Phyag rgya chen po rang babs rnam gsum gyi khrid tshul rnam dag lam gyi 'jug pa

From Shangpa Resource Center








Resource ID SCv9p175
Title phyag rgya chen po rang babs rnam pa gsum gyi khrid tshul rnam dag lam gyi 'jug pa
Topics Mahamudra Gauma
Sub-Topics Instructions
Author Shönu Drup
Link BDRC W23922

༄༅། །ཕྱག་རྒྱ་ཆེན་པོ་རང་བབས་རྣམ་པ་གསུམ་གྱི་ཁྲིད་ཚུལ་རྣམ་དག་ལམ་གྱི་འཇུག་པ་ཞེས་བྱ་བ་བཞུགས་སོ།།

མཁྱེན་རྟོགས་པདྨོའི་གཉེན་གྱི་འོད་ཟེར་སྟོང་ལྡན་གྱིས། །གདུལ་བྱ་རྣམས་ཀྱི་བློ་ཡི་པདྨོ་ཁ་ཕྱེ་ནས། །ཉམས་རྟོགས་དྲི་བསུང་རབ་བཅུད་སྐལ་ལྡན་བུང་བའི་ཚོགས། །ཀུན་ནས་དགའ་བྱེད་བླ་མའི་ཚིགས་ལ་སྐྱབས་སུ་མཆི།
།འདིར་བདེ་བར་གཤེགས་པའི་མདོ་རྒྱུད་ཐམས་ཅད་ཀྱི་བརྗོད་བྱ། སྒྲུབ་ཐབས་མན་ངག་ཀུན་གྱི་ཉིད་ཁུ། འགྲོ་བ་འཆི་བ་མེད་པའི་གནས་སུ་སྐྱེལ་བའི་ཐབས་མཆོག་ཏུ་གྱུར་པ་ནི་ཕྱག་རྒྱ་ཆེན་པོ་ཡིད་ལ་མི་བྱེད་པ་སྙིང་པོའི་དོན་ཡིན་ལ། དེ་ལ་སློབ་མ་བཀྲི་བའི་ཚུལ་མི་འདྲ་བ་མང་དུ་ཡོད་པ་ལས། འདི་ནི་རྡོ་རྗེ་འཆང་གིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་དངོས་སུ་གདམས་པ་ཤིན་ཏུ་དཀོན་ཞིང་ཆེ་བ་བྱུང་བའི་ཕྱིར། བརྒྱུད་པ་བདུན་དུ་ཆིག་རྒྱུད་དུ་བཀའ་རྒྱས་བཏབ་ཅིང་སྙན་རྒྱུད་དུ་སྤེལ་བས་རྟོགས་པ་དོན་གྱི་བྱིན་རླབས་ཀྱི་བརྒྱུད་པ་ཆུ་བོ་ལྟར་ཟམ་མ་ཆད་པ་ནི། ཕྱག་རྒྱ་ཆེན་པོ་རང་བབས་རྣམ་གསུམ་ཞེས་བྱ་བའམ། གའུ་མ་ཞེས་གྲགས་པ་འདིས་སློབ་མ་འཁྲིད་ན། བླ་མ་མཚན་ཉིད་ལྡན་པ་གཅིག་གི་དྲུང་དུ། སློབ་པ་སྤྱིར་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་། བྱེ་བྲག་ཏུ་འདིའི་བྱིན་རླབས་ཀྱིས་རྒྱུད་སྨིན་པར་བྱས་པ་གཅིག་གིས། ཅི་འབྱོར་བའི་མཎྜལ་དང་། ཚོགས་གཏོར་སྔོན་དུ་བཏང་ལ། འཆི་བ་མི་རྟག་པ་དང་། འཁོར་བའི་ཉེས་དམིགས་ཤེས་པས་ཚེ་འདི་བློས་བཏང་ལ་ཉམས་སུ་བླང་བར་བྱའོ།
།འདི་ལ་དོན་གསུམ་སྟེ། སྔོན་འགྲོ་རང་བབས་ཀྱི་ཆོས་རྣམ་གསུམ། དངོས་གཞི་གསང་ཚིག་རྡོ་རྗེའི་རྒྱའི་རྐུ་ཐབས་སུ་ངོ་སྤྲད་པས་སྐྱོན་བཞི་རང་སར་གྲོལ་བའི་མན་ངག །རྗེས་སྐུ་གསུམ་ཕྲིན་ལས་ཕྱོགས་མེད་རང་ཤར། བོགས་འདོན་གེགས་སེལ་དང་བཅས་པའོ།
།དང་པོ་ལ་གཉིས་ཏེ། ཐབས་བླ་མའི་མོས་གུས་དང་། བཞག་ཐབས་རང་བབས་རྣམ་པ་གསུམ་མོ།
།དང་པོ་ནི་དབེན་པའི་གནས་སུ་སྟན་བདེ་བ་ལ་འདུག་སྟེ། འཆི་བ་མི་རྟག་པ་དང་། འཁོར་བའི་ཉེས་དམིགས་ཤེས་པས་ཚེ་འདིའི་རྣམ་གཡེང་སྤངས་ལ། སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བས། རང་གིས་ལུས་གསང་སྔགས་བླ་མེད་ཀྱི་ལྷ་གང་ཡིན་གཅིག་ཏུ་གསལ་བར་བསྒོམ། དེའི་སྤྱི་བོའི་གཙུག་ཏུ་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བ། སེང་གེ་བརྒྱད་ཀྱིས་བཏེགས་པ། དེའི་སྟེང་དུ་པདྨ་དང་ཉི་མ་ཟླ་བ་གདན་བཞི་བརྩེགས་ཀྱི་སྟེང་དུ། རང་གང་མོས་གུས་ཀྱི་རྩ་བའི་བླ་མ། རྣམ་པ་ལོངས་སྤྱོད་རྫོགས་པའི་སྐུ། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། །འོད་དང་འོད་ཟེར་གྱི་རང་བཞིན་ཅན་མཚན་ཐོས་པ་ཙམ་གྱིས་ཀྱང་ཕྱིར་མི་ལྡོག་པའི་ས་ལ་འགོད་ནུས་པ། གསོལ་བ་བཏབ་ན་སྨོས་ཅི་དགོས་པ་གཅིག་ཏུ་བསམ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་ལ་དངོས་སུ་ཆོས་ཀྱི་འབྲེལ་པ་དབང་བཞི་རྫོགས་སུ་བསྐུར་བ་མན་ཆད་ནས། ཀ་ཁ་ཚིགས་བཞི་པ་བསླབས་པ་ཡན་ཆད། འོད་དང་འོད་ཟེར་གྱི་ཚུལ་དུ་བྱུང་སྟེ། བླ་མའི་སྐུ་ལུས་ལ་ཐིམ། གཞན་ཡང་སངས་རྒྱས་བྱང་སེམས། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བའི་སྲུང་མ་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བྱུང་ནས། བླ་མ་ལ་ཐིམ་པས། བླ་མ་ཀུན་འདུས་པའི་བདག་ཉིད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་དབྱེར་མེད་པར་བསམ་སྟེ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །ཞེས་གསུངས་པའི་དོན་ཡིན་ནོ།
མདུན་ན་ཡར་ལ། གནོད་བྱེད་དང་གཞི་བདག་གིས་གཙོ་རིགས་དྲུག་གི་སེམས་ཅན་ཐམས་ཅད་བདག་ཁོ་ན་བཞིན་དུ། ལུས་གུས་པས་ཐལ་མོ་སྦྱར། ངག་གུས་པས་གསོལ་བ་འདེབས། །སེམས་གུས་པས་མོས་གུས་རྒྱུན་ཆད་མེད་པར་བྱེད་པར་བསམ་ལ། རང་གིས་གསོལ་འདེབས་ཀྱི་ཚིག་བརྗོད་པའི་ཚེ། ཁོང་རྣམས་ཀྱང་རྗེས་སུ་ཞུགས་ནས་ཁུ་དི་རི་རི་གསོལ་བ་འདེབས་པ་དང་། ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ཐམས་ཅད་ཆོས་བསྐོར་དུ་འཁོར་ཞིང་། གསོལ་འདེབས་ཀྱི་འུར་སྒྲ་དང་བཅས་པར་བསམ་སྟེ། ཚིག་འདི་དག་གིས་གསོལ་བ་གདབས་སོ།
།བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་འཛིན་བློ་ཡིས་ཐོང་པར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །འོད་གསལ་ཕྱག་རྒྱ་ཆེན་པོ་ད་ལྟ་ཉིད་དུ། མྱུར་བ་ཉིད་དུ། འདུག་ས་འདི་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་སྙིང་གི་དཀྱིལ། རྐང་གི་ཁོང་། རུས་པའི་གཏིང་ནས་འཆི་མ་རང་དབང་མེད་པར་གསོལ་བ་བཏབ་པས། བླ་མའི་སྐུ་ལས་འོད་ཟེར་ཁ་དོག་དཀར་པོ་དཔག་ཏུ་མེད་པ་བྱུང་། རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ལུས་ཐམས་ཅད་འོད་ཟེར་གྱིས་གང་། འཁོར་བ་ཐོབ་མ་མེད་པ་ནས་བསགས་པའི་ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་དམ་ཚིག་ཉམས་ཆགས་འགལ་འཁྲུལ་ཐམས་ཅད་སངས་དག །ལུས་ཕྲུ་མ་ཕུས་བཏབ་པ་ལྟར་སྟོང་པའམ། ཤེལ་གོང་གཡའ་དང་བྲལ་བ་ལྟར། ལུས་ཕྱི་གསལ་ནང་གསལ་དུ་བསམ་མོ།
ཡང་གསོལ་བ་སྔར་བཞིན་བཏབ་པས། བླ་མའི་སྐུ་ལ་ཐིག་ལེ་ཁ་དོག་དཀར་པོ་ངོ་བོ་བདེ་སྟོང་། ཆེ་ཆུང་ཡུངས་འབྲུ་ཙམ་དཔག་ཏུ་མེད་པ་བྱུང་། རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་དམ་ཚིག་ཉམས་ཆགས་འགལ་འཁྲུལ་ཐམས་ཅད་རྐང་མཐིལ། བཤང་གཅིའི་སྒོ། བུ་ག་ནས་ཆུ་སྣ་ལ་སྦུར་མ་བདས་པ་བཞིན་དུ། ནག་ནུ་རུ་རུ་ཐོན་ནས་སངས་དག །ཤུལ་ཐམས་ཅད་ཐིག་ཆེན་བདེ་བའི་རང་བཞིན་དེས་མེར་གྱིས་ཁེངས་པས། ལུས་ཐམས་ཅད་བདེ་ཉམས་དང་ལྡན་པར་བསྒོམ། འོད་ཟེར་རམ། ཐིག་ལེས། སྤྱི་བོ་ མགྲིན་པ་ སྙིང་ག་ལུས་ཐམས་ཅད་གང་། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ། སྐུ་གསུམ་ཐུགས་ཀྱི་སྦྱིན་རླབས་ཞུགས། དབང་བཞིའི་དོན་རྒྱུད་ལ་སྐྱེས་པར་བསྒོམ་པ་ནི། ཚར་གསུམ་ཁུག་པ་དབང་གི་མན་ངག་སྟེ། གསོལ་འདེབས་ཐུན་རེའི་རྗེས་སུ་འབྲེལ་པ་ཅན་དུ་བྱའོ།
གཉིས་པ་བཞག་ཐབས་ནི། རླུང་རོ་ལན་གསུམ་བསལ། རྐང་པ་བདེ་བའི་སྐྱིལ་ཀྲུང་ཡངས་པར་བཅའ། ལག་མཐིལ་གཉིས་པུས་མོ་ལ་བཀབ་པས་ས་གནོན་གྱི་ཕྱག་རྒྱ་བཅའ། སྒལ་ཚིགས་དྲང་པོར་བསྲང་། ལྟོ་བ་སྒལ་པ་ལ་སྦྱར། དཔུང་པ་རྒོད་ཀྱི་གཤོག་པ་བཞིན་ཕྱིར་འཐེན། མགྲིན་པ་ལྕགས་ཀྱུ་ལྟར་བཀུག་ལ། ཨོལ་ཀོ་ཨོལ་མདུད་པའི་སྟེང་དུ་བཞག་སྟེ།
རྡོ་རྗེ་ཕྲེང་བ་ལས། སྒྲུབ་པ་བདེ་བའི་སྟན་ལ་འདུག་སྟེ། །མིག་གཉིས་སྣ་རྩེར་གཏད་བྱས་ལ། །སྣ་ནི་ལྟེ་བའི་ཚད་དུ་བཞག །ཕྲག་གོང་མཉམ་ལ་ལྕེ་རྐན་སྦྱར། །སོ་དང་མཆུ་ནི་བདེ་བར་བཞག །དབུགས་ཀྱི་འབྱུང་རྔུབ་གློད་ནས་ནི། །ཅུང་ཟད་ཅུང་ཟད་རྩོལ་བྲལ་བས། །ཇི་ལྟ་བ་བཞིན་འབྱུང་རྔུབ་ནི། །སེམས་དཔའི་སྐྱིལ་ཀྲུང་ལ་གནས་པས། །ཞེས་གསུངས་པས།
ལུས་རྣམ་སྣང་གི་མཛད་ཀྱི་ཆོས་བདུན་བཅའ་སྟེ། མདུན་རྒྱབ་གཡས་གཡོན་དུ་སྒྱེ་སྒུར་མེད་པར་དྲང་པོར་བསྲང་། དྲང་པོའི་ངང་ནས་ཉ་བཞི་དང་། རྩ་བཞི་ཐམས་ཅད་གྲིམས་ཆ་མི་འདོན་རང་བབས་སུ་ལྷོད་གློད་ལ་བཞག །སོག་ཕོན་ཐག་པ་ཆད་པ་ལྟར་བཞག་གོ །འཇིག་རྟེན་འགྲོ་འདུག་ལ་སོགས་པ་ལྟ་ཅི་སྨོས། ཆོས་ཕྱོགས་ཀྱི་ཕྱག་དང་བསྐོར་བ་ལ་སོགས་ཐམས་ཅད་ཀྱང་རེ་ཞིག་དོར་ནས། ལུས་ལས་མེད་དུ་གློད་ནས་འཇོག་པ་ནི་ལུས་རང་བབས་སོ།
།འཇིག་རྟེན་གྱི་བརྫུན་དང་ཕྲ་མ་ལ་སོགས་པ་ལྟ་ཅི་སྨོས། མདོ་དང་སྔགས་བཟློས་པ་དང་། རླུང་གི་འབྱུང་འཇུག་བསྒོམ་པ་ལ་སོགས་པ་དོར་ལ། ལྕེ་རྐན་ལ་སྦྱར། སོ་བར་ཅུང་ཟད་བཞག །མ་མཆུ་འབྱེད་འཛུམ་དང་བྲལ་བས། ལས་མེད་དུ་གློད་ནས་འཇོག་པ་ནི་ངག་རང་བབས་སོ།
འདས་པའི་རྗེས་མི་སྤྱད། མ་འོངས་པའི་སྡུན་མི་བསུ། ད་ལྟར་གྱི་བློ་ལས་མི་གཞོལ་བར་དུས་གསུམ་སྤྲོ་བསྡུ་མེད་པའི་ངང་དུ་གློད་པ་ནི་སེམས་རང་བབས་སོ།
