Mgon po rgyan can la rten pas rlung bsgrub shin tu zab pa mchog sgrub pa'i man ngag
Resource ID | SCv11p852 |
---|---|
Title | shog sbrel lnga pa la rgyud kyi le'u bcu gnyis pa nas gsungs pa'i mgon po rgyan can la brten pas rlung bsgrub shin tu zab pa mchog sgrub pa'i man ngag |
Topics | Chadrupa |
Sub-Topics | rlung bsgrub |
Author | Gelek Pelsang |
Associated Person | Rahula Khyungpo Neljor Mokchokpa Rinchen Tsöndrü |
Link | BDRC W23922 WA00KG09215 (p.333) |
༈ ཤོག་དྲིལ་ལྔ་པ་ལ། རྒྱུད་ཀྱི་ལེའུ་བཅུ་གཉིས་པ་ནས་གསུངས་པའི་མགོན་པོ་རྒྱན་ཅན་ལ་རྟེན་པའི་རླུང་སྒྲུབ་ཤིན་ཏུ་ཟབ་པ་མཆོག་སྒྲུབ་པའི་མན་ངག་ཡོད་དོ།།
༈ ༼ཉེ༽ མ་ཧཱ་ཀཱ་ལ་ན་མོ།
དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་སྒོ་ནས་རླུང་བསྒྲུབ་ཀྱི་མན་ངག་ནི། རྒྱུད་ཀྱི་ལེའུ་བཅུ་གཉིས་པ་ནས་གསུངས་ཏེ། དེ་ལ་མཆོག་བསྒྲུབ་པའི་རླུང་སྦྱོར་དང་། རྡོ་རྗེའི་བཟླས་པ། དགྲ་བོ་ཚར་བཅད་པའི་རླུང་སྦྱོར་གསུམ་ལས།
དང་པོ་མགོན་པོའི་སྐུ་དངོས་ལ་རྟེན་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་མན་ངག་འདི་ལ་གསུམ། སྔོན་འགྲོ་རྒྱུད་དག་པར་བྱེད་པ་དང་། དངོས་གཞི་ལམ་སྒོམ་པ། རྗེས་ལྟ་བ་བསྐྱང་ཞིང་སྤྱོད་པ་བྱ་བའོ།
།དང་པོ་ནི། ཡིད་དང་མཐུན་པའི་གནས་དུར་ཁྲོད་དམ། བས་མཐའི་ཤིང་རྐང་གཅིག་པའི་དྲུང་ལ་སོགས་པ་རིག་པ་དངས་ཤིང་དཔའ་མོ་དང་མཁའ་འགྲོ་འདུ་བའི་གནས་སུ་རང་ཉིད་སྟན་བདེ་བ་ལ་འདུག་སྟེ་ལུས་གནས་ལེགས་པར་བཅས་ལ། སེམས་ཅན་ལ་དམིགས་པའི་ཚད་མེད་བཞི་བསྒོམ། བདག་སོགས་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་མ་ལ་སྐྱབས་སུ་མཆིའོ། །ཅེས་སོགས་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་། ཁྱད་པར་དུ་བླ་མ་མགོན་པོ་དབྱེར་མེད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །སྐད་ཅིག་ཉིད་ལ་ཡང་དག་ལམ་སྟོན་པའི། །བླ་མ་རྣམས་དང་རྗེ་བཙུན་སྤྱན་རས་གཟིགས། །མགོན་པོ་དབྱེར་མེད་སྐུ་ལ་གསོལ་བ་འདེབས། །སྒྲིབ་བཞི་དག་ནས་དབང་བཞི་ཐོབ་པར་བྱིན་གྱིས་བརློབས། །ཅེས་སྐྱབས་འགྲོ་སེམས་བསྐྱེད་མང་དུ་བྱེད་པ་གནད་ཡིན། དེ་ནས་རང་གི་སྤྱི་བོར་མགོན་པོ་བཞུང་བཞིན་བསྐྱེད། དེའི་སྤྱི་བོ་སྤྱན་རས་གཟིགས་ཁ་སར་པཱ་ཎི། དེའི་སྤྱི་བོར་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན། དེའི་སྤྱི་བོར་བརྒྱུད་པའི་བླ་མ་རྣམས་རིམ་བཞིན་བསྐྱེད། བླ་མ་མགོན་པོ་དབྱེར་མེད། མགོན་པོ་བླ་མ་དབྱེར་མེད། མྱུར་མཛད་སྤྱན་རས་གཟིགས་དབང་ཐུགས་རྗེ་ཅན། བདག་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་བྱིན་གྱིས་བརླབས་ཏུ་གསོལ། སྐད་ཅིག་ཉིད་ལ་ཡང་དག་ལམ་སྟོན་པའི། །ཅེས་སོགས་གསོལ་བ་བཏབ་པས་བླ་མ་གོང་མ་རྣམས་འོད་དུ་ཞུ་ནས་འོག་མ་རྣམས་ལ་ཐིམ་པས། བླ་མ་སྤྱན་རས་གཟིགས་ལ་ཐིམ། དེ་མགོན་པོ་ལ་ཐིམ་པས་མགོན་པོ་འོད་དང་བདེ་བའི་རང་བཞིན་དུ་འབར། འུར་འུར་སིལ་སིལ་གར་མཛད་ཅིང་འོད་དུ་མེར་གྱིས་ཞུ་བས་རང་གི་སྤྱི་བོ་ནས་མར་ཐིམ་པས། ལུས་ཀྱི་སྨིན་མཚམས་ཡན་འོད་ཀྱི་གང་། སྐུའི་བྱིན་བརླབས་ཞུགས། ལུས་ཀྱི་སྒྲིབ་པ་དག །བུམ་དབང་ཐོབ། འོད་མར་བབས། མགྲིན་པ་ཡན་གང་། གསུང་གི་བྱིན་བརླབས་ཞུགས། ངག་གི་སྒྲིབ་པ་དག །གསང་བའི་དབང་ཐོབ། འོད་མར་བབས། སྙིང་ག་ཡན་གང་། ཐུགས་ཀྱི་བྱིན་བརླབས་ཞུགས། ཡིད་ཀྱི་དྲི་མ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། འོད་མར་བབས། རྐང་མཐིལ་སོར་མོ་ཡན་ཆད་ལུས་ཀྱི་ནང་ཐམས་ཅད་འོད་ཟེར་གྱིས་ཁེངས། ཡོན་ཏན་འཕྲིན་ལས་ཀྱིས་བྱིན་བརླབས་ཞུགས། རང་གཞན་ཀུན་གྱི་སྡིག་སྒྲིབ་དང་། རང་གི་རྣམ་སྨིན་ལས་གྲུབ་པའི་ཤ་རུས་སོགས་ཀྱི་ཕུང་པོ་དག་ནས་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་མི་རྟོག་པ་ཕྱག་རྒྱ་ཆེན་པོའི་ངང་ལ་འཇོག །དེའི་ལུས་ངག་ཡིད་གསུམ་སྡིག་སྒྲིབ་བག་ཆགས་དང་བཅས་པ་དག་ནས་དབང་བཞི་པ་ཐོབ། དེའི་སྟོང་ཉིད་འོད་གསལ་གྱི་ངང་ལས། རང་ཉིད་སྐད་ཅིག་གི་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཐམས་ཅད་མགོན་པོའི་གོ་འཕང་ལ་བཀོད། སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ངོ་བོར་སངས་རྒྱས་པར་གྱུར།
