Nyin gcig gi bza' btung byin rlabs mkhas grub khyung po'i zhal gdams

From Shangpa Resource Center








Resource ID KRK12
Title nyin gcig gi bza' btung byin rlabs mkhas grub khyung po'i zhal gdams
Topics Various
Sub-Topics Consecration
Author Kalu Dorjé Chang
Associated Person Khyungpo Neljor
Notes Linked to khyung po'i nyams len drug pa

༄༅། །ཉིན་གཅིག་གི་བཟའ་བཏུང་བྱིན་རླབས་མཁས་གྲུབ་ཁྱུང་པོའི་ཞལ་གདམས་སོ།།

ནངས་ཞོགས་ཀྱི་ཐུན་མགོར། རང་ཉིད་རྒྱུད་སྡེ་ལྔ་ལུས་དཀྱིལ་དང་བཅས་པའམ། ཡི་དམ་གང་ལ་བྱེད་པའི་མགྲིན་པར་བླ་མ། སྙིང་གར་ཡི་དམ། ལྟེ་བར་ཆོས་སྐྱོང་། རྩ་ཁམས་ཐམས་ཅད་དཔའ་བོ་དཔའ་མོར་གསལ་ལམ་གྱིས་གདབ།
འཛམ་བུའི་གླིང་གི་འོག་ཏུ་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ་ཨ་ལས་ཐོད་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ས་བོན་ཕྱག་མཚན་དང་བཅས་པ། རླུང་གཡོས། མེ་སྦར། རྫས་རྣམས་ཞུ་ཞིང་ཁོལ་བའི་སྟེང་གི་ནམ་མཁར་ༀ་ཨཱཿཧཱུྃ་གི་འོད་ཟེར་གྱིས་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་ཐིམ་པས་དམ་ཡེ་གཉིས་སུ་མེད་པའི་བདུད་རྩིའི་རྒྱ་མཚོ་ཡི་དམ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་གྱི་རང་བཞིན་བདེ་སྟོང་གི་ངོ་བོར་གྱུར་པར་བསྒོམས་པས།
ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་བརྗོད་པས་ཡེ་ཤེས་ཀྱི་བདུད་རྩིར་བསམ།
རང་ཉིད་ཡི་དམ་ལྷར་གསལ་མགྲིན་པ་རུ། ལོངས་སྤྱོད་འཁོར་ལོར་རྩ་བའི་བླ་མ་ལ། བརྒྱུད་པའི་བླ་མ་སྤྲིན་ཕུང་ལྟ་བུ་བཞུགས། སྙིང་གར་ཆོས་ཀྱི་འཁོར་ལོའི་ལྟེ་བ་རུ། ཡི་དམ་རྒྱུད་སྡེ་ལྔ་ཡི་ལྷ་ཚོགས་ལ། ཞི་དང་ཁྲོ་བོའི་ལྷ་ཚོགས་དཔག་མེད་བཞུགས། ལྟེ་བར་སྤྲུལ་པའི་འཁོར་ལོའི་གཞལ་ཡས་སུ། མྱུར་མཛད་རེ་མ་ཏི་དང་བཀའ་སྡོད་བཞི། ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཚོགས་བཅས་བཞུགས། རྩ་ཁམས་ཐམས་ཅད་དཔའ་བོ་དཔའ་མོ་གསལ། མཁའ་འགྲོའི་ཚོགས་བཅས་དགྱེས་བཞིན་བཞུགས་པར་གྱུར། བཟའ་བཏུང་བདུད་རྩི་འདོད་ཡོན་སྣ་ཚོགས་པས། དེ་དག་མཆོད་ཅིང་མཉེས་པ་བྱེད་པར་གྱུར།