།མིག་གླང་པོ་ཆེ་ལྟ་སྟངས་དང་མ་བྲལ་ཞེས་པ་གླང་པོ་ཆེ་ཆང་གིས་གཟི་བ་སྟེ། གང་ལ་ཡང་ཆེད་འཛིན་དང་དགག་སྒྲུབ་མེད་པར་མིག་འཛུམ་མི་ཤེས་པར་ཧད་དེ་འདུག་པ་དེ་བཞིན་དུ། འདིར་ཡང་མིག་གི་འབྲས་བུ་གཡས་གཡོན་དང་མདུན་རྒྱབ་གང་དུ་ཡང་མི་གཡོ་ཞིང་། གང་ལ་ཡང་འཛིན་པ་མེད་པར་ཧད་དེ་བ། རྟེན་ཅི་ལ་ཡང་མི་འཆའ་བར་ཕྱད་དེ་བ། ཡིད་སྒོམ་འདོད་ཀྱི་རྣམ་པར་རྟོག་པ་དང་བྲལ་བས་ཏེ། སྔོན་འགྲོ་སྒོམ་པ་ཡིན་སྙམ་དུ་ཡང་མི་བསམ་པར། རང་བབས་རྣམ་པ་གསུམ་གྱི་སྟེང་དུ་བཟོ་མེད་དུ་ལྷོད་ཀྱིས་གློད། གང་ལ་ཆེད་འཛིན་མེད་པར་ྦཤིགས་ཀྱིས་བཤིག་ལ་མ་བཅོས་པར་བཞག་པ་ནི་དམིགས་པ་དང་པོའོ།
ནི་གུ་མའི་ཞལ་ནས། ལྷ་འདོད་ཆགས་སྐྱེས་པ་ཞེས་པའི་དོན་ཡིན་ནོ།
བྲམ་ཟེ་ཆེན་པོས། མིག་ནི་མི་འཛུམ་ཡིད་ནི་བསྒོམ་དུ་མེད་པའི་རྣལ་འགྱོར་པ། །ཞེས་གསུངས།
སུ་ཀ་མ་སིདྡྷིས། ཤེས་པ་རྟེན་མེད་དུ་ཞོག་གཅིག་རྣལ་འབྱོར་པ། །ཞེས་གསུངས།
ཡུམ་ལས། གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟ་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་གསུངས།
དུས་ཀྱི་འཁོར་ལོའི་མན་ངག་གི་རྒྱུད་ལས། ཧར་སྒོམ་ཆེན་པོའི་མན་ངག་ཡིན། །ཞེས་གསུངས།
དམ་པ་རིན་པོ་ཆེས། ལྟ་སྟངས་ཀྱིས་རིག་པ་སྟོང་ལ་མནན་ན་ཕྲ་རགས་ཀྱི་རྟོག་པ་འགག །ཅེས་གསུངས།
མདོ་རྒྱུད་བསྟན་བཅོས་མན་ངག་ཀུན་ལས་མཐུན་པར་ཟབ་པའི་མཆོག་ཏུ་གསུངས་པས། ཆེ་ཆུང་མི་བྱ་བྱ་བར། ནན་ཏན་དུ་བྱ་སྟེ། མིག་མི་འགུལ་བས་རྩ་མི་གཡོ། དེས་རླུང་མི་གཡོ། དེས་ཁམས་དྭངས་མ་མི་གཡོ། དེས་དེ་ལ་བརྟེན་པའི་སེམས་གཡོ་མེ་ཀྱི་རང་ས་ཟིན་ནས། རང་ལ་གནས་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་བབས་སུ་འཆར་བར་འགྱུར་ཏེ།
བྲམ་ཟེ་ཆེན་པོས། ལྷན་ཅིག་སྐྱེས་པ་ཚིག་གིས་མི་མཚོན་ཏེ། །སློབ་དཔོན་མན་ངག་མིག་གིས་ཤེས་པར་འགྱུར། །ཞེས་གསུངས།
དེ་ལྟར་བསྒོམས་པས། སེམས་བྱིང་རྒོད་ཀྱི་དབང་དུ་གྱུར་ན། སྔར་བཞིན་དུ་བླ་མའི་རྣལ་འབྱོར་གསལ་བཏབ་ལ་སངས་རྒྱས་སུ་ཤེས་པའི་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ།
ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མའི་ཞལ་ནས། ས་བཅུ་ལམ་ལྔའི་རིམ་པ་རྣམས། །མོས་གུས་སྟོབས་ཀྱིས་བགྲོད་པར་བྱ། །བླ་མའི་སྣང་བ་མི་འབྲལ་བར། །རྒྱུད་སྡེ་དགོངས་པ་གནད་ཀྱི་མཆོག །ཅེས་གསུངས།
བརྟག་གཉིས་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང་། །རང་གི་རིག་པའི་ཡེ་ཤེས་འདི། །ངག་གི་ལམ་འདས་སྤྱོད་ཡུལ་ཏེ། །འདི་ནི་བྱིན་རླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་དང་།
མགུར་ལས། སློབ་དཔོན་སྟོན་པར་གྱུར་པ་ནི། ༼།སངས་རྒྱས་ཀུན་གྱིས་ཕྱག་མཛད་པ།༽ །བདག་ཅག་རྣམས་ཀྱི་ཕ་དང་མ། །དེ་ནི་ཡིད་ལ་བསམ་པར་བྱ། །དེ་ནི་ཅིའི་ཕྱིར་ཞེས་ན། །རྡོ་རྗེ་སེམས་དང་སངས་རྒྱས་དང་། །དེ་བཞིན་རྡོ་རྗེ་གཟི་བརྗིད་དང་། །པདྨ་གར་གྱི་དབང་ཕྱུག་དང་། །རྟའི་རྒྱལ་པོའི་དངོས་གྲུབ་ནི། །གང་ཕྱིར་དེ་ལས་བཀའ་བ་མེད། །ཅེས་གསུངས།
གསང་བ་འདུས་པ་ལས། རྡོ་རྗེ་སློབ་དཔོན་ནི་བདག་ཅག་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕའོ། མའོ། སྐྱེད་པའོ། །ཞེས་གསུངས།
ཡེ་ཤེས་གསལ་བའི་སྒྲོན་མའི་རྒྱུད་ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་པ་སྟོང་དུ་བསྒོམ་པ་བས། །བླ་མ་དྲན་པ་བསོད་ནམས་ཆེ། །ལྷ་སྐུ་མ་སྒོམས་བླ་མ་བསྒོམ། །ལྷ་སྐུ་བྱེ་བ་སྟོང་བསྒོམས་པས། །བླ་མ་དྲན་པས་བསོད་ནམས་ཆེ། །ཞེས་གསུངས།
མཁའ་འགྲོ་མ་ཐམས་ཅད་ཟིལ་གྱིས་གནོན་པའི་རྒྱུད་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་བསྙེན་བཀུར་བས་ནི། རྡོ་རྗེ་སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་ཏིལ་མར་གྱིས་བྱུགས་པ་བསོད་ནམས་ཆེས་ཁྱད་པར་འཕགས་སོ། །ཞེས་གསུངས
རྡོ་རྗེ་འཕྲེང་བ་ལས། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། །དེ་ཡི་གཟུགས་ཀྱི་ཕུང་པོ་ནི། །བཅོམ་ལྡན་སངས་རྒྱས་རྣམ་སྣང་མཛད། །ཅེས་པ་ལ་སོགས་བླ་མ་ལ་ལྷ་སུམ་ཅུ་རྩ་གཉིས་ཀྱི་ངོ་བོ་བཤད།
སྡོམ་པ་འབྱུང་བ་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། ༼།བླ་མ་དཔལ་ལྡན་རྡོ་རྗེ་འཆང་།༽ །ཀུན་གྱི་བྱེད་པོ་བླ་མ་ཡིན། །ཞེས་གསུངས།
ཨ་ཏི་བཀོད་པ་རྒྱས་པའི་རྒྱུད་ལས། གསང་བ་སྔགས་ལས་བྱུང་བ་ཡིན། །བླ་མའི་དྲིན་དང་ལྡན་པ་ཉིད། །སྤྱི་བོའི་གཙུག་གམ་སྙིང་གི་དཀྱིལ། །ལག་པའི་མཐིལ་དུ་གང་བསྒོམ་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཡང་། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་གསུངས།
མདོ་ལས། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བསྟན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུངས།
།སློབ་མ་བཟང་པོ་བླ་མ་གུས་ལྡན་དེ་དག་གིས། །བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། །ཅི་ཕྱིར་ཞེས་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །ཞེས་དང་། ནད་པའི་ཚོགས་ཀྱི་གསོ་ཕྱིར་སྨན་པ་བསྟན་པ་ལྟར། །གཡེལ་བ་མེད་པར་དགེ་བའི་བཤེས་གཉེན་བསྟེན་པར་བྱ། །ཞེས་གསུངས།
ལངས་ཀར་གཤེགས་པ་ལས། དགེ་བའི་བཤེས་གཉེན་མགུ་བར་བྱས་པས་རྣམ་པར་རྟོག་པ་འཁོར་བའི་རྒྱ་མཚོ་ལས་སྲེད་པ་དང་། མི་ཤེས་པའི་རྒྱུད་ལས་བྱུང་བ་དག་ལས་རྒལ་བར་ནུས་སོ། །ཞེས་དང་།
དཔལ་འབྱུང་བའི་མདོ་ལས། བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་དགེ་བའི་བཤེས་གཉེན་ལས་འབྱུང་ངོ་། །དགེ་བའི་བཤེས་གཉེན་མགུ་བར་བྱས་ན། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཐོབ་པའོ། །དེ་ལྟ་བས་ན། ཡིད་ལ་བྱ་བ་རྒྱུན་མ་བཤད་པས། དགེ་བའི་བཤེས་གཉེན་ལ་བསྙེན་པར་གྱིས་ཤིག །བདག་ལ་ནི་ནད་པའི་འདུ་ཤེས་དང་། དགེ་བའི་བཤེས་གཉེན་ལ་ནི་སྨན་པའི་འདུ་ཤེས་དང་། ནན་རྟེན་གྱིས་ཉམས་སུ་བླགས་པས་ནད་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་གསུངས།
རིམ་ལྔ་ལས། རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ན། །ལྷུང་བར་མི་འགྱུར་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འགྱུར་སྙམ་ཡང་གྲོལ་བར་འགྱུར། །ཞེས་དང་།
ས་ར་ཧས། བླ་མའི་ལུང་ལ་སྒྲིམས་ཏེ་གུས་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཅེས་དང་། དེའི་ཕྱིར་བརྒྱུད་པར་ལྡན་པའི་གདམས་ངག་གང་དང་གང་ལྡན་པ། །དུས་མཐའ་རྟེན་པ་མཁས་པར་རྟག་ཏུ་བརྟན་པར་བྱ། །ཞེས་དང་། བླ་མ་དམ་པའི་བཀའ་ཡི་བདེན་པར་ཡིད་ཆེས་ན། །ང་ཡིས་བསྟན་དུ་ཡོད་པ་མིན་ཞེས་མདའ་བསྣུན་སྨྲ། །ཞེས་དང་། ཀྱེ་མ་བླ་མའི་བདུད་རྩིའི་ཐིག་པ་ཇི་སྙེད་པ། །ངེས་ཤེས་སྔོན་དུ་འགྲོ་བས་རབ་ཏུ་བླང་བར་བྱ། །ཞེས་དང་། གང་ཞིག་བླ་མའི་མན་ངག་བདུད་རྩིའི་ཆུ། །གདུང་སེལ་བསིལ་བ་ངོམས་པར་མི་འཐུང་བར། །དེ་ནི་བསྟན་བཅོས་དོན་མང་མྱ་ངན་གྱི། །ཐང་ལ་སྐོམ་པས་གདུངས་ཏེ་འཆི་བར་ཟད། །ཅེས་དང་། བླ་མས་སྨྲས་པ་གང་ཞིག་སྙིང་ཞུགས་པ། །ལག་པའི་མཐིལ་དུ་གནས་པའི་གཏེར་མཐོང་འདྲ། །ཞེས་པ་ལ་སོགས་པ་མང་དུ་གསུངས་སོ།
ཡེ་ཤེས་གྲུབ་པ་ལས། སྐྱ་བ་འཛིན་པ་མེད་པར་ནི། །གྲུ་ཡིས་ཕ་རོལ་ཕྱིན་མི་འགྱུར། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང་། །བླ་མ་མེད་པ་སྲིད་ཐར་མིན། །ཞེས་དང་།
རྡོ་རྗེ་དྲིལ་བུ་པས། བླ་མའི་བྱིན་རླབས་ཙམ་གྱིས་ནི། །སྐད་ཅིག་ཉིད་ལ་འབྱུང་གང་ཡིན། །ཞེས་དང་།
།ཤྭ་ལོ་ཀ་ལྔ་བཅུ་པ་ལས། བླ་མ་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་རྟོག་གོ །ཞེས་དང་། བིརྺ་པའི་ལམ་ཟབ་བླ་མ། ཞེས་གསུངས།
མདོ་རྒྱུད་བསྟན་བཅོས་ཐམས་ཅད་ལས། བླ་མ་སངས་རྒྱས་སུ་གསུངས་པའི་ལུང་ནི་བསམ་གྱིས་མི་ཁྱབ་ལ། བླ་མ་མཚན་ཉིད་དང་ལྡན་པ་ལ་གསོལ་བ་འདེབས་པ་ནི། ལམ་ཟབ་ཐམས་ཅད་ཀྱི་རྩ་བར་བཤད་པས། བླ་མའི་མོས་གུས་ལ་མཐིལ་དུ་བྱའོ། །ཁྱད་པར་དུ་ཡང་ཆོས་དིའི་ལུགས་ཀྱི་མོས་གུས་ལམ་གྱི་གཙོ་བོ་ཡིན་ཏེ།
རིན་པོ་ཆེ་རྨོག་པའི་ཐག་མཆོད་ཀྱི་གསུངས་ལས། ཐུགས་རྗེ་ཆེན་པོ་རང་དཀར་ན་ཡང་དཀར། །དགྱེས་རྡོར་བདེ་མཆོག་སྔོ་ན་ཡང་སྔོ། །ང་ནི་རེ་ས་བླ་མ་ལས་མེད། ཇི་ལྟར་བྱས་ཀྱང་བླ་མའི་སྣང་བ་དང་འབྲལ་མ་མྱོང་བས། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་སམ་དེ་ཡོང་ཡོང་འདྲ་གསུང་།
སྐྱེར་སྒང་པའི་ཞལ་ནས། ཚེ་གཅིག་ལུས་གཅིག་ལ་སངས་རྒྱ་བ་ལ་བླ་མའི་མོས་གུས་དགོས། བླ་མའི་མོས་གུས་ལ། བླ་མ་ཡང་ཡང་དྲན་པ། བུ་གཅིག་པོ་ཤི་བའི་མ་ལྟ་བུ་གཅིག་དགོས་གསུངས།
སངས་རྒྱས་གཉན་སྟོན་གྱི་ཞལ་ནས། བླ་མའི་མོས་གུས་ལ་སྙིང་ཁོང་རུས་པའི་གཏིང་ནས་འཆི་མ་རང་དབང་མེད་པར་འབྱུང་བའི་གསོལ་བ་བཏབ་པ་གཅིག་དགོས་གསུང་ངོ་།
སངས་རྒྱས་སྟོན་པའི་ཞལ་ནས། རྗེད་ངས་དང་ལོག་ལྟ་མ་ཤོར་བ་གཅིག་དགོས་གསུང་ངོ་།
