིང་། འདུས་མ་བྱས་པ་འོད་གསལ་སྟོང་ཉིད་སེམས། དབྱིངས་ཀུན་ཁྱབ་དབྱེར་མེད་རིག་པ་སྟེ། རྣམ་རྟོག་གང་འཕྲོའི་ངོར་ལྟས་དབྱིངས་སུ་གྲོལ། །དྲན་མེད་ཐུགས་རྗེའི་འོད་ཟེར་ཏིང་ངེ་འཛིན། །ཞེས་སོགས་དུ་མ་ཞིག་གིས་ཕྱིས་ཀྱི་བོད་སྒོམ་ཁ་ཅིག་སེམས་ཀྱི་ཆོས་ཉིད་བདེན་སྟོང་ལ་མི་བྱེད་པར་རང་རིག་རང་གསལ་མིང་གསལ་སྟོང་འཛིན་མེད། ཅེས་བཏགས་པ་ལ་བྱས་ནས་དེ་ཉིད་ཆོས་སྐུ་ཡིན། འདུས་མ་བྱས་ཡིན། རྣམ་རྟོག་གང་སྐྱེས་ཀྱི་ངོ་ལ་ཆེས་བལྟས་པ་ན་འདི་ཡིན་པར་ཡལ་སོང་བ་དེ་ཀ་སེམས་རང་ངོ་ཤེས་པ་དང་། ཆོས་སྐུ་རྟོགས་པ་དང་། རྣམ་རྟོག་ཆོས་སྐུའི་དོན་ཡིན་ཟེར་བའི་མུན་སྤྲུལ་བླ་ན་མེད་པ་དེ་ཉིད་སོར་བཞག་ཏུ་བྲིས་ནས། རྒྱ་གར་གྲུབ་ཆེན་གྱི་ཞལ་སྔ་ནས་ཁྱུང་པོས་བསྒྱུར་བའི་རྒྱ་གཞུང་རྣམ་གཞག་ཏུ་སྨྲ་བ་དང་། སྨན་རཀ་ཕུད་གསུམ་དང་ཚོགས་བརྒྱ་རྩ་སོགས་རྙིང་མ་བའི་ཐུན་མོང་མ་ཡིན་པའི་བརྡ་ཆད་སོར་བཞག་བྱས་ནས་དེ་ལྟར་སྨྲ་བ་ཁམ་ཆེ་བ་ཡིན་ཞིང་། རེ་རེ་ནས་བྲིས་ཀྱང་ཧ་ཅང་མང་བར་གྱུར་བས་མ་བྲིས་ཀྱིས། མདོར་ན་འདིའི་སྐོར་ལ་ཡིག་ཚོགས་ཤིན་ཏུ་ཆེ་བར་ཡོད་པ་ལས། རྒྱུད་སྡེ་དང་གྲུབ་ཆེན་རྩོད་མེད་གང་དང་ཡང་བརྡའ་ཆད་དང་མཐུན་པ་སྣ་གཅིག་ཀྱང་མེད་པའི་མི་མཐུན་པ་ཤ་སྟག་བྲིས་ནས་མ་ནོར་བའི་ཚིག་རེ་རེའང་རྙེད་དཀའ་བར་ཡོད་ལ། འོན་ཀྱང་མགོ་རུ་རྒྱ་གར་སྐད་གཅིག་དང་འཇུག་ཏུ་གྲུབ་ཐོབ་འདི་ཞེས་བྱ་བས་མཛད་ཟེར་བ་གཅིག་བྱུང་ན་གཞན་ཚིག་དོན་གང་ཡང་མི་དཔྱོད་པར་དེ་ཙམ་གྱིས་རྒྱ་གཞུང་རྣམ་དག་ཏུ་ཡིད་ཆེས་སྐྱེ་ཞིང་། ཡི་གེ་མང་པོ་ཆོས་ཀྱི་ཟབ་ཁྱད་དུ་གོ་བའི་བླུན་པོ་མང་པོ་ཞིག་འདི་ལྟ་བུ་ལ་ཡིད་ཆེས་སྐྱེས་པས་ན་གྲུབ་ཆེན་གྱི་ལུགས་རྩོད་མེད་རྒྱུད་སྡེ་རིན་པོ་ཆེའི་བཅུད་ཕྱུང་བའི་བསྐྱེད་རྫོགས་ཀྱི་མན་ངག་ཁྱད་པར་ཅན་གང་ལའང་རྣ་བ་མི་གཏོད་པར་འདི་འདྲ་གཅིག་པུ་ལ་ཡིད་རྟོན་ཏེ་ཚེ་ཧྲིལ་པོ་ངལ་བ་དོན་མེད་བྱེད་པ་བྱུང་དོགས་ཏེ་ཟུར་ཙམ་སྨོས་སོ། །དེ་ལྟར་མཁས་པའི་དཔྱད་པ་བྱེད་པ་བྱུང་གིས་དོགས་པའི་རང་སྣོད་ཁོང་དུ་བཟུང་སྟེ། གྲུབ་ཆེན་རཱ་ཧུ་ལའི་གསུང་བྱས་པའི་ནང་ན། སྒྲུབ་པ་མི་ནུས་མཁས་མཁས་ཆེ། །ཞེས་སོགས་མང་པོ་ཞིག་བྲིས་ནས་ཡིད་མ་ཆེས་བྱར་མ་ཉན་པ་སོགས་དུ་མ་ཞིག་བཀོད་ཡོད་ཀྱང་། མཁས་པ་ལུང་རིགས་ཀྱིས་བརྟག་དཔྱད་བྱེད་པ་ལ་གཏིང་ནས་སེམས་འཁྲུགས་ཤིང་མི་བཟོད་པའི་བོད་ཀྱི་སྒོམ་པ་བླུན་པོའི་ཚིག་མཁས་ཁྱད་ཆེ་ཟེར་བའི་དེ་ལྟ་བུ། གྲུབ་ཆེན་གྱི་རྒྱ་གཞུང་དུ་འོང་དོན་ག་ལ་ཡོད། ཡིད་ཆེས་སྐྱེ་བའི་རྒྱུ་མཚན་ཡང་དག་གང་ཡང་མ་མཐོང་བར་ཡིད་ཆེས་བྱེད་དགོས་ཞེས་པའི་ཚིག་ཙམ་ལ་བརྟེན་ནས་ཡིད་ཆེས་སྐྱེ་བའི་དབང་སྣོན་ག་ལ་སྲིད། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡིས་གུས་ཕྱིར་མིན། །ཞེས་རྒྱལ་བ་རང་ཉིད་ཀྱི་གསུང་རབ་ལ་ཡང་ལུང་རིགས་ཀྱིས་བརྟག་དཔྱད་བྱས་ནས་བླང་དགོས་པར་གསུངས་སོ།
།དེ་ཡང་རང་ཅག་བོད་འདི་ན་སེམས་འཛིན་ལ་འབད་པ་ཅུང་ཟད་བྱས་པ་འགའ་ཞིག་གིས་ཉམས་སྣང་དང་རྨི་ལམ་ལ་གང་ཤར་དེ་ཉིད་དོན་དངོས་གནས་ལ་ཡོད་པར་བཟུང་ནས། བརྒྱུད་བསྔོས་རྣམ་གཞག་ནང་ནས་ཀྱང་དེ་ལྟ་བུ་མ་བཤད་པའི་ཉམས་སྣང་རྨི་ལམ་ལ་ཤར་བའི་ལྷ་དེའི་སྒྲུབ་ཐབས་དབང་བསྐུར་རྗེས་གནང་ལ་སོགས་པ་དང་། རྨི་ལམ་དུ་བྱུང་བའི་རྗེས་སུ་འབྲངས་པའི་ཁྲིད་ཡིག་ལ་སོགས་པ་དུ་མ་ཞིག་འདུག་པ་ལྟར། འདི་ཡང་འགའ་ཞིག་གི་ཉམས་སྣང་ལ་སྐུའི་རྣམ་པ་དེ་འདྲ་བ་ཞིག་བྱུང་བ་ལ། དེ་ཉིད་ཀྱི་སྒྲུབ་ཐབས་དབང་བསྐུར་སོགས་དུ་མ་ཞིག་མི་མཁས་པས་བར་སྐབས་སུ་བཅོས་པ་ཡིན་ནམ་སྙམ་མོ། །ཉམས་སྣང་ཡིད་ཤེས་ལ་ཤར་བའི་ལྷའི་རྣམ་པ་མངོན་སུམ་པ་ལྟ་བུར་གསལ་བར་སྣང་བ་ལ་ནི་དོན་དེ་འདྲ་དངོས་པོའི་གནས་ཚོད་ལ་མེད་པ་ཤིན་ཏུ་མང་བས་མི་མཁས་པ་དག་འཁྲུལ་པའི་གནད་ཤིན་ཏུ་ཆེ་བ་ཡིན་ནོ། །མགོན་པོ་དམར་པོ་དབང་གི་རྒྱལ་པོ་དང་། མགོན་པོ་ལྗང་ནག་དང་། མགོན་པོ་ནག་པོ་ཡུམ་ནག་མོས་འཁྱུད་པ་དང་། དེ་ཉིད་ལ་ཡུམ་དམར་མོས་འཁྱུད་པ་ལ་སོགས་པ་རྣམས་ཀྱིས་ནི་རྒྱ་གཞུང་ཡིན་ཟེར་བ་འགའ་ཞིག་གིས་ཚིག་དོན་ལ་ལྷད་ཞུགས་མ་ཞུགས་ཐེ་ཚོམ་གྱི་གཞི་ཡོད་པ་ཅི་རིགས་སྣང་ཟེར་བ་ཡིན་གྱིས། ལྷ་དེ་དག་ནི་རྣམ་དག་ཡིན་པར་གདོན་མི་ཟ་ལ། ཁྱུང་པོ་ཉིད་ནས་བར་མ་ཆད་པའི་བཀའ་ལུང་གི་བརྒྱུད་པའང་རྒྱུ་མཚན་དུ་མ་ཞིག་མཐོང་ངོ་། །འོན་ཀྱང་ལྗང་ནག་ཚེ་སྒྲུབ་ཀྱི་མགོན་པོར་བྱས་པ་འདི་ལ་ཆ་གཉིས་ཡོད་པའི་གཅིག་ཅུང་ཟད་བརྟག་པར་བྱ་བའི་གནས་སུ་ཡོད་དོ། །མགོན་པོ་དཀར་པོ་ལ་ཡིད་བཞིན་ནོར་བུ་དང་། མགོན་པོ་མཆིན་ཁ་ཞེས་ཐ་སྙད་བྱེད་པར་དམར་ནག་དང་གཉིས་ལ་ཁྱུང་པོ་རང་གིས་མཛད་པའི་ཡིག་ཆུང་རྣམ་དག་ཡོད་པ་ལ་མགོན་པོ་དཀར་པོ་ལ་ཡིད་བཞིན་ནོར་བུ་དང་། གཟིགས་ལྡན་མགོན་པོ་ཞེས་བྱ། ཕྱག་མཚན་མི་འདྲ་བ་གཉིས་ཡོད་ནའང་བསྙེན་སྒྲུབ་ཀྱི་དུས་དང་ལས་སྦྱོར་གྱི་དུས་ཀྱི་ཕྱག་མཚན་བསྒྱུར་ལུགས་ཁྱད་པར་ཡིན་གྱིས། དང་པོ་ནས་རྗེས་གནང་སོགས་སོ་སོར་བྱེད་པ་ཕྱིས་ཀྱི་མི་མཁས་པ་ཁ་ཅིག་གི་བློ་བཟོ་ཡིན་ནོ།
།གཞན་ཡང་བླ་མ་མགོན་པོ་དབྱེར་མེད། གྲིབ་སེལ་གནད་དབབ། བརྟེན་བཞི་གནད་གསུམ། བླ་མ་མགོན་པོའི་གནད་ཡིག་མན་ངག་ཡིད་བཞིན་ནོར་བུ་ཞེས་བྱ་བ་སངས་རྒྱས་གཉན་སྟོན་གྱིས་ཡི་གེར་བཀོད་པ་འཕྱར་དང་བྲིས་སྐུ་སོགས་བཞེངས་པའི་མན་ངག་ལ་སོགས་པ་དང་། བསྲུང་བཟློག་བསད་གསུམ་ཞི་རྒྱས་དབང་དྲག་གི་ལས་ལ་སྦྱོར་བའི་མན་ངག་ཟབ་མོ་མཐའ་ཡས་པ་ཞིག་ཡོད་ལ། སྔར་གྱི་མན་ངག་གི་གཞི་ཟིན་བྲིས་ལྟ་བུའི་ཡི་གེ་ཉུང་ངུ་རེ་ལ་མི་མཁས་པའི་ཚིག་སྦྱོར་མ་ལེགས་པ་འགའ་ཞིག་བསྣན་ནས། ཤ་བ་རི་དབང་ཕྱུག་གིས་མཛད་པའོ་ཞེས་པའི་ཁ་བྱང་བཏགས་པ་དགོས་པའི་ལས་ཀྱི་མཐའ་ཅན་ལ་སོགས་པ་འགའ་ཞིག་ཀྱང་ཡོད་ཅིང་། དོན་མན་ངག་གཞན་དཀྱུས་ན་ཡོད་པ་དང་ཁྱད་མེད་ཀྱང་ཚིག་རིགས་ཅུང་ཟད་མི་འདྲ་བ་ཙམ་ལ་ཟུར་དུ་བྱས་པའི་བྱིན་རླབས་མགོན་པོའི་ལས་སྦྱོར་དྲུག་པ་ལ་སོགས་པ་དང་། བླ་མ་སྔ་མ་འགའ་རེས་ཆོས་གསུང་བའི་དུས་ཀྱི་གསུང་སྒྲོས་ཙམ་ལ་བརྟེན་ནས་མན་ངག་ཡི་གེ་ཟུར་དུ་བྱས། གཅེས་པའི་མན་ངག་བཅུ་གཉིས་ལ་སོགས་པ་ཆུང་ཆུང་འགའ་རེ་ཡང་ཡོད་ལ། ཡི་གེ་མང་ཞིང་དགོས་ནུས་གང་ཡང་མེད་པ་ལ་ཁ་ཟིན་ཤིན་ཏུ་ཆེ་བ་བྲིས་པའི་འོད་ཟེར་ཆེན་པོའི་དབང་བསྐུར་ལ་སོགས་པ་ཡིད་རྟོན་ཤིན་ཏུ་མི་རུང་བ་འགའ་ཞིག་ཡོད་དོ། །ཁ་ཅིག་མགོན་པོ་ཕུར་ཞབས་མ་ཞེས་ཐ་སྙད་བྱེད་པ་སྨད་ཕུར་བུའི་དབྱིབས་སུ་ཡོད་པ་ནི། ལས་སྦྱོར་གྱི་སྐབས་འགའ་ཞིག་ཏུ་མགོན་པོའི་དབྱིབས་དེ་ལྟ་བུ་ཞིག་བསྐྱེད་ནས་ཕུར་གདབ་སོགས་བྱེད་པ་ལ། མི་མཁས་པ་འགའ་ཞིག་གིས་དེའི་སྒྲུབ་ཐབས་རྗེས་གནང་སོགས་རང་བཟོ་ཟུར་དུ་བརྩམས་ཏེ། དཔེར་ན་ས་ཆོག་སྲུང་འཁོར་སོགས་ཀྱི་ཚེ་བགེགས་མཐར་བྱེད་སྨད་ཕུར་བུའི་དབྱིབས་སུ་ཡོད་པ་བསྐྱེད་ནས་ཕུར་གདབ་སོགས་བྱེད་པ་ལ་བརྩམ་གཞི་བྱས་ཏེ། བགེགས་མཐར་བྱེད་ཕུར་ཞབས་ཅན་ཞེས་པས་དཀྱིལ་འཁོར་གཙོ་བོ་བྱས་པའི་སྒྲུབ་ཐབས་དབང་བསྐུར་སོགས་བརྩམ་ན་རང་བཟོ་ཤིན་ཏུ་ཆེན་པོར་འགྱུར་བ་ལྟ་བུའོ། །མགོན་པོ་སེམས་དཔའ་སུམ་བརྩེགས་ཞེས་བྱ་བར་ཐ་སྙད་བྱེད་པ། སྤྱན་རས་གཟིགས་དང་རྟ་མགྲིན་དང་མགོན་པོ་གསུམ་གཅིག་གི་ཐུགས་ཀར་རིམ་བཞིན་དུ་བསྐྱེད་པའང་དེ་དང་འདྲའོ། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ་ལྷ་བཅུ་གསུམ་མ་དང་། ལྷ་དགུ་མ་གཉིས་ནི་དྲག་སྒྲུབ་དང་། བླ་མ་ཁ་གཅིག་ཞལ་གཟིགས་སོ་སོར་བཞེད་པ་ལྟར་ཡིན་པས་རྗེས་གནང་ཟུར་པ་འོང་དོན་མེད་ཅིང་མི་དགོས་སོ། །མགོན་པོ་རིགས་ལྔའི་རྗེས་གནང་དུས་གཅིག་ཏུ་བྱེད་པ་སོགས་ཀྱི་ལག་ལེན་ལེགས་སྙམ་པ་མེད་དོ། །གུར་གྱི་མགོན་པོའི་ལས་སྦྱོར་གྱི་མན་ངག་ལ། ཕུར་པས་བསད་པ། བ་དན་གྱིས་བསད་པ། འབྲས་ཕུབ་ཀྱིས་མེ་ལ་བརྡུངས་ཏེ་བསད་པ་ཞེས་བྱ་བ་ལ་སོགས་པ་མང་པོ་ཞིག་ཕུར་པའི་རྒྱུད་ནས་བཤད་པའི་ཆོ་ག་འདོན་པ་བསྒྱུར་བ་སྣང་ན་ཡང་། དེ་དག་ནི་ས་སྐྱ་བའི་རྗེ་བཙུན་གོང་མ་ཁུ་དབོན་རིམ་པ་དང་། ཨ་ལྡན་དམ་པ་ལ་སོགས་པའི་རྒྱུད་སྡེ་ཆེན་མོ་དག་ལ་ལེགས་པར་སྦྱངས་པའི་མཁས་པ་ཆེན་པོ་དེ་དག་གིས་ལེགས་པར་བརྟགས་ནས་མཛད་པར་འདུག་ཅིང་། དེ་ལྟ་བུ་ལ་ནི་མི་རིགས་པ་ཅུང་ཟད་ཀྱང་མེད་དོ། །མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། ལས་ཚོགས་མཐའ་ཡས་པ་གཅིག་བཤད་པ་དེ་དག་ཕལ་ཆེ་བ་རྒྱུད་གཞན་ནས་བཤད་པའི་ལྷ་དང་སྔགས་ལ་འདོན་པ་སྤོས་ནས་སྦྱར་བས་ཆོག་པས། རྒྱུད་ཐམས་ཅད་ཀྱིས་ཐུན་མོང་གི་ལས་ཚོགས་བསྟན་པར་གསུངས་བའི་ཕྱིར་རོ། །འདི་ལྟ་བུ་ནི་མཁས་པ་རྒྱུད་སྡེའི་དོན་ལ་ལེགས་པར་འདྲིས་ཤིང་མན་ངག་གི་གནད་རིག་པ་དག་གིས་མཛད་པ་དང་། དེ་འདྲ་བའི་བླ་མའི་མན་ངག་ལས་ཤེས་པར་བྱ་བ་ཡིན་གྱིས། ཅི་ཡང་མ་བསླབས་ཤིང་གང་ཡང་མ་སྦྱངས་པའི་བླུན་པོ་སྙིང་ཁམ་ཅན་དག་གི་བློ་བཟོ་ལས་བྱུང་བ་མ་ཡིན་ནོ། །ཞལ་བཞི་པའི་མན་ངག་འགའ་ཞིག་སྟག་ཞོན་ལྕགས་སྤར་མ་སོགས་འགའ་ཞིག་གི་མན་ངག་འདོན་པ་བརྗེས་པ་ཡོད་མོད་ཀྱི་དེ་དག་ལ་ཡང་མི་རིགས་པ་ཅི་ཡང་མེད་དོ། །འདིར་ནི་མཁས་པས་རྒྱུད་སྡེ་རྣམ་གཞག་ནས་བཤད་པ་སོགས་ལ་གཞི་བྱས་ཏེ་སྦྱར་བ་དེ་ལྟ་བུ་མ་ཡིན་པའི་གཏོར་མའི་ཆོ་ག་ལ་སོགས་པ་མཚམས་བཅད་བསྟན་སྐྱོང་སྨན་རག་ཕུད་གསུམ། ཚོགས་ཐ་མ་དང་ཚོགས་བརྒྱ་རྩ་ལ་སོགས་པ་རྙིང་མའི་འཕྲིན་ལས་ཀྱི་གཞུང་སོར་བཞག་བྱེད་པ་དང་། སྒྲུབ་ཐབས་རྗེས་གནང་དབང་བསྐུར་སོགས་བླུན་པོས་གཞི་མེད་དུ་སྦྱར་བ་དང་མི་མཁས་པས་རྣམ་པར་མ་དག་པའི་ལྷད་བཅུག་པ་དག་དོར་བར་བྱ་བ་ཡིན་ནོ། །བལ་གྱི་ཡལ་བཏགས་བྱས་པའི་མདོས་ལ་སོགས་པ་ནི། རྒྱ་གར་གྱི་ལག་ལེན་ལ་དེ་འདྲ་འོང་དོན་མེད་ཅིང་། རྒྱ་གཞུང་རྣམ་གཞག་གང་ནས་ཀྱང་ཟུར་ཙམ་ཡང་བཤད་པ་མེད་ཀྱང་། བོད་ཀྱི་སྔགས་འཆང་རྙིང་མ་བ་ནུས་པ་ཅན་འགའ་ཞིག་ལ་འཇིག་རྟེན་གྱི་མ་མོ་ལ་སོགས་པ་གདུག་པ་ཅན་འགའ་ཞིག་གིས་ལུས་མངོན་སུམ་དུ་བསྟན་ཏེ། ཁོ་བོ་ཅག་གི་རེ་བ་སྐོང་བའི་མདོས་འདི་ལྟར་གྱིས་ཤིག །ཅེས་ཟེར་བ་ལ་བརྟེན་ནས་མདོས་ཀྱི་རྣམ་གཞག་རྒྱ་ཆེ་ལ་གྲངས་མང་བ་བརྩམས་ཏེ། དེ་ལྟ་བུ་དག་སྟོན་པའི་རྒྱུད་ཆེན་མོ་བརྩམས་ཤིང་། དེ་ལ་བརྟེན་པའི་མདོས་ཀྱི་ཆོ་ག་རབ་ཏུ་དར་བར་འགྱུར་ལ། བླ་མ་གོང་མ་འགའ་ཞིག་ལ་ཡང་ཆོས་སྐྱོང་འགའ་ཞིག་གིས་དེ་ལྟར་གྱིས་ཟེར་བ་བྱུང་ནས་མཛད་པར་སྣང་ཞིང་། མགོན་པོ་ཡེ་ཤེས་པ་རྣམས་ཀྱིས་ཀྱང་འཁོར་འཇིག་རྟེན་པ་མང་པོ་གཅིག་རེ་བ་སྐོང་བ་སོགས་ཀྱི་དགོས་པ་ཡོད་པར་སྣང་བས་ལག་ལེན་ཅུང་ཟད་ཙམ་ཆོས་ལྡན་གྱི་དགོས་པ་མཐོང་བའི་ཚེ་བྱས་ཀྱང་འགལ་བ་མེད་པ་ཙམ་མོ། །དེ་དག་གིས་ནི་རྣམ་པར་དག་པ་དང་མ་དག་པའི་རྣམ་དབྱེ་མདོ་ཙམ་བརྗོད་ཟིན་ཏོ།
