Mgon po snying zhugs 'pho ba dang bcas pa'i dmigs rim rgyun gyi rnal 'byor du bya ba'i tshul

From Shangpa Resource Center








Resource ID GG6
Title mgon po snying zhugs 'pho ba dang bcas pa'i dmigs rim rgyun gyi rnal 'byor du bya ba'i tshul
Topics Chadrupa
Sub-Topics Guru yoga
Author Dalaï Lama Gendün Gyamtso
Link BDRC W1CZ2857

༄༅། །མགོན་པོ་སྙིང་ཞུགས་འཕོ་བ་དང་བཅས་པའི་དམིགས་རིམ་རྒྱུན་གྱི་རྣལ་འབྱོར་དུ་བྱ་བའི་ཚུལ་ནི།

རང་གི་སྙིང་པདྨ་དམར་པོ་འདབ་མ་བརྒྱད་པ་ཁ་གྱེན་དུ་ཕྱོགས་པའི་ནང་དུ་ཉི་མ་དང་ཚོགས་ཀྱི་བདག་པོའི་གདན་ལ་དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་དྲུག་པ། ཞེས་པ་ནས། ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་ཚུལ་གྱིས་བཞུགས་པ། རང་གི་སྤྱི་བོར་པཾ་ལས་སྣ་ཚོགས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་ལས་ཚོགས་བདག་གླང་སྣ་དཀར་པོ་གླང་པོ་ཆེའི་གདོང་པ་ཅན་ཞེས་པ་ནས། སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་བསིལ་བའི་ཚལ་གྱི་དུར་ཁྲོད་ཤིང་ཙན་དན་རྐང་ཅིག་གི་དྲུང་ནས་ཡེ་ཤེས་ཀྱི་མགོན་པོ་སྐད་ཅིག་གིས་སྤྱན་དྲངས། ཤྲཱི་མ་ཧཱ་ཀཱ་ལ་ཡེ་ཨེ་ཧྱེ་ཧི། ཀྵཱིཾ་རིང་པོ་ཉེར་གཅིག་བརྗོད་ལ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡེ་ཨརྒྷཾ་པྲ་ཏཱི་ཙྪ་ཡེ་སྭཱ་ཧཱ། དེ་བཞིན་དུ་ཤཔྟའི་བར་གྱི་མཆོད་པ་དང་། བླ་མ་བརྒྱུད་པའི་མཚན་གྱི་མཐའ་དང་སྙིང་པོའི་སྔགས་ཀྱི་མཐར་ཨོཾ་ཨཱཿཧཱུྃ་བཏགས་ལ་ནང་མཆོད་དབུལ།
མགོན་པོའི་སྤྱི་གཙུག་ཏུ་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་སྐུ་མདོག་སེར་པོ་ཉི་མ་འབུམ་གྱི་མདངས་དང་ལྡན་པ། ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་ཐུགས་ཀར་འཛིན་ཅིང་གཡོན་གསེར་གྱི་དྲིལ་བུ་དཀུར་བརྟེན་པ། རིན་པོ་ཆེའི་རྒྱན་དཔག་ཏུ་མེད་པས་སྤྲས་པ། རྡོ་རྗེ་འཆང་དང་བརྒྱུད་པའི་བླ་མ་རྣམས་ཀྱི་ངོ་བོར་གྱུར་པའི་སྐུ་ལས་འོད་འཕྲོས། མགོན་པོ་ལ་ཕོག །མགོན་པོ་འོད་དང་བདེ་བའི་རང་བཞིན་དུ་འབར། འུར་འུར་སིལ་སིལ་གར་མཛད། མགོན་པོའི་སྐུ་ལས་འོད་འཕྲོས་བླ་མ་ལ་ཕོག །བླ་མ་འོད་ཀྱི་རང་བཞིན་དུ་མེར་མེར་དྲིལ་བུའི་སྒྲ་སྒྲོག་པའི་བླ་མ་ཉིད་མགོན་པོ། མགོན་པོ་ཉིད་བླ་མ། བླ་མ་དང་མགོན་པོ་དབྱེར་མེད་པའི་བདག་ཉིད་ཅན་དུ་གྱུར། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐུ་བཞིའི་བདག་ཉིད་དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཞེས་པ་ནས།
མགོན་པོ་བླ་མ་དབྱེར་མེད་ལ་གསོལ་བ་འདེབས་སོ་ཞེས་པའི་བར་བརྒྱུད་པའི་གསོལ་འདེབས་སྤྱི་དང་། ཁྱད་པར་བླ་མ་མགོན་པོ་དབྱེར་མེད་ཀྱི་གསོལ་འདེབས་མང་དུ་བྱས་ལ། ན་མོ་བུདྡྷཱ་ཡ། ཞེས་པ་ནས།
འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག་ཅེས་པའི་བར་ལན་གསུམ་བརྗོད་པས་མགོན་པོ་བླ་མ་དང་བཅས་པ་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། རྩ་ཨ་ཝ་དྷཱུ་ཏཱིའི་ནང་ནས་གར་མཛད་ཅིང་བྱོན། སྙིང་གའི་མགོན་པོ་ལ་ཐིམ་པས་བླ་མ་དང་མགོན་པོ་རང་གི་སེམས་གསུམ་པོ་གཅིག་ཏུ་གྱུར་པར་བསམས་ཏེ་དེ་ལ་ང་རྒྱལ་བཞག་ནས་མགོན་པོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་སྙིང་པོ་དང་རྩ་སྔགས་ཀྱིས་བསྐོར་བ་ལ་དམིགས་ནས་བཟླས་པ་བྱ། མཆོད་གཏོར་འབུལ་བ་དང་བསྟོད་པ་སོགས་ཀྱང་འདི་ཉིད་ལ་བྱས་པས་འགྲུབ་བོ།
།དེ་ནས་རང་གི་སྤྱི་བོར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་དང་གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་ཅིང་ཞབས་གཉིས་རྒྱབ་ནས་ཕྲག་པར་བཀལ་བ། ཐོད་སྐམ་ལྔའི་དབུ་རྒྱན་དང་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔས་བརྒྱན་པ། ནུ་འབུར་རབ་ཏུ་རྒྱས་ཤིང་གསང་གནས་ཀྱི་ཆོས་འབྱུང་དམར་སིང་ངེ་བ་དང་རང་གི་ཚངས་བུག་ཁ་ད་ཆད་དུ་ཡོད་པར་བསྒོམས་ཏེ། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་མཁའ་སྤྱོད་ཀྱི་གནས་ནས་རྗེ་བཙུན་མ་སྤྱན་དྲངས། ཐིམ་པས་གཉིས་སུ་མེད་པར་གྱུར་པར་བསམ།
དེ་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། བདག་དག་པ་བདེ་སྟོང་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་པར་མཛད་དུ་གསོལ། ཡི་དམ་རྡོ་རྗེ་རྣལ་འབྱོར་མ། བདག་དག་པ་བདེ་སྟོང་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་པར་མཛད་དུ་གསོལ། སངས་རྒྱས་རྡོ་རྗེ་རྣལ་འབྱོར་མ། བདག་དག་པ་བདེ་སྟོང་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་པར་མཛད་དུ་གསོལ།
ཞེས་གསོལ་བ་བཏབ་པས་རྗེ་བཙུན་མའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པ་གསང་གནས་ནས་རང་གི་ཚངས་བུག་ཏུ་ཞུགས། ཨ་ཝ་དྷཱུ་ཏཱིའི་ནང་ནས་ནར་གྱིས་བྱུང་ནས་རང་གི་སེམས་སྙིང་གའི་མགོན་པོར་གསལ་བ་ལ་ཕོག་པས་སྙིང་གའི་པདྨ་འདབ་བརྒྱད་ཁ་ཤག་གིས་བྱེ། མགོན་པོ་ཨ་ཝ་དྷཱུ་ཏཱིའི་ལམ་ནས་དྲིལ་ལི་ལི་བྱོན། སྤྱི་བོའི་ཚངས་བུག་ལ་ཐུག་པ་དང་། སླར་ཡང་ཨ་ཝ་དྷཱུ་ཏཱིའི་ལམ་ནས་མར་བྱོན་སྙིང་གའི་པདྨའི་ལྟེ་བར་ཕེབས་པ་དང་པདྨ་འདབ་བརྒྱད་ཁ་འུབ་ཀྱིས་ཟུམ་པར་བསྒོམ་སྟེ། དེ་ལྟ་བུའི་ཚུལ་གྱི་དམིགས་པ་ཡང་ཡང་སྦྱང་། མཐར་འཕོ་བའི་དུས་ལ་བབ་པ་ན་མགོན་པོ་སྤྱི་བོའི་ཚངས་བུག་ནས་རྒྱངས་ཏེ་ཐོན། རྗེ་བཙུན་མའི་གསང་གནས་དམར་སིང་ངེ་བར་ཞུགས་པས་རང་གི་སེམས་བླ་མ་ཡི་དམ་མགོན་པོ་རྣམས་དང་དབྱེར་མེད་དུ་འདྲེས་ཏེ་རྗེ་བཙུན་མ་རྫུ་འཕྲུལ་གྱིས་མཁའ་སྤྱོད་དུ་གཤེགས་པར་བསམ་པ་ཡིན་ཞིང༌། དེ་ལྟ་བུའི་དམིགས་པ་རྣམས་བསྐྱངས་རེས་ཀྱི་མཐར།
བླ་མ་མགོན་པོ་དབྱེར་མེད་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་སེལ་བར་ཤོག །ཅེས་ལན་མང་དུ་བརྗོད་དོ།
།མཁའ་སྤྱོད་སུམ་དྲིལ་གྱི་གདམས་པ་ཟབ་མོ་གཞན་དང་ཐུན་མོང་མ་ལགས་པས་ཤིན་ཏུ་གསང་ཞིང་ཉམས་སུ་བླང་བར་བྱའོ།
།ཞེས་པ་འདི་ཡང་རྗེ་ཉིད་ཀྱིས་མཛད་པའོ།།