འགའ་ཞིག་ན་རེ་ཡི་དམ་གྱི་ལྷ་བས་བླ་མ་ལྷག་པར་འཛིན་པ་ནི་ལོག་ཤེས་སོ་ཞེས་ཟེར་ན། མ་ཡིན་ཏེ། སློབ་དཔོན་སངས་རྒྱས་ཞབས་ཀྱིས། འཇམ་དཔལ་བཤེས་གཉེན་ལས། གསང་བ་འདུས་པའི་ལྷ་ཚོགས་འདམས་པས་དངོས་གྲུབ་ཕྱིར་འགྱངས་པ་དང་། མཁར་ཆེན་གཟའ་འཚོ་རྒྱལ་གྱིས་རྡོ་རྗེ་ཕུར་པའི་ལྷ་ཚོགས་བས། སློབ་དཔོན་པདྨ་འབྱུང་ནས་ལ་མོས་གུས་ལྷག་པར་བྱས་པས། དངོས་གྲུབ་ཚུར་ནུར་བའི་ཚུལ་ཤེས་པར་བྱའོ།
།ཡང་འགའ་ཞིག་ན་རེ། བླ་མ་སངས་རྒྱས་སུ་སྒོམ་པ་མི་འཐེད་དེ། །སངས་རྒྱས་ཡིན་ན་སྒོམ་ཡང་མི་དགོས་ལ། མིན་ན་བསྒོམ་པ་དོན་མེད་དོ་ཞེས་པ་དང་། སངས་རྒྱས་ཡིན་པ་མི་འཐད་དེ་མཚན་དཔེ་ལ་སོགས་དང་ལྡན་པར་མི་སྣང་བའི་ཕྱིར་རོ་ཞེས་ན་འདི་ནི་རང་གི་སྣང་བ་མ་དག་པའི་སྐྱོན་ཡིན་ཏེ། མཁྲིས་ནད་ཅན་ལ་དུང་སོར་སོར་སྣང་བ་བཞིན་ནོ།
།གཞན་ཡང་སློབ་དཔོན་ཐོགས་མེད་ཀྱིས་བྱམས་པ་སྒྲུབ་པའམ། རྒྱལ་བུ་མུ་ཁྱུད་འཛིན་གྱིས་འཕགས་པ་འཇམ་དཔལ་བསྒྲུབས་པ་དང་། ནཱ་རོ་པས་ཏི་ལོ་པ་ཉ་གསོད་པར་མཐོང་བ་དང་། སངས་རྒྱས་ཞི་བ་དང་། སངས་རྒྱས་གསང་བས་སྒྲོལ་མ་ཁྲོ་གཉེར་ཅན་རྒན་མོ་ཐ་ག་མར་མཐོང་དང་། མཻ་ཏྲི་པས་ཤཱ་བ་རི་པ་མངོན་པར་མཐོང་བ་བཞིན་ནོ།
གཞན་ཡང་ཌོམ་བྷི་པ་གླང་རྫིར་མཐོང་བ་དང་། གྷུ་དྷུ་རི་པ་བྱ་པར་སྣང་བ་དང་། ཐོག་རྩེ་བ་ཕྲུ་རློག་པར་སྣང་བ་དང་། ཐ་ག་པ་ཐགས་མཁན་དུ་སྣང་བ་དང་། པདྨའི་རྡོ་རྗེ་ཞིང་པར་སྣང་བ་ལ་སོགས་པའི་ཚུལ་རྒྱས་པར་ཤེས་པར་བྱའོ།
།སངས་རྒྱས་མཉམ་སྦྱོར་ལས། རེས་འགའ་ཞི་ལ་རེས་འགའ་ཁྲོ། །རེས་འགའ་བགེགས་ཆེན་དོན་མཛད་ཅིང་། །སྐྱེ་དང་རི་བོ་ཐམས་ཅད་དོ། །ཞེས་གསུངས།
མགུར་ལས། གང་དུ་སྣང་ནས་སེམས་ཅན་གྱི་དོན་མཛད་དོ། །སེང་གེར་སྣང་ནས་སེམས་ཅན་གྱི་དོན་མཛད་དོ། །ཆང་འཚོང་མ་དང་སྨད་འཚོང་མ་ལ་སོགས་པར་སྣང་ནས་ཀྱང་སེམས་ཅན་གྱི་དོན་མཛད་དོ། །ཞེས་པ་ལ་སོགས་པ་གསུངས་སོ།
མདོ་ལས་ཀྱང་རྒྱལ་པོས་འདུལ་བ་ལ་རྒྱལ་པོ། དགེ་སྦྱོང་འདུལ་བ་ལ་དགེ་སྦྱོང་། བྲམ་ཟེས་འདུལ་བ་ལ་བྲམ་ཟེ། དྲི་ཟས་འདུལ་བ་ལ་དྲི་ཟ་རྒན་པོའི་གཟུགས་སུ་སྤྲུལ་ཏེ། ཞེས་གསུངས་པས།
དེས་ན་སྣངཚུལ་ལ་ཇི་ལྟར་སྣང་ཡང་། ཡིན་ཚུལ་ལ་བླ་མ་སངས་རྒྱས་ཉིད་དུ་སྔར་གྱི་ལུང་དེ་རྣམས་ཀྱིས་ཐག་ཆོད། །ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས་བླ་མ་སངས་རྒྱས་དང་འདྲ་བར་གསུངས་ལ། རྡོ་རྗེ་ཐེག་པའི་ལུགས་ཀྱི་བླ་མ་སངས་རྒྱས་ལས་ལྷག་པར་གསུངས་ཏེ། སྡོམ་པ་འབྱུང་ལས། འདིར་ནི་བླ་མ་མེད་པའོ། །ཞེས་བཤད་པའི་དོན་ནི། སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཅི་མཛད་སེམས་ཅན་གྱི་དོན་དུ་འགྱུར་བ་ལ་ཁྱད་པར་མེད་ཀྱང་བཀའ་དྲིན་གྱི་སྒོ་ནས་ལྷག་པས་ཏེ། དེང་དང་བསྟན་པ་མར་བགྲིབ་ཀྱི་དུས་འདིར། སེམས་ཅན་བསགས་པ་དམན་པའི་ལས་ཐུན་མང་པོ་སྟབས་ཅིག་ཚོགས་པས་སངས་རྒྱས་དངོས་སུ་བྱོན་ནས་རྗེས་སུ་འཛིན་པའི་སྐལ་བ་མེད་པས། དུས་གསུམ་གྱི་སངས་རྒྱས་རྣམས་བླ་མའི་རྣམ་པར་བྱོན་ནས། བླ་མས་མཛངས་བུ་གླེན་པ་ལ་སློབ་པ་ལྟར། དགག་བྱ་དང་། དགོས་པ་བླང་དོར་གྱི་དམིགས་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་ཅིང་། ངེས་པའི་དོན་ཟབ་མོས། བློ་དོན་ཐོག་ཏུ་འཁྲིད་པར་བྱེད་པས་སོ།
།བ་ཚ་ཅན་ཆུ་ཀླུང་གི་མདོ་ལས། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ནི་སློབ་དཔོན་གཟུགས་ཀྱི་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་བསྐྱེད། །ཅེས་གསུངས། ཡང་ན་འདི་ལྟར་ཏེ། སངས་རྒྱས་ལ་གསོལ་བ་བཏབ་པ་ལ་ཕན་ཡོན་ཆེན་པོ་བཤད་མོད། ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་ཐོབ་པར་མ་གསུངས། བླ་མ་མཚན་ཉིད་དང་ལྡན་པ་ལ་གསོལ་བ་བཏབ་ན། དེས་ན་བླ་མའི་ཅི་མཛད་ལ་ཡོན་ཏན་དུ་བལྟ་ཞིང་། ཅི་གསུང་ལ་ཚད་མར་འཛིན་པ་འགལ་ཆེའོ།
།བླ་མ་དེ་སོ་སོ་སྐྱེ་བོ་ཡིན་ལ། སློབ་མ་ས་ཐོབ་ཅིང་རྫུ་འཕྲུལ་དང་ལྡན་ཡང་། བདག་བཟང་གི་ང་རྒྱལ་མེད་ཅིང་བླ་མའི་སྐུ་མདུན་དུ་རྫུ་འཕྲུལ་བཏུལ་དགོས་པར་བཤད་དེ། སངས་རྒྱས་ཡེ་ཤེས་ཞབས་ཀྱིས། འཇམ་དཔལ་བཤེས་གཉེན་མཐོང་བའམ། །སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས་མོའུ་འགལ་གྱི་བུ་མཐོང་བ་བཞིན་ནོ།
།ལྷན་ཅིག་སྐྱེས་གྲུབ་ལས། སློབ་མ་འགའ་ཞིག་གྲུབ་བརྙེས་ནས། །ཁེངས་པས་བླ་མར་ཕྱག་མི་བྱེད། །བླ་མའི་བཀའ་ལས་འདས་པ་ཡིས། །སྐད་ཅིག་དེ་ལ་མནར་མེད་ལྟུང་། །ཞེས་དང་།
སློབ་དཔོན་ཀླུ་སྒྲུབ་ཀྱིས། ཚོགས་ནང་བླ་མ་མཐོང་ན་རྒྱབ་ཀྱིས་ཕྱོགས་པར་བྱེད། ལྐོག་ཏུ་སོང་ནས་དེ་ལ་ཕྱག་བྱེད་འགྱུར། །དེ་ནི་རང་བུ་ཡིན་ཡང་གཞན་དུ་སྤང་བར་བྱ། །རྒྱལ་རིགས་རྗེ་རིགས་མཆོག་ཏུ་སྐྱེས་གྱུར་ཀྱང་། །བསྟན་པས་དེ་ནི་ནམ་ཡང་དུང་དུ་བཞག་མི་བྱ། །ཞེས་གསུངས་པས་བདག་བཟང་གི་ང་རྒྱལ་དང་། མ་གུས་པའི་ལོག་རྟོག་སྤང་། ལུས་ཀྱིས་བླ་མ་ལ་ཉེ་བར་མཁོ་ཞིང་སྐབས་སུ་བབས་པའི་བྱ་བ་རྣམས་དྲན་བཞིན་དུ་བྱ། ངག་གིས་བསྟོད་པ་དང་གསོལ་འདེབས་ཀྱི་ང་རོ་རྒྱུན་མི་ཆད་པར་བྱ། སེམས་ཀྱིས་ཀྱང་ཡོན་ཏན་འབའ་ཞིག་བསམ་པ་ལས་སྐྱོན་སྐད་ཅིག་ཙམ་ཡང་མི་བསམ། གལ་ཏེ་སྐྱོན་ནང་གི་འཆར་གྱི་འདུག་ནའང་། ང་རང་གི་མ་དག་པའི་འཁྲུལ་སྣང་ཡིན་གྱིས། བླ་མ་སངས་རྒྱས་ལ་སྐྱོན་གང་ལ་མངའ་སྙམ་དུ་བློ་བཅོས། ལོངས་སྤྱོད་ཀྱི་དངོས་པོ་བླ་མ་ལ་ཉེ་བར་མཁོ་ཞིང་སྐབས་སུ་བབས་པ་རང་གི་ཡིད་ལ་འོང་ཞིང་གཅེས་པར་བཟུང་བ་རྣམས་ཀྱང་ལྟོས་པ་མེད་པར་དབུལ་བར་བྱ་སྟེ།
ནོར་བུའི་ཕྲེང་བ་ལས། དེ་ཉིད་མི་ཟད་འདོད་པ་ཡིས། །ཤིན་ཏུ་གཅེས་པ་གང་དང་གང་། །དེ་དང་དེ་ནི་བླ་མར་དབུལ། །ཞེས་གསུངས་སོ།
།གཞན་ལས་ཁྱད་འཕགས་བརྩི་བ་དང་། ལོ་འདོད་ཀྱི་དགེ་བ་མི་བྱ་སྟེ། འདི་ལ་རྗེས་འཇུག་གི་རྟེན་འབྲེལ་ཡོད་པ་ཡིན་གསུང་ངོ་། །བླ་མའི་གསོལ་འདེབས་དང་། བཞག་ཐབས་རྣམ་པ་གཉིས་སྤེལ་མར་ཉམས་སུ་བླངས་པས་ཐ་མལ་གྱི་ཤེས་པ་ཡིད་ལ་མི་བྱེད་པར་རང་ཤར། ལུས་ངག་གི་བྱ་བས་མི་འཕྲོག་པར་གཡོ་མེད་དུ་རང་ས་ཟིན་པའི་སྔོན་འགྲོ་ཚད་པ་ཕེབས་པ་འབྱུང་ངོ་། །གལ་ཏེ་མ་འབྱུང་ན། སྤོགས་ཆོག་གི་ཚུལ་དུ་ཉམས་སུ་བླང་བ་ལ།
རྟེན་ཅན་དང་རྟེན་མེད་རྣམ་པ་གཉིས་སོ། །རྟེན་ཅན་ལ་བསླབ་པའི་དང་པོ་རགས་པ་ལ་བསླབ་པ་ནི། སྐྱབས་འགྲོ་སེམས་བསྐྱེད། བླ་མའི་གསོལ་འདེབས། དབང་ལེན་པ། རླུང་རོ་འབུད་པ་རྣམས་སྔོན་དུ་བཏང་ལ། རང་བབས་རྣམ་གསུམ་གྱི་སྟེང་དུ། གླང་པོ་ཆེའི་ལྟ་སྟངས་ཀྱིས་ཤེས་པ་རྟེན་མེད་འཛིན་མེད་ཀྱི་ངང་དུ་གློད་དེ་བཞག་པས། ཀ་བ་བུམ་པ་ལ་སོགས་པའི་དངོས་པོ་རགས་པ་གཅིག་ཡུལ་དུ་སྣང་བར་གྱུར་ཏེ། གང་སྣང་དེ་ཉིད་ཀྱི་སྟེང་དུ་ལྟ་སྟངས་བཅས་ཏེ། ཧད་དེ་ཕྱད་དེ། དེ་ལས་གཞན་དུ་ཡོངས་ཀྱི་དོགས་པའི་དགག་སྒྲུབ་མི་བྱ། ལེགས་ཉེས་སོགས་སྤུ་རིས་མི་དབྱེ་བར་བཟོ་མེད་དུ་བཞག་པས་ཡུལ་དེ་མ་འགག་ལ་གང་ལའང་ཆེད་འཛིན་མེད་པའི་ཤེས་པ་རྟོག་མེད་ཀྱི་ངང་དུ་ལྷན་གནས་པ་འབྱུང་ངོ་།
།སྐབས་སུ་ལུས་གནད་ཅུང་ཟད་བསྲང་། རླུང་བུས་ལ་ཡང་སྔར་བཞིན་བཞག །དེ་ལས་སྐྱོ་ན། བླ་མའི་རྣལ་འབྱོར་སྔར་ལྟར་དུ་སྒོམ། ཐུན་འཇོག་ཙ་ན་དགེ་བ་སངས་རྒྱས་སུ་བསྔོ། །རྗེས་འགྲོ་འདུག་ལ་སོགས་པའི་དུས་སུའང་མཉམ་བཞག་ཧད་དེ་ཕྱད་དེ་བ་དེའི་ངང་དུ་རྒྱུན་མ་ཡེངས་པར་ཙམ་བྱ། ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ཐམས་ཅད་ནད་པའི་སྤྱོད་ལམ་ལྟར་དལ་བུས་བག་དང་ལྡན་པར་བྱ། ཁ་ཟས་བཅུད་ཅན་བསྟེན། སྐབས་སུ་སྐུ་མཉེ་བྱ། མེ་ཉི་མ་ལ་ཡུན་རིང་དུ་སྡོད་པ་སོགས་དང་། དྭངས་མ་ལ་གནོད་པའི་ཟས་དང་སྤྱོད་ལམ་སྤང་བར་བྱའོ།
དམིགས་པ་གསུམ་པ་ཕྲ་བ་ལ་བསླབ་པ་ནི། སྔར་ལྟར་བཞག་པས་རྡུལ་ཕྲན་ལ་སོགས་པ་དངོས་པོ་ཕྲ་བ་གཅིག་གི་ཡུལ་དུ་སྣང་བར་འགྱུར་བས། གང་སྣང་གི་སྟེང་དུ་སྔར་ལྟར་བཞག
བཞི་པ་ཐག་ཉེ་བ་ལ་བསླབ་པ་ནི། སྤྱི་བོའི་ནང་ལྟ་བུར་སྔར་ལྟར་ཕྲ་རགས་གང་སྣང་གཅིག་ལ་འཇོག་པའོ།
།ལྔ་པ་ཐག་རིང་བ་ལ་བསླབ་པ་ནི། ས་བར་ཡངས་ཅན་ལ་ལྟ་སྟངས་བཅས་ནས་བལྟས་པས་རི་རྩེ་ལ་སོགས་པ་ཕྲ་རགས་གང་སྣང་གི་སྟེང་དུ་འཇོག་པའོ།
།དྲུག་པ་གྱེན་ལ་བསླབ་པ་ནི། ཅུང་ཟད་བྱིང་བ་དང་། ཤེས་པ་སྤངས་དམའ་བར་བྱང་ན། རིག་པ་གཡེར་འདོན། ལྟ་སྟངས་མཐོ་བར་བྱས་ཏེ། ནམ་མཁའི་མཐོངས་སམ། རི་རྩེ་ལྟ་བུ་ལ་ལྟ་སྟངས་ཀྱིས་སྔར་ལྟར་འཇོག་པའོ།
།བདུན་པ་འཐུར་ལ་བསླབ་པ་ནི། ཅུང་ཟད་ཤེས་པ་རྒོད་པར་གྱུར་ན། ལྟ་སྟངས་དམའ་བར་བྱས་ཏེ། ལུང་པའི་མཐིལ་ལྟ་བུའམ་ས་དམའ་བར་བལྟ་བའོ། །འདི་གཉིས་ནི་གེགས་སེལ་གྱི་ཚུལ་དུའོ།
།བརྒྱད་པ་ཐད་ཀར་བལྟ་བ་ནི། བྱིང་རྒོད་ཀྱི་སྒྲ་མེད་ན། སྔར་གྱི་ཕྲ་རགས་ལ་སོགས་པའི་སྐབས་སུ་ཇི་ལྟར་བཤད་པ་བཞིན་དུ་ཉམས་སུ་བླང་བར་བྱའོ།