།ད་ནི་ལྷའི་རྣལ་འབྱོར་དང་ཕྱག་མཚན་སོགས་ལ་མི་འདྲ་བའི་རྣམ་དབྱེ་ཅུང་ཟད་བཤད་པར་བྱ་སྟེ། དེ་ཡང་ཤ་བ་རི་པའི་རྒྱ་གཞུང་ལ་ལར། གཡས་པ་གྲི་གུག་བར་པས་ཕྲེང་བ་འཛིན། །ཞེས་བྱུང་ཡང་། མང་པོ་ཞིག་ཏུ། གཡས་པ་ཕྲེང་བ་བར་པ་གྲི་གུག་འཛིན། །ཞེས་འབྱུང་བས། སྔ་མ་འགའ་ཞིག་གིས། གཡས་དང་པོས་གྲི་གུག་འཛིན་པར་བྱས། འགའ་ཞིག་གིས་གཡས་དང་པོས་ཕྲེང་བ་འཛིན་པར་བྱས་ཀྱང་། སྤྱིར་གཉིས་ཀ་ལ་མི་རུང་བ་མེད་ཀྱང་ཆོག་མོད་ཀྱི། གསང་བའི་ལས་དྲུག་གི་སྐབས་དང་བསྟུན་ན། དང་པོས་འཕྲེང་བ་འཛིན་པ་མི་འགྲིག་རྒྱུ་མེད་ཅེས་གསུངས་སོ། །ས་ར་ཧའི་རྒྱ་གཞུང་དུ་ཕྱག་གཡས་དང་པོས་གྲི་གུག་འཛིན་པར་བྱུང་། རཱ་ཧུ་ལའི་ལུགས་ལྟར་ན། གཡས་ཀྱི་དང་པོས་གྲི་གུག །བར་པས་ཙན་དན་གྱི་བེང་ཆེན། ཐ་མས་ཅང་ཏེའུ་བསྣམས་ཤིང་། བསྟོད་པ། ལྷ་ཕྱོགས་རྣམ་གཞག་མ་དང་། རྟགས་བསྟོད་དང་། གཞུང་བསྟོད་རྣམས་ལ། རྒྱ་གར་གྱི་གྲུབ་ཆེན་གྱིས་མཛད་བྱང་བྱས་པ་རྣམས་ནི་ཁ་གཡར་དུ་སྣང་། ཞེས་བདག་གི་བླ་མ་མང་པོས་གསུངས་ཤིང་དོན་ལའང་གནས་པ་མཐོང་ངོ་། །དེ་ལ་བླ་མ་མཻ་ཏྲཱི་པའི་ལུགས་ཀྱིས་བདག་བསྐྱེད་ཕྱག་རྡོར་ལ་བྱེད། ལས་མཁན་ལྷ་མོ་ལ་བྱེད། ལས་སྦྱོར་གྱི་གཙོ་བོ་གཏོར་ཆེན་ལ་བྱེད། བླ་མ་རཱ་ཧུ་ལའི་ལུགས་ཀྱིས་བདག་བསྐྱེད་མདུན་བསྐྱེད་གཉིས་ཀ་མགོན་པོ་ལ་བྱེད། ལས་མཁན་སྤྱིར་གནོད་སྦྱིན་བཞི་དང་། ཁྱད་པར་ཀྵེ་ཏྲ་པཱ་ལ་གཙོ་བོར་བྱེད། སྒྲུབ་པ་ཙནྡན་གྱི་བེང་ལ་བརྟེན་པ་བྱེད་ཅིང་ལས་སྦྱོར་གཙོ་བོར་སྦྱིན་སྲེག་ལ་བྱེད། ཅེས་བླ་མ་སྔ་མའི་གསུང་སྒྲོས་ལས་འབྱུང་ལ། བླ་མ་འགའ་ཞིག་བདག་བསྐྱེད་ཕྱག་རྡོར་ལ་བྱེད་ཟེར། འགའ་ཞིག་རྟ་མགྲིན་ལ་བྱེད་ཟེར། མང་པོ་ཞིག་བདག་བསྐྱེད་མདུན་བསྐྱེད་གཉིས་ཀ་མགོན་པོ་རང་ལ་བྱེད་པ་ཟབ་པར་འདོད་པ་ཡོད་ཀྱང་། ཕྱག་རྡོར་ངེས་བཟུང་དགོས་ཟེར་བ་དག །མགོན་པོ་འདིའི་རྒྱུད་དུར་ཁྲོད་ནག་པོ་ཞེས་གྲགས་པ་ལས། མ་ནི་དུར་ཁྲོད་ས་ར་ཧ་འདི། །ཕ་ནི་དགའ་རབ་དབང་ཕྱུག་ལགས། །མས་བྱིན་ཕྱག་ན་གྲི་གུག་འཛིན། །ཐམས་ཅད་ཀུན་ལ་འཚེ་བར་བྱེད། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས། །ལག་ཏུ་རྡོ་རྗེ་གཏད་ནས་ནི། །འདས་དང་མ་བྱོན་ད་ལྟར་གྱི། །བསྟན་པ་བསྲུང་བར་ཞལ་གྱིས་བཞེས། །ཞེས་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་དགའ་རབ་དབང་ཕྱུག་གི་བུ་གདུག་པ་ཅན། ཕྱག་རྡོར་གྱིས་བཏུལ་བའི་ལུགས་སུ་བྱས་པ་དེ་ལ་བསམ་པར་སྣང་ན་ཡང་། རྒྱུད་དེ་གཉིས་རྒྱུད་སྡེ་མང་དུ་མཁྱེན་པའི་མཁས་པ་ཕལ་ཆེ་བ་རྩོད་པ་ཅན་དུ་མཛད། རྟ་མགྲིན་ངེས་བཟུང་དུ་དགོས་ཟེར་བ་ཡང་རྒྱུད་ལེ་བརྒྱད་མར། དེ་ནས་པདྨར་བདག་བསྒོམ་ལ། །ཞེས་པ་ལ་བསམ་པར་སྣང་ཞིང་། ས་ར་ཧའི་རྒྱ་གཞུང་ལས། བདག་ཉིད་ཧེ་རུ་ཀ་བསྐྱེད་ལ། །ཞེས་འབྱུང་ལ། ཁྱུང་པོས་མཛད་པའི་མངོན་པར་རྟོགས་པ་རྒྱས་འབྲིང་བསྡུས་པའི་ཡིག་ཆུང་གསུམ་དུ། དེ་ན་བདག་ཉིད་ཡི་དམ་གྱི་ལྷ་གང་ཡང་རུང་བར་བསྐྱེད་ལ། ཞེས་འབྱུང་ངོ་། །དེ་ཡང་རང་ཉིད་དམ་ཚིག་མ་ཉམས་པའི་རྣལ་འབྱོར་པས་ཁྲོ་བོའི་དབང་པོའམ། རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་ལ་སོགས་པ་ཡི་དམ་གྱི་ང་རྒྱལ་ཤིན་ཏུ་བརྟན་ཅིང་བསྙེན་སྒྲུབ་ཚད་དུ་ཐེངས་པས་དེ་འདྲ་བའི་ལྷའི་ང་རྒྱལ་ཤིན་ཏུ་བརྟན་པ་ལ་གནས་ཏེ་ཆོས་སྐྱོང་སྤྱན་འདྲེན་པ་དང་། ཆོས་སྐྱོང་ལ་བཀའ་བསྒོ་བ་དང་། ལས་བཅོལ་བ་ནི། ཆོས་སྐྱོང་འཇིག་རྟེན་ལས་འདས་པ་ཡིན་ཀྱང་རང་དབང་མེད་པར་ཐུགས་རྒྱུད་བསྐུལ་ཐབས་ཤིན་ཏུ་སྟོབས་ཆེ་བ་ཡིན་གྱི། རང་ཐ་མལ་གྱི་སྣང་ཞེན་གང་ཡང་ཁ་ཡེ་མ་བྲི་བའི་ངང་ནས། མགོན་པོ་ལ་མོས་གུས་ཤུགས་ཅན་བྱས་ནས་གསོལ་བ་འདེབས་པ་དང་། སྔགས་བཟླས་པ་ལ་ཕྱེ་མར་འབད་ཅིང་གཏོར་མ་རེ་ཙམ་འབད་ནས་བཏང་ན། དམ་ཚིག་གི་ཉམས་པ་སོགས་ཚབས་ཆེན་པོ་མེད་ན་ནི། ཡུན་རིང་མོ་ཞིག་ན་ཐུགས་རྗེའི་ཤུགས་ཀྱིས་ལྟོ་གོས་ཅུང་ཟད་འབྱོར་པ་དང་། སྐྱེ་བོ་ཕལ་པ་ཅུང་ཟད་འདུ་བ་དང་། འཁོར་རྣམས་ལ་ནན་གྱིས་འཕྲིན་ལས་བཅོལ་ན། དགྲ་བགེགས་ཕྲན་ཚེགས་ཅུང་ཟད་ཙམ་འདུལ་བའི་ལས་མཛད་པ་སོགས་འབྱུང་ཡང་ཤིན་ཏུ་སྟོབས་ཆུང་། དཔེར་ན་མི་དཔོན་སྟོབས་ཅན་འཁོར་གཡོག་མང་པོ་ཡོད་པ་ཞིག་ལ་ཕོངས་པ་ཞིག་གི་དངོས་པོ་ཅུང་ཟད་ཙམ་གྱི་ཕྱག་རྟེན་ཕུལ་ཏེ། རྒྱང་རིང་པོ་ནས་ཉམ་ཐག་པའི་སྐད་སྙན་སྙན་ལྟར་ཡུན་རིང་དུ་བོས་ཤིང་ཕྱག་འཚལ་བའི་དཀའ་སྤྱད་དྲག་པོ་ཡུན་རིང་དུ་བསྟེན་ན། མཐར་ལྟོ་གོས་ཕྲན་ཚེགས་སྦྱིན་པས་ཕ་རོལ་པོས་ཟིལ་གྱིས་མནན་པའི་ཁ་ཉེན་པའི་སོགས་ཀྱི་འཇིགས་པ་ཕྲན་ཚོགས་ལས་སྐྱོབ་པ་ཙམ་གྱིས་བཀའ་དྲིན་བྱེད་པར་འགྱུར་གྱི་སྟོབས་ཆེ་ག་ལ་འབྱུང་། དེ་འདྲ་བ་མི་དཔོན་སྟོབས་ལྡན་དམག་གི་དཔུང་ཚོགས་ཤིན་ཏུ་ཆེ་བ་དེ་ཡང་། ཡངས་པའི་ས་ཆེན་པོ་ལ་དབང་བྱེད་པའི་ས་བདག་ཤིན་ཏུ་འཇིགས་རུང་བ་ཞིག་གིས་བཀའ་བསྒོས་པ་ཙམ་གྱིས་འཁོར་དང་བཅས་པ་ཐམས་ཅད་རང་དབང་མེད་པར་ནུས་པ་ཅི་ཡོད་ཀྱི་ཇི་ལྟར་བསྒོ་བ་བཞིན་རིངས་པར་ལས་བྱེད་དགོས་པ་དང་འདྲའོ། །དེས་ན་རྡོ་རྗེ་འཆང་གིས་ཀྱང་རང་ཉིད་དཀྱིལ་འཁོར་གྱི་བདག་པོའམ། ཁམས་གསུམ་རྣམ་རྒྱལ་སོགས་ཁྲོ་བོའི་དབང་པོའི་ང་རྒྱལ་ལ་གནས་ནས་བགེགས་མཐར་བྱེད་སོགས་ལ་བཀའ་བསྒོས་ཏེ། བགེགས་ལ་ཕུར་གདབ་སོགས་བྱ་བར་གསུངས་ཀྱི། བགེགས་མཐར་ཡེ་ཤེས་པ་ཡིན་པ་རྒྱུ་མཚན་དུ་བྱས་ནས། རང་ཐ་མལ་པའི་ང་རྒྱལ་གྱིས་བགེགས་མཐར་བྱེད་ཁྱེད་ལས་རེ་ས་གཞན་མེད་དོ། །བགེགས་ལ་ཕུར་བུས་འདེབས་རོགས་མཛོད་ཅིག །ཅེས་གསོལ་བ་འདེབས་པར་མ་གསུངས་ལ། རང་ཉིད་ཀྱང་བགེགས་མཐར་བྱེད་དུ་བསྐྲོད་ནས་རང་ཉིད་ཀྱིས་རང་ཉིད་ལ་བཀའ་བསྒོ་ཞིང་ལས་ལ་སྦྱོར་བ་མ་གསུངས་སོ། །འོན་ཀྱང་འདིའི་མན་ངག་ལས་གསོལ་བ་འདེབས་པ་རྒྱུན་གྱི་ཉམས་ལེན་དུ་བཤད་པ་ནི། མགོན་པོ་དང་བླ་མ་དབྱེར་མེད་དུ་བྱས་ནས་ཡིན་གྱིས། བསྙེན་སྒྲུབ་ལས་གསུམ་གྱི་སྐབས་སུའང་མ་ཡིན་ལ། མགོན་པོ་རྐྱང་པ་ལ་ཡིན་ནོ། །དེ་བས་ན་ལས་སྦྱོར་དང་མན་ངག་ཡན་ལག་འགའ་ཞིག་ལ་བདག་བསྐྱེད་མགོན་པོ་བྱེད་དགོས་པའི་གནས་སྐབས་ཀྱང་ཡོད་མོད་ཀྱང་། གཙོ་ཆེར་བསྙེན་སྒྲུབ་ཀྱི་སྐབས་ཐམས་ཅད་ཡི་དམ་གྱི་ང་རྒྱལ་ལེགས་པར་ནུས་པ་ཅི་ཡོད་ཀྱིས་གསལ་བཏབ་ཅིང་ལྟ་བའི་གདེང་དང་ལྡན་པས་བཟླས་པ། གཏོར་མ་ལས་འཆོལ་བ་སོགས་བྱེད་པ་རྒྱུད་སྡེ་ཆེན་པོ་རྣམས་ཀྱི་དགོངས་པ་ཡིན་ལ། བདག་ཅག་གི་དཔལ་ལྡན་བླ་མ་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པའི་རྗེ་བཙུན་ཙོང་ཁ་པ་ཆེན་པོས་འདི་ཁོ་ན་གསུངས་སོ།
།དེ་ཡང་མགོན་པོ་ཐུགས་བསྐྱེད་ཚུལ་ལས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ལས་བྱུང་བ་བཅོམ་ལྡན་འདས་གཤིན་རྗེ་གཤེད་འདི་ཉིད་ཀྱིས་འཕྲིན་ལས་ཀྱི་ནུས་པ་དང་ལྡན་པར་བྱའོ། །ཞེས་པ་ལ་བརྟེན་ནས་གཤིན་རྗེ་གཤེད་ཀྱི་སྒོ་ནས་སྐུའི་གཟི་བརྗིད་བསྐྱེད་ཅིང་། མགོན་པོ་ནུས་མཐུ་དང་ལྡན་པར་བྱེད་པའི་མན་ངག་འབྱུང་བའི་བདག་བསྐྱེད་ཀྱང་གཤིན་རྗེ་གཤེད་བྱས་ནས་འབྲེལ་ཆེ་བ་ཙམ་མོ། །གསང་བའི་མཁའ་འགྲོ་མ་དབང་གི་རང་བཞིན་ཅན་རྣམས་ཀྱིས་དབང་དང་ལྡན་པར་བྱའོ། །ཞེས་པ་ལ་བརྟེན་ནས་དཔྲལ་བའི་སིནྡྷུ་རའི་སྒོ་ནས་མཁའ་འགྲོ་དབང་དུ་བསྡུ་བའི་གནད་ན་ར་ཀྲིཾ་ཀྲིཾ་གི་བཟླས་པ་དང་བཅས་པའི་མན་ངག་འབྱུང་། དེ་ཉིད་ཀྱི་ཞི་བ་དང་རྒྱས་པར་ཡང་འགྱུར་རོ། །ཞེས་གསུངས་པས། དེའི་སྒོ་ནས་རྒྱས་པའི་ལས་སྒྲུབ་པ་སོགས་ཀྱི་མན་ངག་ཀྱང་ཤེས་དགོས་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱིས་ཕྲིན་ལས་སུ་དབང་བསྐུར་བའི་སྤྲུལ་པ་ལས་བྱུང་བའི་གནོད་སྦྱིན་དང་། གཤིན་རྗེ་དང་། བདུད་དང་། སྲིན་པོ་དང་། བདུད་དང་། མ་མོ་རྣམས་ཀྱིས་ཀྱང་ལས་སྣ་ཚོགས་བསྒྲུབ་པར་འགྱུར་རོ། །ཞེས་པས་རིམ་པ་བཞིན་གནོད་སྦྱིན་ཀྵེ་ཏྲ་པཱ་ལ། གཤིན་རྗེ་ཊཀྐི་རཱ་ཛ་དང་། དབང་ཕྱུག་ཛི་ན་མི་ཏྲ་དང་། །བདུད་མགོན་ཏྲཀྴད་ནག་པོ་དང་། ལྷ་མོ་རྣམས་ལས་སྒྲུབ་པའི་བཀའ་ཉན་ཡིན་པར་བསྟན་པས་ལས་མཁན་གྱི་གཙོ་བོ་ནི་འདི་དག་གོ །འཁོར་འདི་དག་ལ་སྒེར་སྒྲུབ་ལས་སྦྱོར་གྱི་མན་ངག་ཟབ་མོ་འགའ་རེ་ཡོད་ཅིང་། ལྷ་མོ་ནི་ཕྱག་བཞི་མ་དང་། ཕྱག་གཉིས་མ་དང་། །དྲེའུ་དང་བོང་བུ་ཞོན་པ་དུ་མ་ཞིག་འདིའི་འཁོར་དུ་ཡོད་ལ། གནོད་སྦྱིན་བཞི་ལ་ཡང་ཞོན་པ་ཡོད་པ་དང་། མེད་པ་དང་། ཞོན་པ་ཡང་རིགས་མི་འདྲ་བ་སོགས་དུ་མ་ཡོད་དེ། དེ་དག་གི་སྐབས་སུ་གང་དགོས་པ་མན་ངག་ལས་ཤེས་པར་བྱ་དགོས་སོ། །ཁྱུང་པོས་མཛད་པའི་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་ལས་འདི་ལ་ཞི་བ་ནོར་སྒྲུབ་པ་དང་དྲག་པོ་མཐུ་རུ་སྒྲུབ་པ་གཉིས། ཞེས་གསུངས་པ་ནི། མཚོན་པ་ཙམ་ཡིན་པས། ལས་བཞི་ལ་སྦྱོར་བའི་གནས་སྐབས་ཀྱི་དབང་གིས་མགོན་པོ་དང་འཁོར་གྱི་སྐུ་མདོག་ཕྱག་མཚན་ཞོན་པ་སོགས་ཅུང་ཟད་འགྱུར་ནས་འགྲོ་བའི་མགོན་པོའི་མན་ངག་ཏུ་མ་ཞིག་ཤེས་དགོས་སོ།
