Ni gu chos drug gi 'khrul 'khor rtsa tshig bde chen 'dod 'jo

From Shangpa Resource Center








Resource ID SCv10p613
Title ni gu chos drug gi 'khrul 'khor rtsa tshig bde chen 'dod 'jo
Topics Chandali, Immortality
Sub-Topics Yantra
Link BDRC W23922

༄༅། །ནི་གུ་ཆོས་དྲུག་གི་འཁྲུལ་འཁོར་རྩ་ཚིག་བདེ་ཆེན་འདོད་འཇོ་ཞེས་བྱ་བ་བཞུགས་སོ།

།དཔལ་ལྡན་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ།
།ནི་གུ་ཆོས་དྲུག་གི་འཁྲུལ་འཁོར་ལ། སྔོན་འགྲོ་བཅུ་གསུམ་པ། གཏུམ་མོ་བདུན་པ། རྩ་བ་དྲུག་པའོ།
13 preliminary exercises
།དང་པོ་ལ་བཅུ་གསུམ་ལ།
།དང་པོ་ནི། རླུང་རེངས་འདུལ་བ་དང་། ལུས་འདུལ། ལུས་འཆི་མེད་ཀྱི་རྩ་ཚིག་ཏུ་བཤད་པ་ལྟར་བྱས་རྗེས་རྐང་པ་སེམས་སྐྱིལ། ལག་པ་ཁུ་ཚུར་པུས་སྟེང་། བུམ་ཆེན་བཟུང་ལ་ལག་གཉིས་ཀྱིས་བརླ་སྟེང་ནས་ཡར་ཤུད་དེ་བརླ་རྩར་སླེབ་པ་དང་མཉམ་བཞག་སོར་རྩེ་འཕྲོད་པ་ཙམ་གྱི་ངོས་ནས་རོ་སྟོད་གཡས་གཅུ་གཡོན་གཅུ་བདུན་བདུན་ནོ།
།གཉིས་པ་ནི། སེམས་སྐྱིལ་ལས་ལག་གཉིས་མདུན་ཐད་ནས་མར་བཤད་ཀྱིས་བརྐྱང་བའི་ལག་སོར་ཁ་བུབ་པ་ལ་རེག་ཐབས་དང་ལྷན་ཅིག་ཀག་གིས་ལངས་ལ་ལག་པ་གྱེན་དུ་བརྐྱང་ཐབས་ནས་དཔུང་མགོར་རྡེབ། དེ་ནས་གྱེན་དུ་བཤད་ཀྱིས་བརྐྱང་བ་དང་རྐང་པ་གཉིས་ཀ་གྱེན་དུ་བདེག་སྟེ་འཕར། ཐུར་དུ་འབེབས་པ་དང་ཁུ་ཚུར་དཔུང་མགོར་རྡེབ། ལན་བདུན་བྱས་མཐར་འབེབས་ཆེན་ནོ།
།གསུམ་པ་ནི། ལངས་བ་ཡན་གོང་དང་འདྲ་ལས་ལག་པ་གཡས་གཡོན་ཕྱོགས་སོ་སོར་མཐུར་དུ་ཤད་བརྐྱང་ལས་གྲུ་མོ་ཡན་ཆད་ལག་ཡུ་ལུས་ཟོང་དང་མ་བྲལ་བ་ལས་ལག་མགོ་གྱེན་བཏེག་ཁུ་ཚུར་དཔུང་པར་རྡེབ་ཐབས་དང་རྟིང་པ་བཏེག་མར་བཤད་དང་ལྷན་ཅིག་འབེབས། ལན་བདུན་མཐར་འབེབས་ཆེན་ནོ།