།དགུ་པ་མདོ་སྣ་ཚོགས་ལ་བསླབ་པ་ནི། ཤེས་རབ་སྙིང་པོ་ལ་སོགས་པའི་མདོ་བྱང་བ་འདོན་ཞིང་། རང་བབས་རྣམ་པ་གསུམ་གྱི་སྟེང་ནས་ལྟ་སྟངས་བཅའོ།
།བཅུ་པ་སྔགས་སྣ་ཚོགས་ལ་བསླབ་པ་ནི། མ་ཎི་པདྨེ་ལ་སོགས་པ་སྔགས་ཐུག་བ་བགྲང་ཞིང་སྔར་བཞིན་སློབ་པའོ།
།བཅུ་གཅིག་པ་གཏམ་སྣ་ཚོགས་ལ་བསླབ་པ་ནི། གཞན་གྱི་དོ་གལ་ཆུང་བ་ལབ་པའམ། གཞན་ལོང་གཏམ་ངེས་མེང་གཏོང་བའི་གསེབ་ཏུ་བསྡད་ནས། བཞག་ཐབས་དང་ལྟ་སྟངས་སྔར་དང་འདྲ་བར་སློབ་པའོ།
།བཅུ་གཉིས་པ་སྤྱོད་ལམ་སྣ་ཚོགས་ལ་བསླབ་པ་ནི། མདོ་ལས། འགྲོ་འཆག་ཉལ་དང་འདུག་པ་ཤེས་བཞིན་རབ་ཏུ་ལྡན། །གཉའ་ཤིང་གང་ཙམ་བལྟ་ཞིང་འགྲོ་ལ་སེམས་འཁྲུལ་མེད། །ཅེས་གསུངས་པའི་དོན་ཡིན་ལ། ཐང་མཉམ་པོ་ལ་འགྲོ་བའམ། བསྐོར་བ་ལ་སོགས་པའི་དུས་སུ་རང་བབས་རྣམ་པ་གསུམ་དང་། ཧད་དེ་བྱེད་པ་དེའི་ངང་ལ་ཕྱམ་ཕྱམ་འགྲོ། འཆག་པ་ཆེ་ཆུང་གི་སྐབས་སུ་མ་དང་སྲིང་མོ་ལ་སོགས་པ་བྱུང་ཡང་། ངོ་ཚབ་དང་བག་འཁུམས་པ་ལ་སོགས་པ་མི་བྱེད་པར། ཧད་དེ་ཕྱད་དེ་བ་དེའི་ངང་ལས་མ་གཡོས་པར་བསྡད་དེ།
།ནི་གུ་མའི་ཞལ་ལས། མ་སྲིད་འཛངས་མ་བརྒྱ་ཡིས་མཐའ་བསྐོར་ཀྱང་། །ངོ་ཚ་བ་དང་བག་འཁུམས་པའི་རྟོག་པ་མེད་པར་བྱ། གསུང་། ཉལ་བ་དང་ཅི་བདེར་འདུག་པའི་སྐབས་སུ་ཡང་སྔར་བཞིན་བསླབ། ལུས་གནད་ཀྱི་སྟེངས་སུ་བསྒོམ་པ་དང་ཁྱད་ཅི་འདུག་བལྟ། དེ་རྣམས་ལ་སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད། བླ་མའི་རྣལ་འབྱོར། རྗེས་བསྔོ་བ། ཐུན་མཚམས་སུ་རླུང་རོ་འབུད་པ་ལ་སོགས་པ་རྣམས་དམིགས་པ་དང་པོའི་སྐབས་སུ་བཤད་པ་ལྟར་བྱའོ།
།གཉིས་པ་རྟེན་མེད་ལ་བསླབ་པ་ནི། ལུས་གནད་བཞག་ཐབས་བལྟ་སྟངས་སྔར་ལྟ་བུའི་ངང་ནས། སྨིན་མཚམས་ཀྱི་ཐད་ཀའི་བར་སྣང་སྟོང་པའི་དཀྱིལ་འདིར་ཧད་དེ་ཕྱད་དེ་བཞག་ཡུལ་ཕ་ག་ན་ཡོད་པ་མི་དཔྱད། རང་ཚུ་ག་ན་ཡོད་པ་མི་བསམ། རྟེན་ཅི་ལ་ཡང་མི་བཅའ། ངོ་བོ་གང་དུ་ཡང་མི་བཟུང་། མ་བཅོས་བཟོ་མེད་དུ་ལྷོད་ཀྱིས་གློད་ནས་བཞག་པས། ཤེས་པ་གསལ་ལ་མི་རྟོག་པ་ནམ་མཁའི་དབྱིངས་ཡོངས་སུ་དག་པ་ལྟ་བུ་རང་ཤར་དུ་འབྱུང་ངོ་།
།དེའི་རྗེས་སུ་ཁ་ནང་དུ་བཟློག་མ་སེམས་ཀྱིས་སེམས་ལ་བལྟ་བར་བྱ་སྟེ། སེམས་དེ་དངོས་པོ་གཅིག་འདུག་གམ་དངོས་པོར་འདུག་ན། ཁ་དོག་དང་དབྱིབས་ཇི་ལྟ་བུར་འདུག་བལྟ། གནས་ལུས་ཀྱི་ཕྱི་ན་འདུག་གམ་ནང་ན་འདུག་བལྟ། ནང་གི་མཐོ་སྤྱི་གཙུག་གམ་དམའ་རྐང་མཐིལ། བར་བྱང་ཁོག་གི་སྟོད། དོན་སྙིང་རྣམ་པ་ལྔ་ལ་སོགས་པ་གང་ན་འདུག་བལྟ། ཕྱིའི་ཡུལ་ན་འདུག་ན། ཡུལ་ཕྲ་རགས་གང་ན་འདུག་བལྟ། བར་འགྱུ་བའི་དབུགས་ན་འདུག་གམ། ཀུན་བཏགས་ཀྱི་མིང་ལ་འདུག་གམ། གང་ན་འདུག་ཐག་གཅོད་དུ་གཞུག་གང་དུ་ཡང་མ་གྲུབ་པའི་དངོས་མེད་གཅིག་འདུག་ཟེར་ན། ཐལ་བ་རླུང་གིས་ཁྱེར་བ་ལྟ་བུ་ཅང་མེད་ཅིག་འདུག་གམ། ངོས་གཟུངས་རྒྱུ་མེད་པའི་གསལ་རིག་གཅིག་འདུག་གམ་ཅེས་དྲིས། ངོས་གཟུང་མེད་པའི་གསལ་རིག་ཅིག་འདུག་གོ་ཟེར་ན། འཁོར་འདས་ཀྱི་སྣང་བ་སྣ་ཚོགས་འདི་རྣམས་ཐམས་ཅད་རང་གི་སེམས་ཀྱི་མདངས་སམ། རང་འོད་ཡིན་པས། ཕྱི་རོལ་ན་གང་ཡང་གྲུབ་པ་མེད་དོ་ཞེས་མདོ་རྒྱུད་བསྟན་བཅོས་མན་ངག་གི་ལུང་མང་དུ་དྲངས་ལ། སྣང་བ་རང་སེམས་ལ་ཐག་གཅོད་དུ་གཞུག །དེ་ནས་དངོས་གཞི་ངོ་སྤྲད། ཡང་ན་འདི་ལྟར་བཀྲི་སྟེ། སྔོན་འགྲོ་ཚད་ལ་ཕེབས་པའི་རྗེས་སུ།
མགུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །རྣམ་པར་ཤེས་པའི་གནས་དོན་ནམ། །ཕྱི་རོལ་གྱུར་པ་ཅུང་ཟད་མེད། །ཅེས་གསུངས།
བརྟག་གཉིས་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་། །འཇིག་རྟེན་སྟོན་པ་བསྒྲུབ་བྱ་ང་། །འཇིག་རྟེན་འཇིག་རྟེན་འདས་པ་ང་། །ལྷན་ཅིག་སྐྱེས་དགའི་རང་བཞིན་ང་། །ཞེས་དང་། ང་ལས་འགྲོ་བ་ཐམས་ཅད་འབྱུང་། །ང་ལས་གནས་གསུམ་པོ་ཡང་འབྱུང་། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང་། །ཞེས་དང་། རང་རིག་རྒྱལ་པོ་རང་གཙོ་བོ། །རང་གིས་འཕྲོག་ཅིང་རང་གིས་བྱེད། །ཅེས་དང་། ཇི་ལྟར་ཕྱི་རོལ་དེ་བཞིན་ན། །ཞེས་གསུངས།
ཀུན་བྱེད་རྒྱལ་པོ་ལས། ང་མེད་པའི་སྔོན་རོལ་ན། །སངས་རྒྱས་སེམས་ཅན་གཉིས་མེད་ཅོང་། །ས་དང་ལམ་གྱི་རྟོགས་པ་མེད། །འབྲས་བུ་སྐུ་དང་ཡེ་ཤེས་མེད། །ཐམས་ཅད་ང་ཡིས་བྱས་པ་ཡིས། །ཞེས་གསུངས།
ལང་ཀར་གཤེགས་པ་ལས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང་། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་དང་། སེམས་ཙམ་ལ་ནི་གནས་ནས་ནི། །ཕྱི་རོལ་དོན་ལ་མི་རྟོག་གོ །ཞེས་དང་། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་གསུངས།
ཕལ་པོ་ཆེ་ལས། ཀྱཻ་རྒྱལ་བའི་སྲས་དག །ཁམས་གསུམ་པོ་འདི་དག་ནི། །སེམས་ལེས་འབྱུང་གིས་སེམས་ཙམ་མོ། །ཞེས་གསུངས།
བྲམ་ཟེ་ཆེན་པོ་ས་ར་ཧས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་བུའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས།
བིརྺ་པས། །ཆོས་རྣམས་སེམས་ཉིད་སྣང་བ་གཟུགས་བརྙན་ཡིན་པའི་ཕྱིར། །ཞེས་གསུངས།
སློབ་དཔོན་སེང་གེ་བཟང་པོས། འདི་ནི་སེམས་ཙམ་ཁོ་ན་ཡིན་གྱིས། །ཕྱི་རོལ་གྱི་དོན་ནི་མེད་དོ། །ཞེས་གསུངས།
ཆོས་ཀྱི་གྲགས་པས། ལྷན་ཅིག་དམིགས་པར་ངེས་པའི་ཕྱིར། །སྔོ་དང་བདེ་བློ་གཞན་མ་ཡིན། །ཞེས་གསུངས།
རྒྱལ་པོ་ལ་གདམས་པའི་མདོ་ལས། བདེ་བའི་རྨི་ལམ། སྡུག་བསྔལ་བའི་རྨི་ལམ། ལུང་མ་བསྟན་གྱི་རྨི་ལམ་ལ་བརྟེན་ནས། སྣང་བ་སེམས་སུ་ཐག་བཅད་པའི་ཐབས་བསམ་གྱི་མི་ཁྱབ་པ་གསུངས་པ་རྣམས་ལ་ཕྱག་ལེན་མན་ངག་ཁུངས་མ་རྣམས་ལས་གསུངས་ལ། འདིར་ཡང་ཁྲིད་ཚུལ་རྒྱས་པ་ནི་ལོགས་སུ་ཤེས་སོ། །འདིར་ཅུང་ཟད་བཤད་ན། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །ཞེས་གསུངས་པས།
དོན་གཅིག་ཉིད་ལ་སྣང་ཚུལ་མི་འདྲ་བ་དུ་མ་འབྱུང་བའི་ཕྱིར། སྣང་བ་རང་གི་སེམས་ཡིན་ཏེ། །བརྟག་པ་མཐའ་བཟུང་གི་དཔེས་མཚོན་ན། ཆུ་འགྲམ་གཅིག་ནས་མར་འགྲོ་བ་རིགས་དྲིག་གི་གྲལ་བྱས་ནས། ཆུ་དེ་ལྷ་ལ་བདུད་རྩིར་སྣང་སྟེ།
།བྱམས་པས། སྣང་བ་རང་སེམས་ཡིན་པའི་ཕྱིར། །ཐལ་ཚན་གྱི་ཆུ་བོ་རབ་མེད་ཀྱང་། །རྫིང་དལ་གྱིས་འབབས་ཀྱང་བདུད་རྩིར་འགྱུར། །ཞེས་གསུངས། ལྷ་མ་ཡིན་ལ་གོ་མཚོན། མི་ལ་ཆུ། ཉ་ལ་ཁང་ཁྱིམ། ཡི་དྭགས་ལ་རྣག་ཁྲག །དམྱལ་བ་ལ་ཁྲོ་ཆུ་ཁོལ་མར་སྣང་སྟེ།
སྤྱོད་འཇུག་ལས། ལྕགས་བསྲེག་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་ཅི་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ནི། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། ཞེས་བཤད། ཕྱིའི་དོན་དུ་བདེན་པར་ཡོད་ན་མི་ལ་ཆུར་སྣང་བ་བཞིན། ཡི་དྭགས་ལ་ཡང་ཆུར་སྣང་དགོས། དེ་མི་སྣང་སྟེ། བསྐལ་པའི་བར་དུ་སྐོམ་པ་ལ་སྤྱོད་པར་བཤད་དོ། །དེ་དག་གི་དོན་སེམས་ཐོག་ཏུ་ཉམས་སུ་ལེན་ན་སྔོན་འགྲོ་རྣམས་སྔར་བཞིན་སྔོན་དུ་བཏང་། མདུན་དུ་བུམ་པ་ལ་སོགས་པ་དངོས་པོ་གཅིག་གསལ་བཞག་ལ། རང་བབས་རྣམ་གསུམ་གྱི་སྟེང་ནས་ལྟ་སྟངས་ཀྱིས་འཛིན་མེད་དུ་བལྟས་ལ། བུམ་སྣང་མ་འགགས་ལ། ཡུལ་འཛིན་གྱི་དྲི་མ་དང་བྲལ་བའི་བུམ་སེམས་དབྱེར་མེད་དུ་ཧྲུག་གེ་བ། དེ་ལ་སྣང་བ་རང་སེམས། རང་སེམས་སྣང་བ་ཞེས་བྱ། དེ་བཞིན་དུ་སྣང་བ་གང་ཤར་གྱི་སྟེང་དུ་ཉམས་སུ་བླང་ངོ་།
བསམ་མི་ཁྱབ་ཀྱི་རྒྱུད་ལས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། སྣང་སེམས་དབྱེར་མེད་ལྷན་ཅིག་སྐྱེས་པ་སྟེ། །ཞེས་གསུངས་པ་བཞིན་ནོ།
།ཉམས་ལེན་དེ་མཐར་ཕྱིན་པ་ན་སྣང་བ་སེམས་སུ་བྱེད་པ་དང་། སེམས་ཉིད་སྣང་བར་བྱེད་པ་དང་། སྣང་སྟོང་དབྱེར་མེད་ལ་དབང་ཐོབ་པར་འགྱུར་ཏེ། སེམས་ཙམ་པ་ནི་བརྒྱད་པ་ཡིན། །ཞེས་གསུངས་པའི་དོན་ཡིན་ནོ།
།དེ་ལྟར་སྣང་བ་རང་སེམས་སུ་ཐག་བཅད་ནས་གོང་དུ་བཤད་པ་བཞིན་སེམས་འཚོལ་བཏབ་པས། སེམས་འདི་ངོས་བཟུང་མེད་པའི་གསལ་རིག་གཅིག་འདུག་གོ་ཟེར་ན། སྔོན་འགྲོ་ཐེབས་པ་ཡིན།
།འོད་སྲུངས་ཀྱི་ཞུས་པའི་མདོ་ལས། འཇིག་རྟེན་ལས་འདས་པའི་སྨན་གང་ཞེས་ན། སེམས་ཡོངས་སུ་འཚོལ་བའི་འདུ་ཤེས་སོ། །ཞེས་གསུངས།