།དེ་ལྟར་སྔོན་དུ་ཤེས་པར་བྱ་བའི་གནད་འགའ་ཞིག་གི་རྣམ་དབྱེ་བཤད་ཟིན་ནས། ད་ནི་བསྙེན་བསྒྲུབ་ལས་གསུམ་ལ་འཇུག་པའི་ཚུལ་བརྗོད་པར་བྱ་སྟེ། དེ་ཡང་བསྙེན་བསྒྲུབ་ལས་གསུམ་ཅེས་པའི་གོ་དོན་ནི། འཇིག་རྟེན་ན་ཕ་རོལ་དང་གཡུལ་འགྱེད་པར་ནུས་པའི་དཔུང་གི་ཚོགས་རྣམས་ལ་ཐོག་མར་ཟས་གོས་དང་ཡུལ་ཞིང་ལ་སོགས་པ་དུ་མ་ཞིག་བྱིན་ཏེ་ཡུན་རིང་དུ་འགྲུབ་པར་བྱེད་པ་ལྟ་བུ་ལེན་པ་ལྟར། དམ་ཚིག་དང་སྡོམ་པ་ལེགས་པར་བསྲུང་ཞིང་ལྷའི་རྣལ་འབྱོར་དང་བཟླས་བརྗོད་མཆོད་གཏོར་སོགས་ཡུན་རིང་དུ་འབད་ནས་ལྷ་མཉེས་ཤིང་རང་ལ་ཉེ་བར་བྱེད་པའི་སྦྱོར་བ་ལ་འབད་པ་ནི་བསྙེན་པའོ། །དེ་ནས་ཕ་རོལ་གཡུལ་འགྱེད་པའི་ཕྱིར་དུ་དཔུང་གི་ཚོགས་དེ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་གོ་བསྐོན་པ་དང་མཚོན་ཆ་ཆས་སུ་འཇུག་པ་སོགས་བྱེད་པ་འདྲ་བར། བསྙེན་པ་ཚད་དུ་ཐེངས་ནས་ལས་ལ་སྦྱོར་བའི་ཉེ་རྒྱུ་ལིངྒ་དང་། རྫས་དང་། སྨན་དང་། འབྲུབ་ཁུང་དང་། ཐུན་ལ་སོགས་པ་ཆས་སུ་གཞུག་ཅིང་ལས་ལ་སྦྱོར་བའི་ཉེ་རྒྱུ་ལྷ་རྣམས་ལས་དེ་ལ་སྦྱོར་བ་ལ་ཐུགས་རིངས་པར་བསྐུལ་བའི་བཟླས་པའི་རྣམ་པ་གཞན་བྱེད་པ་ནི་སྒྲུབ་པའོ། །དེ་ནས་དམ་ཚིག་གི་ཚོགས་དག་གཡུལ་འགྱེད་པ་དང་འདྲ་བར་ལས་དེ་དང་དེ་ལ་དངོས་སུ་སྦྱོར་བའི་བཟླས་པ་དང་ཆོ་ག་ལ་ཞུག་པ་ནི་ལས་སྦྱོར་རོ། །དེ་ནས་གཡུལ་བཀྱེ་བའི་དབང་གི་ཕ་རོལ་ཕམ་པར་བྱས་པ་དང་། བསད་པ་དང་། བཅིངས་པ་དང་། ཡུལ་འཁོར་ཐོབ་པ་སོགས་དང་འདྲ་བ་ནི་ལས་ལ་སྦྱོར་བའི་འབྲས་བུ་གྲུབ་པ་སྟེ། རྒྱུད་སྡེ་ཆེན་པོ་ཕལ་ཆེ་བར་ཡང་ལས་སྦྱོར་གསུངས་པ་ཐམས་ཅད་ལ་གསུམ་པོ་འདིའི་དོན་དང་། ཐ་སྙད་གཉིས་ཡོད་པ་དང་། ཐ་སྙད་དངོས་སུ་མེད་ཀྱང་དོན་ཚང་བར་རང་ཤས་ཆེ་བར་ཡོད་པས་གསུམ་པོ་སྐབས་འདིའི་ལྷའི་རྣལ་འབྱོར། བཟླས་པ་གཏོར་མ་རྫས་ལ་སོགས་པ་མི་འདྲ་བའི་ཁྱད་པར་ཞིབ་པར་ཤེས་ཤིང་། བསྙེན་པ་གནད་དུ་སོང་མ་སོང་གི་རྟགས་དང་ཚད། སྒྲུབ་པ་གནད་དུ་སོང་མ་སོང་དང་ལས་སྦྱོར་ལ་དངོས་སུ་འཇུག་རན་མ་རན་གྱི་རྟགས་དང་ཚད། ལས་ལ་སྦྱོར་བའི་དགོས་པ་གྲུབ་མ་གྲུབ་ཀྱི་རྟགས་དང་ཚད། གྲུབ་ནས་ཇི་ལྟར་བྱ་བ་དང་། མ་གྲུབ་པའི་སྤོགས་ཆོག་སོགས་ལེགས་པར་ཤེས་པ་དགོས་ཀྱང་། དེ་དག་གིའང་རྣམ་དབྱེ་མི་ཤེས་པར་ཨུ་ཚུགས་ཀྱིས་མུན་རྡོ་འཕངས་པ་ངལ་བ་འབྲས་བུ་མེད་པའམ། འབྲས་བུ་ལོག་པ་འབྱིན་པ་གང་ཡང་རུང་བ་ལས་མི་འདའ་འོ། །དེ་ཡང་ལས་སྦྱོར་སྟོབས་ཆེ་རབ་ཡན་ཆད་ཉེ་རྒྱུ་སྒྲུབ་པ་ལ་ལྟོས་པ་ཡིན་གྱིས། ལས་ཕྲན་གྱི་ཚོགས་ནི་སྒྲུབ་པ་ཟུར་པ་ལ་མི་ལྟོས་པར་བསྙེན་པ་ཚད་དུ་ཐེང་ནས་འཕྲལ་དུ་ལས་ལ་སྦྱར་བས་ཆོག་པའང་ཡོད་དེ། སྐྱེས་བུ་སྟོབས་ལྡན་གྱིས་དགྲ་བོ་སྟོབས་ལྡན་གཞོམ་པ་དང་། ཕ་རོལ་གྱི་སྡེ་ཆེན་པོ་འཇོམས་པ་ན་དམག་གི་དཔུང་ཚོགས་སྟ་གོན་བྱེད་པ་སོགས་དགོས་ཀྱིས། མི་ཕལ་པས་ནུས་པ་ཆུང་བ་ནི་དེ་ལྟ་བུ་ལ་མི་ལྟོས་པར། རང་ཉིད་ཀྱི་ཐུག་འཕྲད་དུ་གཞོམ་པ་ནུས་པ་བཞིན་ནོ།
།དེ་ལྟར་ན་འདིའི་བསྙེན་སྒྲུབ་ལས་གསུམ་ཉམས་སུ་ལེན་པར་འཇུག་པ་ལ་བཞི། གང་དུ་ཉམས་སུ་ལེན་པའི་གནས། གང་གིས་ཉམས་སུ་ལེན་པའི་གང་ཟག གང་གི་ཕྱིར་དུ་ཉམས་སུ་ལེན་པའི་དགོས་པ། ཇི་ལྟར་ཉམས་སུ་བླང་བའི་ཚུལ་ལོ།
།དང་པོ་ནི་དབེན་ཞིང་འདུ་འཛི་དང་བྲལ་བ་དང་། ནག་ཕྱོགས་ལ་དགའ་བའི་མི་མ་ཡིན་གདུག་པ་ཅན་གནས་པའི་ས་མ་ཡིན་པ་དང་། གྲིབ་ཅན་དང་དམ་ཚིག་ཉམས་པའི་གནས་མ་ཡིན་ཞིང་། རང་གི་ཡིད་དང་མཐུན་པའི་སྤྱིལ་པོའམ། དུར་ཁྲོད་ལ་སོགས་པ་མཁའ་འགྲོ་འདུ་བའི་གནས་སོ།
།གཉིས་པ་གང་ཟག་ནི་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་དབང་བསྐུར་བ་ལེགས་པར་ཐོབ་ཅིང་། དམ་ཚིག་དང་སྡོམ་པ་མིག་གི་འབྲས་བུ་ལྟར་གཅེས་པར་འཛིན་པ། ལྷག་པར་རྩ་ལྟུང་དང་མི་ལྡན་པ་སྟེ་དབང་བསྐུར་བའི་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཡལ་བར་དོར་ཞིང་། རྩ་ལྟུང་ལ་འཛེམ་མེད་དུ་འཇུག་པ་ནི། ཆོས་སྐྱོང་ཁྱད་པར་ཅན་འདི་དག་གིས་སྤང་བའི་ཕྱིར་ཏེ། འདི་དག་གི་སྔགས་རྡོ་རྗེ་འཆང་གི་སྤྱན་སྔར་དམ་ཚིག་གི་རྗེས་སུ་འབྲང་བར་ཁས་བླངས་ཀྱི། ཐེབ་ཀྱུ་རེའམ། ཆང་ཧུབ་རེའི་རྗེས་སུ་འབྲང་བར་ཁས་མ་བླངས་པའི་ཕྱིར། རྒྱུད་ཟླ་གསང་ཐིག་ལེ་ལས། དམ་ཚིག་བསྲུང་ལ་བརྩོན་པར་བྱ། །གཞན་དོན་བྱས་ན་སྔགས་མཁན་གྱི། །སྔགས་ལ་སོགས་པའི་མི་འགྲུབ་པས། །ལྷ་རྣམས་ཀྱང་ནི་དམ་ཚིག་གི །གསོལ་ཡང་བཞེས་སུ་མི་གནང་སྟེ། །ཞེས་གཏོར་མ་སོགས་ཕུལ་ཡང་མི་བཞེས་པར་གསུངས་པའི་ཕྱིར་རོ། །དེས་ན་འཇིག་རྟེན་པའི་འབྱུང་པོ་མཆོད་ནས་སྐྱབས་འཚོལ་བ་དང་མི་འདྲའོ། །དེའི་ཕྱིར་འ ཕྲལ་གྱིས་གཏོར་མ་སོགས་ཀྱི་རྗེས་སུ་འབྲངས་ནས་བསྲུང་སྐྱོབ་དང་གྲོགས་ཅུང་ཟད་བྱེད་པའི་མགོན་པོའི་ལས་མཁན་སྟོབས་ཅན་རྣམས་ཀྱིའང་བྲན་དུ་གྱུར་པའི་འཇིག་རྟེན་པའི་རིགས་མགོན་པོའི་ཞལ་ལྟ་བའི་སྐལ་བ་ཙམ་ཡང་མེད་པ་གྲངས་ལས་འདས་པ་ཞིག་ཡོད་པས། དེ་དག་གི་ཡིད་ཅུང་ཟད་ཚིམ་ཞིང་མགུ་བ་དང་། ལ་ལ་ཉེ་བར་མཁོ་བའི་རྟགས་དང་མཚན་མ་ཕྲན་ཚེགས་ལ། རང་གི་ཆོས་མ་ཡིན་པ་ལ་འཛེམ་མེད་དུ་ཞུགས་ཀྱང་གཏོར་མ་དང་བཟླས་པ་ཙམ་གྱི་མགོན་པོ་རང་དབང་མེད་པར་ཐུགས་རྒྱུད་འཁུམ་པའི་རྟགས་དང་མཚན་མ་ཡིན་པར་གོ་བའི་འཁྲུལ་པ་ཆེན་པོ་མ་སྐྱེས་པ་དགོས་སོ། །དེ་ལྟར་དམ་ཚིག་གི་སྡོམ་པ་ལ་གནས་པས་མགོན་པོའི་ཐུན་མོང་མ་ཡིན་པའི་རྗེས་སུ་གནང་བ་དང་། སྒྲུབ་པའི་ལུང་དང་། མན་ངག་ལེགས་པར་ཐོབ་ཅིང་། བསྙེན་བསྒྲུབ་ཉམས་སུ་ལེན་པའི་གནད་ལ་མཁས་སུ་བླང་བར་བྱའོ། གཞན་དུ་ན་ཡུན་རིང་པོ་འབད་ཀྱང་འབྲས་བུ་ཅི་ཡང་མི་འབྱུང་ངོ་།
།གསུམ་པ་དགོས་པ་ནི། རང་ཉིད་སྙིང་ཐག་པ་ནས་འཇིག་རྟེན་ཕྱི་མ་དོན་གཉེར་གྱི་བསམ་པས། ཐོས་བསམ་སྒོམ་པ་ཚུལ་བཞིན་དུ་བྱེད་པར་འདོད་པའི་བསམ་པའི་སྐྱེས་བུ་བྱ་བ་དེ་ལྟ་བུ་ལ་བཞུགས་པ་དང་། རང་གི་བརྙེད་བཀུར་སྙན་གྲགས་འཁོར་གྱི་འདུ་འགོད་སོགས་ཚེ་འདིའི་ཕུན་ཚོགས་དམིགས་པའི་ཟང་ཟིང་གི་བསམ་པས་མ་ཡིན་པར། སྙིང་ནས་རྒྱལ་བའི་བསྟན་པ་ལ་གཅེས་པར་འཛིན་པའི་བློ་སྐྱེས་ཏེ། དེའི་སླད་དུ་བཤད་སྒྲུབ་སོགས་ལ་ཚུལ་བཞིན་དུ་བརྩོན་པའི་སྦྱོར་བ་ལ་ཞུགས་ཙམ་ཉིད་ནས་བདུད་དང་བདུད་ཀྱི་རིགས་ཀྱི་འབྱུང་པོ་རྣམས་དང་། དེ་དག་གི་ཡིད་བསྒྱུར་བའི་སྐྱེ་བོ་དག་གི་སྒོ་སྣ་ཚོགས་ནས་བར་དུ་གཅོད་པར་གྱུར་པ་ཆོས་ཉིད་ཡིན་པས། དེ་འདྲ་བའི་འགལ་རྐྱེན་སེལ་བ་དང་། ད་ལྟ་སྙིགས་མ་ལྔ་ཤིན་ཏུ་བདོ་བའི་དུས་སུ་སོང་བས་སྐྱེ་བ་སྔ་མའི་ཚོགས་ཀྱི་བསགས་རྒྱབ་ཤིན་ཏུ་ཆུང་བས་མཐུན་རྐྱེན་སྒོ་གང་ནས་ཤིན་ཏུ་སྒྲུབ་དཀའ་བར་གྱུར་པའི་དུས་སུ་ཕྱི་ཡི་རྐྱེན་བསྲུང་མ་ཁྱད་པར་ཅན་ལ་བརྟེན་ཏེ། ཕྲིན་ལས་བཞི་ཡི་སྒོ་ནས་འགལ་རྐྱེན་དེ་དག་མེད་ཅིང་། མཐུན་རྐྱེན་འབད་པ་ཆུང་ངུས་ལེགས་པར་གྲུབ། རང་གཞན་གྱི་དོན་དང་བསྟན་པའི་བྱ་བ་བདེ་བླག་ཏུ་འགྲུབ་པའི་ཕྱིར་ཡིན་གྱི། ཚེ་འདིའི་དགྲ་འདུལ་གཉེན་སྐྱོང་ཙམ་གྱི་ཕྱིར་དུ་དམིགས་པ་ལ། མིང་བསྟན་པ་དང་དགེ་འདུན་སོགས་ཀྱི་ཕྱིར་ཡིན་ནོ་ཞེས་བཏགས་ནས། སྨྲེ་ངག་སོར་བྱངས་སུ་བསྒྲགས་ཀྱང་གཞན་སེམས་མཁྱེན་པའི་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་སྲུང་མ་ཁྱད་པར་ཅན་དག་གི་ཐུགས་ཀྱི་གཏིང་ནས་ཁྲེལ་བའི་གནས་སུ་འགྱུར་པའི་རྫུན་ཆེན་པོ་སྨྲས་པར་འགྱུར་གྱིས། དེ་འདྲ་བའི་བསྲུང་མ་ཁྱད་པར་ཅན་དག་གི་ཐུགས་ཀྱི་རྒྱུད་འཁུལ་བའི་ཕྲིན་ལས་མཛད་པ་ག་ལ་འགྱུར། དེས་ན་འཇིག་རྟེན་རང་ག་བ་གྲོང་པའི་སྐྱེ་བོ་དག་གི་ཕོ་ལྷ་དགྲ་ལྷ་སོགས་མཆོད་ཅིང་ལས་འཆོལ་བའི་ཀུན་སློང་དང་ཁྱད་མེད་དུ་མ་སོང་བ་ཞིག་དགོས་སོ།
།བཞི་པ་ཇི་ལྟར་ཉམས་སུ་བླངས་པའི་ཚུལ་ལ་གསུམ། བསྙེན་པ། བསྒྲུབ་པ། །ལས་ལ་སྦྱར་བའོ། །དང་པོ་ལ། གཏོར་མ་ལ་འབྲེལ་བ་དང་མ་འབྲེལ་བའི་གནས་སྐབས་གཉིས། དང་པོ་ལ་ཉིན་ཞག་རེ་ལ་ཐུན་བཞིའམ་དྲུག་ཏུ་གཏོར་མ་དང་བཟླས་པ་བྱས་པ་རེ་ཞིག་པའི་ཉམས་ལེན་གྱི་དབང་དུ་བྱས་པ་དང་། ཐུན་ཐ་མ་འབའ་ཞིག་ལ་བྱེད་པ་རྒྱུན་གྱི་ཉམས་ལེན་གྱི་དབང་དུ་བྱས་པའོ། །དང་པོ་ལ། སྒྲུབ་པ་མཎྜལ་དང་འབྲེལ་བ་དང་། གཏོར་མ་འབའ་ཞིག་ལ་བརྟེན་པའོ།
།གཏོར་མ་མཎྜལ་གྱི་མདུན་དུ་འཇོག་སྟེ། ཁྱད་པར་འདི་ནི་དང་པོ་ལ། མཎྜལ་དང་གཏོར་མའི་བཅའ་གཞི་ནི་འོག་ཏུ་གཏོར་སྒྲུབ་ཀྱི་ཚེ་ཇི་ལྟར་བྱ་བ་འཆད་པ་དང་འདྲ་ལ། ཅུང་ཟད་མི་འདྲ་བའི་ཁྱད་པར་ནི། འདིར་མགོན་པོའི་གཏོར་མ་ལྷར་བསྐྱེད་མི་བསྐྱེད་ཀྱི་དབང་གི་ཡིན་ནོ། །མདོར་བསྡུ་ན་འཁོར་གྱི་དགོས་གཏོར་རྣམས་རེ་རེ་ནས་མ་བཤམས་ཀྱང་རུང་ངོ་།
།གཉིས་པ་ལ་ཡང་མཎྜལ་མེད་ཀྱང་རྒྱས་པ་བྱེད་ན་འཁོར་གྱི་དགོས་གཏོར་རྣམས་ཀྱང་གཏོར་སྒྲུབ་ཀྱི་སྐབས་ལྟར་བཤམས་ཀྱང་རུང་ལ། མདོར་བསྡུས་ན་དེ་དག་རེ་རེ་ནས་ཟུར་དུ་མ་བཤམས་ཀྱང་རུང་ངོ་། །མཎྜལ་དང་འབྲེལ་མ་འབྲེལ་དེ་གཉིས་ཀ་ལ་ཡང་། དུས་ཟླ་བ་བཅོ་བརྒྱད་དམ། ལོ་གཅིག་གམ། ཟླ་བ་དྲུག་ལ་སོགས་པ་རབ་འབྲིང་ཐ་མ་ཇི་ལྟར་བྱེད་པ་དེའི་རིང་ལ་མཚམས་ཤིན་ཏུ་དམ་པར་བཅད། ཐུན་མཚམས་སུའང་མཚམས་གཡོག་ངེས་པ་ཅན་མིན་པ་ལ་ངག་མི་བསྲེ། གྲིབ་ཅན་དམ་ཚིག་ཉམས་པ་དང་། གདོན་ཅན་དང་། རང་རང་གི་བླ་མ་སོགས་དང་འཁོན་ཡོད་པ་རྣམས་ཀྱི་ལག་ནས་བྱུང་བའི་བཟའ་བཏུང་དང་ཡོ་བྱད་མི་ལེན། གཏོར་མ་དང་མཆོད་པའི་རྫས་རྣམས་ཀྱང་ཤིན་ཏུ་གཙང་ཞིང་། བྲིས་སྐུ་རབ་གནས་ཅན་དང་། ཕྱི་ནང་གསང་བའི་རྟེན་ལ་སོགས་པ་རབ་ཐམས་ཅད་དང་། ཁྱད་པར་དུའང་ནང་དུ་གསང་བའི་རྟེན་ཅི་ནས་ཀྱང་ཚང་བ་དང་། སྤོས་སྦྱར་མ་ལ་སོགས་པ་དང་། ནང་མཆོད་རྡོར་དྲིལ་ཅང་ཏེའུ་ལ་སོགས་པ་མེད་དུ་མི་རུང་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ། གཙོ་བོར་ཆོས་དང་ལོངས་སྤྱོད་ལ་སོགས་པའི་དངོས་གྲུབ་དོན་དུ་གཉེར་ན་ཡར་ངོའི་ཚེས་བརྒྱད་དང་། བཅུ་དང་། བཅུ་གཅིག་དང་། བཅོ་ལྔ་ལ་སོགས་པ་དང་། གཙོ་བོར་དགྲ་བགེགས་ཚར་གཅོད་པ་ལ་སོགས་པའི་དངོས་གྲུབ་དོན་དུ་གཉེར་ན། མར་ངོའི་ཉི་ཤུ་དགུ་ལ་སོགས་པ་གཟའ་སྐར་དང་། སྦྱོར་བ་དང་བྱེད་པ་བཟང་པོ་ལ་བརྩམས་པར་བྱའོ། །དེ་ཡང་ཐོ་རངས་ནམ་གྱི་སུམ་ཆ་ཙམ་ལུས་པ་ལྷ་ལྡང་བའི་རྣལ་འབྱོར་གྱིས་ལངས་ཏེ། ལྷ་བཞི་དྲིལ་སྒྲུབ་ཀྱི་ཏིང་ངེ་འཛིན་གྱི་དབང་བླངས་པ་སོགས་ཀྱང་བྱའོ། །དེ་ནས་ཡི་དམ་གྱི་སྒྲུབ་ཐབས་རྫོགས་པར་བསྒོམ་སྟེ། བཟླས་པ་ཅུང་ཞིག་བྱ་ཞིང་མཆོད་བསྟོད་བདུད་རྩི་མྱང་བ་སོགས་རྫོགས་པར་བྱས་ནས་མདུན་བསྐྱེད་ཀྱི་མཆོད་པ་བསངས་སྦྱངས་བྱིན་གྱིས་བརླབས་ཏེ། ཡི་དམ་གྱི་གཏོར་མ་བྱིན་གྱིས་བརླབས་ཤིང་གཏོར་མགྲོན་བསྐྱེད་ནས་འབུལ་བ་སོགས་རང་རང་གི་གཞུང་བཞིན་བྱ། དེ་ནས་མགོན་པོའི་མཎྜལ་ཡོད་ན། རྡུལ་ཚོན་གྱི་མཎྜལ་དེ་ཉིད་བསངས་སྦྱངས། དབུས་ན་ཆོས་འབྱུང་དུར་ཁྲོད་གཅིག་གི་མཚན་ཉིད་ལྡན་པས་བསྐོར་ཞིང་། ཙན་དན་ལྗོན་ཤིང་འཁྲིགས་མར་སྐྱེས་པའི་དབུས་ན། པདྨ་དང་ཉི་མ་དང་ཚོགས་བདག་གི་གདན་ལ་རྡུལ་ཚོན་གྱི་ས་བོན་བྲིས་པ་དེ་དང་དབྱེར་མེད་པའི་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས་མགོན་པོ་བསྐྱེད་པ་མན་ཆད་ཀྱི་མངོན་རྟོགས་གཏོར་ཆོག་གི་ཡི་གེ་ལྟར་རྒྱས་པར་བསྒོམ། སྤོས་སྦྱོར་བསྲེག