།བཞི་པ་ནི། ལངས་བ་ཡན་གོང་འདྲ་ལས་ལག་གཡོན་ཁ་བུབ་ཀྱི་སོར་མོ་རྣམས་བརྐྱང་བའི་སོར་མོ་ཕྲ་བ་བཞི་མདུན་ཕྱོགས་དང་མཐེ་བོང་གིས་རྒྱབ་ཕྱོགས་ནས་བརྟེན་པ་སྐེད་གཟེར་ཚུལ་ལས་གྲུ་མོ་བརྒྱངས། ལག་གཡས་མདུན་ཕྱོགས་གཡོན་དུ་ཅུང་ཟད་ཉེ་བ་ནས་ལག་མཐིལ་གྱེན་བཏེན་དུ་སོར་མོ་དང་ལྷན་ཅིག་ཤད་ཀྱིས་བརྐྱང་བ་གཡས་བསྐོར་གྱིས་དཔུང་མགོར་རྡེབ་མཐར་མདུན་དུ་ཤད་བརྐྱང་། གྱཡོན་ལ་འགྲེ། དེ་ལྟར་གསུམ་གསུམ་སྟེ་དྲུག དེ་ནས་ལག་པ་གཉིས་ཀ་སྔར་ལྟར་ཤད་བརྐྱང་ངོས་རང་རང་ཕྱོགས་སུ་བསྐོར་ཐབས་ནས་དཔུང་མགོར་རྡེབ་པ་ལན་གསུམ་མདུན་དུ་ཤད་བརྐྱང་མཐར་འབེབས་ཆེན་ནོ།
།ལྔ་པ་ནི། ལུས་འདུལ་བཞིན་ཏེ་ལུས་འཆི་མེད་ཀྱི་རྩ་ཚིག་ཏུ་བཤད་པ་བཞིན་ནོ།
།དྲུག་པ་ནི། སེམས་སྐྱིལ། ཁུ་ཚུར་ཁ་བུབ་པུས་སྟེང་། དེ་ནས་ཡར་རིམ་ཤུད་ནས་མཉམ་བཞག་བྱ་ཞིང་བུམ་ཆེན་ཅི་ཐུབ་བཟུང་བའོ།
།བདུན་པ་ནི། སེམས་སྐྱིལ། ཁུ་ཚུར་ཁ་བུབ་པུས་སྟེང་དུ་ཉེ་བར་བརླ་བཞག། ལག་པ་ཁུ་ཚུར་གྱི་མཁྲིག་དང་ཉྭ་བཞི་རིམ་གྱིས་གྲིམས་ལ་སྙིང་གར་བསྣོལ་ཐབས་དང་ཧཱུྃ་གི་སྒྲ་གདངས་བཅས་སྟོང་འདྲེན་དྲག་པོ་བྱ། དེ་འཕྲལ་རླུང་མནན་པ་དང་ལག་གཉིས་མདུན་ཐད་ཐུར་དུ་ཤད་ཀྱིས་བརྐྱང་། དེ་ལྟར་ལན་བདུན་ནོ།
།བརྒྱད་པ་ནི། སྔར་གྱི་རྩ་ཚིག་མཐར་བུམ་ཆེན་བཟུང་བཞིན་དུ་འབེབས་ཆུང་ལན་གསུམ་བྱ་ཞིང་ལུས་ཆ་ཆ་ནས་སྤྲུག དེ་ནས་ཧ་སྒྲར་བཅས་ལན་གསུམ་མོ། །དེ་ལྟར་རྩ་ཚིག་གཉིས་སྦྲེལ་ན་བདེའོ།
།དགུ་པ་ནི། སེམས་སྐྱིལ་བརླ་བཞག་བུམ་ཆེན་ལས་མགོ་བོ་གཡས་ནས་གཡོན་དུ་ལན་གསུམ་བསྐོར་བ་དང་། གཡོན་ནས་གཡས་སུ་ལན་གསུམ་བསྐོར། དེ་ནས་གཡས་གཡོན་གཉིས་དང་། རྒྱབ་མདུན་དུ་དགྱེ་རྒུ་གསུམ་གསུམ་སྟེ་བཅུ་གཉིས་སོ།
།བཅུ་པ་ནི། ལུས་གནད་གོང་ལྟར་བཅས་ཏེ། དེ་ནས་ལག་པ་ཐལ་མོ་རྡེབ་ཐབས་ནས་སོར་མོ་རྣམས་བསྣོལ་ཏེ་སོར་མོ་བརྐྱད་བའི་མཐིལ་སྙིང་གར་བཀབ་ལ་གྲུ་མོ་གཉིས་ལ་འཆུན་བཙལ་བས་དཔུང་པ་གཡས་བཅག་གསུམ་དང་གཡོན་བཅག་གསུམ། དེ་དུས་རླུང་སྒང་འདྲེན་ནོ།