བླ་མ་མཻ་ཏྲི་པ་སྐུ་གཤེགས་པའི་རྗེས་སུ། ཇོ་མོ་ཡེ་ཤེས་མཁའ་འགྲོ་མ་གང་གྷ་དྷ་ར་མ་ལ། པཎྜིཏ་སུ་མ་ཅུ་རྩ་གཉིས་ཀྱིས་ཁྲིད་བསྐྱངས་པས། ཁྱེད་རང་རྣམས་ཀྱི་དང་པོའི་སེམས་དེ་འཚོལ་ལ་ཤོག་ཅིག་ཅེས་སེམས་འཚོལ་བཏབ། བླ་མ་ཤངས་པ་རྒྱ་གར་དུ་ལན་གསུམ་བྱོན་པའི་རྟིང་མ་ལ། བླ་མ་མཻ་ཏྲི་པ་སྐུ་གཤེགས་ནས། ཇོ་མོ་ལ་སྔར་གྱི་གསལ་འདེབས་ཞུས་པས། ཚུལ་འདི་གསུང་ངོ་། །འོ་ན་ནི་གུ་མའི་ཕྱག་རྒྱ་ཆེན་པོ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། རྩ་བ་རྡོ་རྗེའི་ཚིག་རྐང་ལ་བརྟེན་ནས། ནི་གུ་མ་གཙོ་ཆེ་ལ། ཕྱག་རྒྱ་ཆེན་པོ་བླ་མ་གསུམ་གྱིས་གུང་སྤྲོས་པ་ཡིན་གསུང་ངོ་། ཡེ་ཤེས་ཀྱི་མཁའ་མགྲོ་མ་ནི་གུ་མ་ནི་སྔོན་འགྲོ་གཙོ་བོར་འདོན། སུ་ཀ་མ་སིདྡྷི་རྗེས་གཙོ་བོར་འདོན། མཻ་ཏྲི་པ་དངོས་གཞི་གཙོ་བོར་འདོན། འདི་གསུམ་དོན་ལ་འདྲ་གསུང་། ད་རེས་ནི་གུ་མའི་ལུགས་ཀྱི་ཐབས་བླ་མའི་མོས་གུས་དང་། རྟེན་ཅན་དང་རྟེན་མེད་ཀྱི་བཞག་ཐབས་རྣམ་པ་གསུམ་ལ་བརྟེན་ནས། ཐ་མལ་གྱི་ཤེས་པ་ཡིད་ལ་མི་བྱེད་པར་ཤར། དེ་བརྟན་པའི་ཚད་ལུས་ངག་གི་བྱ་བས་མི་འཕྲོག་པར། སྣང་བ་རང་སེམས་ལ་ངེས་ཤེས་ཅུང་ཟད་སྐྱེས་པའི་སྔོན་འགྲོ་རྣམས་ཚད་ལ་མ་ཕེབས་པར་དང་པོ་གཞི་ངོ་སྤྲད་ན། འབེན་མ་མཐོང་བའི་མདའ་རྡེག་པའམ། ལྷག་ཆུ་མ་ཆོད་པའི་རྫིང་དང་འདྲ་སྟེ། གོ་ཡུལ་ལ་རྟོགས་པའི་རློམས་པའི་དྲེད་པོ་འོང་གསུང་ངོ་།

།གཉིས་པ་གསང་ཚིག་རྡོ་རྗེའི་རྒྱ་ཡི་རྐུ་ཐབས་སུ་ངོ་སྤྲད་པས། སྐྱོན་བཞི་རང་སར་གྲོལ་བའི་མན་ངག་ལ་གཉིས་ལས།
སྔོན་འགྲོ་ལ་བར་ཆད་ཀྱི་བགེགས་མི་འབྱུང་བར་བྱ་བའི་ཕྱིར་གསོལ་བ་གདབ་པ་ནི། མགོན་པོའི་མཎྜལ་དཔེ་ཆུང་ལྟར་བཞེངས་པའི་དབུས་སུ། གཏོར་མ་ཆེ་བ་གཅིག་རྒྱན་བཟང་པོ་དང་། མདའ་དར་གཙུགས་ལ་ཡེ་ཤེས་ཀྱི་མགོན་པོར་བསྐྱེད། མཐའ་གཏོར་ཚོགས་བཟང་པོས་བསྐོར། དཔོན་སློབ་ཐམས་ཅད་ལྷའི་རྣལ་འབྱོར་དུ་བཞུགས་ལ། མགོན་པོའི་སྟེང་དུ་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་དང་། ཁྱད་པར་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མ་སྐུ་མདོག་ནག་པ་ལ་དམར་བའི་མདངས་ཆགས་པ། ཕྱག་གཡས་ན་ཌཱ་མ་རུ་སྒྲ་དང་བཅས་པ། གཡོན་ན་ཀ་པཱ་ལ་བདུད་རྩིས་བཀང་བ། གྲུ་མོ་ན་ཁ་ཊྭཱཾ་ག་སྐུ་གར་སྟབས་སུ་བཞུགས་ཤིང་རུས་པའི་རྒྱན་དང་ལྡན་པ་བསམ། གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་བསམ་གྱི་མི་ཁྱབ་པར་བཞུགས་པར་བསམ། དེ་དག་ལ་དངོས་སུ་བཤམས་པའི་མཎྜལ་དང་། ཚོགས་གཏོར་ཕུལ་ལ་སྙིམ་པ་མེ་ཏོག་དང་བཅས་པས་གསོལ་བ་གདབ་པ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུ་ན་བཞུགས་པའི་ཆོས་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུ་ན་བཞུགས་པའི་དགེ་འདུན་དང་། བླ་མ་ཡི་དམ་གྱི་ལྷ་ཚོགས་རྣམས་དང་། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས། རྩ་བ་དང་རྒྱུད་པའི་བླ་མ་རྣམས་དང་། ཡི་དམ་གྱི་ལྷ་ཚོགས་རྣམས་ཀྱིས། བདག་ལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་ངོ་འཕྲོད་པར་བྱིན་གྱིས་བརླབ་ཏུ་གསོལ། དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས། བདག་ལ་ཕྱག་རྒྱ་ཆེན་པོ་ཞུ་བ་དང་། ཉམས་སུ་ལེན་པ་ལ་ཕྱི་ནང་གི་བར་དུ་གཅོད་པ་གང་ཡང་མི་འབྱུང་བར་མཛད་དུ་གསོལ། ཞེས་ལན་གསུམ་གསོལ་བ་རྩེ་གཅིག་ཏུ་གདབ་བོ།
།གཉིས་པ་ངོ་སྤྲད་པ་དངོས་ནི། ལུས་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་བཅའ་ལ། དྲང་པོའི་ངང་ནས་རང་སར་གློད། ཡིད་སྒོམ་འདོད་ཀྱི་རྣམ་པར་རྟོག་པས་དབེན་པར་བྱ། །མིག་གླང་པོ་ཆེའི་ལྟ་སྟངས་ཀྱིས་མདུན་གྱི་བར་སྣང་སྟོང་པའི་ཐད་ཀ་འདིར་ཤེས་པ་རྟེན་མེད་དུ་རང་བབས་རྣམ་པ་གསུམ་གྱི་ངང་དུ་བཟོ་མེད་དུ་ལྷོད་ཀྱིས་གློད། འཛིན་མེད་དུ་ཤིགས་ཀྱིས་བཤིག་ལ་བཅས་བཅོས་མེད་པར་བཞག །དེ་ལྟར་བཞག་པས་ཐ་མལ་གྱི་ཤེས་པ་ཡིད་ལ་མི་བྱེད་པར་རང་ཤར་ཞེས་བྱ་སྟེ། རང་གི་རིག་པ་གསལ་ལ་མི་རྟོག་པ་དགེ་སྡིག་ལུང་མ་བསྟན་གྱི་དྲིམས་མ་དགོས་པ། གཟུང་འཛིན་རྣམ་རྟོག་གི་སྒྲིབ་གཡོགས་དང་བྲལ་བའི། སྟོན་གྱི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ་གཅིག་རྗེན་ལྷང་གིས་འཆར། འདི་གཉིས་ཀ་རང་གི་སེམས་ཉིད་སྐྱེ་བ་མེད་པ་ཆོས་ཀྱི་སྐུ་ཞེས་བྱ་བའམ། ཐ་མལ་གྱི་ཤེས་པ་ཡིད་བྱེད་དང་བྲལ་བ་ཞེས་བྱ་བ་ཡིན་ནོ། །ཞེས་ངོ་སྤྲད་དེ།
ནི་གུ་མའི་ཞལ་ནས། ཡིད་ལ་མི་བྱེད་རེ་དོགས་ཀུན་བྲལ་བའི། །ཐ་མལ་ཤེས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས།
ས་ར་ཧས། ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། །ད་ནི་སུ་ལ་ཡང་དྲི་བར་མི་བྱེད་དོ། །ཅེས་གསུངས། ཏོག་རྩེ་ཞབས་ཀྱིས། ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། །ཚོགས་དྲུག་དག་ན་བདེ་བ་རྒྱུན་མི་ཆད། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །སྒོམ་དུ་མེད་དོ་གཉུག་མའི་ངང་ལ་ཞོག །ཞེས་གསུངས།
བརྒྱད་སྟོང་པ་ལས། ཆོས་རྣམས་ཀྱི་ཆོས་ཉིད་ནི་འདི་ཡིན་ཏེ། སངས་རྒྱས་འཇིག་རྟེན་དུ་བྱོན་ཡང་རུང་། །མ་བྱོན་ཡང་རུང་སྟེ། སེམས་ཅན་འདི་དག་ནི་དུས་རྟག་ཏུ་སངས་རྒྱས་ཀྱི་སྙིང་པོ་ཅན་ནོ། །ཞེས་གསུངས།
རྣམ་སྣང་མངོན་བྱང་ལས། གསང་བའི་བདག་པོ་ལག་ན་རྡོ་རྗེས་གསོལ་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་གང་ལས་བཙལ་བར་བྱ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་རང་གི་སེམས་ལས་བཙལ་བར་བྱའོ། །ཞེས་གསུངས།
སཾ་བུ་ཊི་ལས། རང་གི་ལུས་ལ་སངས་རྒྱས་བཞུགས། །གཞན་དུ་གང་ནའང་སངས་རྒྱས་མེད། །མི་ཤེས་མུན་པས་སྒྲིབ་པ་རྣམས། །ལུས་ལས་གཞན་དུ་སངས་རྒྱས་འདོད། །ཅེས་གསུངས་པས། སེམས་ཅན་གྱི་སངས་རྒྱས་ཀྱི་སྙིང་པོ་ཅན་དུས་རྟག་ཏུ་གནས་སོ།
།ཁ་ཅིག་ན་རེ། འོ་ན་འཁྲུལ་པ་དང་གྲོལ་བ་ཁྱད་མེད་དུ་འགྱུར་ལ། འཁོར་བར་འཁྱམས་པའི་དོན་མེད་དོ་ཟེར་ན། ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མའི་ཞལ་ནས། སེམས་ཅན་སངས་རྒྱས་སྙིང་པོ་ཅན་དུ་འབྲལ་མེད་དུ་ཡོད་ཀྱང་སྐྱོན་རྣམ་པ་བཞིས་འཁོར་བར་འཁྱམ་སྟེ།
དང་པོ་ཉེ་དྲགས་ངོ་མ་ཤེས་པའི་སྐྱོན་གྱིས་འཁོར་བར་འཁྱམས་ཏེ། སེམས་གསལ་སྟོང་འཛིན་མེད་རང་ལ་རང་ཆས་སུ་ཡོད་ཀྱང་ངོ་མ་ཤེས། རང་དུ་འདུག་ཀྱང་ཐག་མ་ཆོད། །གཏན་དུ་འགྲོགས་ཀྱང་ཞལ་མ་མཇལ། །ཧ་རེ་ལོང་ཅེ་རེ་ལོང་དུ་སོང་བས་ཏེ། མིག་གིས་མིག་མ་མཐོང་བ་བཞིན་ནོ། །གང་ངོ་མ་ཤེས་ན་སེམས་ངོ་མ་ཤེས། གང་གིས་མ་ཤེས་ན། སེམས་ཁོང་རང་གིས་མ་ཤེས། ཇི་ལྟར་ངོ་མ་ཤེས་ན། གཉིས་འཛིན་གྱི་དྲི་མ་དང་བཅས་པས་ངོ་མ་ཤེས་ཏེ།
བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །ཞེས་གསུངས་པ་བཞིན་ནོ།
།ད་རེས་བླ་མ་དམ་པའི་བྱིན་རླབས་དང་། བརྡའ་ཐབས་ཁྱད་པར་ཅན་རང་བབས་རྣམ་པ་གསུམ་ལ་སོགས་པ་ལ་བརྟེན་ནས། ཐ་མལ་གྱི་ཤེས་པ་གསལ་སྟོང་འཛིན་མེད་ཡུལ་ཡུལ་ཅན་གཉིས་མེད་ཀྱི་ཚུལ་དུ་རང་ངོ་ཤེས་པས་ཉེ་དྲགས་པ་སྟེ་ང་མ་ཤེས་པའི་སྐྱོན་རང་གྲོལ་སྟེ།
བརྟག་གཉིས་ལས། དེ་བསལ་བ་ནི་སངས་རྒྱས་ཉིད། །ཅེས་གསུངས་པ་ལྟར་རོ།
།གཉིས་པ་ངོ་ཤེས་ཀྱང་སླ་དྲགས་ནས་ཡིད་མ་ཆེས་པའི་སྐྱོན་ནི། བློ་ཆུང་བ་རྣམས་ནི་ཐ་མལ་གྱི་ཤེས་པ་སངས་རྒྱས་ཉིད་ཡིན་ནོ་ཞེས་ངོ་སྤྲད་ཀྱང་ཡིད་ཆེས་པ་དཀའ་སྟེ། སངས་རྒྱས་ནི་མཚན་དང་དཔེ་བྱད། འོད་དང་འོད་ཟེར་ཅན་དུ་ཞེས་པས་སོ།
།དེ་ནི་ཆོས་སྐུ་དྲི་མ་དང་བྲལ་བའི་གཟུགས་བརྙན་དེ། སངས་རྒྱས་མཚན་ཉིད་པ་མ་ཡིན་ཏེ། མེ་ལོང་ནང་གི་བཞིན་གྱིས་གཟུགས་བརྙན་བཞིན་ནོ། །སངས་རྒྱས་ཀྱི་མཚན་ཉིད་པ་ནི། ཆོས་ཀྱི་སྐུ་ཉིད་ཡིན་ཏེ།
བརྒྱད་སྟོང་པ་ལས། དགེ་སློང་དག་ང་ནི་ཆོས་ཀྱི་སྐུ་ཡིན་གྱིས། གཟུགས་ཀྱི་སྐུར་བལྟ་བར་མ་བྱེད་ཅིག །ཅེས་གསུངས།
རྡོ་རྗེ་གཅོད་པ་ལས། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲ་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །ཞེས་གསུངས།
རྒྱུད་བླ་མ་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །སྐྱོབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཡིན། །ཞེས་གསུངས། མཚན་དཔལ་སོགས་པ་ནི་ཐུན་མོང་གི་ཡོན་ཏན་ཡིན་པའི་ཕྱིར། སངས་རྒྱས་ཀྱི་སྒྲུབ་བྱེད་ངེས་པ་ཅན་མ་ཡིན་ནོ།
།ཁ་ཅིག་ན་རེ། སྤངས་དང་རྟོགས་པའི་ཁྱད་པར་ལས། །བྲལ་ཕྱིར་སངས་རྒྱས་ཆོས་ཀྱི་སྐུ། ཞེས་བཤད་པས། སོ་སོ་སྐྱེ་བོ་ལ་ཆོས་སྐུ་མཚན་ཉིད་པ་མེད་དོ་ཟེར་ན། དེ་ནི་མི་འཐད་དེ།
མྱ་ངན་ལས་འདས་པའི་མདོ་ལས། ཤ་རིའི་བུ་དེ་ལ་སེམས་ཅན་གྱི་ཁམས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་ཚིག་བླ་དྭགས་ལགས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་ནི། ཆོས་ཀྱི་སྐུའི་ཚིག་བླ་དྭགས་སོ། །བདེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཀྱང་། །ཆོས་ཀྱི་སྐུ་ཉིད་ལས་གཞན་མ་ཡིན་ནོ། །ཞེས་གསུངས་པས། སེམས་རང་བཞིན་གྱི་འོད་གསལ་བ་འདི་ཉིད་ཆོས་ཀྱི་སྐུར་ཐག་བཅད་དོ།