སྤྱན་འདྲེན་རྒྱས་པ་བྱ། མཆོད་པ་དང་ནང་མཆོད་གཏོར་ཆོག་ལྟར་བྱ། དེ་ནས་བླ་མ་མགོན་པོ་དབྱེར་མེད་ཀྱི་མན་ངག་ལྟར་གསལ་བཏབ་ནས། ན་མོ་བུདྡྷ་ཡ་ཉེར་གཅིག་རེ་ཙམ་དང་བཅས་པའི་གསོལ་བཏབ་ཤུགས་དྲག་ལ་རྒྱུན་རིང་བ་བྱ། དེ་ནས་ཡིག་བརྒྱ་ཉེར་གཅིག་དང་བཅས་པའི་བཤགས་པ་དྲག་པོ་བྱེད། གྲིབ་སེལ་གྱི་མན་ངག་ལྟར་དམིགས་པ་གསལ་བཏབ། སྐབས་འདིར་བླ་མ་མགོན་པོའི་གནད་ཡིག་ཡིད་བཞིན་ནོར་བུ་ནས་འབྱུང་བའི་མན་ངག་ཡི་གེ་གསུམ་གྱི་བཟླས་པ་དང་བཅས་པ་མ་ཆགས་པར་ཉམས་སུ་བླངས་ན་ཤིན་ཏུ་ཁྱད་ཆེ། དེ་ནས་དཔྲལ་བའི་སིནྡྷུ་ར་ལ་བརྟེན་ནས་མཁའ་འགྲོ་དབང་དུ་བསྡུ་བའི་མན་ངག་གི་དམིགས་པ་གསལ་བཏབ་ནས་ན་ར་ཀྲིཾ་ཀྲིཾ་གི་བཟླས་པ་བརྒྱ་རྩ་རེ་བྱེད། དེ་ནས་བཟླས་པ་དངོས་གཞི་ལ་འཇུག་པའི་སྔོན་དུ་སྐབས་སྐབས་སུ་གཤིན་རྗེ་གཤེད་ཀྱི་སྒོས་སྐུའི་གཟི་བརྗིད་བསྐྱེད་པའི་མན་ངག་ཀྱང་བྱ། ནར་མ་ལ་ཐེབས་དེ་བཞིན་མ་ཆགས་པ་རང་ཡང་མི་དགོས། བཟླས་པ་ལ་གསུམ་ལས། སྙིང་པོ་སྲོག་སྔགས་བཟླས་པ་ལ། དམིགས་པ་ནི་རང་ཡི་དམ་གྱི་ང་རྒྱལ་བརྟན་པ་དང་། མགོན་པོ་རང་གི་མདུན་ཐད་དྲངས། རང་ཡི་དམ་དུ་སྒོམ་པའི་སྐུ་ལས་མི་མཐོ་ཞིང་རྒྱང་རིང་པོ་མ་ཡིན་པར་བསྒོམ་པ་དེ་ཉིད། བསིལ་བ་ཚལ་ནས་བྱོན་པའི་མགོན་པོ་དངོས་ཡིན་སྙམ་པའི་དོན་དུ་ཞེན་པ་ཤུགས་དྲག་པོ་དང་། རང་ཡི་དམ་དུ་གསལ་བ་དང་མགོན་པོ་གཉིས་ཀྱི་ཆོས་ཉིད་ལ་དབྱེ་བ་ཅུང་ཟད་ཀྱང་མེད་པར་རང་བཞིན་སྟོང་པ་ཉིད་ཀྱི་ངང་དུ་རོ་གཅིག་ཀྱང་། གང་འདུལ་གདུག་པ་ཅན་དག་འདུལ་བའི་དོན་དུ་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱི་གཟུགས་རྣམས་ཤིན་ཏུ་དྲག་ཅིང་མི་ཟད་པའི་ཁྲོ་བོའི་དབང་པོའི་སྐུ་དྲག་པོའི་ང་རོ་འབྲུག་ལྟར་སྒྲོག་པའི་སྣང་སྟོང་དབྱེར་མེད་སྒྱུ་མ་ལྟ་བུའི་སྐུ་ཤར་བར་ཡང་ཡང་དྲན་པར་བྱེད་པའི་ངང་ནས་བློ་དེ་བའི་རྩི་མ་ཡལ་ཙམ་རྒྱུན་མི་ཆད་དུ་འབྱུང་བ་ཞིག་མ་བྱུང་གི་བར་དུ་དྲན་ཤེས་བརྟན་པའི་འབད་པ་ལེགས་པར་སྒྲིམ་པ་གལ་ཆེ་ཞིང་། དེ་ལྟར་དྲན་པའི་ངང་ནས་རང་གི་ཐུགས་ཀའི་ཧཱུྃ་ལས་སྔགས་ཕྲེང་བྱུང་བ་རང་གི་ཞལ་ནས་ཐོན། མགོན་པོའི་ཞལ་དུ་ཞུགས། ཐུགས་ཀའི་ཧཱུྃ་ལ་ཐིམ། དེ་ལས་བྱུང་མགོན་པོའི་ལྟེ་བ་ནས་ཐོན་བདག་གི་ལྟེ་བར་ཞུགས་ནས་ཐུགས་ཀའི་ཧཱུྃ་ལ་ཐིམ་ནས་འགལ་མེ་ལྟར་འཁོར་བའི་སྔགས་ཀྱི་ཡིག་འབྲུ་རྣམས། ཁ་དོག་ནག་པོ་མེ་འོད་རབ་ཏུ་འཕྲོ་བ་ལྟར་ཕུར་དུ་འགྲོ་ཞིང་དྲག་ལ་རྩུབ་པའི་རྣམ་པ་ཅན་དུ་བསྒོམ་པ་ལ་ཡིད་རྩེ་གཅིག་ཏུ་དམིགས་ནས་སྙིང་པོ་བཟླས་པ་བྱའོ། །ཡང་རྒྱུད་ལེ་བརྒྱད་མ་ལས་གསུངས་པ་ལྟར། མདུན་གྱི་མགོན་པོ་ནི་ཐུགས་ཀའི་ཉི་མའི་སྟེང་ན་གནས་པའི་མགོན་པོའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཧཱུྃ་མཐིང་ནག་ལ་དེ་ཉིད་ཀྱི་མདུན་ནས་བརྩམས་ཏེ་གཡས་བསྐོར་དུ་གནས་པའི་སྔགས་ཀྱི་ཕྲེང་བ་འབར་བའི་རྣམ་པ་ཅན་ལ་ཡིད་གཏད་རྩེ་གཅིག་ཏུ་དམིགས་ནས་བཟླས་པ་བྱ་སྟེ། དེ་ལྟར་གང་བྱས་ཀྱང་རུང་ངོ་།
།གཉིས་པ་རྩ་སྔགས་ཀྱི་བཟླས་པ་ནི། རང་ཡི་དམ་གྱི་ང་རྒྱལ་ཤིན་ཏུ་བརྟན་པ་ལ་གནས་ནས། རང་གིས་མགོན་པོ་ལ་བཀའ་བསྒོ་བ་དང་། མགོན་པོ་ནས་ཀྱང་རང་གི་བཀའ་ཉན་པར་བསམ་ལ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་དམར་པོ་འཕྲོས་པ་མགོན་པོའི་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་མགོན་པོའི་ཐུགས་རྒྱུད་ལེགས་པར་བསྐུལ་ནས་བཀའ་བསྒོ་བའི་ལས་ཐམས་ཅད་ཐོགས་པ་མེད་པར་བྱེད་པར་བསམ་ཞིང་། མགོན་པོ་ནས་ཀྱང་རང་གི་འཁོར་རྣམས་ལ་སྤྱན་ཧྲིག་ཧྲིག་གཟིགས་ཏེ་བསྐུལ་བས། འཁོར་ཐམས་ཅད་རང་དབང་མེད་པར་ལས་བྱེད་པར་བསམ་ལ། ཤཱ་ས་ནའི་སྤེལ་ཚིག་དོར་ནས་སྔགས་དོན་སེམས་ཤིང་བཟླས་པ་སྒྲིམ་སྟེ་བྱེད་པའོ། །དེ་ནས་འཁོར་རྣམས་ཀྱི་སྒེར་གྱི་བཟླས་པ་ནི། གཙོ་ཆེར་གཙོ་བོའི་བཟླས་པ་ཚད་དུ་ལེགས་པར་ཐེངས་ནས་དེའི་རྗེས་ནས་འཁོར་གྱི་སྒེར་བསྙེན་རྣམས་བྱ་བ་ཡིན་མོད་ཀྱི་མགོན་པོའི་བཟླས་པའི་ཚེ་ནའང་མཇུག་ཏུ་ཅུང་རེ་བྱེད་ནའང་། རང་གི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་རང་གི་ས་བོན་ལ་འཁོར་དེ་རང་གི་མདུན་ཕྱོགས་སུ་གཡས་བསྐོར་དུ་བཟླ་བྱའི་སྔགས་ཀྱི་བསྐོར་བ་ཁ་དོག་ནག་པོ་མེ་འོད་འཕྲོ་བ་ལ་དམིགས་ནས་བཀའ་བསྒོ་བའི་བསམ་པས་བཟླས་པ་བྱའོ། དེ་ལྟར་ཐུན་དེའི་བཟླས་པ་རྫོགས་ནས་གཏོར་མ་བྱིན་གྱིས་བརླབས་ཏེ། དབུལ་བ་ནི་བྱིན་རླབས་བྱེད་ཚུལ་ལུགས་འདིའི་བླ་མ་རྣམས་ལ་མི་འདྲ་བ་མང་དུ་ཡོད་ཅིང་། ཡིག་ཆ་རྣམས་ལའང་མི་འདྲ་བ་དུ་མ་ཞིག་བཀོད་འདུག་པའི་ནང་ནས། ཁོ་བོས་གཏོར་ཆོག་ཆེ་བར་བཀོད་པ་དེ་ཉིད་ལེགས་ཤོས་སུ་སྣང་བས་དེ་ལྟར་བྱའོ། །འོན་ཀྱང་རང་བདེ་མཆོག་ཀྱེ་རྡོར་གསང་འདུས་གཤིན་རྗེ་གཤེད་ལ་སོགས་པའི་ཡི་དམ་གང་གི་བདག་བསྐྱེད་བྱས་པ་དེའི་ལུགས་ཀྱི་གཏོར་མ་བྱིན་རླབས་ལྟར་བྱས་ན་རྒྱུད་སྡེ་དང་། ཚད་ལྡན་དག་གི་གཞུང་དང་མཐུན་པས་ལེགས་པར་གོའོ། །ཡི་གེ་རྙིང་པ་འགའ་ཞིག་ཏུ་གཏོར་སྣོད་པཾ་དམར་སེར་ཞུ་བ་ལས་པདྨའི་སྣོད་ཡངས་ཤིང་རྒྱ་ཆེ་བ་སྟོང་ཉིད་ཙམ་དུ་བསམ་པའི་ནང་དུ་རྫས་རྣམས་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་རླབས། ཅེས་བཤད་ནས་འདི་ཉིད་གཏོར་མ་བྱིན་གྱིས་རླབས་ཀྱི་གསང་སྔགས་ཐུན་མོང་མ་ཡིན་པ་ཞེས་བྲིས་ཡོད་དེ། གཏོར་མ་པདྨའི་སྣོད་དུ་བསྐྱེད། ཅེས་པའི་པདྨའི་སྣོད་ཐོད་པ་ལ་ཟེར་བར་རྒྱུད་སྡེ་ཆེན་མོ་དེ་དག་ལས་ཡོངས་སུ་གྲགས་པའི་ཐ་སྙད་ཙམ་ཡང་མ་ཚོར་བར་མེ་ཏོག་པདྨ་ལ་གོ་བའི་མི་མཁས་པ་ཞིག་གིས་བྱས་པ་གསལ་ལོ། དེ་ནས་ལག་པ་རྡོ་རྗེ་ཐལ་མོ་ཁ་ཕྱེ་བའི་ཕྱག་རྒྱ་བཅའ་ཞིང་། ཧཱུྃ་ལན་དྲུག་པ་བརྗོད་པ་དམིགས་པ་དང་བཅས་པ་སྔོན་དུ་བཏང་ནས་མགོན་པོ་འཁོར་བཅས་ཀྱིས་གཏོར་སྔགས་གཏོར་ཆོག་ཏུ་བཤད་པ་ལྟར་གྱིས་དབུལ་བར་བྱའོ། །དེ་ནས་ཕྲིན་ལས་བཅོལ། འཁོར་དང་བཅས་པའི་བསྟོད་བསྐུལ་རྒྱས་པར་བྱའོ། །ཐུན་མོང་ལ་དེ་ལྟར་བྱས་ནས་ལྷ་གཤེགས་སུ་ཡང་མི་གསོལ། བྲིས་སྐུ་ལ་བསྟིམ་པ་ཡང་མི་བྱེད་པར། དཀྱིལ་འཁོར་བྲིས་ན་དེའི་དབུས་དང་། མ་བྲིས་ནའང་གཏོར་མའི་རྒྱབ་ཙམ་དུ་མགོན་པོ་འཁོར་བཅས་མངོན་སུམ་དུ་བཞུགས་པར་བསྒོམས་ལ། བླ་མ་མགོན་པོ་དབྱེར་མེད་ལ། །ཞེས་སོགས་ཀྱི་གསོལ་བ་མང་དུ་བཏབ་ལ། གཏོར་མ་ལ་སྲུང་བའི་དམིགས་པ་བྱས་ནས་ཐུན་མཚམས་ཀྱི་བྱ་བ་ལ་འཇུག
།སླར་ཡང་ཐུན་གཉིས་པར་འཇུག་པ་ནི། གཞན་ཐམས་ཅད་སྔར་དང་འདྲ་བ་ལ། འདི་ནས་གཏོར་མ་སྐྱོང་བ་དང་མཚམས་འདོན་པའི་ཐུན་མ་གཏོགས་པ་ཐམས་ཅད་ལ་ས་བོན་དང་ཕྱག་མཚན་སོགས་ལས་མགོན་པོ་གསར་དུ་བསྐྱེད་པ་མ་ཡིན་པར་གཙོ་འཁོར་ཐམས་ཅད་གནས་དེ་ཉིད་ན་སྔར་ཡོད་གསལ་འདེབས་པའི་ཚུལ་གསལ་བཏབ་ནས་སླར་ཡང་ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ་པར་བྱེད་ཅིང་། ལོ་དང་ཟླ་བ་ཞག་ཉེར་གཅིག་ལ་སོགས་པའི་རིགས་ལ་དེ་ལྟར་ཞག་རེར་ཐུན་བཞི་བཞིའམ། དྲུག་དྲུག་ཏུ་མ་ཆག་པར་བྱས་པའི་མཐར་ཆོ་ག་ཐ་མ་ལ། མདུན་གྱི་མགོན་པོ་འཁོར་དང་བཅས་ལ་གཏོར་མ་རྒྱས་པར་ཕུལ་ནས། གཏོར་མ་ལ་གྲིབ་གནོན་གྱི་གདོན་སྲུང་བའི་སླད་དུ་དཔལ་འབར་གཙུགས་ཏེ་ཐོག་ཁར་ཁྱེར་ནས། ཤར་ལྷོ་མཚམས་ནས་སྤྱན་དྲངས་པའི་མགོན་པོ་ལ་དབུལ་བའི་ཚུལ་དུ་འོག་ནས་ཆད་པ་ལྟར་ཕུལ་ནས། གཏོར་མའི་མགོ་ནས་བཅད་ནས་ནམ་མཁའ་ལ་གཏོར་ཞིང་། ནང་མཆོད་ཐོར་བ་སོགས་ཀྱང་བྱ། ལྷག་མ་བསྡུས་ཏེ་འོག་ཏུ་འོངས་ནས་མགོན་པོ་འཁོར་བཅས་ལ་ཉེར་སྤྱོད་དང་ནང་མཆོད་ཅིང་། ཡི་གེ་བརྒྱ་པ་མང་བ་བཟླས་ནས་ནོངས་པ་བཟོད་པར་གསོལ། མདུན་གྱི་མགོན་པོ་འཁོར་བཅས་བྲིས་སྐུ་ལ་བརྟན་བཞུགས་བྱ། སྨོན་ལམ་གདབ་ཅིང་དགེ་བ་བསྔོས་ནས། བཀྲ་ཤིས་བཀའ་རྒྱ་མ་དང་གཞན་ཡང་ཤིས་བརྗོད་རྒྱས་པར་བྱ། མཎྜལ་དང་མཆོད་པ་རྙིང་པ་སོགས་བསྡུ། བྲིས་སྐུ་དང་ནང་རྟེན་ལ་སོགས་པ་གཞན་གྱི་མི་མཐོང་བའི་གནས་དབེན་པར་བཞག་པར་བྱའོ།
།གསུམ་པ་ཐུན་ཐ་མ་འབའ་ཞིག་ལ་བྱེད་པ་རྒྱུན་གྱི་ཉམས་ལེན་གྱི་དབང་དུ་བྱས་པ་ནི། ད་ལྟ་འཛིན་གཏོར་དུ་གྲགས་པ་ལྟར་བཅས་ནས། དེ་ལ་བརྟེན་ཏེ་དགོང་མོའི་སྲོད་ཀྱི་དུས་ལྟ་བུའམ་ཐུན་རེ་ལ་གཏོར་མ་དབུལ་ཞིང་། བསྙེན་པ་ནར་མ་རེ་བྱ་བར་འདོད་ན། གོང་དུ་དཀྱིལ་འཁོར་མ་བྲིས་པར་གཏོར་མ་འབའ་ཞིག་ལ་བརྟེན་ཏེ་བསྙེན་པ་ཇི་ལྟར་བྱ་བའི་ཚུལ་བཤད་པ་དེ་ཉིད་དང་། ཞག་གཅིག་གི་ནང་གི་ཐུན་གྲངས་མང་ཉུང་གི་ཁྱད་པར་མ་གཏོགས་ཆོ་ག་ཐམས་ཅད་ཁྱད་པར་མེད་ལ། ཐུན་ཐོག་མ་མ་གཏོགས་ལྷག་མ་ཐམས་ཅད་ལ་མགོན་པོ་སྔར་ཡོད་གསལ་འདེབས་པའི་རྣམ་པས་གསལ་འདེབས་ཀྱིས། གསར་དུ་མི་བསྐྱེད་པར་ཡེ་ཤེས་པ་ནུབ་རེ་བཞིན་སྤྱན་འདྲེན་པ་དང་། གཏོར་མ་འབུལ་བ་དང་སྲུང་བའི་མན་ངག་དང་། མཇུག་གཏོར་མ་སྐྱོང་བ་དང་། བརྟན་བཞུགས་སོགས་ཐམས་ཅད་དེ་དང་འདྲའོ།
།གཉིས་པ་གཏོར་མ་དང་མ་འབྲེལ་བའི་གནས་སྐབས་སུ་རྒྱུན་བསྙེན་གྱི་བཟླས་པ་ཅུང་ཟད་བྱ་བར་འདོད་ན་དེའི་ཚུལ་བཤད་པ་ནི། རང་ཡི་དམ་གྱི་རྣལ་འབྱོར་ལ་གནས་ནས། མདུན་དུ་པད་ཉི་ཚོགས་བདག་དང་བཅས་པའི་གདན་བསྒོམས་ཏེ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱི་མགོན་པོ་བསིལ་བའི་ཚལ་ནས་སྤྱན་དྲངས་པར་བསྒོམས་ཏེ་ཁྲིཾ་རིང་པོ་ཉེར་གཅིག་བརྗོད་དེ། བར་སྣང་ལ་བྱོན་ནས་མདུན་གྱི་གདན་ལ་བཞུགས་པར་བསྒོམས་ནས། ཉེར་སྤྱོད་ལྔ་སྔགས་ཙམ་གྱིས་ཕུལ་ཏེ། སྙིང་པོ་དང་རྩ་སྔགས་ཀྱི་བཟླས་གྲངས་ཇི་ཙམ་ཞིག་བྱེད་པ་དེའི་རིང་ལ་དམིགས་པ་གོང་དུ་བཤད་པ་ལྟར་བྱས་ནས། ངག་གཞན་དང་མ་འདྲེས་པར་ཡིད་མ་ཡེངས་པར་བཟླས་ཏེ་བཟླས་པའི་གྲངས་མ་རྫོགས་པ་ན་གཙོ་བོའི་ཁོ་ནའི་བསྟོད་པ་མདོར་བསྡུས་གཅིག་བྱས། བླ་མ་མགོན་པོ་དབྱེར་མེད་ལ། །ཞེས་སོགས་བརྗོད་དེ། བཛྲ་མུཿས་མགོན་པོ་བསིལ་བའི་ཚལ་དུ་གཤེགས་སུ་གསོལ་ནས། རང་སྤྱོད་ལམ་གྱི་བྱ་བ་གཞན་ལ་འཇུག་པར་བྱའོ། །བསྙེན་པའི་ཚུལ་ཇི་ལྟར་བྱ་བ་བརྗོད་ཟིན་ཏོ།།
༈ དེ་ནས་བསྙེན་པ་ཚུལ་ཇི་ལྟར་ཚད་ནི་རྣམ་པ་གསུམ་སྟེ། མཚན་མའི་བསྙེན་པ་དང་། གྲངས་ཀྱི་བསྙེན་པ་དང་། དུས་ཀྱི་བསྙེན་པའོ།
།དང་པོ་ནི། མཚན་མ་རབ་དངོས་དང་། འབྲིང་ཉམས་སྣང་། ཐ་མ་རྨི་ལམ་དུ་མགོན་པོའི་སྐུ་མཐོང་བ་དང་། ལྷ་མོ་དང་གནོད་སྦྱིན་ལ་སོགས་པའི་སྐུ་ཇི་ལྟ་བའི་རྣམ་འཕྲུལ་མཐོང་ངམ། མི་ནག་པོ་དང་། མོན་པ་ནག་པོ་དང་། ཨ་ཙ་ར་ནག་པོ་དང་། དོམ་དང་གཡག་རྒོད་ལ་སོགས་པ་སྒྲུབ་ཁང་གི་ནང་དུ་དངོས་སམ་ཉམས་སྣང་ལ་མཐོང་བ་དང་། གཏོར་མ་ལ་མེ་འབར་བ་སོགས། སྒྲུབ་ཁང་དུ་འདོད་ཆགས་ཤ་ཆེན་གྱི་དྲི་དང་། ཐུག་ཆོམ་དང་། གཏོར་མ་ལ་སྒྲ་དང་། སྒྲུབ་རྫས་ལ་མེ་འབར་བ་ལ་སོགས་པ་དུ་མ་བྱུང་ལ། རྨི་ལམ་ཨོཾ་ཡང་བྱ་ནག་དང་། མི་ནག་དང་། ཨ་ཙ་ར་དང་། མི་ནག་རལ་པ་ཅན་དང་། སྔགས་པ་ནག་པོ་རལ་པ་ཅན་དང་། གཡག་ནག་ལུག་ནག ཁྱི་ནག་ལུས་དར་ཤིང་ཤ་དང་སྤུ་ལ་སོགས་པ་རྒྱས་པ་དང་། མི་དཔོན་དང་གཙོ་བོ་ཆས་བཟང་བ་དང་། བུད་མེད་བརྒྱན་བཟང་བ་དང་། བླ་མ་མཉེས་ཤིང་ཆོས་དང་ཟང་ཟིང་གནང་བ་དང་། སྐྱེ་བོ་གཞན་གྱིས་བདག་ལ་བཟའ་བཏུང་མང་དུ་སྟེར་བ་དང་། ཐོད་པ་ཆང་གིས་བཀང་བ་འཐུང་བ་དང་། མིའི་ཤ་ལ་སོགས་པ་ཟོས་པ་དང་། དར་འཕྱར་བ་དང་། དུང་འབུད་པ་དང་། ཉི་ཟླ་ཤར་བ་ལ་སོགས་པ་ལན་རེ་ཙམ་མ་ཡིན་པར་ངེས་ཅན་དུ་ཡང་ཡང་བསྙེན་པ་བྱེད་པ་དུས་དེའི་ཚེ་འབྱུང་བ་ནི་ཉེ་བའི་རྟགས་ཡིན་ལ། གཞན་ཡང་དེ་ཙམ་གྱིས་མཚོན་ནས་ཤེས་པར་བྱ་སྟེ། རྫོགས་པར་རེ་རེ་ནས་བརྗོད་པར་ག་ལ་ནུས། མཁར་བཙན་པོ་དང་། རྫོང་ནང་ན་འདུག་པ་དང་གོ་ཆ་བཟང་པོ་གྱོན་པ་སོགས་ནི། སྲུང་བའི་རྟགས་ཡིན་ཞིང་། བྱ་ནག་མི་ནག་གཡག་ནག་སོགས་མདོག་དང་སྤུ་ལ་སོགས་པ་ཉམས་ཤིང་ཐང་ལ་འཁྱིལ་པ་དང་། རང་ལ་ཚུར་རྒོལ་ཞིང་མི་དགའ་བ་དང་། བུད་མེད་ནག་མོ་བརྒྱན་མེད་པ་ངུ་ཞིང་འཐབ་པ་དང་། ཁྱི་ནག་གིས་རྨུག་པ་ལ་སོགས་པ་རྨི་བ་ནི་མགོན་པོ་མ་མཉེས་པ་དང་། ཆོས་སྐྱོང་རང་ལ་བཟློག་པ་སོགས་ཀྱི་མཚན་མ་ཡིན་པས་མཚམས་དམ་པར་བྱ། བླ་མ་དང་མགོན་པོ་དབྱེར་མེད་དུ་བལྟས་ནས་གསོལ་བ་འདེབས་པ་དང་། སྲུང་གཏོར་དང་བསྐང་བཤགས་ལ་རྩལ་དུ་བཏོན་པ་མཚན་མ་འགྱུར་བར་ངེས་ཀྱི་བར་དུ་འབད་པར་བྱའོ། །གཞན་མཚོན་ཆ་ཆག་པ་དང་། རོལ་ཆ་སྐད་མེད་པ་དང་། མཛེ་ཕོ་དང་། མི་གཙང་བས་གོས་པ་སོགས་རྨི་བ་ནི། ཉམས་གྲིབ་ཀྱི་མཚན་མ་ཡིན་པས་གྲིབ་སེལ་གྱི་མན་ངག་དང་། ཡིག་བརྒྱའམ་བཟླས་པ་དང་བསྐང་བཤགས་སོགས་ལ་འབད་པར་བྱའོ།
།གྲངས་ཀྱི་བསྙེན་པ་ནི། ཁ་གཅིག་སྲོག་སྔགས་འབུམ་ཕྲག་བཅུའམ། རྩ་སྔགས་འབུམ་ཕྲག་གཅིག་ཅེས་གསུངས་ལ། རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པས་ནི་རྩ་སྔགས་བྱེ་བ་ཙམ་ད་ལྟའི་དུས་སུ་བཟླས་ན་གྲངས་ཀྱི་བསྙེན་པ་རབ་ཡིན་གྱི། འབུམ་ཕྲག་བཅུ་ལ་སོགས་པ་ཙམ་གྱིས་ཕལ་ཆེ་བ་ལ་ནུས་པ་ཅི་ཡང་འབྱུང་བར་དཀའོ། །ཞེས་གསུངས་སོ། །དེའི་ཕྱིར་ནའང་སྙིང་པོ་བྱེ་བ་ཙམ་གྱིས་བཟླས་པ་བྱ་བར་རིགས་སོ།
།དུས་ཀྱི་བསྙེན་པ་ནི། བླ་མ་གོང་མ་དག་ཟླ་བ་དྲུག་ཅེས་གསུངས་སོ། །དེ་ལ་མཚན་མའི་བསྙེན་པ་རབ། གྲངས་ཀྱི་བསྙེན་པ་འབྲིང་། དུས་ཀྱི་བསྙེན་པ་ཐ་མ་སྟེ། རྒྱུད་སྡེ་དང་གཞུང་ཚད་ལྡན་ཆེན་མོ་དག་ན། དུས་ཀྱི་བསྙེན་པའི་རྣམ་དག་གསུངས་པ་ལ་ལྷ་གང་ལའང་ཁྱད་ཆེར་མེད་དོ།།

༈ གཉིས་པ་སྒྲུབ་པ་དང་ལས། གསུམ་པ་ལས་ལ་སྦྱོར་བ་གཉིས་ནི། ཞི་རྒྱས་དབང་དྲག་གི་ལས་ལ་སྦྱོར་བ་མི་འདྲ་བའི་དབྱེ་བས་སྒྲུབ་པ་ཇི་ལྟར་བྱ་བའི་ཚུལ་མི་འདྲ་བ་མང་དུ་ཡོད་མོད། དེ་ལྟར་ནའང་བསད་པ་ལ་སོགས་པའི་ལས་ལ་སྦྱོར་བའི་སྔོན་དུ་འགྲོ་བའི་སྒྲུབ་པ་དང་། དེའི་ལས་སྦྱོར་བཤད་པ་ལ་དགག་བྱ་ཆེ་ཞིང་དགོས་པ་ཆུང་བའི་ཕྱིར་དེ་དག་ནི་མི་འཆད་ཀྱི། འཕྲལ་ལ་ཉེ་བར་མཁོ་བའི་གཏོར་མའི་སྒྲུབ་པ་ཙམ་ཞིག་དང་། ལས་སྦྱོར་ཀྱང་དུ་མ་ཞིག་ཡོད་དུ་ཟིན་ཀྱང་། བར་ཆད་བཟློག་པ་སོགས་ཀྱི་ཕྱིར་དུ་གཏོར་ཆེན་གྱི་ལས་ལ་སྦྱོར་བའི་ཕྱོགས་ཙམ་བརྗོད་པར་བྱ་བ་ཡིན་ནོ།
།དེང་མགོན་པོའི་བསྙེན་བསྒྲུབ་ལས་གསུམ་ཐམས་ཅད་གཏོར་མ་ལ་རགས་ལས། ཐུགས་དམ་གཏོར་མས་བསྐོང་། འཕྲིན་ལས་ཐམས་ཅད་གཏོར་མ་ཕུལ་ནས་འཆོལ་དགོས་པས། ཆོས་སྐྱོང་ལ་གཏོར་མའི་གནད་ཤེས་པ་གལ་ཆེའོ། །དེ་ནས་འདིར་གཏོར་མའི་རྣམ་བཞག་ཟུར་ཙམ་ཞིག་བརྗོད་ན། རང་གི་སྒྲུབ་ཁང་མགོན་ཁང་ལ་སོགས་པར་དུས་དེ་དག་ཏུ་ཕུལ་ཏེ་གཏོར་མ་བསྡུད་པ་ནི་བརྟེན་གཏོར་ཞེས་ཟེར་ཏེ། ད་ལྟ་འཛིན་གཏོར་དུ་གྲགས་པ་དང་དོན་གཅིག་གོ །ནུབ་རེ་བཞིན་གསར་དུ་བཅའ་ཞིང་བྱིན་གྱིས་རླབས་ཏེ་འབུལ་བ་ནི་རྒྱུན་གཏོར་ཞེས་བྱ་བ་དང་། རྟག་ཏུ་འཇོག་པའི་གཏོར་མ་ལ་རྟག་གཏོར་ཞེས་ཟེར། ལོའམ་ཟླ་བ་ལ་སོགས་པའི་བར་དུ་བཞག་ནས་ལོ་ཟད་ཟླ་ཟད་ཀྱི་ཉི་ཤུ་དགུ་ལྟ་བུའམ་རང་གནས་འཕོ་བ་ལ་སོགས་པའི་དབང་གི་དུས། འཕྲལ་གཏོར་ཞེས་ཟེར་བ་ཡིན། ཡར་ངོའི་ཚེས་བརྒྱད་དམ། བཅུ་གཅིག་གམ། བཅོ་ལྔའམ། མར་ངོའི་ཉི་ཤུ་དགུ་ལྟ་བུ་ལ་གཏོར་མ་གསར་པ་ཤིན་ཏུ་བཟང་བར་བཤམས་ཏེ། རྒྱས་པར་ཕུལ་ནས། དུས་དེ་ནུབ་དེ་ཉིད་ལ་གཏོང་བ་ནི་དུས་གཏོར་ཞེས་ཟེར། ཡང་རྣམ་སྲས་ལྟ་བུ་ལ་ཡར་ངོའི་བརྒྱད་དང་བཅོ་ལྔ་ངེས་བཟུང་དུ་གལ་ཆེ་ཞིང་། ཞལ་བཞི་པ་ལྟ་བུ་ལ་ཡར་ངོའི་བརྒྱད་དང་བཅུ་གཅིག མར་ངོའི་ཉི་ཤུ་དགུ་གསུམ་གལ་ཆེ་སྙམ་ཡིན་ཀྱང་། མགོན་པོ་འདི་དང་གུར་མགོན་སོགས་ལ་མར་ངོའི་ཉི་ཤུ་དགུ་ལྷག་པར་གལ་ཆེ་ལ། འོན་ཀྱང་ལོངས་སྤྱོད་རྒྱས་པ་སོགས་གཙོ་བོར་དོན་དུ་གཉེར་ན་ཡར་ངོ་ལ་ཡང་དུས་གཏོར་བྱེད་དོ། །ནད་དང་དགྲ་བགེགས་ལ་སོགས་པ་གནོད་པ་འབྱུང་བའི་དབང་གིས་གནོད་པ་འབྱུང་བའི་དུས་དེའི་ཚེ་གཏོར་མ་གསར་དུ་བཤམས་ཏེ་ཕུལ་ནས། དུས་དེའི་ཚེ་ཉིད་གཏོང་བ་ལ་གློ་བུར་ལས་བཅོལ་གྱི་གཏོར་མ་ཟེར། གཏོར་མ་ཤིན་ཏུ་བཟང་བར་བཤམས་ཏེ། ཞག་རེ་ལ་ཐུན་དྲུག་དྲུག་ཏུ་གསོ་ཞིང་། ཐུན་དྲུག་དྲུག་ཏུ་བྱིན་གྱིས་བརླབས་ནས་ལས་གྲུབ་པའི་མཚན་མ་བརྟན་པོ་མ་བྱུང་གི་བར་ཐེབས་གཅིག་ཀྱང་མི་འབུལ་ཞིང་མི་བསྔོ་བར་བཞག་ནས་ཞག་རེ་ལ་འཕྲལ་གཏོར་ཐུན་དྲུག་དྲུག་ཏུ་འབུལ་བ་རྣམས་ཀྱི་ཚེ། ལས་འདི་དང་འདི་སྒྲུབས་ཤིག ལས་དེ་དང་དེ་གྲུབ་པ་ན་གཏོར་མ་ཆེན་པོ་འདི་ཡང་འབུལ་བ་ཡིན་ནོ། །ཞེས་བྱས་ནས་གཏོར་མ་གཏའམ་སྟོང་པར་འཛིན་པ་གཏའ་གཏོར་ཞེས་ཟེར་བ་ལ་ལས་གྲུབ་པའི་མཚན་མ་བརྟན་པོ་བྱུང་བ་ན་གཏོར་མ་ཆེན་པོ་དེ་ཉིད་གཏང་རག་གི་ཚུལ་དུ་འབུལ་བ་ཡིན་ནོ། །མགོན་པོ་ལྕམ་དྲལ་གཉིས་ཀ་ལ་གཏོར་མ་རེ་རེ་ཐུན་གྱི་མཐར་གསར་དུ་བཤམས་ཤིང་ཕུལ་ནས་ཡབ་ཀྱི་དེ་ནུབ་མོ་གཏོང་། ཡུམ་གྱི་དེ་སྔ་དྲོ་གཏོང་བ་ཐུན་གཏོར་ཟེར་ཏེ། དེ་གུར་མགོན་དང་ཞལ་བཞི་པའི་མན་ངག་གི་ལུགས་ཡིན་གྱི། མགོན་པོ་འདི་ལ་དེ་མི་དགོས་སོ། གཏོར་མ་ཆེན་པོ་ལྷར་བསྐྱེད་པ་ལ་གཏོར་ཆུང་ཐུན་དྲུག་ཏུ་བཏབ་ནས། བར་ཆད་སེལ་ཞིང་དངོས་གྲུབ་ཞུ་བ་ཞག་གསུམ་མམ་བདུན་ནམ། དགུའམ། བཅུའམ། བཅོ་ལྔའམ། ཉེར་གཅིག་ལ་སོགས་པ་བྱེད་པ་གཏོར་སྒྲུབ་དང་། གཏོར་མ་ཆེན་མོ་ཉིད་ལ་གཏོར་ཆུང་ཐུན་དྲུག་ཏུ་བཏབ་པ་ལ་སོགས་པའི་སྒྲུབ་པ་ཞག་གྲངས་ཅི་རིགས་པར་བྱ་སྟེ། མཐར་གཏོར་མ་ཆེན་མོ་དེ་ཉིད་དགྲ་བགེགས་ཀྱི་ཕྱོགས་སུ་ཁྱེར་ནས་བརྡེག་གཏོར་བྱེད་པ་ནི། འདི་པའི་ལུགས་ཀྱི་གཏོར་ཆེན་ཞེས་བྱའོ། །འདི་དག་གི་རྣམ་དབྱེ་ཞིབ་ཏུ་མ་ཤེས་ན་གཏོར་མ་བྱེད་པ་ལ་དགའ་བ་ཙམ་དུ་ཟད་ལ། ཁྱད་པར་མགོན་པོ་འདི་ལུགས་ལ་གཏོར་སྒྲུབ་དང་གཏོར་ཆེན་གྱི་རྣམ་དབྱེ་ཞིབ་ཏུ་ཤེས་པ་གལ་ཆེ་སྟེ། དེ་མ་ཤེས་ན་གཏོར་སྒྲུབ་བྱེད་ཟེར་ནས་གཏོར་ཆོག་དཀྱུས་མས་གཏོར་མ་ཉིན་ཞག་རེ་ལ་ཐེབས་ཁ་ཡར་རེ་བསྔོས་ནས་བསྟོད་པ་འདྲ་བྱེད་པ་མིན་པ་གཞན་བྱེད་རྒྱུ་ཅི་ཡང་མེད་པར་མཐར་དངོས་གྲུབ་ཏུ་ལེན་རྒྱུའི་གཏོར་མ་དེ་ཕྱིར་ཁྱེར་ནས་བརྡེག་གཏོར་དུ་བྱེད་པ་ལ་སོགས་པ་ལ་བློས་ལྟོས་འཆའ་དགོས་པ་འབྱུང་སྟེ། དེ་འདྲ་བ་ལ་དངོས་གྲུབ་དང་དགྲ་བགེགས་ཐུལ་བ་གང་ཡང་རུས་སྦལ་གྱི་སྤུའི་གོས་ཀྱི་གྲང་བ་སྐྱོབ་པར་རེ་བ་ལྟར་འགྱུར་བ་ཡིན་ནོ། །དེ་བས་ན་འདིར་ཐོག་མར་གཏོར་སྒྲུབ་དང་གཏོར་ཆེན་གྱི་མི་འདྲ་བའི་ཁྱད་པར་ཤེས་པ་གལ་ཆེ་སྟེ། དེ་ཡང་གཏོར་སྒྲུབ་ནི་གཙོ་བོར་དངོས་གྲུབ་སྒྲུབ་པ་དང་བར་ཆད་སེལ་བའི་ཆེད་དུ་བྱེད་ཅིང་། གཏོར་ཆེན་དགྲ་བགེགས་ལ་དྲག་ལས་བྱེད་པ་དང་། རྦོད་གཏོང་བྱད་ཁ་བཟློག་པ་དང་། ནད་ཡམས་དྲག་པོ་བཅད་པ་ལ་སོགས་པའི་ཆེད་དུ་བྱེད་དེ། མདོར་ན་ཞི་རྒྱས་དབང་གསུམ་བར་ཆད་སེལ་ལ་གཏོར་སྒྲུབ་བྱེད་པ་གཙོ་ཆེ་ཞིང་དེ་ལས་གཞན་པའི་དྲག་ལས་ལ་གཏོར་ཆེན་བྱེད་པ་གཙོ་ཆེ་བ་ཡིན་ནོ། །དགོས་པ་མི་འདྲ་བ་དེ་ལྟ་བུ་ཡོད་པའི་དབང་གིས་གཏོར་མ་བཤམས་ཚུལ་མི་འདྲ། དབུལ་བའི་དམིགས་པ་མི་འདྲ། བཟླས་པའི་སྔགས་མི་འདྲ། ཕྲིན་ལས་འཆོལ་བའི་ཚུལ་སོགས་མི་འདྲ། མཐར་གཏོང་བའི་ཚུལ་མི་འདྲ། དེ་ལ་ཐོག་མར་གཏོར་སྒྲུབ་བྱ་བའི་ཚུལ་ལ། དང་པོར་གནས་ཁང་སོགས་བརྒྱན་ཅིང་མཆོད་གཏོར་བཤམས་ཚུལ། དེ་ནས་ཆོ་ག་ཇི་ལྟར་བྱ་ཞིང་གཏོར་མ་ཕུལ་ནས་ཕྲིན་ལས་བཅོལ་བ། མཐར་གཏོར་མ་ཕུལ་ནས་རྗེས་ཆོག་ཇི་ལྟར་བྱ་བའོ།
།དང་པོ་ནི། གནས་ཁང་གཙང་ཞིང་དབེན་པར་མཚམས་དམ་པར་བཅད་དེ། སྔོན་དུ་ཕྱག་དར་དང་བྱི་དོར་ལེགས་པར་བྱས་ཤིང་། སྤེལ་བ་བླ་རེས་སྤྱན་གཟིགས་ལ་སོགས་པ་བཀོད་པ་ཅི་འབྱོར་བ་ལེགས་པར་བཤམས། དྲི་བཟང་ལ་སོགས་པས་ལེགས་པར་བྱུགས་པའི་ས་ལ་ཁྲུ་གང་ཟླུམ་པོར་བསྐོར་ནས་དེའི་ནང་དུ་ཟླུམ་པོ་གཉིས་པ་བསྐོར་མུ་ཁྱུད་དང་། དེའི་ནང་དུ་གྲུ་གསུམ་མཐིང་ནག་རྩེ་མོ་ཕར་བསྟན་པའི་མེ་རི་དང་བཅས་པའི་དབུས་སུ་གྲི་གུག་ཡུ་བ་ཧཱུྃ་མཐིང་ནག་གི་མཚན་པ་དང་། ཟླུམ་པོའི་ཕྱི་རོལ་དུ་གྲུ་བཞིར་བཅད་པ་ཕྱོགས་མདོག དེའི་ཕྱི་རོལ་དུ་བསིལ་བའི་ཚལ་ཆེན་པོའི་དུར་ཁྲོད་གཅིག་གི་མཚན་ཉིད་ཚང་བ་བྲི། ཟླུམ་པོ་ལྗང་གུ དེའི་མུ་ཁྱུད་སྔོན་པོ་བྱ། དེའི་རྒྱབ་ཏུ་ཞལ་རང་ལ་ཐད་དྲང་དུ་གཟིགས་པ་ལ་མགོན་པོའི་བྲིས་སྐུ་དཀྲམ་མོ། །གཏོར་མའི་སྣོད་ཟངས་གཞོང་ལ་སོགས་པ་གས་ཆག་དང་བུག་པ་དང་ལྡན་པ་སོགས་མེད་ཅིང་ཤིན་ཏུ་གཙང་བའི་ནང་དུ། ནས་ནག་པོ་རྗེན་བཏགས་ལ་བྱས་པའི་དཔལ་བཤོས་ཁྲུ་གང་ལས་མི་ཆུང་བ་ལ་འཐེབ་དཀྱུ་བརྒྱ་རྩ་བརྒྱད་གྲངས་ཚང་བས་མཐའ་བསྐོར་ཏེ། སྣོད་ལས་ཕྱིར་མ་ཐལ་བས་ཁེངས་པར་འགོད། དེ་ཡང་བར་ཆད་སེལ་བ་དགོས་པའི་གཙོ་བོ་ཡིན་ན་འཐེབ་ཀྱུ་ཁ་ཕྱིར་བསྟན། ལོངས་སྤྱོད་ཚེ་སྤེལ་བ་དང་འགྲོ་བ་དབང་དུ་བསྡུ་བ་ལ་སོགས་པ་ཆེད་དུ་གཉེར་ནས་དེའི་དོན་དུ་དམིགས་ཕུག་པའི་གཏོར་སྒྲུབ་བྱེད་ན་ཁ་ནང་དུ་བསྟན་ཅིང་སྙིང་འོག་ཟླུམ་པོར་བྱ། གཏོར་མ་ལ་བདུད་རྩི་རིལ་བུ་ཆང་ལ་སྦྱར་བའི་ཞུ་བ་ནང་དུ་བསྲེ་བ་གནད་ཆེ་བ་ཡིན། བར་ཆད་སེལ་བ་སོགས་གཙོ་བོར་བྱས་པའི་གཏོར་སྒྲུབ་ལ་ཡང་ནང་རྟེན་གྱི་མདའ་དར་ལ་གསང་རྟེན་གྱི་གྲི་སྙིང་སྔགས་ཅན་བཏགས་པ་གཙུགས། གཏོར་མ་མཉྫིའི་ཆེན་པོའི་ཁར་དཀྱིལ་འཁོར་གྱི་སྟེང་དུ་བཞག