ལག་གཉིས་པད་སྐོར་གྱིས་མཐར་ཐལ་མོ་སྦྱར་ལ། ཧོཿ ཞེས་བརྗོད་ཅིང་ཁ་ཟས་བླངས་ཏེ།
བདག་ལུས་ཕུང་ཁམས་སྐྱེ་མཆེད་ནི། །གདན་གསུམ་ཚང་བའི་ངོ་བོ་སྟེ། །དམ་པ་རིགས་བརྒྱའི་དཀྱིལ་འཁོར་ལྷ། །འགུལ་བསྐྱོད་ཐམས་ཅད་བདེ་བ་ཆེ། །རྡོ་རྗེའི་དམ་ཚིག་བླ་ན་མེད། །བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོར། །གཉིས་མེད་མཉམ་པའི་ངང་དུ་རོལ། །རྣལ་འབྱོར་ལམ་གྱི་ཚོགས་རྫོགས་ནས། །ཟས་ཀྱི་སྒྲིབ་པ་མི་འགྱུར་བར། །གཏན་པ་མེད་པའི་སྦྱིན་བདག་ཀྱང་། །ཐེག་ཆེན་འབྲས་བུར་སྤྱོད་པར་ཤོག
།ཅེས་བརྗོད་ཅིང་ཁ་ཟས་བདུད་རྩིའི་རང་བཞིན་འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བས། རང་གི་ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་གསལ་བ་མཆོད་པའི་ཚུལ་གྱིས་ཐ་མལ་གྱི་སྣང་ཞེན་སྤངས་ཏེ་ཚིམ་པར་ལོངས་སྤྱད་པའི་མཐར། ཞེས་བཟའ་བཏུང་རོལ་ནས།
ལྟེ་བར་གཏུམ་མོ་སྦར་བ་ཡིས། དེ་བཞིན་གཤེགས་པ་ལྔ་བསྲེགས་ཞིང་། སྤྱན་མ་མིག་ལ་སོགས་པ་ཡང་། བསྲེགས་པས་རི་བོང་ཅན་ཧཾ་འཛག ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ།
འདིར་ནི་ཐོག་མ་དབུས་མཐའ་མེད། སྲིད་མེད་མྱ་ངན་འདས་པ་མེད། བདག་མེད་གཞན་ཡང་མེད་པ་སྟེ། འདི་ནི་མཆོག་ཏུ་བདེ་ཆེན་ཉིད། ༀ་ཨུཙྪིཥྚཔིནྜ་ཨ་ཤི་བྷྱཿསྭཱ་ཧཱ།
ཡོན་སྦྱང་བ་ནི།
བཅོམ་ལྡན་འདས་ཀུན་ནས་འོད་ཀྱི་རྒྱལ་པོ་མེ་འོད་རབ་ཏུ་གསལ་བ་ལ་ཕྱག་འཚལ་ལོ། ན་མཿས་མནྟ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་བྷྱཿ སམྱཀྶཾ་བུདྡྷཱ་ཡ། ན་མོ་མཉྫུ་ཤྲི་ཡེ། ཀུ་མཱ་ར་བྷུ་ཏཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ནི་རཱ་ལམྦེ། ནི་རཱ་བྷ་སེ། ཛ་ཡ་ཛ་ཡ་ལབྡྷེ། མ་ཧཱ་མཱ་ཏེ་དཀྵེ་དཀྵཱི་ཎཱི་མེ་པ་རི་ཤོ་དྷཱ་ཡ་སྭཱ་ཧཱ།
གཟུངས་འདི་ཚར་གསུམ་བརྗོད་པས་ན། །དཀོར་ཟས་རི་བོ་ཙམ་ཡང་ཞི། །སྡིག་པ་ཀུན་བྱང་བར་ཆད་སེལ། །བསོད་ནམས་ཡེ་ཤེས་འཕེལ་བར་གསུང་།
མདོ་སྔགས་གང་གི་ལུགས་བྱེད་ཀྱང་མཐར་ཡབ་སྲས་མཇལ་བའི་མདོ་ལས་གསུངས་པའི་སྨོན་ལམ་འདིའང་གདབ་པར་བྱ་སྟེ།