།གསུམ་པ་ངེས་ཤེས་སྐྱེས་ཀྱང་ཟབ་དྲགས་ནས་ངོས་མ་ཟིན་པའི་སྐྱོན་ནི། ཐ་མལ་གྱི་ཤེས་པ་ཡིད་ལ་མི་བྱེད་པ་ཧད་དེ་བ་དེ། ཆད་པ་ངལ་གསོ་བའི་དུས་དང་། གཞན་ཡང་རླུང་དབུ་མར་ཞུགས་པའི་དུས་ཐམས་ཅད་དུ་འཆར་ཏེ། ཐབས་ཁྱད་པར་ཅན་རང་བབས་རྣམ་པ་གསུམ་ལ་སོགས་པ་དང་མ་འབྲལ་བས། རྟོག་པའི་དྲྭ་བས་གཡེངས་ཏེ་ཡེངས་མེད་ཀྱི་བྱ་ར་བ་དང་བྲལ་བའོ། །ད་ནི་སྔོན་འགྲོ་ཤར་བའི་དུས་སུ་ངའི་དུས་སུ་ངའི་སྔོན་འགྲོ་ཤར་འདུག་གམ་སྙམ་དུ་དེ་ཉིད་ཆོས་སྐུ་གསལ་སྟོང་དུ་ལམ་གྱིས་ངོས་བཟུང་ངོ་།
།བཞི་པ་བཟང་དྲགས་ནས་བློར་མི་ཤོང་བའི་སྐྱོན་ནི། གོང་གི་སླ་དྲགས་ནས་ཡིད་མ་ཆེས་པའི་སྐྱོན་དང་འདྲ་སྟེ། མདོ་རྒྱུད་བསྟན་བཅོས་ནས་བཤད་པའི་ལུང་ལ་བསྟན་ནས་ཐ་མལ་གྱི་ཤེས་པ་མ་བཅོས་པ་འདི་ཉིད་ཆོས་ཀྱི་སྐུ་རུ་ཐག་བཅད་པས་སྐྱོན་བཞི་པ་ལས་གྲོལ་ལོ། །དེ་ལྟར་སེམས་རང་ངོ་ཤེས་པས། ངོ་མ་ཤེས་པའི་སྐྱོན་རང་གྲོལ། ཐ་མལ་གྱི་ཤེས་པ་ཆོས་སྐུར་ཐག་ཆོད་པས། བཟང་དྲགས་ནས་བློར་མ་ཤོང་བའི་སྐྱོན་རང་གྲོལ་ཏེ། དངོས་གཞི་སྐྱོན་བཞི་རང་གྲོལ་ལོ།
།རྐུན་བུའི་ངོ་སྤྲད་ཅེས་བྱ་བ་ནི། སྔོན་འགྲོ་རྣམས་སྔར་ལྟར་སྔོན་དུ་སོང་ནས་མདུན་གྱི་བར་སྣང་སྟོང་སང་ངེ་བ་དེ་ལ་ཁ་དོག་དང་དབྱིབས་ལ་སོགས་པའི་དངོས་པོར་གྲུབ་པ་གང་ཡང་མེད། མདངས་མ་འགགས་པར་སང་ངེ་སྣང་། དེ་དང་རང་གི་སེམས་ཀྱད་དབྱེ་བ་མེད་དེ། གསལ་སྟོང་དབྱེར་མེད་དམ་རིག་སྟོང་དབྱེར་མེད་དེ་ཀ་སེམས་ཉིད་དམ་ཆོས་ཀྱི་ཆོས་ཉིད་དམ། དངོས་པོ་གཤིས་ཀྱི་གནས་ལུགས་ཅེས་བྱ་སྟེ།
ས་ར་ཧས། སེམས་ནི་ནམ་མཁའ་ལྟ་བུར་བཟུང་བྱས་ཏེ། ནམ་མཁའི་རང་བཞིན་ཉིད་དུ་སེམས་ཀྱང་བཟུང་བར་བྱ། །ཞེས་དང་། གདོད་ནས་དག་པའི་ནམ་མཁའི་རང་བཞིན་ལ། །ལྟས་ཤིང་མཐོང་བ་འགག་པར་འགྱུར།
།བརྟག་གཉིས་ལས། ཡེ་ཤེས་འདི་ནི་ཆེས་ཕྲ་སྟེ། །རྡོ་རྗེའི་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ། །ཞེས་གསུངས།
དགོངས་པ་བླ་མེད་ལས། རང་རིག་ཙམ་གྱི་ཡེ་ཤེས་ནི། །ནམ་མཁའ་ལྟ་བུར་མཚན་ཉིད་མེད། །ཞེས་གསུངས།
མདོ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་གསུངས།
དེ་ནས་བླ་མ་དམ་པའི་བྱིན་རླབས་ཀྱི་སེམས་རང་གིས་རང་རིག་ཅིང་ཉམས་སུ་མྱོང་བའི་ཚེ། ཉམས་སུ་མྱོང་དུ་ནི་ཡོད་ལ། ཚིག་ཏུ་བརྗོད་རྒྱུའམ། དངོས་པོ་ཅན་གྱི་བསྟན་རྒྱུ་ནི་མེད་དེ།
ཏིལ་ལོ་པས། ཀྱཻ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་བློ་ཡི་སྤྱོད་ཡུལ་མིན། །ཏི་ལོ་ངས་ནི་ཅི་ཡང་བསྟན་རྒྱུ་མེད། །རང་གིས་རང་ཉིད་མཚོན་ཏེ་ཤེས་པར་བྱ། །ཞེས་གསུངས།
ས་ར་ཧས། ཁ་དོག་ཡི་གེ་ཡོན་ཏན་དཔེ་བྲལ་བ། །སྨྲ་རུ་མི་བཏུབ་ཀྱི་ན་ཙམ་གྱིས་མཚོན། །གཞོན་ནུ་མའི་ཡི་བདེ་བ་སྙིང་ལ་ཞེན་པ་བཞིན། །དབུག་དབྱུང་དམ་པ་དེ་ནི་སུས་ཀྱང་བསྟན་ནུས་སམ། །ཞེས་གསུངས་སོ།
།རིག་པ་གསལ་སྟོང་དེ་ཉིད་ལ། ཀུན་གཞི་གཉུག་མ་རང་བཞིན་གྱི་རྣམ་དག་ཞེས་བྱ་སྟེ། རྒྱན་སྟུག་པོ་བཀོད་པ་ལས། རིག་པ་གསལ་སྟོང་ཀུན་གཞི་སྟེ། །ལུང་མ་བསྟན་དུ་གྲགས་པའོ། །ཞེས་གསུངས།
འཁོར་འདས་དབྱེར་མེད་ཅེས་ཀྱང་བྱ་སྟེ། བརྟག་གཉིས་ལས། འདི་ཉིད་འཁོར་བ་ཅེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་པར་གྱུར་པ་ཡི། །མྱ་ངན་འདས་པ་མི་རྙེད་དེ། །འཁོར་བའི་རང་བཞིན་གང་ཡིན་པ། །དེ་ཉིད་མྱ་ངན་འདས་ཞེས་བརྗོད། །ཅེས་གསུངས།
ཀླུ་སྒྲུབ་ཀྱིས། འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདིར་ཡོད་པ་མ་ཡིན་ཏེ། །ཞེས་བཤད།
འཕེལ་འགྲིབ་མེད་པ་ཞེས་ཀྱང་བྱ་སྟེ། བདེ་མཆོག་རྩ་རྒྱུད་ལས། སངས་རྒྱས་རྣམས་ནི་བྱོན་གྱུར་རམ། །མ་བྱོན་གྱུར་ཀྱང་རྣམ་ཀུན་ཏུ། །བསམ་གྱི་མི་ཁྱབ་ཡེ་ཤེས་འདི། །འཕེལ་འགྲིབ་སྤངས་ཏེ་གནས་པ་ཡིན། །ཞེས་གསུངས།
བསལ་བཞག་མེད་པ་ཞེས་བྱ་སྟེ། །ནམ་མཁའ་རིན་པོ་ཆེའི་མདོ་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས།
སྐྱབས་འགྲོ་ཞེས་ཀྱང་བྱ་སྟེ། རིམ་ལྔ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །མར་ལ་མར་ནི་བཞག་པ་ལྟར། །རང་གི་རིག་པའི་ཡེ་ཤེས་འདི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་གསུངས།
སེམས་བསྐྱེད་ཅེས་བྱ་སྟེ། གསང་འདུས་ལེའུ་གཉིས་པ་ལས། དངོས་པོ་འདི་དག་མ་སྐྱེས་པ། །ཆོས་དང་ཆོས་ཉིད་མེད་པ་སྟེ། །ནམ་མཁའ་ལྟ་བུར་བདག་མེད་པས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས།
བཤགས་པ་ཞེས་ཀྱང་བྱ་སྟེ། །ཕྱོགས་བཅུ་རྒྱས་པའི་མདོ་ལས། གང་ཞིག་མཐོལ་ཚངས་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །འདི་ནི་འགྱོད་ཚངས་མཆོག་ཡིན་ནོ། །ཞེས་གསུངས།
བསྐྱེད་རྫོགས་དབྱེར་མེད་ཅེས་ཀྱང་བྱ་སྟེ། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། སྣང་བའི་ཆ་ལ་བསྐྱེད་རིམ་དང་། །སྟོང་པའི་ཆ་ལ་རྫོགས་རིམ་སྟེ། །བསྐྱེད་རྫོགས་མ་ཡིན་ཆོས་འགའ་མེད། །དབྱེར་མེད་ཚུལ་འདི་བསྟན་པའོ། །ཞེས་གསུངས།
བསྔོ་བ་སྨོན་ལམ་ཞེས་ཀྱང་བྱ་སྟེ། བྱམས་པས། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ཏེ། །དེ་ནི་དམིགས་མེད་རྣམ་པ་ཅན། །ཕྱིན་ཅི་མ་ལོག་༼མཚན་ཉིད་དོ།༽ །ཞེས་གསུངས་སོ།
།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ཀྱང་བྱ་སྟེ། དེ་ལས། ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པས། །དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་གསུངས།
རང་བཞིན་གྱི་འོད་གསལ་བ་ཞེས་ཀྱང་བྱ་སྟ། བརྒྱད་སྟོང་པ་ལས། སེམས་ལ་སེམས་མ་མཆིས་པ་སྟེ། སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་གསུངས་སོ།
འོག་མིན་ཞེས་ཀྱང་བྱ་སྟེ། རྒྱན་སྟུག་པོ་བཀོད་པ་ལས། སེམས་ཉིད་བདེ་སྟོང་ལྷན་ཅིག་སྐྱེས། །འོག་མིན་གཙང་མའི་གནས་མཆོག་གོ །ཞེས་གསུངས།
གནས་ཆེན་ཞེས་ཀྱང་བྱ་སྟེ། བདེ་མཆོག་རྩ་རྒྱུད་ལས། རྣལ་འབྱོར་ཆེ་མཆོག་ཧེ་རུ་ཀ །ཡུལ་ཕྱོགས་གང་ན་གནས་གྱུར་པ། །ཡུལ་ངན་མཐའ་ཁོབ་ཡིན་གྱུར་ཀྱང་། །ཡུལ་དེ་ཤིན་ཏུ་རྟག་པ་ཡིན། །ཞེས་གསུངས།
བསམ་མི་ཁྱབ་རྒྱུད་ལས། སེམས་ཀྱི་སྟེངས་སུ་ཡུལ་ཉི་ཤུ་རྩ་བཞིའི་དབྱེ་བ་རྒྱས་པར་ཡང་གསུངས་སོ།
།དེ་ནས་གོ་ཡུལ་དང་བརྟག་དཔྱད་ལ་མ་ལྟོས་པར་བླ་མའི་བྱིན་རླབས་ཀྱིས། རང་གི་སེམས་ཉིད་ཀྱི་སྒྲོ་འདོགས་ནང་དུ་ཆོད་པའི་རྣལ་འབྱོར་པ་དེ་ལ། ལྟ་བྱ་ལ་སོགས་པའི་ཡུལ་ཕྱིར་མ་ལུས་བསྒོམ་བྱེད་ལ་སོགས་པའི་ཤེས་པ་ནང་དུ་མ་ལུས་པར་འཁོར་འདས་ཐམས་ཅད་གཉིས་མེད་ཀྱི་རྟོགས་པ་རང་སེམས་སྐད་ཅིག་མའི་ངོ་བོར་ཀྲོང་ངེ་བ་དེ་ལ། བློ་བྲལ་གྱི་དྲན་པས་ཆུ་བོའི་རྒྱུན་བཞིན་ཉམས་སུ་བླངས་ན་རྟོགས་པ་མངོན་གྱུར་གྱི་སངས་རྒྱས་ཀྱི་ཐབས་ཀྱི་རྣམ་པ་མཚང་བ་མེད་པ་མ་འདྲེས་པ་ཡོངས་རྫོགས་སུ་ཡར་ལྡན་པ་དེ། དཀར་པོ་ཆིག་ཐུབ་ཞེས་བྱའོ། །སྟོང་རྐྱང་ཆིག་ཐུབ་ཏུ་བྱས་པ་དེ་དང་ཁྱད་པར་ཡོད་དོ།
།སྡུད་པ་ལས། རྒྱལ་པོ་གྲོང་དུ་མ་འགྲོ་ཡུལ་འཁོར་མི་གྲོལ་ལ། །རང་གི་ཡུལ་ནས་འདུ་བ་ཐམས་ཅད་སྡུད་པ་ལྟར། །དེ་ནི་ཆོས་ཉིད་རྒྱ་མཚོ་གང་དུ་ཡང་མི་འགྲོ་ལ། །སངས་རྒྱས་ཡོན་ཏན་གང་ཡིན་ཐམས་ཅད་སྡུད་པར་བྱེད། །ཅེས་དང་། ཤིང་མཁན་གཟོ་བོ་མཁས་པས་སྐྱེས་པ་བུད་མེད་དང་། །འདྲ་བའི་བཟོ་བྱས་དེ་ཡང་བྱ་བ་ཐམས་ཅད་བྱེད། །དེ་བཞིན་ཤེས་རབ་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང་། །རྣམ་པར་མི་རྟོག་ཡེ་ཤེས་བྱ་བ་ཐམས་ཅད་བྱེད། །ཅེས་གསུངས་པའི་དོན་ཡིན་ནོ།
།དེས་ནས་མཉམ་བཞག་བློ་བྲལ་གསལ་སྟོང་ནམ་མཁའ་ལྟ་བུ་དེའི་ངང་ལ། འཁྲུལ་པའི་རྗེས་སུ་མ་ཡེངས། བློས་བྱས་ནས་མི་བསྒོམ་པར། དུས་རྟག་ཏུ་མཉམ་པར་བཞག་སྟེ། མར་མེའི་རྩེ་མོ་རབ་བཅིངས་དང་། །ཆུ་བོའི་རྒྱུན་ནི་རབ་འབབ་ལྟར། །རྟག་ཏུ་དེ་ཉིད་རྣལ་འབྱོར་པས། །ཉིན་དང་མཚན་དུ་མཉམ་པར་བཞག །ཅེས་བརྟག་གཉིས་ལས་གསུངས།
ས་ར་ཧས། རྦ་རླབས་མེད་པའི་དབང་ཕྱུག་མཆོག །རྟོག་པ་མེད་པའི་བསམ་གཏན་ཆེ། །ཆུ་དང་མར་མེ་རང་གསལ་ཉིད་དུ་ཞོག །ཅེས་གསུངས་སོ།
།འོ་ན་རྣམ་པར་རྟོག་པ་བྱུང་ན་ཇི་ལྟར་བྱ་ཞེ་ན། །ནི་གུ་མའི་ཞལ་ནས། ཆོས་སྐུའི་ནམ་མཁའི་རྟོགས་པའི་སྤྲིན་ཚོགས་ལས། །དུག་ལྔའི་གློག་འགྱུ་ཡེ་ཤེས་ཆེན་པོར་ལྟོས། །ཞེས་གསུངས།
ས་ར་ཧས། ཆུ་བུར་ཉིད་ཡིན་ཆུ་ལས་ཐ་དད་མེད། ཨ་མ་གཞན་ནས་བུ་དེ་སྐྱེ་མི་འགྱུར། །ཞེས་གསུངས།
ཤ་བ་རི་པས། རྦ་རླབས་རི་བོ་འདྲ་ཡང་རྒྱ་མཚོའི་ངང་། །འཁྱག་རུམ་བྲག་འདྲ་ཆུ་ལས་ཡོང་མི་གདའ། །ཞེས་གསུངས། ཐག་པ་ལ་སྦྲུལ་འཛིན་ལྟར་མ་རྟོགས་པའི་དུས་ན་རྟོགས་པའམ། འཁྲུལ་པ་ཞེས་བཏགས་ཀྱང་རྟོགས་ན་དེ་ཉིད་ཆོས་སྐུ་ཡིན་ཏེ། སེམས་སྐྱེ་བ་མེད་པ་ཆོས་ཀྱི་སྐུ་ཡིན་པའི་ཕྱིར། དེ་ལས་བྱང་བའི་སེམས་བྱུང་རྟོག་པའམ། ཆོས་ཀྱི་སྐུ་ལས་མ་འདས་སོ།