དེའི་གཡས་ཀྱི་གྲལ་མགོར་ཡི་དམ་གྱི་གཏོར་མ། གཡོན་གྱི་གྲལ་མགོར་ལྷ་མོའི་གཏོར་མ། དེའི་འོག་ཏུ་ཏྲཀྴད་ཀྱི། ཡི་དམ་གྱི་འོག་ཏུ་ཛི་ན་མི་ཏྲའི། དཀྱིལ་འཁོར་གྱི་རྒྱབ་ཏུ་ཌཀྐཱི་རཱ་ཛའི། མདུན་དུ་ཀྵེ་ཏྲ་པཱ་ལའི་གཏོར་མ་བཞག གཞན་ཡང་གཡས་གཡོན་གྱི་མཐའ་ལ་མཁའ་འགྲོ་སྤྱི་གཏོར་དང་གཞི་བདག་གཏོར་མའང་བཤམས། ཆོས་སྐྱོང་གཞན་གྱི་གཏོར་མ་མི་བྱ་ཞིང་། གཏོར་སྒྲུབ་ཀྱི་སྐབས་སུ་ཆོས་སྐྱོང་རིགས་མི་མཐུན་གཞན་མང་པོ་ལ་གཏོར་མ་བསྔོ་བ་མི་དགའོ། །ལྷ་མོའི་གཏོར་མ་ལ་ཕྱག་གཉིས་མའི་གཏོར་མ་ཁ་གཅིག་གྲུ་གསུམ་སྙིང་གི་དབྱིབས་ལྟ་བུ་མཐེབ་ཀྱུས་བསྐོར་བར་བྱེད། རྗེ་བཙུན་ནམ་མཁའི་རྣལ་འབྱོར་པ་ནས་བརྒྱུད་པའི་ཕྱག་ལེན་ལ། མཐེབ་ཀྱུ་ཤིན་ཏུ་ཆེ་བ་བཅད་ཁ་མས་མདུན་དུ་བསྟན་པ་དྲུག་བརྩེགས། དེའི་སྟེང་དུ་གཅིག་བཅད་ཁ་མས་སྟེང་དུ་བསྟན། འཐེབ་རྗེས་མདུན་དུ་བསྟན་ཏེ་གྱེན་དུ་བླངས་ནས་གཙུགས། མཐར་འཐེབ་ཀྱུས་བསྐོར་བ་མཛོད། འདིའི་ལྷ་མོ་གཙོ་བོ་ཤིན་ཏུ་གཉན་ཅིང་ཆོས་ཆེན་པོའི་བྱེད་པའི་སར་ཕྱག་བཞི་མ་ལ་ནི། གཏོར་མ་དཔལ་བཤོས་ཟུར་གསུམ་འཐེབ་ཀྱུས་བསྐོར་བ་བྱེད། ཀྵེ་ཏྲ་པ་ལའི་གཏོར་མ་ཟུར་གསུམ་གསུམ་སྦྲམ་བྱེད་བྱ་བ་སྔོན་གྱི་ཡིག་རྙིང་ན་ཡོད་པ་དེའི་ལག་ལེན་བྱེད་ལུགས་ལ་ཁ་གཅིག་བཤོས་བུ་ཟུར་གསུམ་གསུམ་བཤིབས་ནས་ཐེབ་དཀྱུས་བསྐོར་བ་བྱེད། ཁ་གཅིག་བཤོས་བུ་ཟུར་གསུམ་གཅིག་གི་ལོགས་གསུམ་ལ་ཟུར་རེ་སྟོན་ནས་བྱེད་ཀྱང་། བླ་མའི་ཕྱག་ལེན་ལ་ཟན་གྲུ་གསུམ་གཅིག་སྟེང་དུ་གཅིག་བརྩེགས་པ་བང་རིམ་ལྟ་བུའི་རིམ་པ་ཡོད་ལ། གཏོར་མ་སྤྱི་འགྲོ་ལ་དེའི་ཐོག་ཏུ་བཤོས་བུ་ཟུར་གསུམ་ཅུང་ཆེ་བ་གཅིག་བཞག འཐེབ་ཀྱུ་བང་རིམ་འོག་མ་ལ་ནུབ་ཙམ་དུ་བསྐོར། བསྐང་གསོ་གཙོ་བོར་བྱེད་ན་བང་རིམ། རི་རྣམས་ལ་རིན་པོ་ཆེ་དང་། དོམ་ནག་ཁྱི་ནག ལུག་ནག་བྱ་ནག་གིས་གཟུགས་དགོད། གཏོར་ཆེན་གྱི་དུས་དང་། དྲག་ལས་གཙོ་བོར་བྱེད་ན་སྟེང་དུ་བཤོས་བུའི་དོང་ལ་མིའི་སྙིང་དངོས་སམ་གཟུགས་ཁྲག་གིས་སྦག་པ་འགོད། གནོད་སྦྱིན་གཞན་གསུམ་ལ་བཤོས་བུ་ཟུར་གསུམ་རྩེ་མོ་གཡས་ཕྱོགས་ལ་ཅུང་ཟད་བཅུས་པ་རེ་བྱེད། དེ་ལྟར་གཏོར་མ་བཤམས་པའི་མདུན་དུ་ཁྲག་གི་ཨཱརྒྷཾ། དབང་པོའི་མེ་ཏོག མགོན་པོའི་སྤོས་སྦྱོར། ཚིལ་ཆེན་གྱི་མར་མེ། དུག་ཁྲག་གི་དྲི་ཆབ་བཤོས་བུ་དམར་ནག་ཤ་ཆེན་གྱིས་བརྒྱན་པའི་ཞལ་ཟས། ཐོད་པའི་ཅང་ཏེའུ། མི་རྐང་གི་གླིང་བུ། རྔ་བོ་ཆེ་རྣམས་ཀ་ལིངྐ་ལ་སོགས་པའི་མཆོད་རྫས་རྣམས་བཤམས། གཏོར་སྒྲུབ་ལ་ཁྱད་པར་གཏོར་ཆུང་ཐུན་དྲུག་ཏུ་བཏབ་པ་གལ་ཆེ་ཞིང་མེད་དུ་མི་རུང་བ་ཡིན་ལ། གཏོར་ཆུང་བྱེད་ལུགས་ལ་མི་འདྲ་བ་མང་སྟེ། ཁ་གཅིག་གཏོར་མ་ཆེ་བའི་མདུན་དུ་གཏོར་མ་ཆུང་བའང་དཔལ་བཤོས་ཟུར་གསུམ་འཐེབ་ཀྱུས་བསྐོར་བ་གཅིག་བཞག་ནས། གཏོར་མ་ཆེ་བ་ལྷར་བསྐྱེད། ཆུང་བ་གཏོར་མ་བྱིན་རླབས་བྱས་འབུལ་བ་ན། གཏོར་མ་ཆུང་བ་ལག་ཏུ་བཟུང་ནས་དེ་ཐུན་དྲུག་ཏུ་དགོས། གཏོར་མ་ཆེ་བའི་སྣོད་དུ་མི་བླུགས་ཐོན་ཁར་གཏོར་མ་ཆེ་བའི་ལྷ་བཏེགས་ནས་ཆེ་བ་རང་ཡང་གཏོར་མར་བྱིན་རླབས་བྱས་ཏེ་ཕུལ་ནས་དངོས་གྲུབ་ལེན། ཆུང་བ་དེ་བརྡེབས་གཏོར་དུ་བྱེད་པའི་ལུགས་སུའང་མེད་དོ། །ཡང་ཁ་གཅིག་གཏོར་སྡེར་ལྔ་ཡི་ནང་དུ་རེ་རེར་འཐེབ་ཀྱུ་གསུམ་གསུམ་བཤམས། གཏོར་མ་ཆེ་བ་ལྷར་བསྐྱེད། གཏོར་ཆུང་རྣམས་བྱིན་གྱིས་བརླབས་ནས་གཏོར་ཆུང་དང་པོ་བླ་མ་ལ། གཉིས་པ་ཡི་དམ་ལ། གསུམ་པ་མགོན་པོ་ལ། བཞི་པ་ལྷ་མོ་ལ། ལྔ་པ་གནོད་སྦྱིན་བཞི་ལ་འབུལ་ཞིང་། ཐམས་ཅད་གཏོར་མ་ཆེ་བའི་སྣོད་ཀྱི་ནང་དུ་བླུག་གོ །བདག་གི་བླ་མ་དམ་པ་རྣམས་ཀྱང་ཕྱག་ལེན་མི་འདྲ་བ་དེ་དག་ཅི་རིགས་སུ་མཛད་ལ། འོན་ཀྱང་རྗེ་བཙུན་ནམ་མཁའི་རྣལ་འབྱོར་པའི་ཕྱག་བཞེས་ན། ཁྱུང་པོའི་གསུང་པའི་གསུང་གི་ཟིན་བྲིས་ཀྱི་ཡིག་རྙིང་མང་པོ་ལས། ཐུན་དྲུག་ཏུ་གཏོར་མ་འབུལ་བའི་ཐུན་རེ་རེ་ལའང་གཏོར་ཆུང་ཉི་ཤུ་རྩ་གཅིག་རེ་བཏབ་པར་བྱ་ཞེས་འབྱུང་བའི་ལག་ལེན་འདི་ལྟར་བྱེད་པ་ཡིན་གསུངས་ནས། གཏོར་སྡེར་ལྔའི་ནང་གཏོར་སྡེར་དང་པོར་འཐེབས་ཀྱུ་གསུམ་བཅད་ཁ་མས་ཕྱིར་བསྟན། ལྟག་པ་གསུམ་དབུས་སུ་སྤྲད་ནས་ཟུར་གསུམ་གྱི་རྣམ་པར་བཞག། དེའི་དབུས་ཀྱི་སྟེང་དུ་འཐེབ་ཀྱུ་གཅིག་གདན་སྟབས་སུ་བཞག། དེའི་སྟེང་དུ་གཅིག་བཅད་ཁ་མས་སྟེང་དུ་བསྟན་འཐེབ་རྗེས་མདུན་དུ་བསྟན་པ་གྱེན་དུ་སླང་སྟེ་བཙུག གཏོར་སྡེར་གཞན་བཞི་ཡང་གདན་ཐབས་ཀྱི་འཐེབ་ཀྱུ་མེད་པའི་གཞན་སྔར་ལྟར་བཤམས་པའི་ཤོམ་ཐེབས་གཅིག་ལ་ཐེབས་ཉི་ཤུ་རྩ་གཅིག་ཚང་བ་རེ་འོང་བ་ཡིན། གཏོར་མ་ཆེ་ཆུང་ཐམས་ཅད་ཆང་ཆུ་ནང་མཆོད་ཀྱི་རིམ་པ་བཞིན་བྲན། ཐུན་རེ་ལ་གཏོར་མ་ཆེ་བ་དང་འཁོར་གྱི་གཏོར་མ་རྣམས་ཀྱང་བསོ་ཐེབས་རེ་དང་སྦྱོངས་ཐེབས་རེ་བྱེད་དོ།
།གཉིས་པ་ཆོ་ག་ཇི་ལྟར་བྱ་ཞིང་གཏོར་མ་ཕུལ་ནས་འཕྲིན་ལས་བཅོལ་བའི་རིམ་པ་ནི། ཐོག་མར་ཡི་དམ་གྱི་བསྒོམ་བཟླས། དེ་ནས་མགོན་པོའི་མཆོད་རྫས་སྤྱན་གཟིགས་རྣམས་བསང་སྦྱངས་བསྐྱེད་བྱིན་གྱིས་བརླབས་ཤིང་། རོལ་མོ་དང་གུ་གུལ་གྱི་དུད་པ་སོགས་ཆེ་ཞིང་རྒྱུན་རིང་བས་བྱིན་དབབ། དེ་ནས་མགོན་པོ་འཁོར་བཅས་ཀྱི་མངོན་རྟོགས་རྒྱས་པར་བསྒོམས་ནས། སྤོས་སྦྱོར་སྲེག་སྟེ། རིག་པ་གདེངས་དང་ལྡན་པས་ཐོད་རྔ་སོགས་ཀྱི་སྒྲ་དང་བཅས་སྤྱན་འདྲེན་རྒྱས་པ་དང་། ཕྱག་འཚལ་ཕྱི་ནང་གི་མཆོད་པ་རྣམས་རྒྱས་པར་བྱ། དེ་ནས་གསོལ་འདེབས་ཤུགས་དྲག་ལ་རྒྱུན་རིང་བར་བྱ་ཞིང་རོལ་མོའི་སྒྲ་དང་བཅས་པས་ཡེ་ཤེས་པ་ལེགས་པར་དབབ། དེ་དག་གི་སྐབས་སུ་བླ་མ་མགོན་པོ་དབྱེར་མེད་ཀྱི་མན་ངག་ལྟར་དམིགས་པ་གསལ་བཏབ་པར་བྱའོ། །དེ་ཡང་གཏོར་སྒྲུབ་ལ་མོས་གུས་དང་། གསོལ་འདེབས་དང་། བསྐང་བཤགས་ལ་གདུང་ཤུགས་ཆེ་ལ་རྒྱུན་རིང་བ་དང་། གཏོར་ཆེན་ལ་ང་རྒྱལ་བརྟན་ཞིང་ཞེ་སྡང་དྲག་ལ་མ་ཡེངས་ཤིང་ངར་ཆེ་བ་དགོས། གང་ལའང་ཐོག་འབབ་པ་འདྲ་བ་ཞིག་དགོས་ཀྱི་སྤྱོད་ཀ་མེད་པ་འདྲ་བ་བྱས་པས་མི་འོང་དང་ཁྱད་ཅི་ཡོད། ཅེས་དེ་ནས་ཡིག་བརྒྱ་མང་དུ་བཟླས་ཤིང་གྲིབ་སེལ་གྱི་དམིགས་པ་གསལ་བཏབ་ནས་ཡིག་བརྒྱའི་བཟླས་པ་རྫོགས་ན་དབྱངས་དང་བཅས་པའམ། མེད་ཀྱང་རུང་སྟེ་ངག་བདེ་ཞིང་བློ་ཤུགས་དྲག་པོས་བཤགས་པ་རྒྱས་པར་བྱ། དེ་ནས་བསྐང་གསོ་རྒྱས་པར་བྱེད། དེ་ནས་བཟླས་པ་བྱེད་པ་ལ། ཐོག་མར་དཔྲལ་བའི་སིནྡྷུ་ར་ལ་རྟེན་ནས་མཁའ་འགྲོ་དབང་དུ་བསྡུ་བའི་གནད་ཀྱི་མན་ངག་ལྟར་དམིགས་པ་གསལ་བཏབ་ནས། ན་ར་ཀྲིཾ་ཀྲིཾ་གིས་བཟླས་ཐུན་རེ་ལ་བརྒྱ་རྩ་རེ་ཙམ་བྱ། དེ་ནས་མགོན་པོ་གཤིན་རྗེ་གཤེད་ཀྱི་སྒོ་ནས་སྐུའི་གཟི་བརྗིད་བསྐྱེད་པ། ཐུན་རེ་ལ་ཐེབ་རེ་བྱེད། དེ་ནས་བླ་མ་གོང་མ་གཞན་མཐའ་དག་གཏོར་སྒྲུབ་ལ་གཙོ་བོ་སྔགས་སྙིང་པོ་དང་། རྩ་སྔགས་དེ་ལས་ཅུང་ཉུང་བར་བཟླས། གཏོར་ཆེན་ལ་གཙོ་བོར་རྩ་སྔགས་བཟླས་ཤིང་སྔགས་ཐུང་ཉུང་བར་བཟླས་ལ་ཞེས་གསུངས་ལ། རྗེ་ཐམས་ཅད་མཁྱེན་པས་ནི་རྣམ་པ་ཐམས་ཅད་དུ་རྩ་སྔགས་ཀྱི་བཟླས་པ་གཙོ་བོར་བཞེད་དོ། །དེ་ཡང་དམིགས་པ་གཞན་སྔར་དང་འདྲ་བ་ལ་སྐབས་སྐབས་སུ་སྔགས་ཕྲེང་ལས་མེ་ལྕེ་དཔག་ཏུ་མེད་པ་འཕྲོ་བའི་གསེབ་ནས་གྲི་གུག་ལ་སོགས་པའི་མཚོན་ཆ་དཔག་ཏུ་མེད་པ་མེ་སྟག་འཐོར་བ་ལྟར་འཕྲོས་ཏེ་དགྲ་བགེགས་ཐམས་ཅད་ཚར་བཅད་ཅིང་སྟུབས་ནས་མེས་སྲེག་སྟེ་ཐལ་བ་ཙམ་ཡང་མ་ལུས་པར་བྱེད་པ་ཉིད་དུ་བསམ་པ་ཡང་ཡང་བྱའོ། །དེ་ཡང་འདིའི་སྐབས་སུ་འོད་ཟེར་དམར་པོ་འཕྲོ་བ་ཐམས་ཅད་མེ་ལྕེ་དྲག་ལ་རྩུབ་པ་འཁྱིལ་ཞིང་ཆད་ལ་འབར་བའི་རྣམ་པ་ཅན་དུ་སྒོམ་པ་ཡིན། ན་ར་ཀྲིཾ་ཀྲིཾ་གི་བཟླས་པའི་ཚེ་བླ་མ་དང་། མཁའ་འགྲོ་དང་མགོན་པོའི་སྐུ་ལས་འོད་འཕྲོས་པའི་འོད་ཟེར་མེ་ལྕེ་ལྟ་བུ་མ་ཡིན་པའི་འོད་དམར་སྨུག་འཕྲོས་པས་གང་། དབང་དུ་བྱ་བའི་ལྷ་མི་ལ་སོགས་པ་ཐམས་ཅད་འོད་དེས་ཁྱབ་ཏེེ་དེ་དག་ཐམས་ཅད་ཀྱི་ལུས་འོད་ཀྱིས་དམར་ལམ་ལམ་སོང་བ་དང་བདག་ཉིད་ལ་ཆགས་པའི་སེམས་དུངས་དུངས་སྐྱེས་པར་བསམ་པ་དང་། ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་དང་དཔའ་མོ་ཐམས་ཅད་རང་དབང་མེད་པར་མཁའ་སྤྲིན་སྤུངས་པ་ལྟར་འདུས་ཏེ་དངོས་གྲུབ་དང་དགོས་འདོད་ཐམས་ཅད་ཆར་བཞིན་དུ་འབབ་པར་བསམ་པ་ཡང་བྱའོ། །དེ་ལྟར་བཟླས་པ་བྱས་ནས་སྔགས་ཀྱི་ཐུན་ལ་ཡོད་པ་མ་ཡིན་པ་བདག་གིས་གཏོར་མ་དབུལ་བར་བྱ་སྟེ། དེ་ཡང་གཏོར་མ་ཆེན་པོ་ནི་གོང་དུ་ལྷ་བསྐྱེད་པའི་སྔ་རོལ་དུ་བྱིན་གྱིས་བརློབས་པ་གཏོར་ཆོག་གི འདིར་སྔོན་ལ་ཡི་དམ་གྱི་གཏོར་མ་བྱིན་གྱིས་བརླབས་ནས་དབུལ། དེ་རྗེས་གཏོར་ཆུང་རྣམས་དང་འཁོར་གྱི་སྒེར་གཏོར་རྣམས་དུས་གཅིག་ཏུ་བྱིན་གྱིས་བརླབས་པ་ཚུལ་ཇི་ལྟར་བྱིན་གྱིས་བརློབས་པ་གཏོར་ཆོག་གི་དཀྱུས་ན་ཡོད་པ་ལྟར་བྱ། དེ་ནས་གཏོར་ཆུང་དང་པོ་ལག་ཏུ་བཟུང་ནས་སྟེང་དུ་འཕྱར། གཏོར་ཆུང་གི་ཁ་མགོན་པོ་བསྐྱེད་པའི་ཕྱོགས་སུ་བསྟན་ལ་རིག་པ་ལེགས་པར་སྒྲིམ། དམིགས་པ་གསལ་བཏབ། བློ་ཤུགས་དྲག་ལ་ཡད་ཡུད་དུ་མ་སོང་བ་བྱས་ནས། མ་གཡེལ་ཅིག་ཚར་གཅིག་བྱ། དེ་ནས་ཧཱུྃ་ལན་དྲུག་བརྗོད་པ་དམིགས་པ་དང་བཅས་པ་མན་ངག་ལྟར་བྱས་ནས། མགོན་པོ་འཁོར་བཅས་ཀྱི་ལྗགས་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་ཅན་གྱི་འོད་ཀྱི་སྦུ་གུས་རྔུབ་སྟེ་གཏོར་མ་གསོལ་བར་བསམ་ལ། གཏོར་ཆུང་རྣམས་རིམ་པས་གཏོར་མ་ཆེ་བའི་ནང་དུ་བླུག་ཅིང་སྔགས་ཐུང་ལ་བ་ལིཾ་ཏ་བཏགས་པ་ལན་བདུན་དང་། ཤཱ་ས་ན་ལ་བ་ལིཾ་ཏ་བར་དུ་སྦྱར་བ་ལན་བདུན་བརྗོད། དེ་ནས་འཁོར་སྒེར་གཏོར་རྣམས་རང་རང་གི་གསོལ་བར་བསམ་ལ། རང་རང་གི་གཏོར་སྔགས་རིམ་པས་བརྗོད། དེ་ནས་གཙང་ཞིང་གཙང་མར་སྦྱར་བའི་གཏོར་རྫོངས་རྒྱས་པར་བྱས་ནས། དགྲ་བགེགས་ཚར་བཅད་པ་དང་བར་ཆད་སེལ་བའི་ཕྲིན་ལས་བཅོལ་ཞིང་ཐལ་མོ་བརྡབ། དེའི་དམིགས་པ་གསལ་གདབ། དེ་ནས་བསྟོད་བསྐུལ་རྒྱས་པར་བྱ་ཞིང་། བླ་མ་མགོན་པོ་དབྱེར་མེད་ལ་ཞེས་སོགས་ཀྱི་ཚིག་ལན་བདུན་ནམ་ཉེར་གཅིག་ལ་སོགས་པ་གུས་པ་དྲག་པོ་རྩེ་གཅིག་པས་བརྗོད་པར་བྱའོ། །དེ་ལྟར་ཉིན་ཞག་རེ་ལ་ཉིན་ལན་གསུམ་མཚན་ལན་གསུམ་སྟེ་ཐུན་དྲུག་དྲུག་ཏུ་མགོན་པོ་འཁོར་བཅས་བསྐྱེད་ནས་བསྟོད་བསྐུལ་སོགས་རྫོགས་པའི་བར་ཚར་རེ་བྱ་ཞིང་། ཆོ་ག་དང་པོའི་བཟླས་པ་ཚུགས་ནས་གཏོར་སྒྲུབ་ཞག་ཇི་ཙམ་བྱེད་པའི་ཞག་གྲངས་རྫོགས་པའི་ཐུན་ཐ་མར་གཏོར་མ་འབུལ་གྱི་བར་དུ་སྔགས་ཐུན་སྐད་ཅིག་ཀྱང་བར་མ་ཆད་པ་དང་ངག་མ་ཤོར་བ་བྱས་ལ་ཞག་གྲངས་རྫོགས་པའི་ཐུན་ཐ་མའི་གཏོར་མ་འབུལ་བ་ན། གཏོར་མ་ཆེ་བའི་མགོན་པོ་སྟེང་གི་ནམ་མཁའ་ལ་བཏེགས་ནས་གཏོར་མ་ཆེ་ཆུང་གཉིས་ཀ་དུས་གཅིག་ཏུ་མདུན་དུ་མགོན་པོ་ནམ་མཁར་བཞུགས་པར་བསྒོམས་པ་དེ་ལ་དབུལ་བར་བྱའོ།
།དེ་ནས་ཞག་གྲངས་དུ་བྱེད་པའི་ཐུན་ཐ་མའི་གཏོར་མ་འབུལ་ཞིང་བསྟོད་བསྐུལ་རྣམས་ཟིན་ནས་མཇུག་ཆོག་གི་ནི། གཏོར་སྒྲུབ་ཀྱི་གཏོར་མ་ཆེ་བ་ཕྱིར་བཏོན་ན་དངོས་གྲུབ་ཡལ་བས་གནས་ཕྱིར་མི་ཁྱེར་ཞིང་། གཏོར་མ་ཆེ་བ་ལ་གཏོར་ཆུང་བཏབ་པའི་གཏོར་ཆུང་འཐེབ་ཀྱུ་ནས་འཁོར་གྱི་གཏོར་མ་རྣམས་ཀྱི་སྟེང་དུ་རིམ་པ་རེ་རེ་ནས་བཞག་སྟེ། ཡི་དམ་གྱི་གཏོར་མ་དང་གཏོར་ཆེན་མ་གཏོགས་གཞན་ཐམས་ཅད་ཐོག་ཁར་ཁྱེར་ནས་ཁ་ཤར་ལྷོའི་ཕྱོགས་སུ་བསྟན་ཏེ་སྒྲིགས། གཏོར་མ་རྣམས་ནང་མཆོད་ཀྱིས་བྲན། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་བྱིན་གྱིས་བརླབས། ཤར་ལྷོ་བསིལ་བའི་ཚལ་གྱི་དུར་ཁྲོད་ནས་མགོན་པོ་འཁོར་བཅས་ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་དང་བཅས་བྱོན་ཏེ་ནམ་མཁའ་ལ་ཞལ་ཚུར་གཟིགས་ནས་གཏོར་མ་བཞེས་པར་བསམ་ལ་སྤྱི་བསྟབ་བྱ་ཞིང་དབུལ། རྒྱས་པ་དང་དབང་ལ་སོགས་པ་གཙོ་བོར་བྱས་པའི་གཏོར་སྒྲུབ་ཡིན་ན་སྤྱི་བསྟབ་ཟིན་ནས་མགོན་པོ་འཁོར་བཅས་ནམ་མཁར་བཞུགས་པ་དེ་དག་རང་གནས་སུ་གཤེགས་པར་བསམ་ལ། གཏོར་མ་རྣམས་ཀྱི་རྩེ་མོ་ནས་ནམ་མཁའ་ལ་གཏོར་ནས། ལྷག་མ་ནང་དུ་བསྡུ་བར་བྱའོ། དགྲ་བགེགས་ཀྱི་གནོད་པ་བཟློག་པ་དང་བར་ཆད་བཟློག་པའི་གཏོར་སྒྲུབ་ཡིན་ན་སྤྱི་བསྟབ་ཟིན་བྲལ་ལ་མགོན་པོ་འཁོར་བཅས་ཞལ་ཕར་ལ་གཟིགས་ཏེ་སྤྲུལ་པའི་ཚོགས་ནམ་མཁའ་གང་བ་སྤྲོས་པས་འཇིགས་པའི་མཚམས་རྔམས་དཔག་ཏུ་མེད་པ་མཛད་ཅིང་བར་དུ་གཅོད་པ་ཐམས་ཅད་བཟློག་པ་དང་། དགྲ་བགེགས་ཐམས་ཅད་ཚར་གཅོད་པའི་ལས་མཛད་པར་བསམ་སྟེ་གཏོར་མ་རྣམས་མཚོན་ཆ་དང་མེའི་ཕུང་པོར་བསམ་སྟེ། གནོད་བྱེད་ཐམས་ཅད་སྟུབས་ཤིང་བསྲེགས་ཏེ་ཚར་བཅད་པར་བསམ་ནས། རང་ཡི་དམ་གྱི་ང་རྒྱལ་བརྟན་པོས་གཏོར་མ་ཕར་ལ་རྩེ་མོ་བསྟན་ནས་སྒྲུབ་པར་བྱ་ཞིང་། ཤཱ་ས་ན་སྤེལ་ཚིག་དང་བཅས་པ་བརྗོད་ནས་ཐལ་མོ་བརྡབ་པར་བྱའོ། །དེ་ནས་ནང་དུ་འོང་ནས་མགོན་པོ་འཁོར་བཅས་ལ་མཆོད་པ་དང་ནང་མཆོད་དབུལ། བསྟོད་པ་མདོར་བསྡུས་བྱས་ནས་ཡི་གེ་བརྒྱ་པ་བཟླས་ཤིང་ནོངས་པ་བཟོད་པར་གསོལ། མགོན་པོ་ནམ་མཁར་བཞུགས་པའི་བྲིས་སྐུ་སོགས་ལ་བརྟན་བཞུགས་བྱ། བསྔོ་བ་སྨོན་ལམ་བཀྲ་ཤིས་བཀའ་རྒྱ་མ་བྱའོ། །དེ་ནས་གཏོར་མ་ཆེ་བ་དངོས་གྲུབ་ཏུ་བླངས་ཞིང་མཎྜལ་བསྡུས་ཏེ་ལས་ཀྱི་རྗེས་མི་མངོན་པར་བྱའོ།
དེ་ནས་དེ་ཡང་གཏོར་སྒྲུབ་ཀྱི་སྐབས་ཀྱི་གཅེས་པའི་དམ་ཚིག་ནི། མཚམས་དམ་པ་བསྒྲུབ་པ་པོ་དུ་ཡོད་པ་ཐམས་ཅད་ཕན་ཚུན་སེལ་མེད་པ། ཆང་ཕུད་མ་ཉམས་ཤིང་གཏོར་ཕྱེ་སོགས་རྫས་གང་ལ་ཡང་མ་སྦགས་པར་གྲིབ་ཅན་དང་དམ་ཉམས་ཀྱི་རྫས་མ་འདྲེས་པ་དང་། ཆོ་ག་སླ་ཆོས་སུ་མ་སོང་ཞིང་། བླ་མ་དང་མགོན་པོ་ལ་ཡིད་ཆེས་ཤིང་དད་པ་དྲག་པོ་གལ་ཆེ་ཞིང་གཏོར་མ་དང་མཆོད་རྫས་ནང་མཆོད་རྣམས་བྱིན་རླབས་ཐོག་མར་བྱས་ནས། ཞག་གྲངས་རྫོགས་པའི་མཇུག་གི་བཀྲ་ཤིས་མ་ཟིན་བར་ལ་ཕྱག་དར་མི་བྱེད། སྟན་མི་སྤྲུག སྒྲུབ་རྫས་ཕྱིར་མི་འདོན། ནང་མཆོད་ཀྱི་ཀ་པ་ལ་དང་གཏོར་མ་ཆེ་བ་མི་འགུལ། སྒྲུབ་པ་པོ་རྣམས་ཁ་ཤགས་ཚིག་རྩོད་མི་བྱེད། དེའི་རིང་ལ་ཆོས་སྐྱོང་མི་མཐུན་པ་གཞན་ལ་གཏོར་མ་མི་བསྔོ། སྒྲུབ་པ་པོ་གཏོར་སྒྲུབ་དེ་མ་གཏོགས་པ་སུ་ཡང་དེའི་རིང་ལ་གནས་ཁང་གཞན་དུ་མི་ཉལ། གཏོར་མའི་དྲུང་ལས་འདས་ནས་སྔགས་ཐུན་པས་སྔགས་མི་བཟླ། གཏོར་སྒྲུབ་པ་རྣམས་གྲིབ་ཅན་གྱི་ཟས་མི་ཟ་ཞིང་། མི་ངོ་གསར་པ་སུ་ལ་ཡང་མི་འཕྲད་པ་རྣམས་ཤིན་ཏུ་གལ་ཆེ་སྟེ། དམ་ཚིག་འདི་དག་ལས་འགལ་ན་བར་ཆད་འཇུག ཆོས་སྐྱོང་རང་ལ་བཟློག ནང་དུ་གནོད་པ་དང་བཀྲ་མི་ཤིས་པ་དུ་མ་འབྱུང་བ་གདོན་མི་ཟ་བར་གསུངས་པས། ཆོས་སྐྱོང་ཤིན་ཏུ་གཉན་པོ་ལ་ཅིར་ཡང་མི་སེམས་པ་བྱིས་པའི་རྩེད་མོ་བྱེད་པ་ལྟ་བུ་ལ་ཕན་གནོད་རང་ཇི་ལྟར་འདོད་པ་བཞིན་འབྱུང་དུ་རེ་བ་བཞད་གད་ཀྱི་གནད་ཤིན་ཏུ་ཆེན་པོ་སྟེ། གཏོར་མ་ཆེན་པོ་ནི་སྒྲུབ་པ་པོ་དམ་ཚིག་གཙང་ཞིང་ཆོས་སྐྱོང་གཅིག་པ་རྣམས་ཁོ་ནས་དངོས་གྲུབ་ཏུ་བླང་སྟེ་རང་རང་གི་ཁ་ཟས་ལོངས་སྤྱོད་པར་བྱའོ། །མི་དང་མི་མ་ཡིན་པ་གཞན་ལ་སྦྱིན་ན་དངོས་གྲུབ་ཉམས་པར་འགྱུར་རོ། ཞེས་བླ་མ་གོང་མ་དག་གསུང་ངོ་། །གཏོར་སྒྲུབ་བྱ་བའི་རིམ་པ་དང་རྣམ་བཞག་བརྗོད་ཟིན་ཏོ། །
༈ ད་ནི་བྱ་བའི་རིམ་པ་དང་རྣམ་བཞག་བརྗོད་པར་བྱ་སྟེ། དེ་ཡང་ཞི་རྒྱས་སོགས་ཀྱི་གཏོར་སྒྲུབ་ནི་ཡར་ངོའི་ཚེས་གྲངས་བཟང་པོ་དང་། གཟའ་སྐར་བཟང་ཞིང་འཛོམས་པ་དང་། དུས་སྦྱོར་བཟང་པོ་འཛོམ་པའི་སྔ་དྲོའི་ཆ་ལ་ཐོག་མར་གཙུགས་ཤིང་། བར་ཆད་སེལ་བ་གཙོ་བོར་བྱེད་པའི་གཏོར་སྒྲུབ་ཡིན་ན། མར་ངོའི་ཉི་ཤུ་དགུ་ལ་དངོས་གཞི་འོང་བ་ལྟ་བུ་ལ་བྱེད་པ་ཡིན་ནོ། །གཏོར་ཆེན་མར་ངོའི་ཚེས་གྲངས་གཟའ་སྐར་དང་སྦྱོར་བ་ཤིན་ཏུ་རྩུབ་པའི་ཉིན་ཕྱེད་དམ་ནམ་ཕྱེད་ལྟ་བུ་ལ་ཐོག་མར་གཙུག་ནས་ཉེར་དགུ་ལ་གཏོར་མ་བརྡེབ་པ་ཡིན་ནོ། །དེ་ལ་ཐོག་མར་དཀྱིལ་འཁོར་ས་གང་དུ་བྱེད་པའི་གཞི་དེར། རོ་ཐལ་རོ་སོལ་གྱི་ནག་པོར་བྱུགས་པའི་དབུས་སུ་གྲུ་གསུམ་མཐིང་ནག་ཤིན་ཏུ་ཆེ་བ་རྩེ་མོ་ཕར་བསྟན་པ་གཅིག་བྲིས། དེའི་མཐའ་མེ་རིས་བསྐོར་ཞིང་དབུས་སུ་ཧཱུྃ་ཡིག་ལ་སོགས་པ་བྲིས་ཏེ། དེ་ནས་ལྷ་གང་དུ་བསྐྱེད་པའི་གནས་ཀྱི་ཆོས་འབྱུང་ལ་ཡིན་གྱིས། འབྲུབ་ཁུང་མངོན་མཚན་པ་ཡིན་པས་སོ། །དེའི་སྟེང་དུ་ནས་ནག་རྗེན་རྟགས་ལ་ཁྲག་ཆང་བསྲེས་པས་ཁུ་བ་བྱས་ཏེ་གྲི་ཁྲག་ལ་སོགས་པས་ཀྱང་སྦགས་པའི་དཔལ་བཤོས་རྩེ་ཁྲུ་གང་བ་ཟུར་གསུམ་པ་བྱས་པའི་མཐའ་འཐེབ་ཀྱུ་ཆེན་པོ་ཟུར་ལ་བླངས་པས་བསྐོར་ཏེ་བཅད་ཁ་མས་ཕྱིར་བསྟན་པ་རྣམས་ཁྲག་གིས་སྦགས་པ། གཅན་གཟན་མི་རོ་གསར་པ་ཟོས་པའི་གདོང་ལྟ་བུ་བྱས་ནས་དར་ནག་མེ་ལོང་དང་བཅས་པ་བརྒྱན་ཏེ་མཉྫི་ཆེན་པོ་ལ་སོགས་པའི་ཁར་བཞག་པར་བྱའོ། །དེ་ནས་བྲིས་སྐུ་དགྲམ་པ་དང་ཁྲག་གི་མཆོད་ཡོན་བཤམས་པ་ལ་སོགས་པ་ཐམས་ཅད་སྔར་དང་འདྲ་ཞིང་། དང་པོ་ནས་གཏོར་ཆེན་བྱེད་པ་གཞན་ལ་གསང་ཞིང་མ་རིག་པ་བྱེད་པའང་བར་ཆད་ཆུང་བའི་རྒྱུར་བཤད་ལ། བར་ཆད་མི་འབྱུང་བ་ཡིན་ཡང་། མཚམས་ཤིན་ཏུ་དམ་པར་བཅད་པ་དང་གཞན་གྱི་ཟས་དང་། གཏོར་མའི་རྫས་དང་ཆང་ལ་སོགས་པ་མ་འདྲེས་པ་གལ་ཆེ་སྟེ། འདྲེས་ན་རང་ལ་བཟློག་པའི་རྒྱུ་ཐུན་མོང་མ་ཡིན་པར་བཤད་པས། དང་པོ་གཏོར་ཕྱེ་སོགས་སྒྲུབ་པའི་དུས་ནས་བློ་ཤིན་ཏུ་ཞིབ་པར་བྱའོ། དེ་ནས་སྔོན་དུ་ཡི་དམ་གྱི་བསྒོམ་བཟླས་དང་མགོན་པོ་འཁོར་བཅས་ཀྱི་བསྐྱེད་ཆོག་ལ་སོགས་པ་ཕལ་ཆེར་བ་སྔར་གཏོར་སྒྲུབ་ལ་བཤད་པ་འདྲ་བ་ལ། བཟླས་པའི་སྐབས་སུ་ན་ར་ཀྲིཾ་ཀྲིཾ་ལན་རེ་རེ་ཙམ་དང་སྙིང་པོ་སྔགས་ཐུང་བརྒྱ་རྩ་རེ་ཙམ་ཐུན་རེ་བཟླས། དེ་ལ་གཏོར་སྔགས་ཐུན་བྱེད་པ་དང་གཙོ་བོའི་བཟླས་པ་ཐམས་ཅད་གཙོ་བོ་ཤཱ་ས་ན་ལ་བྱ་སྟེ། དེ་ཡང་སྤེལ་ཚིག་སྦྱར་བ་ཁོ་ན་ལ་བྱེད་དོ། །སྤེལ་ཚིག་སྦྱར་བའི་གནས་ནི་གཉིས་ཏེ། ཨི་དཾ་དུཥྚཾ་དགྲ་བགེགས་ཐམས་ཅད་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་པ་དང་དི་ན་མེ་ཀེ་ན་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཅེས་པ་ལྟ་བུའོ།
།དེའི་ཚེ་བཟླས་པའི་དམིགས་པ་ནི། བཟླས་པ་ལ་འཇུག་པའི་སྔོན་དུ་གཤིན་རྗེ་གཤེད་ཀྱི་སྒོ་ནས་སྐུས་གཟི་བརྗིད་བསྐྱེད་པ་ཐུན་རེ་རེ་བཞིན་ཐེབས་རེ་རེ་བྱེད། དེ་ནས་རང་གཤིན་རྗེ་གཤེད་ལ་སོགས་པ་ཡི་དམ་གྱི་ང་རྒྱལ་ཤིན་ཏུ་བརྟན་པ་ལ་གནས་ནས་ཐུགས་རྗེའི་ཧཱུྃ་གིས་འོད་ཟེར་མེ་འོད་དྲག་པོ་འཕྲོ་བ་ལྟ་བུ་མགོན་པོའི་ཐུགས་ཀར་ཕོག་པས། མགོན་པོ་གནད་དུ་ཕོག་པ་ལྟར་བསྐུལ་ཏེ། ཁྲོས་འཁྲུགས་རྔམས་པས་ཞབས་ས་ལ་བརྡེབས། དྲག་པོས་ང་རོ་འབྲུག་ལྟར་སྒྲོགས་ཤིང་ཌཱ་མ་རུས་སྒྲ་དྲག་ཏུ་མཛོད། སྤྱན་གསུམ་འཁོར་རྣམས་ལ་དྲག་ཏུ་གཟིགས་པས་འཁོར་ཐམས་ཅད་རང་དབང་མེད་པར་ཁྲོས་འཁྲུགས་རྔམས་པས་འཇིགས་པའི་གད་རྒྱངས་ས་དང་བར་སྣང་གང་བ་བསྒྲགས་ཏེ་ཞགས་པ་དང་ལྕགས་ཀྱུ་དང་དྲག་པོའི་མཚོན་ཆ་སྣ་ཚོགས་པ་འཛིན་པའི་འཇིགས་པའི་ཕོ་ཉ་དཔག་ཏུ་མེད་པ་འཕྲོས་པས་ཐོགས་པ་མེད་པར་སོང་སྟེ། དགྲ་བགེགས་གནོད་བྱེད་ཐམས་ཅད་ཞགས་པས་བཅིངས་ཞིང་ལྕགས་ཀྱུས་བཟུང་སྟེ་ཁྲིད་འོང་ནས་བཅད་པ་དང་། བཏུབ་པ་དང་དོན་སྙིང་འབྱིན་པ་ལ་སོགས་པ་བྱ་སྟེ་གཙོ་འཁོར་ཐམས་ཅད་ཀྱི་ཤ་ཁྲག་རུས་པ་ནང་ཁྲོལ་ཐམས་ཅད་ཆོམ་ཆོམ་དམར་ཙིར་ཙིར་གསོལ་བར་བསམ་ནས། རིག་པ་ངར་དང་ལྡན་པས་སྔགས་དྲག་ཏུ་བཟླས་པ་ནི་སྔགས་བཟླས་པ་སོགས་ཐམས་ཅད་ཀྱིས་བྱ་སྟེ། ཡང་བཟླས་པའི་མགོ་ལ་དམིགས་པ་དེ་ཐེངས་རེ་དྲན་པ་ཙམ་གྱིས་མི་ཆོག་གིས། བཟླས་པའི་རིང་ལ་ཡང་དང་ཡང་དུ་དམིགས་པ་དེ་ནར་མར་བྱའོ།
།དེ་ལྟར་ཐུན་བྱེད་པ་རྣམས་སྔགས་བཟླས་ཤིང་གཞན་རྣམས་ཀྱིས་བཟླས་པ་ཅུང་ཟད་རེ་བྱེད་ནས། གཏོར་མ་འབུལ་བ་ལ་འཇུག་པར་བྱ་སྟེ། དེ་ཡང་ཐོག་མར་གཏོར་མ་བྱིན་རླབས་གཏོར་སྒྲུབ་ལྟར་བྱས་ནས། དེ་ནས་ཁྱུང་པོའི་གསུང་གི་ཡི་གེ་ལས། རྔེ་འུ་ཆུང་གིས་མྱོས་པར་བྱེད། །རྡོ་རྗེ་ཞགས་པས་འདྲེན་པར་བྱེད། །ཁ་ཊྭཾ་ཀས་ནི་གནས་གསུམ་བསྣུན། །གྲི་གུག་བཤའ་ཞིང་སྲོག་དང་ཕྲལ། །ཕྲེང་བ་འཛིན་པས་ཐོད་པར་བླུགས། །དོན་སྙིང་ལྔ་པོ་གཙོ་བོས་གསོལ། །ལྷག་མ་ཁྲག་བཅས་འཁོར་གྱིས་རོལ། །རྣམ་ཤེས་པདྨ་ཅན་དུ་འཕོངས། །ཁོ་བོ་ནི་ཕ་ཤར་ཁུག་པར་བསམ། །ཞེས་གསུངས་པ་ལྟར་གྱི་མན་ངག་གི་སྒོ་ནས་བསྒྲལ་བའི་ལས་དྲུག་སྔོན་དུ་བཏང་སྟེ། དེ་ནས་གཏོར་ཆུང་རྣམས་ཐོད་པ་དགྲ་བགེགས་ཀྱི་ཤ་ཁྲག་གི་དམར་མེར་གྱིས་ཁེངས་བར་བསམ་ནས་གཏོར་ཆུང་ལག་ཏུ་བཟུང་ནས་དེང་བྱས་པ་དང་། གཙོ་འཁོར་ཐམས་ཅད་ཀྱི་ས་ཞལ་དམར་དང་ངེ་བ་དེར་སིབ་སིབ་སོང་བས་དམར་ཙིར་ཙིར་གསོལ་བར་བསམ་ལ་མ་གཡེལ་ཅིག་བརྗོད་ནས་གཏོར་སྔགས་སྤེལ་ཚིག་དང་བཅས་པ་རྣམས་ཀྱིས་གཏོར་ཆུང་རྣམས་སྟབས་ནས་སྒེར་གཏོར་རྣམས་རེ་རེ་ནས་འཁོར་རྣམས་ལ་ཕུལ་ཏེ། གཙང་ཞིང་གཙང་མར་སྦྱར་བའི་གཏོར་རྫོངས་བྱ་ཞིང་དམིགས་པ་དང་བཅས་པས་ཐལ་མོ་གདབ། དེ་ཡང་རང་ཆགས་ཤིན་ཏུ་ཆེ་བའི་དགྲ་བགེགས་ཀྱི་གནོད་པ་ཤིན་ཏུ་དྲག་པའམ། མགོན་པོ་འཁོར་བཅས་ལས་མྱུར་དུ་མི་བྱེད་པའི་རྣམ་པ་ཡོད་པའི་ཚེ་ན་བཟླས་པ་ན་ར་ཀྲིཾ་ཀྲིཾ་སོང་བ་དང་། སྙིང་པོ་དང་སྔགས་རིང་གཉིས་ཀྱི་བཟླས་པ་མི་བྱེད་པའི་སྐབས་དེར་ཐོག་མར་སྐུའི་གཟི་མདངས་བསྐྱེད་པ་བྱས་ནས། དེ་ནས་མགོན་པོ་གནད་འབེབས་ཀྱི་མན་ངག་ལྟར་གནད་འབེབས་དྲག་ཏུ་བྱས་ནས་དེ་ནས་སྙིང་པོ་དང་རྩ་སྔགས་ཀྱི་བཟླས་པ་ལ་འཇུག་པར་བྱ་ཞིང་། དེ་ལྟར་མ་ཡིན་ན་གཏོར་ཆེན་བྱེད་པ་ཐམས་ཅད་ལ་གནད་འབེབས་མི་བྱའོ། །དེ་ལྟར་གཏོར་མ་ཕུལ་ནས་བསྟོད་བསྐུལ་རྒྱས་པར་བྱ་ཞིང་། ཁྱད་པར་དུ་ལྷ་མོ་དང་གནོད་སྦྱིན་གཉིས་དྲག་ཏུ་བསྐུལ་བར་བྱའོ། །གཏོར་ཆེན་དྲག་པོ་དང་གཏོར་སྒྲུབ་གལ་ཆེ་བ་བར་ཆད་སྟོབས་ཅན་བཟློག་པ་ལ་སོགས་པ་ལ་ནི་ལྷ་མོ་ཕྱག་བཞི་མར་བྱ་ཞིང་། ཀྵེ་ཏྲ་པ་ལ་ཡང་ཡབ་ཡུམ་གཉིས་ཀ་བསྐྱེད་ནས་དབུལ་བར་བྱའོ།