།བཅུ་གཅིག་པ་ནི། གོང་གི་རྩ་ཚིག་གཉིས་པའི་སྐབས་ལྟར་ཀག་གིས་ལངས་ཞིང་། དེ་དུས་ལག་པ་མདུན་ཐད་ནས་བརྐྱང་ཐབས་ཀྱི་མཐར་ཁུ་ཚུར་ལས་གཡོན་པ་རང་ཕྱོགས་སུ་ཤད་ཀྱིས་བརྐྱང་ཞིང་གཡས་པས་གཡོན་པའི་ལག་མགོ་ནས་ནུ་མའི་ཐད་ཙམ་དུ་སླེབ་པར་གྲུ་མོར་བཙལ་བས་མདའ་འགེང་ཐབས་ལྟར་བྱས་ལག་གཡོན་སྔར་བཞིན་ལས་གཡས་པ་མདུན་དུ་སོར་མོ་དང་མཉམ་དུ་ཤད་ཀྱིས་བརྐྱང་། དེ་བཞིན་གཡོན་ལ་འདྲེ། དེ་ལྟར་གསུམ་གསུམ་སྟེ་དྲུག་གོ
།བཅུ་གཉིས་པ་ནི། སེམས་སྐྱིལ་བརླ་བཞག་ལས་ལྟོ་བ་གཡས་བསྐོར་གསུམ་དང་གཡོན་བསྐོར་གསུམ་མོ།
།བཅུ་གསུམ་པ་ནི། སྔར་ལྟར་ལངས་ནས་ལག་པ་སྐེད་གཟེར་དང་། རྐང་པ་གཡོན་པུས་མོ་མ་གུག་པར་དྲང་པོར་བསྲང་ཞིང་གཡས་པའི་རྟིང་པ་དཔྱི་མགོར་རྡེག་ཅིང་པུས་མོ་མདུན་དུ་སྟོད་ཐབས། དེ་བཞིན་གཡོན་ལ་འགྲེ། དེ་ལྟར་ལན་གསུམ་གསུམ་སྟེ་དྲུག་གོ །མདོར་ན་གོང་དུ་བཤད་པ་དེ་དག་གི་ལངས་པ་ཐམས་ཅད་ཀྱི་མཐར་འབེབས་ཆེན་ནོ།།
7 Tumo exercices
༈ གཉིས་པ་གཏུམ་མོ་བདུན་པ་ལ་བདུན་ལས།
དང་པོ་ཟས་སུ་ཟ་བ་ནི། སེམས་སྐྱིལ་བརླ་བཞག་ལས་བུམ་ཅན་བཟུང་རྗེས་རྩུབ་ཤིང་རྩུབ་སྟན་གྱི་འཁྲུལ་འཁོར་བྱས་ལ་སྟོང་འདྲེན་དང་སྒང་འདྲེན་གསུམ་གསུམ་གྱི་མཐར་འབེབས་ཆུང་ངོ་།
།གཉིས་པ་གོས་སུ་གྱོན་པ་ནི། ལུས་འདུལ་གཞན་དུ་བཤད་པ་བཞིན་ནོ།
།གསུམ་པ་སྟན་དུ་འདིང་བ་ནི། སེམས་སྐྱིལ་བརླ་བཞག བུམ་ཆེན་ལས་ལྟོ་བ་དགྱེ་དགུ་དང་ལྷན་ཅིག་རླུང་རྒྱབ་མདུན་དུ་ཕུལ་བ་གསུམ་གསུམ་མོ།
།བཞི་པ་སྐོམ་དུ་འཐུང་བ་ནི། །སེམས་སྐྱིལ་བརླ་བཞག་ལས་བུམ་ཅན་བཟུང་རྗེས་མེ་ཐབ་དྲུག་ཆིངས། ཕོ་སྐོར་གཡས་བསྐོར་གསུམ་དང་གཡོན་བསྐོར་གསུམ་མཐར་འབེབས་ཆུང་ངོ་།
།ལྔ་པ་བདེ་དྲོག་བསྐྱེད་པ་ནི། སེམས་སྐྱིལ་བརླ་བཞག་ལས་བུམ་ཅན། རྡོར་སྐྱིལ་མཉམ་བཞག་རྩེ་སྤྲོད་དོ།
།དྲུག་པ་སྲིད་པའི་དབང་ཞུ་བ་ནི། །སྔར་ལྟར་གྱི་རྗེས་སུ་ལག་གཉིས་ཁུ་ཚུར་སར་བཙུགས། རྡོར་སྐྱིལ་བཏེག་ལ་འབེབས་པ་དང་ལྷན་ཅིག་ལག་མགོ་དཔུང་མགོར་བརྡེག་པ་ལན་གསུམ་མོ།
།བདུན་པ་རླུང་ལྟར་ཞོན་པ་ནི། སྔོན་འགྲོ་བཅུ་གསུམ་པའི་ཐ་མ་ལྟར་རོ།།