།དེའི་དོན་རང་གི་རྒྱུད་ཐོག་ཏུ་སྦྱར་ན། ཡུལ་གྱི་བཟང་མོ་གཅིག་མཐོང་བས་རྐྱེན་བྱས་ནས། ནང་སེམས་ལ་ཆགས་པ་གཉེན་པོ་བརྟེན་མི་བཟོད་པ་གཅིག་སྐྱེས་པའི་ཚེ། དེའི་རྗེས་སུ་འབྲངས་ན་སོ་སོ་སྐྱེ་བོ་ཐ་མལ་པ་མི་སྡུག་པ་ལ་སོགས་པ་གཉེན་པོས་སྤངས་ན་ཐེག་པ་དམན་པའི་ལམ། །བྱང་ཆུབ་ཀྱི་སེམས་ཀྱིས་སྦྱངས་ན། ཕ་རོལ་དུ་ཕྱིན་པ་སྐུ་དང་ཡེ་ཤེས་སུ་བསྒྱུར་ནས་ཉམས་སུ་བླང་ན་སྔགས་ཕྱི་པ་སྟེ། ཕྱག་རྒྱ་ཆེན་པོའི་ཉམས་ལེན་གྱིས་རང་སར་མ་བསླེབས་སོ།
།དེས་ན་རྗེས་སུ་མི་འབྲང་། མི་སྤོང་། མི་སྦྱོང་། མི་བསྒྱུར། འདོད་ཆགས་དེ་ཉིད་བདེ་སྟོང་ངམ། སོ་སོར་རྟོག་པའི་ཡེ་ཤེས་སུ་ངོ་ཤེས་པས། ལམ་དུ་བྱེད་པ་ནི། གསང་སྔགས་རྡོ་རྗེ་ཐེག་པ་སྟེ། སྐྱེས་པ་མ་འགགས་པའི་འདོད་ཆགས་དི་ཉིད་ཀྱི་སྟེང་དུ། རང་བབས་གསུམ་གྱི་ངང་ནས་སེམས་བཅས་བཅོས་མེད་པར་གློད་ནས་བཞག་པས། མདངས་དེ་མ་འགགས་ལ། གཤིས་དགག་སྒྲུབ་དང་བྲལ་བའི་འཛིན་མེད་ཆོས་སྐུར་ཏ་ལེ་བ་དེ་ལ་སོ་སོར་རྟོག་པའི་ཡེ་ཤེས་ཤེས་བྱ་སྟེ། ཉོན་མོངས་པ་འདོད་ཆགས་ལས་དག་གྲོལ་ཐོབ་པའི་རྒྱུ་སོང་པ་དེ་ལ། གསང་སྔགས་ཐབས་ལ་མཁས་པའམ། ཐབས་ལ་མ་རྨོངས་པ་ཞེས་བྱ་བའི་དོན་ཡིན་ཏེ། དེ་ཙ་ན་རང་ཉིད་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའམ། འདོད་ཆགས་རྡོ་རྗེ་ཞེ་བྱ་བའི་གོ་འཕང་ཐོབ་ལ། ད་ག་ན་འདུག་ཀྱང་བདེ་བ་ཅན་ཡིན་ཏེ།
བདེ་མཆོག་རྩ་རྒྱུད་ལས། གང་དུ་བསྡད་ཀྱང་གཞལ་ཡས་ཁང་། །སུ་དང་འགྲོགས་ཀྱང་ཡི་དམ་ལྷ། །ཇི་ལྟར་བྱས་ཀྱང་ཆོས་ཀྱི་སྐུ། །དོན་དུ་མི་འགྱུར་གང་ཡང་མེད། །ཅེས་གསུངས།
སྒྲོན་གསལ་ལས། སྐྱེས་བུ་འདོད་ཆགས་ཅན་དོན་དུ། །དེ་ཡི་བྱེད་པ་རྡོ་རྗེ་སེམས། །ཞེས་གསུངས།
བརྟག་གཉིས་ལས། འདོད་ཆགས་མི་ཡིས་ཚིག་པ་ལ། །མེ་དེ་ཉིད་ཀྱི་གདུང་བར་བྱ། །ཞེས་དང་། ཆགས་པས་འཇིགས་རྟེན་འཆིངས་གྱུར་ལ། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། །ཞེས་གསུངས།
མཚན་བརྗོད་ལས། སྟོང་པ་ཉིད་དགའ་འདོད་ཆགས་བློ། །སྲིད་པའི་འདོད་ཆགས་སོགས་སྤངས་པ། །ཞེས་གསུངསཔ་རྣམས་ཀྱི་དོན་ཡིན་ནོ།
།དེ་བཞིན་དུ་ཞེ་སྡང་ལ་གསལ་སྟོང་། གཏི་མུག་ལ་རིག་སྟོང་ལ་སོགས་པ་ངན་རྟོག་ཕྲ་རགས་གང་སྐྱེས་ཀྱི་ཐོག་ཏུ་ཉམས་སུ་བླང་བར་བྱའོ།
།འདམ་བུ་གཅིག་ཁོག་སྟོང་ན། ཀུན་ཁོག་སྟོང་ཟེར་བའི་ཚུལ་ཡིན་ཏེ།
ས་ར་ཧས། གང་མ་སྤངས་ཤིང་གོས་པ་མེད་པའི་ཡེ་ཤེས་ལྡན། །ཞེས་དང་། ཐག་པ་མེ་ཚིག་དག་གིས་འཆིང་མི་ནུས། །ཞེས་གསུངས་པས། ཉོན་མོངས་པ་གཉེན་པོས་མ་སྤངས་ལ། ཉོན་མོངས་པ་རང་རྒྱུད་པའི་དྲི་མས་མ་གོས་པ་དེ་ལ། ཉོན་མོངས་ཡེ་ཤེས་ཞེས་བྱའམ། རྣམ་རྟོག་ཆོས་སྐུའི་ལམ་ཁྱེར་ཞེས་བྱའོ།
།དེས་ན་ཉོན་མོངས་དང་ཡེ་ཤེས་སམ། རྣམ་རྟོག་དང་ཆོས་སྐུའི་བར་ན་ངོ་ཤེས་མ་ཤེས་སམ། རྟོགས་མ་རྟོགས་སམ། རིག་མ་རིག་གམ། ཁ་ཕྱིར་བལྟ་ནང་བལྟའི་ཁྱད་པར་ཙམ་ལས་མེད་དོ།
།རྣམ་རྟོག་རང་རྒྱུད་པ་ཆོས་སྐུ་ཡིན་ཞེས་སྨྲས་པ་ནི། མགོ་བོ་འཕོངས་སུ་སྒོམ་པ་དང་འདྲ་སྟེ། སེམས་སེམས་ལོག་གོ །གཞན་ཡང་བླ་མའི་མོས་གུས་གདུངས་པའམ། བསྐྱེད་རིམ་གསལ་རྗེན་པའམ། སྙིང་རྩེ་ལྷག་པའམ། རྗེས་སུ་ཡི་རང་བ་ལ་སོགས་པའི་བཟང་རྟོག་རྣམས་ཆོས་གཞན་གྱི་ལུགས་ཀྱི་ལམ་མ་ནོར་བ་ཡིན་མོད། འདིའི་ལུགས་ཀྱི་ཆོས་སྐུ་ངོ་མ་ཤེས་ན། ལམ་ཕྱག་རྒྱ་ཆེན་པོའི་རང་སར་མ་སླེབ་པས་བཟང་རྟོག་གང་སྐྱེས་ཀྱང་དེའི་ཐོག་ཏུ་སྔར་བཞིན་བརྗོད་དེ་བཞག་པས། མདངས་མོས་གུས་སུ་དུང་ངེ་བ་མ་འགགས་བཤིས་འཛིན་མེད་ཆོས་སྐུར་ཏ་ལེ་ཤེས་པ་དེ་མོས་གུས་ཕྱག་རྒྱ་ཆེན་པོ་ཡིན། བསྐྱེད་རིམ་དང་སྦྱར་ནས་ཉམས་སུ་བླངས་ན་ལྷ་སྐུ་ཕྱག་རྒྱ་ཆེན་པོ་སྙིང་རྗེ་དང་སྦྱར་ནས་ཉམས་ས་བླངས་ན་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་བཟང་རྟོག་ཇི་སྙེད་པའི་སྟེང་དུ་སྦྱར་ལ་ཉམས་སུ་བླང་བར་བྱའོ།
།སེམས་ཀྱི་འཆར་སྒོ་གཞིར་བཞག་པ་ལ། གནས་འགྱུ་གཉིས་གཅིག་ལས་མི་འདའ་བས། གནས་ན་གནས་པ་དེ་ཉིད་རང་གསལ་ཆོས་སྐུར་ངོ་ཤེས་པས་ཉམས་སུ་བླང་གིས། ཆེད་དུ་སྤྲོ་དོན་ཡང་མེད། འབྱུས་ན་དེ་ཉིད་ཆོས་སྐུར་ངོ་ཤེས་པས་ཉམས་སུ་བླང་གིས། ཆེད་དུ་སྡུ་དོན་ཡང་མེད་དོ། དེས་ན་གང་ཤར་སྒོམ་གྱི་ཡོ་ཡང་ཡིན་ཏེ། བློ་འགག་སྒྲུབ་དང་གྲུབ་མཐའི་སྒྲོག་ཏུ་མ་ཚུད་པར་བྱའོ།
།གང་ཤར་རང་ངོ་ཤེས་ཤིང་ཐག་ཆོད་པ་ནི་ལྟ་བ། ངོ་ཤེས་རང་ཐོག་ཏུ་གནས་པ་ནི་བསྒོམ་པ། འགྲོ་འཆག་ཉལ་འདུག་ཐམས་ཅད་དུ་ངང་དེ་ལས་མི་འདའ་བ་སྤྱོད་པ། དེ་གཉིས་ཀ་སྐུ་གསུམ་དུ་ཐག་ཆོད་པས་འབྲས་བུའོ།
།དེ་ལྟར་རང་སེམས་སྐད་ཅིག་མ་རང་ངོ་ཤེས། རང་ས་ཟིན་པའི་སྟེང་ན། ལྟ་སྒོམ་སྤྱོད་འབྲས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པ། མ་ཚང་བ་མེད་པ་ཚིག་ཉུང་ལ་དོན་རྒྱ་ཆེ་བའི་མན་ངག་ཅེས་བྱ། ཚེགས་ཆུང་ལ་དོན་ཆེ་བཞེས་བྱ། རྩོལ་བྲལ་གྱི་ཐེག་པ་ཞེས་བྱ་སྟེ། མ་རྟོགས་ལོག་རྟོགས་ཕྱོགས་རྟོགས་གསུམ་གྱི་དྲི་མ་ལས་གྲོལ་ལོ།
།རྒྱལ་བའི་ཡུལ་ལས། གཟུགས་ཀྱི་དེ་བཞིན་ཉིད་ཤེས་ན། །ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཞེས་དང་། གཟུགས་ཀྱི་དེ་བཞིན་ཉིད་མ་བཅིངས་མ་གྲོལ་བའོ། །ཞེས་དང་། གཟུགས་མི་ལེན་མི་འདོར་བའི་ཚུལ་དང་། །ཞེས་པ་རྣམ་མཁྱེན་གྱི་བར་དུ་གསུངས།
མཚན་བརྗོད་ལས། སེམས་ཀྱི་སྐད་ཅིག་དོན་ཀུན་རིག །ཅེས་དང་། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །ཅེས་གསུངས།
དམ་པའི་ཞལ་ནས། བླ་མའི་བྱིན་རླབས་ཀྱིས་རྒྱུད་རང་གྲོལ་ལ་སོང་ན་གདམས་པ་སྙན་ངག་ཡིན་གསུང་།
དེ་ལྟར་མ་རྟོགས་པ་ནི་ཕན་པ་ཡང་། དམ་པས། སྐད་ཅིག་མའི་འཚང་མ་རིག་ན། འདུས་མ་བྱས་ཀྱི་གནད་མ་གོ །ཞེས་གསུངས།
དགེ་བའི་རྩ་བ་རྫོགས་པའི་མདོ་ལས། བསྐལ་པ་སྟོང་དུ་ཚུལ་ཁྲིམས་བསྲུངས་བྱས་ཤིང་། །ཡུན་རིང་དུས་སུ་བསམ་ གཏན་བསྒོམ་བྱས་ཀྱང་། །ཡང་དག་ཉིད་མཐའ་འདི་ནི་མི་ཤེས་ན། །དེ་དག་ང་ཡི་བསྟན་ལ་མུ་སྟེགས་ཡིན། །ཞེས་གསུངས། གནས་ལུགས་རྡོ་རུས་ཐུག་པའི་ཉམས་ལེན་རྣལ་མ་གཅིག་མ་རྟོགས་པ། ཆོས་ཕྱོགས་ཀྱི་བྱ་བ་གཞན་ཐམས་ཅད་ལས་རོ་ཡིན་པར་གསུངས། འདི་དག་ཉམས་སུ་ལེན་པའི་གང་ཟག་གི་རིམ་པ་ནི་བཞི་སྟེ། དབང་པོ་ཡང་རབ་སྐྱེ་བ་སྔ་མ་ནས་ངེས་དོན་ལ་སྦྱངས་པ་སྔོན་དུ་སོང་ནས་དུས་འདིར་བླ་མའི་བྱིན་རླབས་ཀྱི་གནས་ལུགས་གཅིག་ཆར་ངོ་འཕྲོད་དེ། རྟོགས་པ། གྲོལ་བ། བརྟན་པ་ཐོབ་པ་དུས་མཉམ་པས། ལམ་སྒོམ་པ་ལ་མི་ལྟོས་པ་སྟེ། རྒྱལ་པོ་ས་ཀ་ར་སིདྡྷི་ལྟ་བུའོ།
།བསམ་མི་ཁྱབ་ཀྱི་རྒྱུད་ལས། རྟོགས་དང་གོམས་དང་མཐར་ཕྱིན་པ། །འདི་ལ་ཡོད་པ་མ་ཡིན་ཏེ། །རྟོགས་པའི་སྐད་ཅིག་དེ་ཉིད་ལ། །བཅུ་བཞིའི་ས་ལ་ངེས་པར་གནས། །ཅེས་གསུངས་པ་བཞིན་ནོ། །དབང་པོ་རབ་བླ་མའི་བྱིན་རླབས་ཀྱི་ངོ་འཕྲོད་དོ།
།གང་ཤར་ཆོས་ཉིད་དུ་རང་ཤར་དུས་སྙམ་པ་སྟེ། ཏོག་རྩེ་པས། ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། །ཚོགས་དྲུག་དག་ན་བདེ་བ་རྒྱུན་ཆད་མེད། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །བསྒོམ་དུ་མེད་དོ་གཉུག་མའི་ངང་ལ་ཞོག །ཞེས་གསུངས།
སངས་རྒྱས་ཡེ་ཤེས་ཞབས་ཀྱིས། དུས་གསུམ་སངས་རྒྱས་ངོ་བོ་ཉིད། །དེ་ཡི་རང་བཞིན་རང་གི་སེམས། །རྟོགས་པ་འདོད་ན་ཇི་བཞིན་རྟོགས། །སྒོམ་པ་བྱས་ན་མངོན་དུ་གྱུར། །ཅེས་གསུངས་པ་ལྟར་རོ།
།འབྲིང་ནི་སྐད་ཅིག་དང་པོ་ལ། ཉོན་མོངས་རྣམ་རྟོག་ཏུ་སྐྱེ་ལ། གཉིས་པ་ལ་ཆོས་ཉིད་དུ་གྲོལ་བ་རང་། །དབང་པོ་ཐ་མ་ལ་རྣམ་པར་རྟོག་པ་ལ་འཕྲད་དུ་བཟུང་རྗེས་སུ་མི་འབྲང་། ཡོངས་སུ་ཤེས་པ་གསུམ་གྱིས་ཉམས་སུ་ལེན་པ་སྟེ། ལམ་འབད་རྩོལ་ཆེ་ཆུང་གིས་བཞག་སྟེ།
ཀླུ་སྒྲུབ་ཀྱིས། ཇི་ལྟར་ཤིང་ལ་མེ་གནས་པ། །མ་བསྲུབ་བར་དུ་འབྱུང་མི་འགྱུར། །དེ་བཞིན་གོམས་མེད་སངས་རྒྱས་ནི། །ཚེ་འདི་ཉིད་ལ་འབྱུང་མི་འགྱུར། །ཞེས་གསུངས་སོ།
དེས་ན་འདིར་བཤད་པའི་ཁྲིད་ཀྱི་རིམ་པ་འདི་རྣམས་ཇི་ལྟར་བཤད་པ་བཞིན་ཁྲིགས་ཆགས་སུ་དགོས་པའི་ངེས་པ་ནི་མེད་དེ། སློབ་མ་འདི་རྣམས་ཀྱི་རྒྱུད་ཚོད་ཤེས་པས། གང་ལ་གང་མཁོ་སྐབས་སུ་གང་བབས་ཀྱིས་ཚུལ་གྱིས་བཀྲི་བར་བྱ་སྟེ། སློབ་མ་ཇི་ལྟར་ཡིན་ཡང་ཁྲིད་ཚུལ་གཅིག་གིས་ཁབ་མིག་ཏུ་ཁུ་ཚུར་བ་ཚུད་པ་ལྟ་བུ་ནི་བླ་མ་ཉམས་མྱོང་དང་མི་ལྡན་པའི་སྐྱོན་ཡིན་ཏེ། མན་ངག་སྙེ་མ་ཆུང་བ་ལས།
སློབ་དཔོན་སློབ་མའི་བསམ་ཤེས་ནས། །ཅི་རིགས་པར་ནི་ངེས་སྦྱོར་བ། །སློབ་དཔོན་ཡིན་པར་ཐུབ་པས་གསུངས། །མཁས་པས་སློབ་མ་བསྡུ་བྱ་ཡིས། །རྨོངས་པས་སློབ་མ་བསྡུ་བྱ་མིན། །ཞེས་གསུངས་པ་ལྟར་རོ།
།དེ་རྣམས་ཀྱི་དངོས་གཞི་གསང་ཚིག་རྡོ་རྗེའི་རྒྱ་ཡིས་རྐུ་ཐབས་སུ་ངོ་སྤྲད་པས་སྐྱོན་བཞི་རང་སར་གྲོལ་བའི་མན་ངག་ཅེས་བྱ་སྟེ།