གཉིས་པ་དངོས་གཞི་ལམ་བསྒོམ་པ་ནི། རང་གི་སྙིང་གར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་ལྟེ་བར་གྲི་གུག་རྡོ་རྗེས་མཚན་པའི་ལྟེ་བར་ཧཱུྃ་གིས་མཚན་པ་དེ་ལས་འོད་འཕྲོས། འཕགས་པ་མཆོད་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཡོངས་སུ་གྱུར་པ་ལས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་དྲུག་པ། དང་པོ་གཉིས་ཀྱི་གྲི་གུག་དང་ཐོད་ཁྲག་འཛིན་པས་ཡུམ་རྡོ་རྗེ་གཅིག་ཤོས་མ་ལ་འཁྱུད་པ། གཡས་བར་པས་ཕྲེང་བ། ཐ་མས་ཌཱ་མ་རུ་འཁྲོལ་བ། གཡོན་གྱི་བར་པས་རྩེ་གསུམ། ཐ་མས་ཞགས་པ་བསྣམས་པ། སྤྱན་གསུམ་དམར་ཞིང་ཟླུམ་པ། མཆེ་བ་གཙིགས་པ། སྨིན་མ་དང་། སྨ་ར་དང་། དབུ་སྐྲ་ཁམ་སེར་གྱེན་དུ་འཁྱིལ་བ། ཐོད་སྐམ་ལྔས་དབུ་རྒྱན་ཅིང་། ཐོད་རློན་ལྔ་བཅུས་དོ་ཤལ་བྱས་པ། དཔྲལ་བར་སིནྡྷུ་ར་ཡིས་བྱུགས་ཤིང་། སྤྱི་བོར་མི་སྐྱོད་པས་རྒྱས་བཏབ་པ། སྦྲུལ་དཀར་པོས་མགུལ་བརྒྱན། དམར་པོས་སྙན་རྒྱན། ལྗང་གུས་ཕྱག་གདུབ་དང་དོ་ཤལ་བྱས་པ། ནག་པོས་སྐ་རགས་དང་ཞབས་གདུབ་བྱས་པ། དྲིལ་བུ་གཡེར་ཁས་མཛེས་པ། སྟག་གི་ལྤགས་པ་རློན་པའི་ཤམ་ཐབས་བྱས་པ། དེའི་སྤང་ན་ཡུམ་རྡོ་རྗེ་གཅིག་ཤོས་མ་ནག་མོ་གཡས་གྲི་གུག་བཟུང་ནས་ཡབ་ལ་འཁྱུད་པ། གཡོན་ཐོད་ཁྲག་ཡབ་ཀྱི་ཞལ་དུ་སྟོབ་པ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པས་ཡབ་ལ་འཁྱུད་བ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་འཕྲོས་ཤར་ལྷོ་མཚམས་ནས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱི་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ས་མ་ཡེ་ཤྲཱི་ཧཱུྃ། ཞེས་སྤྱི་བོ་ནས་དབུ་མར་བས་བདུད་རྩིའི་ཆུས་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་རྒྱན་པར་གྱུར། དེ་ནས་ཡབ་ཀྱི་ཐུགས་ཀར་ཉི་མ་ལ་སྙིང་པོ་དང་། ཡུམ་གྱི་ཐུགས་ཀར་ཉི་གདན་ལ། ཨོཾ་ཨཱཿསྭཱ་ཧཱ། ཅེས་པས་བསྐོར་བ་ལ་དམིགས་ནས་བཟླས་པ་བྱའོ། །དེ་ནས་རང་གི་སྤྱི་བོ་ནས་གསང་གནས་ཀྱི་བར་ལ་རྩ་དབུ་མ་སྦ་ལྕག་ཙམ་པ། དམར་ལ་སྣུམ་པ་གསལ་ཞིང་དངས་པ་གཅིག་བསམ། དེའི་གཡས་ནས་རོ་མ་དམར་པོ་དང་། གཡོན་ནས་བརྐྱང་མ་དཀར་པོས་འཁྱུད་པ། མར་སྣའི་གསུམ་མདོར་རླུང་གི་དཀྱིལ་འཁོར་སྔོན་པོ། ལྟེ་བར་ཉི་གདན་ལ་རཾ་མེ་འབར་བ། ཡར་སྣ་ཧ་དཀར་པོས་བཀག་པ། སྙིང་གར་ཧཱུྃ་སྔོན་པོ་རྣམས་བཀོད་ལ། རླུང་རོ་ལན་གསུམ་བུས་ལ། ལུས་གཡས་གཡོན་དུ་བསྒུལ་སྤྱོད་བྱས་པས་རོ་བརྐྱང་གཉིས་ལྷོད་ཤིགས་སེ་སོང་ནས་གཡས་གཡོན་གཉིས་ནས་རླུང་རྔུབས་པས་དབུ་མའི་ནང་དུ་སོང་སྟེ། དབུ་མ་སྦོམ་ཞིང་དངས་པར་གྱུར། དེ་ནས་རླུང་བཟུང་བས་གསུམ་མདོར་རླུང་གི་དཀྱིལ་འཁོར་གཡོས། ལྟེ་བའི་རཾ་ལ་བུས་པའི་མེ་འབར་བའི་མེ་ལྕེ་དབུ་མའི་ནང་ལ་ཡར་སོང་། སྤྱི་བོའི་ཧ་ལ་ཕོག་པས། བྱང་སེམས་ཞུ་བའི་རྒྱུན་མར་བབས། ནོར་བུའི་རྩེར་སླེབ་པ་དང་། བྱང་སེམས་ཀྱི་ལུས་ཐམས་ཅད་སྐྱ་ཆིལ་གྱིས་གང་བ་དང་། ལུས་ཐམས་ཅད་བདེ་བ་ཆེན་པོ་རྒྱས་ཤིང་བདེ་སྟོང་དབྱེར་མེད་ཕྱག་རྒྱ་ཆེན་པོའི་ངང་ལ་རླུང་བཟུང་། ཡིད་མཉམ་པར་བཞག་ནས་མི་རྟོག་པའི་ངང་ལ་གནད་ཚད་དུ་མཉམ་པར་བཞག་གོ །བྱང་སེམས་ཕྱིར་འཆོར་བ་བྱུང་ན་ནོར་བུའི་རྩེ་མོའི་ནང་དུ་ཧཱུྃ་དཀར་ལ་དངས་པ་གཅིག་གིས་བཀག་པར་བསམ་ལ། སྙིང་གའི་ཧཱུྃ་སྔོན་པོ་ལས་ཧཱུྃ་གཅིག་ཆད་ནས་མར་བྱུང་། ཧཱུྃ་དཀར་པོ་འཁྱུད་པར་བསམ། འོག་རླུང་གྱེན་དུ་དྲངས་ལ་ཕུལ་བར་བྱ། སྔོན་པོས་དཀར་པོ་འཐེན་པའི་ཚུལ་གྱིས་སྤྱི་བོར་སླེབས་པ་ལ་སེམས་གཏད་དོ། །མཐོ་བའི་སྐྱོན་བྱུང་ན་ལྟེ་བའི་མེ་ལྕེས་བྱང་སེམས་ཅུང་ཟད་མར་ཕབ་པ་ལ་སེམས་བཟུང་བས་གེགས་སེལ་ལོ།