གང་གིས་བདག་ལ་ཁ་ཟས་བྱིན་པ་དེ་དག་ཉེ་བར་ཞི་བའི་བདེ་བ་ཐོབ་པར་གྱུར་ཅིག །གང་གིས་བདག་ལ་སྐོམ་བླུད་པ་དང་། གང་གིས་བདག་ལ་རིམ་གྲོ་བྱས་པ་དང་། བཀུར་སྟི་བྱས་པ་དང་། བསྟི་སྟང་བྱས་པ་དང་། མཆོད་པ་བྱས་པ་དེ་དག་ཐམས་ཅད་ཀྱང་ཉེ་བར་ཞི་བའི་བདེ་བ་ཐོབ་པར་གྱུར་ཅིག །གང་ཡང་བདག་ལ་གཤེ་བ་དང་། མི་བདེ་བར་བྱེད་པ་དང་། བརྡེག་པ་དང་། མཚོན་གྱིས་འདེབས་པ་དང་། རྣམ་པ་ཐམས་ཅད་དུ་སྲོག་གཅོད་པའི་བར་དུ་བྱེད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་བདེ་བ་ཐོབ་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག
བསྔོ་སྨོན་ནི།
རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ། བཟའ་བ་ཕུལ་བའི་བསོད་ནམས་ཀྱིས། ཁ་དོག་སྟོབས་དང་ལྡན་གྱུར་ཏེ། རོ་བརྒྱ་ལྡན་པའི་ཟས་རྙེད་ནས། བསམ་གཏན་ཟས་ཀྱིས་འཚོ་བར་ཤོག བཏུང་བ་ཕུལ་བའི་བསོད་ནམས་ཀྱིས། ཉོན་མོངས་བཀྲེས་སྐོམ་ཞི་བ་དང་། སྦྱིན་སོགས་ཡོན་ཏན་ལྡན་པ་ཡིས། སྐོམ་དང་མེད་པ་སྐྱེ་བར་ཤོག གང་གིས་སྦྱིན་པ་གང་ལ་སྦྱིན། སྦྱིན་པ་ཇི་ལྟར་མི་དམིགས་པ། སྦྱིན་པ་མཉམ་པ་དེ་ཉིད་ཀྱི། སྦྱིན་བདག་ད་ལ་ཡོངས་རྫོགས་ཤོག རྒྱལ་པོ་སྦྱིན་བདག་ཉིད་དང་ནི། སེམས་ཅན་དམན་པ་གཞན་དག་ལ། ཚེ་རིང་ནད་མེད་ཕུན་སུམ་ཚོགས། རྟག་ཏུ་བདེ་བ་ཐོབ་པར་ཤོག སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡི་མཐུས། འགྲོ་བ་རྣམས་ནི་རང་བྱུང་སངས་རྒྱས་ཤོག སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲོལ་བའི། སྐྱེ་བའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིག བསོད་ནམས་སྟོབས་ཆེན་འདི་ཡི་མཐུས། སྦྱིན་བདག་འཁོར་དང་བཅས་རྣམས་ལ། ཚེ་འདིར་བསམ་པའི་དོན་འགྲུབ་ཅིག བར་ཆད་ཞི་ནས་བཀྲ་ཤིས་པ། བསམ་པ་ཆོས་བཞིན་འགྲུབ་པར་ཤོག
དེ་ནས་ཤེས་རབ་སྙིང་པོའི་མདོ་འདོན་པར་བྱའོ།
།འབྲལ་མེད་དྲུག་གི་ཞལ་གདམས་པས། །བཟའ་བཏུང་ཚོགས་ཀྱི་མན་ངག་འདི། །ཁྱེར་བདེ་གཞན་ཕན་ཕྱིར་དུ་ནི། །བྲིས་པ་གསུམ་གྱིས་སྤར་དུ་བཞེངས། །དགེ་བས་འགྲོ་ཀུན་སངས་རྒྱས་ཤོག
ཅེས་པའང་བླ་མ་མིང་ཀ་ལུ་ནས་བྲིས་པ་དགེ། དགེའོ།།