6 "root" exercices
༈ གསུམ་པ་རྩ་བ་དྲུག་པ་ལ།
དང་པོ་རི་བོང་དབབ་པ་ནི། རྐང་པ་སེམས་སྐྱིལ། ལག་གཉིས་པུས་སྟེང་། སྟོང་འདྲེན་དྲག་པོ་རེ་དང་དེ་བཞིན་སྨད་དུ་སྐྱུར་བ་གསུམ་གསུམ་བྱ་ཞིང་། སྒལ་ཚིགས་བསྲང་བའོ།
།གཉིས་པ་བཟུང་བའོ། །སེམས་སྐྱིལ་བརླ་བཞག་ལས། བུམ་ཅན་བཟུང་བ་ཉིད་དོ།
།གསུམ་པ་ལྡོག་པ་ནི། སེམས་སྐྱིལ་བརླ་བཞག། ལུས་ནང་དུ་དབུ་མ་ཡར་སྣ་ཚངས་བུག་མར་སྣ་རྡོར་རྩེར་སླེབ་པའི་མར་སྣར་ཧཱུྃ་མགོ་ཕྱིར་བསྟན་བསམ། མགོ་རྒུ་ཞིང་ཧཱུྃ་སྒྲར་བཅས་སྟོང་འདྲེན་བྱ་ཞིང་ལྟག་པ་དགྱེ་བའོ།
།བཞི་པ་དགྲམ་པ་ནི། སེམས་སྐྱིལ་སོགས་ལུས་འདུལ་ལུས་འཆི་མེད་དུ་བཤད་པ་ལྟར་གྱི་མཐར་ཧ་སྒྲར་བཅས་ལུས་ཆ་ཆ་ནས་སྤྲུག་པའོ།
།ལྔ་པ་རླུང་དང་བསྲེ་བ་ནི། རྐང་པ་སེམས་སྐྱིལ་ལག་པ་ཁུ་ཚུར་པུས་མོར་ཉེ་བར་བརླ་བཞག། བུམ་ཅན་མཐར་རྡོར་སྐྱིལ་ལག་གཉིས་རང་ཕྱོགས་ནས་སར་བཙུག། རྡོར་སྐྱིལ་བཏེག་སྟེ་འབེབས་དུས་ལག་མགོ་དཔུང་པར་རྡེབ་པའོ།
།དྲུག་པ་ཟག་མེད་ཡེ་ཤེས་ཆེན་པོས་བརྒྱན་པ་ནི། རྡོར་སྐྱིལ་བཤིག་ལ་སེམས་སྐྱིལ་བརླ་བཞག་ལས་བུམ་ཅན་བཟུང་ཞིང་ཕྱག་ཆེན་ལ་མཉམ་པར་བཞག་པའོ།།

༈ དེ་དག་གིས་ནི་གུ་ཆོས་དྲུག་གི་འཁྲུལ་འཁོར་རྣམས་རགས་ཙམ་བསྟན་ཟིན་ཏོ། །བྱ་རྒོད་མཁས་གྲུབ་ཆོས་སྐྱོང་རྒྱལ་མཙན་གྱི། །སྤྲུལ་སྐུ་རིགས་གཅུང་ཡིད་བཞིན་ལེགས་གྲུབ་ཀྱིས། །བསྐུལ་ཕྱིར་པདྨ་འགྱུར་མེད་རྒྱ་མཚོས་བྲིས། །དགེ་བ་རྣམ་མཁྱེན་བྱང་ཆུབ་མཆོག་ཏུ་བསྡོ། །མྱུར་མཛད་མགོན་པོས་བཀའི་བྱ་ར་མཛོད་ཅིག །འདི་ནི་བྱ་རྒོད་དབོན་པོ་ཀུན་དགའ་ཕུན་ཚོགས་ལས་འཁྲུལ་འཁོར་གྱི་ལག་ལེན་རྣམས་སྨྱོས་བན་སྤུན་གྱིས་ཞིབ་མོར་ནོད་ཚེ་ཡི་གེར་བཏབ་པའོ།
།འདི་དག་གིས་བརྒྱུད་པ་ནི། དྷརྨ་བརྡ་ཡན་ཁྲིད་བརྒྱུད་བཞིན་དང་། དེ་ལ་མཁས་གྲུབ་ཆོས་སྐྱོང་རྒྱལ་མཚན་དང་། གྲུབ་ཆེན་བློ་གྲོས་བཟང་པོ། གཉིས་ཀས་གབོན་པོ་ཀུན་དགའ་ཕུན་ཚོགས། དེས་བདག་ལའོ།། དགེའོ།།