།དེ་ནས་རང་གི་སྙིང་གའི་ཧཱུྃ་ལས་ཀྵེ་ཏྲ་པཱ་ལ། ཛི་ན་མི་ཏྲ། ཊཀྐི་རཱ་ཛ། ཏྲཀྴད་ནག་པོ་ལ་སོགས་པ་དཀར་དམར་མཐིང་གསུམ། སྐུ་ནས་རེ་རེ་ཙམ་གྲི་གུག་དང་ཐོད་ཁྲག་འཛིན་པ་མང་པོ་སྤྱི་བོ་ནས་རྐང་ཐིལ་གྱི་བར་དུ་ལུས་ཀྱི་གར་སྣ་ཚོགས་བསྒྱུར། དེ་དག་གི་སྐད་སྣ་ཚོགས་སྒྲོགས་གིན་འདུག་པ་ལ་སེམས་གཏད་ནས་བསྒོམ་པར་བྱའོ། །དེ་ནས་ལྷ་དེ་རྣམས་ཡབ་ཀྱི་རྩ་དབུ་མའི་ནང་དུ་ཞུགས་ནས་གར་སྣ་ཚོགས་བསྒྱུར་ཅིང་། སྐད་སྣ་ཚོགས་སྒྲོགས་པ་ཡབ་ཀྱི་ཤངས་གཡས་ནས་ཐོན། ཡུམ་གྱི་ཤངས་གཡོན་ནས་ཞུགས། རྩ་དབུ་མའི་ནང་དུ་ཞུགས་པས་ཡུམ་གྱི་བྱང་སེམས་དམར་པོ་རྣམས་ཀྱིས་བསྡུས་ཏེ། བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་པ་རྣམས། ཡུམ་གྱི་གསང་གནས་ནས་ཐོན། ཡབ་ཀྱི་གསང་གནས་ནས་ཡར་ཞུགས། ཐུགས་ཀའི་ཧཱུྃ་ལ་ཐིམ། ཡུམ་ཡབ་ལ་ཐིམ། ཡབ་ཀྱང་ཧཱུྃ་ལ་ཐིམ། ཧཱུྃ་ཞབས་ཀྱུ་ཧ་ལ། ཧ་མགོ་བོ་ལ། མགོ་བོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་ནཱ་ད་ལ། ནཱ་ད་ཡང་འོད་གསལ་དུ་ཐིམ་ནས་མི་དམིགས་པའི་ངང་ལ་རིག་སྟོང་དབྱེར་མེད་འགག་མེད་རང་ཤར་ཕྱག་རྒྱ་ཆེན་པོའི་ངང་ལ་གནས་པར་བྱའོ། །དེ་ནི་དངོས་གཞི་ལམ་བསྒོམ་པའི་ཞལ་ཤེས་སོ།
།གསུམ་པ་རྗེས་བལྟ་བ་བསྐྱང་ཞིང་སྤྱོད་པ་བྱ་བ་ནི། རྫོགས་རིམ་དེའི་ངང་ལས་སྐད་ཅིག་དྲན་རྫོགས་ཀྱི་མགོན་པོའི་སྐུར་ལངས་ལ། འགྲོ་ཆག་ཉལ་འདུག་ལ་སོགས་པའི་སྤྱོད་ལམ་ཐམས་ཅད། རིག་སྟོང་དབྱེར་མེད་ཀྱི་ངང་ལ་མ་ཡེངས་པར་བྱས་ལ། སྣང་བ་གཟུགས་སུ་གྲུབ་ཚད་མགོན་པོའི་སྐུ། སྒྲ་ཐམས་ཅད་སྙིང་པོའི་རང་སྒྲ། དྲན་རྟོག་ཐམས་ཅད་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་ལས་མ་གཡོས་པར་སྤྱོད་པ་ནི་མགོན་པོའི་སྤྱོད་པ་ཏེ། དེ་ལྟར་བསྒོམས་པས་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། ཞེས་གྲུབ་ཆེན་རཱ་ཧུ་ལ་གསུངས་སོ།
།ཞལ་གདམས་ཁྱད་པར་ཅན་འདིཁྱུང་པོ་རྣལ་འབྱོར་པས་གསེར་སྲང་བརྒྱ་ཕུལ་ནས་ཞུས་པ། རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་ལ་ཆིག་བརྒྱུད་ལས་མི་སྤེལ་བར་གདམས་ནས་གནང་ངོ་།
།མང་ཐོས་དགེ་ལེགས་དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་བསལ་ནས་དག་པར་བྱས།
གུ་ཧྱ་ས་མ་ཡ། འདི་ནི་མཆོག་གྲུབ་ཀྱི་ཤོག་དྲིལ་ལོ།།