Mkhas grub thams cad mkhyen pas mgon po'i bskor mdzad pa'i them yig

From Shangpa Resource Center








Resource ID SCv11p285
Title mkhas grub thams cad mkhyen pas mgon po'i skor legs par rtsad bcad cing dag ther legs par mdzad pa'i them yig
Topics Chadrupa
Sub-Topics Various
Author Gelek Pelsang
Link BDRC W23922
WA00KG09215 (p.107)

༄༅། ཅི༽ །མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་ཆོས་བསྐོར་མཁས་གྲུབ་བེ་བུམ་དུ་གྲགས་པ་ལས།
མཁས་གྲུབ་ཐམས་ཅད་མཁྱེན་པས་མགོན་པོའི་བསྐོར་ལེགས་པར་རྩད་བཅད་ཅིང་དག་ཐེར་ལེགས་པར་མཛད་པའི་ཐེམ་ཡིག་སོགས་བཞུགས་སོ།།

༼ཟི༽ ན་མོ་མ་ཧཱ་ཀཱ་ལ་ཡ།
རྡོ་རྗེ་ནག་པོ་ཆེན་པོ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་བདུད་འདུལ་དུར་ཁྲོད་ཀྱི་བདག་པོ་ཆེན་པོ་ལ་ཕྱག་འཚལ་ལོ།
།མགོན་པོ་འདིའི་གསང་བའི་མན་ངག་བེ་བུམ་དཀར་ནག་གཉིས་ལས། འདི་ནི་བེ་བུམ་ནག་པོ་དུག་ལྟ་བུའི་མན་ངག་ཆིག་བརྒྱུད་མ་ཡིན་པ་སྦྱིན་པའི་སྲོལ་མེད། ཤིན་ཏུ་གཅེས་པའི་སློབ་མ་སྙིང་དང་འདྲ་བ་གཅིག་ཁོ་ན་ལ་བཀའ་རྒྱས་དམ་དུ་གདམས་ཏེ་ཚོགས་ཀྱི་འཁོར་ལོ་དང་། གསེར་གྱི་མཎྜལ་ལ་སོགས་པའི་ངོར། ཡུན་རིང་དུ་སྣོད་ཀྱི་མཚན་ཉིད་བཏགས་ཏེ་སྦྱིན་པར་བྱའི། དེ་ལས་གཞན་དུ་ཅི་རུང་རུང་ལ་མ་བཏགས་པར་བྱིན་ན་མགོན་པོ་འཁོར་ལོ་དང་བཅས་པས་སྙིང་ཁྲག་འཐུང་ཏེ། རང་གཞན་གཉིས་ཀ་རྡོ་རྗེ་དམྱལ་བར་ལྟུང་བར་གདོན་མི་ཟའོ།
།དེ་ཡང་སྤྱིར་མགོན་པོ་འདིའི་མན་ངག་ཟབ་པ་དང་ཐུན་མོང་མ་ཡིན་པ་རྣམས་ལ་ཡི་གེ་མན་ངག་རེ་རེ་ལའང་ཚན་པ་ཁ་རེ་བྱས་པའི་ཡི་གེ་གཅིག་ལ་མན་ངག་གི་གནད་མ་ལུས་པ་ཚང་བ་ཆེར་མི་འདུག་ཅིང་། ཁྱད་པར་བེ་བུམ་ནག་པོ་འདི་ནི་ཡོད་པ་ཙམ་ཡང་མི་འདུག །ཁོ་བོས་ཀྱང་མགོན་པོ་འདིའི་ཆོས་བསྐོར་རྣམས་བླ་མ་ཁུངས་བཙུན་ཞིང་བརྒྱུད་པ་རྣམ་པར་དག་པ་མཆོག་ཏུ་གྱུར་པ་བཅུ་ཕྲག་ཙམ་ལ་གཏུགས་ནས། བླ་མ་དམ་པ་རྣམས་ལ་མངའ་བའི་གདམས་པ་མ་ལུས་པ་དགྱེས་བཞིན་དུ་བཙལ་བ་ཐམས་ཅད་ལེགས་པར་ཁོང་དུ་ཆུད་པར་བྱས་མོད་ཀྱི། བེ་བུམ་ནག་པོ་འདི་ཞལ་ཤེས་ཆ་ལག་དང་བཅས་པ་རྫོགས་པར་མངའ་བ་ནི་མཁས་གྲུབ་ཤངས་སྟོན་ཚུལ་ཁྲིམས་འབུམ་ལ། མགོན་པོ་རང་ཉིད་ཀྱི་འདི་ལའང་ངའི་སྒྲུབ་སྐོར་མན་ངག་མ་ལུས་པར་བྱིན་གཅིག་ཅེས་དངོས་སུ་ལུང་བསྟན་ནས་རྗེས་སུ་བཟུང་བའི་མུས་ཆེན་རྒྱལ་མཚན་དཔལ་བཟང་པོ་ལས་དངོས་སུ་གསན་ཞིང་། དེ་ཉིད་ཀྱི་སྲས་ཀྱི་ཐུ་བོ་གྲུབ་ཐོབ་རྡོ་རྗེ་གཞོན་ནུ་ལ་ཡང་ཤངས་པའི་ཆོས་སྐོར་མ་ལུས་པ་ལྷག་མ་མེད་པར་གསན་ནས་ཐུགས་ཉམས་སུ་བཞེས་པས། མངོན་པར་རྟོགས་པའི་ཡོན་ཏན་ཕུལ་དུ་བྱུང་བ་མངའ་ཞིང་། ཡེ་ཤེས་ཀྱི་མགོན་པོ་འདི་ཉིད་ཀྱིས་ཀྱང་དངོས་དང་རྨི་ལམ་དུ་ཡང་ཡང་བྱིན་གྱིས་རླབས་པའི་རྗེ་བཙུན་ནམ་མཁའ་རྒྱལ་མཚན་མུས་པ་ནམ་མཁའི་རྣལ་འབྱོར་ཞེས་ཡོངས་སུ་གྲགས་པ་གཅིག་པུ་ལ་མངའ་ཡི། གཞན་ལ་མི་མངའ་བོ།
ཁོ་བོས་དབུས་སུ་སངས་རྒྱས་གཉན་སྟོན་གྱི་གདན་ས་རིམ་པར་བརྒྱུད་པ་ལས་འོངས་པའི་གདམས་པ་ཐོབ་པ་རྣམས་ཀྱི་ནང་ནས། བེ་བུམ་ནག་པོར་ཐ་སྙད་བྱས་པའི། འདིའི་ནང་གི་གདམས་ངག་ཐར་ཐོར་ཁ་ཡར་གཅིག་སྣང་ངོ་།
མཁས་གྲུབ་ཆོས་རྗེའི་གདན་ས་པ་བླ་མ་ཞང་ལས་བསམ་སྡིངས་པའི་ཆོས་སྐོར་མ་ལུས་པ་གསན་པའི་བླ་མ་ལམ་འབྲས་པ་ཆེན་པོ་ཡེ་ཤེས་དཔལ་བའི་ཞལ་སྔ་ནས་ལ་ཁོ་བོས་བསམ་སྡིངས་པའི་ཆོས་སྐོར་མ་ལུས་པར་ཐོབ་པའི་མགོན་པོའི་གདམས་པ་ལ་ཡང་འདི་དག་མི་སྣང་ཞིང་། གཞན་ཡང་འགའ་རེ་མི་སྣང་ངོ་།
འཇག་པ་ནས་བརྒྱུད་པ་ཁོ་བོས་ཐོབ་པ་དང་། མཐོང་བ་རྣམས་ལ་མི་སྣང་ནའང་། འདི་རྫོགས་པ་ཤངས་སྟོན་ཀྱི་ཆིག་བརྒྱུད་མཛད་པས་ཡིན་ནམ་རྒྱུ་མཚན་མ་ངེས་སོ།
ཆོས་སྡིངས་པ་དང་གནས་རྙིང་བའི་བསྐོར་ནས་བརྒྱུད་པ་ཡོངས་སུ་རྫོགས་པར་ལན་འགའ་རེ་ཐོབ་པ་རྣམས་ལ་མི་སྣང་བ་ནི། ཆོས་སྡིངས་པའི་རྟོགས་ལྡན་བགྲེས་པོ་ཁ་ཡར་ལས་ཐོས་པའི་གཏམ་ལས། མགོན་པོའི་བེ་བུམ་དཀར་ནག་ཁྲ་གསུམ་བྱ་བ་ཆིག་རྒྱུད་མིན་པ་མི་བྱེད་པ་གཅིག་ཡོད་པ་ཆོས་རྗེ་གངས་པས་མགོན་ཁང་ན་བཞུགས་པའི་མགོན་པོའི་སྐུའི་ཐུགས་ཀར་བཅུག་ནས་དཔེས་རབས་ཆད་པ་ཡིན་ཞེས་ཟེར་རོ།