།དེ་མཱ་ན་ལྷ་མོ་ནི། ཁྲག་གི་རྒྱ་མཚོ་ཞག་གི་རྦ་ཀློང་འཁྲུགས་པའི་དབུས་སུ་དམ་ཉམས་དགྲ་བགེགས་མནན་པའི་སྟེང་དུ་གྷཾ་ལས་བྱུང་བའི་དྲེལ་རྟ་རྐང་གསུམ་རྐྱང་སེར་གྱི་སྟེང་དུ་ཕའམ། མ་སྔོ་ནག་ཡོངས་སུ་གྱུར་པ་ལས་བྱུང་བའི་ལྷ་མོ་སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་བཞི་མ་ཤིན་ཏུ་འཇིགས་ཤིང་མི་གདུག་པའི་གཟུགས་ཅན། མེའི་ཕུང་པོ་དང་མཚུངས་པའི་སྤྱན་གསུམ་དགྲ་བགེགས་ལ་ཕྱིར་གཟིགས་ཤིང་། མཆེ་བ་གཙིགས་ནས་རབ་ཏུ་ཞལ་གདངས་པ། ལྗགས་རྣམ་པར་བསྐྱོད་པའི་ཞལ་ནས་ཁྲག་འཛག་པ། སྙན་གཡས་པ་ལ་སེངྒེ་དང་། གཡོན་པ་ལ་དུག་སྦྲུལ་དང་། སྤྱི་བོར་རྨ་བྱའི་སྒྲོ་མདོངས་ཀྱིས་བརྒྱན་པའི་མིའི་ལྤགས་པ་རློན་པ་སྟོད་གཡོགས་སུ་གྱོན་པ། ཕྱག་གཡས་ཀྱི་དང་པོ་ན་རལ་གྲི། གཉིས་པ་ན་གྲི་གུག། གཡོན་དང་པོ་ན་ཐོད་པ་རློན་པ་དགྲ་བོའི་སྙིང་ཁྲག་གིས་བཀང་བའི་ཁྲག་རྒྱུན་ཞལ་དུ་གསོལ་བ། གཉིས་པ་ན་ནལ་བུའི་རྒྱལ་མཚན་འཛིན་པ། དྲེའུའི་སྟེང་ན་ཞབས་ཕྱེད་སྐྱིལ་དུ་བཞུགས་པ། སྒའི་སྔ་རུ་སྲིན་པོའི་ཡ་འགལ་ལ་བྱས་ཤིང་། ཕྱི་རུ་སྲིན་པོའི་མ་འགལ་ལ་བྱས་པའི་སྔ་ཤ་ལ་བདུད་ཀྱི་ཁྲམ་ཤིང་ནག་པོ་དང་། ཕྱི་ཤ་ལ་ནད་ཀྱི་རྐྱལ་པ་བཏགས་པ་འཁོར་ཆུ་སྲིན་གདོང་ཅན་མ་ནག་མོ་གཡས་བདུད་ཞགས་ནག་པོ་དགྲ་ལ་འདེབས་ཤིང་། གཡོན་དྲེལ་མཐུར་སྣ་ནས་བཟུང་ནས་ལྷ་མོ་ལ་བལྟ་བ། སེངྒེ་གདོང་པ་ཅན་དམར་ནག་ཕྱག་གཡས་ཀྱི་གྲི་གུག་དགྲ་ལ་འཕྱར་ཞིང་། ཕྱག་གཡོན་ཞགས་པ་བཟུང་ནས་སྡིགས་འཛུབ་གདེངས་པ། ཁ་ཕྱིར་བལྟས་ནས་དགྲ་ལ་འོ་དོད་འབོད་ཅིང་ལྷ་མོའི་ཕྱི་བཞིན་འབྲང་བ་སྟེ། གཉིས་ཀའང་གཅེར་མོ་ཤིན་ཏུ་ཁྲོས་ཤིང་མི་གདུག་པའི་གཟུགས་ཅན། ལྷ་མོ་དེའི་སྙིང་པོ་ནི། ཨོཾ་མ་མ་སརྦ་ཙ་དྷུ་ར་བྷཀྵ་ཛ་ར་མ་ཏྲི་འུར་བ་འུར་བ་ས་མ་ཏྲི་ར་ཛཱ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཅེས་པ་སྟེ་སྭཱ་ཧཱ། གོང་དུ་དགྲ་བགེགས་མ་རཱ་ཡ་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་སྦྱར་བ་ནི་གཏོར་སྔགས་སོ། །མཻ་ཏྲི་པས་མཛད་པའི་བསྐལ་མེ་མ་ཆེ་བ་ནི་འདིའི་བསྟོད་པ་ཡིན་ལ། ལྷ་མོ་ཕྱག་གཉིས་མ་ལས་འདི་ཉིད་རྩུབ་ཅིང་སྟོབས་ཆེ་ལ་མྱུར་བར་བྱེད་དེ། ཞིབ་པར་ནི་འདི་ཉིད་ཀྱི་སྒེར་སྒྲུབ་པའི་མན་ངག་རྣམས་ལས་ཤེས་པར་བྱའོ། །ཀྵཻ་ཏྲ་པ་ལའི་མངོན་རྟོགས་ནི་དཀྱུས་དང་འདྲ་ལ་ཡུམ་ནི་གནོད་སྦྱིན་དེའི་གཡོན་དུ་མ་མོ་མཁའ་འགྲོ་ཤ་ཟ་དཔག་ཏུ་མེད་པའི་དབུས་ན། ལྷ་མོ་ནག་མོ་སྐུ་ལ་གོས་འཇོལ་རིངས་གསོལ་བ། ཕྱག་གཡས་མེ་ལོང་དང་ཞགས་པ་ཐོག་ནས་དགྲ་ལ་གཡོབ་ཅིང་ཞགས་པ་འདེབས་པ། ཕྱག་གཡོན་དགྲ་བོའི་སྙིང་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་འཛིན་པ། དབུ་སྐྲ་ཁམས་ནག་གྱེན་དུ་གཟིངས་པ། སྤྱན་རྩ་དམར་པོ་གློག་ལྟར་འཁྱུག་པ། འཇིགས་པའི་གད་མོ་དགོད་ཅིང་ཕྱོགས་བཅུར་རྒྱུག་པ། སྐད་ཅིག་ཙམ་གྱིས་དགྲ་བགེགས་མ་ལུས་པ་ཐལ་བར་རློག་པའོ།
།བཟླ་བྱའི་བསྙེན་སྔགས་ནི། གནོད་སྦྱིན་ལ་དཀྱུས་མ་དང་འདྲ་ལ། དམིགས་པ་ནི་རང་ཉིད་མགོན་པོར་བསྐྱེད་པ་ལ་ཡེ་ཤེས་པ་བཅུག་པའི་ང་རྒྱལ་དང་གནས་པའི་མདུན་དུ་གནོད་སྦྱིན་བསམ་པའི་ཐུགས་ཀར་ཉི་མ་ལ་ཧཱུྃ་མཐིང་ནག་བསྒོམས་པ་ལ་དམིགས་ཏེ་བཀའ་བསྒོ་བའི་བསམ་པས་བཟླས་པར་བསམ་ལ། གནོད་སྦྱིན་གྱིས་བཀའ་ཉན་པར་བསམ་པར་བྱའོ། །གཏོར་ཆེན་དང་དྲག་པོའི་ལས་ལ་སྦྱོར་ཚེ། ཨོཾ་ཀྵཻ་ཏྲ་པཱ་ལ་བིགྷྣན་ཧཱུྃ། ཨོཾ་མ་ཧཱ་ཀཱ་ལ་ཡཀྴ་དམ་ཉམས་དགྲ་བགེགས་ཀྱི་ཙིཏྟ་ལ་དུན་དུན་རྦད། ཅེས་བཟླས་པར་བྱས་ལ། ཡུམ་ལ་ཡང་། རཀྨོ་ནག་མོ་དམ་ཉམས་འདིའི་ཙིཏྟ་ལ་རྦད། ཁ་ལ་ཕུར་ཡ་རྦད། ཅེས་བཟླས་པར་བྱའོ། །དེའི་ཚེ་གཏོར་སྔགས་ནི། ཨོཾ་ཀྵཻ་ཏྲ་ལ་བིགྷྣན་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཡཀྴ་དམ་ཉམས་འདིའི་ཙིཏྟ་ལ་དུན་དུན་རྦད། ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཀྵཻ་ཏྲ་པ་ལ་དགྲ་བགེགས་ཆྒཻ ཨོཾ་མོའི་རཀྟ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཙིཏྟ་ལ་ཁ་ཁ་ཁཱ་ཧི༴ མཾ་ས་ལ་ཁ༴ གོ་རོ་ཙ་ན་ལ་ཁ༴ ཅེས་དང་། ཡུམ་ལ་ཡང་བཟླས་སྔགས་ཀྱི་འཇུག་ཏུ་ཨི་དམ་བ་ལིཾ་ཁ་ཁ༴ རཀྨོ་ནག་མོ་དགྲ་བགེགས་ཆྒཻ ཨོཾ་མོའི་རཀྟ་ལ༴ ཅེས་སོགས་སྔར་ལྟར་སྦྱར། བསྟོད་བསྐུལ་ནི་དཀྱུས་དང་འདྲའོ། ཏྲཀྴད་ནི་རྟ་ནག་རྟིང་དཀར་ལ་ཆིབས་པ། སྐུ་མདོག་ནག་པོ་མཐའ་བེར་སྔོ་ཁྲ་གསོལ་ཞིང་ཞབས་ལ་སག་ལྷྭམ་ནག་པོ་གསོལ་བ། ཕྱག་གཡས་རུ་མཚོན་དམར་པོ་འཕྱར་ཞིང་གཡོན་པ་ཙནྡན་གྱི་བེང་ཆེན་སྐུར་བརྟེན་པའི་ནང་ནས་བདུད་འདུལ་གྱི་དམག་ཚོགས་ཉི་ཁྲི་ཆིག་སྟོང་འབྱུང་བ། བྱང་ཕྱོགས་ཀྱི་གནོད་སྦྱིན་ཆེན་པོ་བརྒྱད་ནི་ལྕགས་སྤྱང་ཆེན་པོ་བརྒྱད་དུ་སྤྲུལ་ཏེ་སྣ་ལ་འབྱུང་བ། ལྷོ་ཕྱོགས་ཀྱི་གཤིན་རྗེ་ཆེན་པོ་བརྒྱད་ནི་ཁྱི་ནག་པོ་བརྒྱད་དུ་སྤྲུལ་ནས་ཕྱི་བཞིན་འབྲང་བའོ། །དེའི་བསྙེན་སྔགས་ནི། ཨོཾ་དུ་ཡོག་ཛ་མ་ཧཱ་ཀཱ་ལ་ཏྲཀྴད། དུ་ཏྲི་མ་ར་ནི་ཛཿཛཿ ཅེས་པ་སྟེ། དམིགས་པ་ནི་གོང་དུ་གནོད་སྦྱིན་ལ་བཤད་པ་བཞིན་ནོ། །གཏོར་ཆེན་དྲག་པོ་ལ་སོགས་པའི་ལས་སྦྱོར་གྱི་དུས་སུ་བསྙེན་སྔགས་དེའི་འཇུག་ཏུ། ར་ཙ་ཏྲི་པ་ཤ་དུ་དུ། མཱ་ར་ཪྣྲི་ཁུག་ཁུག་ཪྣྲི་ཨ་ཀཪྵ་ཡ་ཛཿཛཿམ་ཧཱ་ཀཱ་ལ་རུ་པ་རུ་པ་ཤ་ཏྲུན་ནན། ཚལ་པ་ནན། མ་ར་ཡ་ནན། དུ་མ་ཧཱ་ཀཱ་ལ་ཏྲཀྴད། ཤུ་དུ་དུ་གུར་རྦད་རྦུད་ཐུམས་ཆྒཻ ཨོཾ་མོ་ལ་མཱ་ར་ཡ་སོད་སོད། ཅེས་པ་རྣམས་དཀྱུས་གཅིག་ཏུ་དྲིལ་ནས་བཟླས་པ་བྱས་ནས། སྔགས་དང་པོ་བསྙེན་སྔགས་ནི་བོས་པ་དང་། གཉིས་པ་རྦད་པ། གསུམ་པ་བསད་པའོ། །གཏོར་སྔགས་ནི། བསྙེན་སྔགས་ལ་ཏྲི་ཡཾ་ཏྲི་བྷྱོ་བ་ལིཾ་ཏ་དམ་ཉམས་དགྲ་བགེགས་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་བཏགས་པའོ།
།བསྟོད་བསྐུལ་ནི། མ་གཡེལ་མ་གཡེལ་མགོན་པོའི་ཚོགས། །ཚུར་གཤེགས་ཚུར་གཤེགས་མགོན་ནག་ལགས། །ཅེས་སོགས་སོ། །འདིར་ནི་གཏོར་ཆེན་སོགས་ཀྱི་སྐབས་སུ་ཉེ་བར་མཁོ་བ་ཟུར་ཙམ་བརྗོད་པ་དེ། ཞིབ་པར་འཁོར་བཞིའི་སྦྲགས་སྒྲུབ་དང་། ཀྵཻ་ཏྲ་པ་ལ་དང་། ཏྲཀྴད་ཀྱི་སྒེར་སྒྲུབ་སོ་སོའི་མན་ངག་ལས་ཤེས་པར་བྱའོ། །དེ་ལྟར་ཞག་རེ་རེ་ལ་ཐུན་དྲུག་དྲུག་ཏུ་བྱས་པའི་ཞག་གྲངས་ཐེམས་པའི་ཐུན་ཐ་མ་ལ་གཏོར་མ་ཆེ་བའི་མགོན་པོ་ནམ་མཁའ་ལ་བཏེག་ནས་གཏོར་མ་ཆེ་ཆུང་ཐམས་ཅད་དུས་གཅིག་ཏུ་བྱིན་གྱི་རླབས་ཏེ། དེ་ནས་བསྒྲལ་བའི་ལས་དྲུག་ལ་སོགས་པ་བྱས་ནས་གཏོར་མ་ཆེ་ཆུང་ཐམས་ཅད་དུས་གཅིག་ཏུ་དབུལ་བར་བྱའོ། །གཏོར་མ་དབུལ་བ་ཐུན་སྔ་ཕྱི་དེ་དག་ཐམས་ཅད་ལ་མགོར་མ་གཡེལ་ཅིག་དང་། མཇུག་གི་གཏོར་རྫོངས་དང་ཐལ་མོ་བརྡབ་པ་དམིགས་པ་དང་བཅས་པ་ནི་སྔར་གཏོར་སྒྲུབ་ཀྱི་སྐབས་དང་འདྲའོ། །དེ་ནས་ཐེབས་བཟློག་རྩིས། སྒྲ་གཅན་གྱི་གདོང་དང་མ་ཐུག ཉི་མའི་ཟེར་དང་རང་གི་གདོང་མ་ཐུག བིཥྚི་དང་མ་འཛོམས་པར་བྱས་ལ། བ་དན་དང་རོལ་མོའི་སྒྲ་དང་ཤ་ཆེན་གྱི་དུད་པ་དང་། ཁྲག་གི་ཨཱརྒྷཾ་སྦྲེང་ཞིང་ནང་མཆོད་འཐོར་བ་ལ་བརྩོན་པས་གཏོར་མའི་སྣ་དྲངས་ཏེ། རྗེས་གནང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྒྲུབ་གྲོགས་དག་གི་ཡི་དམ་མ་གཏོགས་མགོན་པོ་གཙོ་འཁོར་གྱི་གཏོར་མ་རྣམས་ཁྱེར་ནས། ཐ་ནའང་གོམ་པ་བཞི་བཅུ་རྩ་དགུའི་མཐའ་མར་སོང་། གཏོར་མ་རྣམས་གདོང་ཕར་བསྟན་ནས་གྲལ་ལ་སྒྲིགས། སྔོན་དུ་ཆང་ཕུད་གཏོར་ཞིང་། ཨོཾ་ཨཱཿཧཱུྃ་ཞེས་པས་འཇིག་རྟེན་པའི་ལྷ་ཀླུ་སོགས་གདུག་པ་ཅན་རྣམས་ལ་བསྔོས་ལ་རུ་ང་མ་བྱེད་ཅིག་ཅེས་བསྒོ། དེ་ནས་སྤྱི་བསྟབ་མི་བྱེད་པར་དེའི་དོད་ལ།
ཧཱུྃ། ཆོས་སྐུ་ཡངས་པའི་ཕྲོ་བྲང་ནས། །ཅེས་སོགས་བསྐུལ་བ་དྲག་པོ་བྱས་ཏེ། རང་ཉིད་ལྷ་ཡི་ང་རྒྱལ་ཤིན་ཏུ་བརྟན་པས་ཁྲོ་ཚུལ་དང་བཅས་པས་གཙོ་བོའི་གཏོར་མ་ལ་དཔལ་འབར་དང་བཅས་པ་དེ་ཉིད་ཧཱུྃ་ལས་བྱུང་བའི་དུག་དང་། མཚོན་དང་ནད་དང་མེའི་ཕུང་པོ་འཇིག་རྟེན་གསུམ་པོ་ཐམས་ཅད་སྐད་ཅིག་ལ་བརླག་པར་བྱེད་པའི་ནུས་པ་དང་ལྡན་པར་བསམ་སྟེ། དགྲ་བགེགས་ཐམས་ཅད་རྡུལ་ཕྲན་བཞིན་དུ་བྱས་པར་བསམ་ལ་འཕངས་ཤིང་། ཤཱ་ས་ན་སྤེལ་ཚིག་དང་བཅས་པ་དྲག་ཏུ་བརྗོད། དེ་ནས་འཁོར་རྣམས་ཀྱི་རང་རང་གི་སྔགས་གོང་དུ་བཤད་པ་དེ་དག་བརྗོད་ལ་རང་རང་གི་གཏོར་མ་རྣམས་རིམ་པ་བཞིན་འཕངས། དེ་ནས་སྔགས་དྲག་ཏུ་བརྗོད་ཐལ་མོ་བརྡབ། དེའི་རྗེས་སུ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཞེས་བརྗོད་དོ། །རང་གནས་པའི་གཏོར་མ་འཕེན་པ་དེ་ནས་རྡོ་རྗེ་རྭ་བས་བཅད་པར་བསམ་ལ། བསྲུང་འཁོར་གདབ་དཔོན་སློབ་ཐམས་ཅད་ཕྱིར་མིག་མི་བལྟ་ཞིང་། གནས་དེར་ཡོ་བྱེད་ཅུང་ཟད་ཀྱང་མ་ལུས་པར་བྱ་སྟེ། སྔགས་བཟླ་ཞིང་ནང་དུ་འོངས་ཏེ་གྲུ་གསུམ་ནག་པོ་བྲིས་པ་དེའི་ཁ་ལ་གཏོར་གཞོང་ཁ་སྤུབ་པས་མནན། མཆོད་བསྟོད་ལ་སོགས་པའི་རྗེས་ཆོག་ཐམས་ཅད་གཏོར་སྒྲུབ་ཀྱི་སྐབས་ལྟར་བྱ་ཞིང་ལས་ཀྱི་རྗེས་མི་མངོན་པར་བྱའོ། །དེ་ལྟར་ན་གཏོར་ཆེན་ཇི་ལྟར་བྱ་བ་བརྗོད་ཟིན་ཏོ།
།འདི་ནི་ལས་སྦྱོར་ཕྱོགས་གཅིག་ཙམ་ཡིན་ལ། བསྙེན་སྒྲུབ་ཚད་དུ་ཐེངས་པས་ལས་སོ་སོ་ལ་སྦྱོར་བའི་ཚུལ་རྒྱས་པར་མན་ངག་གི་ཡི་གེ་སོ་སོ་ལས་ཤེས་པར་བྱའོ། །ཡེ་ཤེས་མགོན་པོ་དེ་ཉིད་བྱིན་རླབས་ཤིན་ཏུ་མྱུར་བར་གྲགས་ཤིང་གསོལ་བ་འདེབས་པ་དང་། གཏོར་མ་འབུལ་བ་རེ་ཙམ་པར་སྣང་ནའང་། ཕལ་ཆེར་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་བཞག་ཆགས་པ་ཉུང་བར་སྣང་ཞིང་། མི་མཁས་པས་བཅོས་མ་སྦྱར་བའི་ལྷད་མང་བ་དང་། མན་ངག་གི་གནད་དང་ལྡན་པ་ཉུང་བར་མཐོང་ནས། རྣམ་བཞག་གསལ་བར་ཕྱེ་བ་འཁྲིགས་སུ་སྡེབས་པའི་ཡི་གེ་འདི་ཉིད། རྡོ་རྗེ་འཛིན་པ་དགེ་ལེགས་དཔལ་བཟང་པོས་ཉེ་བར་སྦྱར་བའི་དགེ་བས། འགྲོ་བ་མ་ལུས་པ་བདུད་བཞིའི་དགྲ་ལས་རྒྱལ་གྱུར་ཅིག།། །།