།བེ་བུམ་ཁྲ་བོ་བྱ་བ་ཟུར་པ་གཅིག་ཡོད་པ་ཡིན་ན། དེ་ནི་བདག་གི་ཐོབ་པ་རྣམས་ལ་ཡང་མི་སྣང་ངོ་།
།འདི་ལ་ཡི་གེ་ཐོར་བུ་མང་དུ་སྣང་ཞིང་། མན་ངག་རེ་རེ་བ་ཁ་སྦྱོར་དབྱེ་བ་ལྟ་བུ་དང་། གཏོར་མའི་བསད་ལས་ལྟ་བུ་དང་སེར་བ་དབབ་པ་ལྟ་བུ་ལ་སོགས་རེ་རེ་ལའང་ཡིག་ཆུང་ཚན་པ་མི་འདྲ་བ་མང་པོ་བྱས་ནས་རྟོགས་དཀའ་བར་འདུག་པ་དང་། ལག་ལེན་ལ་སྦྱོར་བ་ལ་མི་གསལ་བ་མང་རབ་སྣང་བ་ལག་ཏུ་ལེན་པ་དཀའ་བར་འདུག་པ་དང་། ཞལ་ཤེས་གལ་ཆེན་འགའ་རེ་སྣང་བ་མ་ཤེས་ན་ཡི་གེ་ཙམ་ཡོད་ཀྱང་དགོས་པ་ཅི་ཡང་མི་འགྲུབ་པར་འདུག་པ་དང་། སྤྱིར་འདི་དག་སྣོད་མིན་ལ་འཕེལ་ན་རང་གཞན་ལ་གནོད་པས་དགག་བྱ་ཤིན་ཏུ་ཆེ་བར་སྣང་ནའང་། མན་ངག་འདི་དག་ལྷག་མ་མེད་པ་གཅིག་མ་ཤེས་ན། རྒྱུད་སྡེ་ཆེན་མོ་རྣམས་ཀྱི་དགོངས་པ་གྲུབ་ཆེན་གྱི་བཀྲལ་བའི་སྐྱེད་རྫོགས་ཀྱི་མན་ངག་མཆོག་ཏུ་གྱུར་པ་དག་ཉམས་སུ་ལེན་པ་ཙམ་གྱི་བཞག་ནས། ཆོས་སྐྱོང་གི་གཏོར་མ་དང་། གསོལ་འདེབས་ཙམ་གྱི་ལམ་བགྲོད་དུ་རེ་བ་མ་གཏོགས། བསྟན་སྲུངས་ཕུལ་དུ་བྱུང་བའི་ཁྱད་པར་འདོན་རྒྱུ་ཅི་ཡང་མེད་པར་བསྟན་པ་ལ་དགྲ་དང་། ཆོས་ལ་བར་ཆད་སྟོབས་ལྡན་བྱུང་བའི་ཚེ། ཆོས་སྐྱོང་གི་གོ་བླངས་བྱེད་དུ་རེ་བ་མ་གཏོགས་ལས་ལ་སྦྱོར་བའི་འཕྲིན་ལས་བསྐུལ་ཐབས་ཁྱད་པར་ཅན་ལག་ལེན་ལ་འགེལ་ལུགས་ཅི་ཡང་མི་ཤེས་པར་བསྟན་བསྲུང་མིང་ཙམ་དུ་གྱུར་པ་འབའ་ཞིག་མཐོང་བ་རྣམས་ཀྱིས་ཡིད་ལེགས་པར་བསྐུལ་ཏེ་བསྟན་པ་འབའ་ཞིག་སྙིང་ཁོང་དུ་བཅུག་ནས། མགོན་པོ་འཁོར་བཅས་ལ་གསོལ་བ་ནན་ཆེར་བཏབ་པ་སྔོན་དུ་བཏང་བར་བྱས་ཤིང་། མན་ངག་ཡི་གེར་འཁོད་པ་ལ་འཕངས་པའི་བསམ་པ་མ་བྱས་པར། བེ་བུམ་ནག་པོའི་མན་ངག་གི་ཡི་གེ་ཐོར་བུ་ཚན་ཅན་ཡོད་པ་རྣམས་དཀྱུས་གཅིག་ཏུ་བསྒྲིགས་ནས། ལག་ལེན་བྱེད་ཚུལ་གསལ་ཞིང་གོ་བདེ་བར་བླ་མའི་ཞལ་ཤེས་ཁྱད་པར་ཅན་རྣམས་རང་རང་གི་སྐབས་སུ་སྦྱར་ཏེ།
ཁོ་བོ་མཁས་གྲུབ་ཐམས་ཅད་མཁྱེན་པ་དགེ་ལེགས་དཔལ་བཟང་གིས་ཡི་གེར་བཀོད་པ་འདི་ལ་བླ་མ་མགོན་པོ་འཁོར་དང་བཅས་པས་བཟོད་པར་མཛད་ནས་བྱིན་གྱིས་བརླབ་ཏུ་གསོལ།། །།