།ཐབས་དེ་ལ་བརྟེན་ནས། སྣང་སེམས་དབྱེར་མེད་ཐ་མལ་གྱི་ཤེས་པ་ཡིད་ལ་མི་བྱེད་པ་རང་ཤར་ཞེས་བྱ་བ་འབྱུང་བར་འགྱུར་རོ། །དེ་བརྟེན་པའི་ཚད་མཉམ་རྗེས་དང་བྲལ་བའི་འཁོར་མའོ། །ཞེས་གསུངས་སོ།
།གསུམ་པ་རྗེས་སྐུ་གསུམ་རང་ཤར་བོགས་འདོན་གེགས་སེལ་དང་བཅས་པ་ལ་གཉིས་ལས། སྐུ་གསུམ་རང་ཤར་དང་རྗེས་ཤེས་བོགས་འདོན་ནོ།
།དང་པོ་ནི་རང་ཤར་ངོས་བཟུང་བྱ། ཐག་བཅད་ངེས་ཤེས་བསྐྱེད། ཡེངས་མེད་ཆུ་བོ་བརྟེན། ལོ་ཟླས་མཐར་ཕྱིན་ནོ། །ཞེས་གསུངས་པའི་དོན་ནི། སྔོན་འགྲོ་རང་བབས་ཀྱི་བཟོ་མེད་དུ་གློད་པས་ཐ་མལ་གྱི་ཤེས་པ་ཡིད་ལ་མི་བྱེད་པར་རང་ཤར་དུ་འབྱུང་། འདི་ཀ་དུས་གསུམ་སངས་རྒྱས་ཀྱི་དགོངས་པ། རང་སེམས་སྐྱེ་བ་མེད་པ་ཆོས་ཀྱི་སྐུ་ཡིན་སྙམ་དུ་ངོས་བཟུང་། མདོ་རྒྱུད་ཐང་མ་བརྡལ། ཞོ་བཞིན་བསྲུངས་ཀྱང་། མཐར་ཐུག་གི་དོན་བསྐྱལ་བ་འདི་ལས་མེད་སྙམ་དུ་ཐག་བཅད་ཅིང་ངེས་ཤེས་བསྐྱེད། དེའི་དུས་ན་སེམས་ཡུལ་མེད་དུ་གསལ་བའམ། རིག་པའི་ཆ་གཅིག་འདུག་པ་དེ་སྤྲུལ་སྐུ། དེ་དག་ལ་རང་བཞིན་མེད་པའམ། སྤྲོས་པ་མེད་པའམ། འཛིན་མེད་སྟོང་པའི་ཆ་དེ་ཆོས་སྐུ། དངོས་པོར་འཛིན་པ་མེད་པའི་ཆ་དེ་བདེ་བ་ཆེན་པོའི་སྐུ། དེ་རྣམས་དབྱེར་མི་ཕྱེད་པའི་ཆ་ནས་ངོ་བོ་ཉིད་ཀྱི་སྐུ། དེ་ལྟར་རང་རིག་སྐུ་གསུམ་དབྱེར་མེད་དུ་ཐག་ཆོད་པའི་ངང་ལས། ཡི་བྱེད་ཀྱི་མཁན་པོ་ཟད་པ་ནི། ཀུ་སུ་ལུའི་གླེན་གཏམ་དུ་ཐ་མལ་གྱི་ཤེས་པ་ཞེས་བྱ་བའམ། ཆོས་སྐད་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་སོགས་པ་མང་དུ་བཤད་དེ།
ནི་གུ་མས། ཡིད་ལ་མི་བྱེད་རེ་དོགས་ཀུན་བྲལ་བའི། །ཐ་མལ་ཤེས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས།
མཻ་ཏྲི་པས། ཉམས་སུ་མྱོང་བ་ཐ་མལ་ཉིད། །ནམ་མཁའ་ལྟ་བུའི་ངོ་བོར་གསལ། །རེ་དོགས་བླང་དོར་གཉིས་འཛིན་མེད། །འདི་རྟོགས་ཀུན་ཏུ་བཟང་པོའོ། །ཞེས་དང་། ཡང་ཐ་མལ་གྱི་ཤེས་པ་དེ། ཁོག་མེད་དེ་མཚན་མ་དང་བྲལ། ཡོན་ཏན་མེད་དེ་རེ་བ་དང་བྲལ། ཡི་གེ་མེད་དེ་བརྗོད་པ་དང་བྲལ། དཔེས་མཚོན་པར་མི་ནུས་ཏེ་བསྒྲུབ་བྱ་དང་བྲལ་བའོ། །བུ་མོ་ལོ་བཅུ་དྲུག་ལོན་པའི་བདེ་བ་སྙིང་ལ་ཞེན་པ་བཞིན་དུ། མྱོང་དུ་ཡོད་ཀྱང་བརྗོད་པའི་ཐ་སྙེད་ཀྱིས་གཏན་ལ་དབབ་ཏུ་ཡོད་པ་མ་ཡིན་ནོ། །དེ་ལྟར་རྟོགས་པ་ནི་ས་བཅུའི་དབང་ཕྱུག་དམ་པ་སྟེ། །ཞེས་གསུངས་སོ།
།ཡང་རིག་པ་སྟོང་པར་རྟོགས་པའི་ཆ་དེ། ཇི་ལྟ་བའི་ཡེ་ཤེས། མདངས་མ་འགགས་པར་སྣང་བའམ། གསལ་བའི་ཆ། རང་ངོ་ཤེས་པ་ནི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སོ།
།ཡང་ན་སྐུ་གསུམ། མཻ་ཏྲི་པས། སེམས་ཉིད་མ་བཅོས་ཆོས་ཀྱི་སྐུ། །སྣང་བ་བདེ་ཆེན་ལོངས་སྤྱོད་རྫོགས། །འགྲོ་འོང་སེམས་ཅན་སྤྲུལ་པའི་བདག །དམ་པ་དག་ལས་རྟོགས་པའོ། །ཡང་དེ་ཉིད་ཀྱིས། ཆོས་སྐུ་གཉུག་མའི་ངོ་བོ་དག །བདག་ཉིད་ལ་ནི་ཡོད་པས་ཏེ། །དུས་གསུམ་སངས་རྒྱས་འབྱུང་བའི་ལམ། །ཞེས་གསུངས།
བསྐྱང་ཐབས་ནི། དེ་ཉིད་ཀྱིས། སྣང་སྲིད་ཐམས་ཅད་ཆོས་ཀྱི་སྐུ། །ཆུ་ཟླ་ལྟ་བུའི་ངོ་བོ་ཉིད། །དབང་པོའི་ཡུལ་ཕྲ་བདེ་བའི་འོད། །དྲན་པ་བརྟེན་པ་མཆོག་ཡིན་ནོ། །སྤྱོད་ལམ་བཞི་ལ་སྔོན་འགྲོ་བའི། །དྲན་པས་དེ་བཞིན་ཉིད་དུ་བསྟེན། །སེམས་ཉིད་བླ་མ་དམ་པར་བསྟེན། །ཞེས་གསུངས་སོ།
།དེ་བསྟེན་པའི་ཚད་ནི། སྔར་གང་ཟག་གི་རིམ་པས་ཡང་རབ་རྣམས་ལ་མི་ལྟོས་རབ་ཟླ་དྲུག་གམ་ལོ། །འབྲིང་འཆི་ཀའམ་བར་དོ། ཐ་མ་སྐྱེ་བ་བདུན་ལ་སོགས་པ་ན་ལུས་གཟུགས་སྐུ་དང་། སེམས་ཆོས་སྐུ་བརྟན་པ་ཐོབ་བོ། །དེ་ནི་སྐུ་གསུམ་ཐ་མལ་གྱི་ཤེས་པ་ཡིད་ལ་མི་བྱེད་པ་རང་ཤར་ཞེས་བྱའོ།
།དེ་བརྟན་པའི་ཚད་ནི། འཕྲིན་ལས་ལྷུན་གྲུབ་ཚད་མེད་རང་ཤར་ནི། །སྐྱེ་མེད་ཀྱི་ངང་ལས་འགགས་མེད་ཀྱི་སྙིང་རྗེ་ཤར་སྟེ། འཁོར་བའི་རྒྱ་མཚོ་མ་སྟོངས་ཀྱི་བར་དུ་དོན་གཉིས་རྒྱུན་མི་འཆད་པར་འབྱུང་བ་སྟེ།
ས་ར་ཧས། གཉིས་མེད་སེམས་ཀྱི་སྡོང་པོ་དམ་པ་ནི། །ཁམས་གསུམ་མ་ལུས་ཀུན་ཏུ་ཁྱབ་པར་སོང་། །སྙིང་རྗེའི་མེ་ཏོག་གཞན་ཕན་འབྲས་བུ་འཛིན། །མིང་ནི་མཆོག་ཏུ་གཞན་ལ་ཕན་པའོ། །ཞེས་གསུངས་པ་ལྟར་རོ།
།གཉིས་པ་བོགས་འདོན་དང་གེགས་སེལ་ལ་གཉིས་ལས།
བོགས་འདོན་ནི། ཚད་མེད་གཉིས་ལ་འབད་ཅེས་གསུངས་པས། འདིའི་དོན་ཉམས་སུ་ལེན་པ་ལ་གསུམ་སྟེ།
བླ་མའི་མོས་གུས་ཚད་མེད་པ་ལ་བརྟེན་ནས་འབོགས་འདོན་པ། སེམས་ཅན་ལ་སྙིང་རྗེ་ཚད་མེད་པ་ལ་བརྟེན་ནས་བོགས་འདོན་པ་དང་། ཐབས་ལམ་ཁྱད་པར་ཅན་ལ་བརྟེན་ནས་བོགས་འདོན་པའོ།
།དང་པོ་ནི། སྤྱིར་ནང་དུ་དགེ་སྦྱོར་རྒྱུད་ལ་སྐྱེས་ན་བླ་མའི་དྲིན་དུ་ཤེས་ཏེ། མོས་གུས་ཤུགས་འབྱུང་དུ་སྐྱེ་བ་ཆོས་ཉིད་ཡིན། དེ་ལ་བརྟེན་ནས་དགེ་སྦྱོར་ལ་བོགས་འདོན་གོང་ནས་གོང་དུ་འབྱུང་། གལ་ཏེ་བོགས་ཆུང་བའམ། མོས་གུས་སྐྱེར་མ་འདོད་ན་སླར་མོས་གུས་གནད་དུ་བནད་དུ་བཏང་བའི་ཐབས་ནི། ངས་སེམས་ཡིན་ལུགས་ལ་ཁྲིད་ཚུད་ནས་ཁ་ནང་དུ་ཟློག་ཤེས་པ་འདི་བླ་མའི་བྱིན་རླབས་ཡིན། ཁྱི་རྒན་མི་ཁྱུ་རུ་འཇུག་པའི་བླ་མ་འདི་དྲིན་རེ་ཆེ་སྙམ་དུ་བསམ་ལ། སྔར་གྱི་བླ་མའི་རྣལ་འབྱོར་དང་ལྡན་པས་གསོལ་བ་ཕུར་ཚུགས་སུ་བཏབ་པས། བློ་སྣ་བླ་མས་ཕྲོགས་པའི་མོས་གུས་ཚད་ལྡན་དུ་སྐྱེས་པ་དང་། གསོལ་བ་གདབ་བྱའི་ཡུལ་བླ་མ། འདེབས་པ་པོ་བདག་ཉིད། མོས་གུས་གདུངས་གདུངས་པ་དང་གསུམ་ཀ་སེམས་སུ་ཐག་བཅད། སེམས་ཉིད་མ་བཅོས་པའི་ངང་དུ་སྔར་བཞིན་གློད་པས། གདངས་མོས་གུས་སུ་དུང་ངེ་བ་མ་འགགས་པ། བཤིས་འཛིན་མེད་དུ་ཏ་ལེ་བའི་ཆོས་སྐུ་རང་ཤར་དུ་འབྱུང་། དེས་མེ་འབར་བ་ལ་ཤིང་བསྣན་པ་བཞིན་དུ། མོས་གུས་ཀྱི་གསལ་འདེབས་དེ་ལ་བརྟེན་ནས། ཡང་གནས་ལུགས་ལ་བོགས་འབྱུང་། དེ་ལ་བརྟེན་ནས་མོས་གུས་མཐར་ཐུག་པ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་སེམས་ཆོས་སྐུའི་བླ་མར་རྟོགས་པ་འབྱུང་སྟེ།
ས་ར་ཧས། ཆུ་བོ་ལྟ་བུའི་སེམས་ཀྱིས་གཉིས་ལྟ་ཟིལ་གནོན་ཅིང་། གང་ཡང་མ་སྤངས་གོས་པ་མེད་པའི་ཡེ་ཤེས་ལྡན། །བློ་མ་སྤངས་ཤིང་བློ་ཡི་རྣམ་པ་གནས་གྱུར་པ། །བླ་མའི་ཞལ་གྱི་བདུད་རྩི་ལས་ནི་འབྱུང་། །ཞེས་དང་། སེམས་དང་སེམས་ལས་འབྱུང་ཞེས་ཐ་སྙེད་པ་རྣམས་ཀྱིས། །བཏགས་པ་འདི་ནི་རྣལ་འབྱོར་པ་ཡི་གྲོགས་རྣམས་སུ། །འགྱུར་བར་བྱེད་པ་བླ་མའི་ཞལ་གྱི་པདྨོ་སྟེ། །ཐམས་ཅད་དགེ་བའི་བཤེས་སུ་འགྱུར་པ་དེ་ལས་འབྱུང་། །ཞེས་གསུངས།
ནི་གུ་མས། ས་བཅུ་ལམ་ལྔའི་རིམ་པ་རྣམས། །མོས་གུས་སྟོབས་ཀྱིས་བགྲོད་པར་བྱ། །ཞེས་གསུངས།
འཕགས་པ་ལྷས། འདི་ནི་བླ་མའི་ཁ་དོག་ལས། །སྦྱོར་བ་རབ་ཏུ་སྟོན་པ་ཡིན། །ཞེས་གསུངས་པས། གེགས་སེལ་བོགས་འདོན་ཐམས་ཅད་བླ་མའི་མོས་གུས་གཅིག་པུ་ལས་འབྱུང་བས། ནད་བརྒྱ་སྨན་གཅིག་གིས་སེལ་བའི་གདམས་པ་ཞེས་བྱའོ།
།གཉིས་པ་ནི། ཡིན་ལུགས་རྟོགས་ན། དེ་མ་རྟོགས་ཀྱི་སེམས་ཅན་ལ་སྙིང་རྗེ་ངང་གིས་འཇུག་པ་ཆོས་ཉིད་ཡིན་པས། གལ་ཏེ་མ་སྐྱེས་ན་བློ་བཅོས་ལ་བསྒོམ་པ་ནི། བདག་དང་ཁམས་གསུམ་གྱི་སེམས་ཅན་རྣམས། །ལུས་གཟུགས་སྐུ་དང་། སེམས་ཆོས་སྐུའི་སྙིང་པོ་ཅན་དུ་རང་ལ་རང་ཆས་སུ་འབྲལ་མེད་དུ་ཡོད་པ་ལ། སེམས་བཟུང་འཛིན་དུ་མ་རིག་པའི་སྦུབས་སུ་ཚུད་དེ་རང་ངོ་མ་ཤེས་པས་ཁམས་གསུམ་དུ་འཁོར་ཞིང་། རིགས་དྲུག་ཏུ་འཁྱམས། དེ་ལ་ད་དུང་སུན་པ་དང་སྐྱོ་བ་མེད་པ་སྙིང་རྗེ་སྙམ་དུ་སྒོམ། སྙིང་རྗེ་ཚད་ལྡན་དུ་སྐྱེས་པ་དང་བསྒོམ་བྱའི་ཡུལ་སེམས་ཅན་སྒོམ་པ་པོ་བདག་ཉིད། སྒོམ་རྒྱུ་སྙིང་རྗེ་རང་གི་ངོ་བོ་ཐམས་ཅད་རང་གི་སེམས་སུ་ཐག་བཅད། རང་གི་སེམས་ཕྱག་རྒྱ་ཆེན་པོའི་ངང་དུ་སྔར་བཞིན་གློད་པས། གདངས་མ་འགགས་པའི་སྙིང་རྗེ་རུ་རྩེ་ལྷག་གེ །བཤིས་འཛིན་མེད་ཆོས་སྐུར་ཏ་ལེ་བ་དེ་ལ། དམིགས་པ་མེད་པའི་སྙིང་རྗེའམ། སྟོང་ཉིད་སྙིང་རྗེ་དབྱེར་མེད་ཅེས་བྱ་སྟེ།
།སྡུད་པ་ལས། སྙིང་རྗེ་ཆེན་པོ་སྐྱེས་ཀྱང་སེམས་ཅན་འདུ་ཤེས་མེད། །དེ་ཚེ་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་གསུངས།
ཀླུ་སྒྲུབ་ཀྱིས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་སྒྲུབ་སྒྲུབ་པ་ཁ་ཅིག་ལའོ། །ཞེས་གསུངས།
དེ་ལས་གཞན་སྙིང་རྗེ་དང་བྲལ་བའི་སྟོང་པས་ནི། ཐེག་དམན་དུ་གོལ་ལ། སྟོང་ཉིད་དུ་མ་ཟིན་པའི་སྙིང་རྗེས་ནི་འཁོར་བ་འདའ་མི་ནུས་ཏེ།
ས་ར་ཧས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེ་ཡིས་ལམ་མཆོག་བརྙེད་པ་མ་ཡིན་ནོ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམས་ན་ཡང་། །འཁོར་བ་འདི་ལསབ་ཐར་པ་ཐོབ་མི་ནུས། །གང་ཞིག་གཉིས་པོ་སྦྱོར་བ་ནུས་པ་དེས། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །ཞེས་གསུངས་སོ།
གསུམ་པ་ཐབས་ལམ་ཁྱད་པར་ཅན་གྱི་བོགས་འདོན་པ་ནི།
ཐ་མལ་ཤེས་པ་རླུང་དང་བསྲེ། །རྣམ་རྟོག་མ་རིག་འགགས་པར་འགྱུར། །ཞེས་པ་ནི། ཐ་མལ་གྱི་ཤེས་པ་རང་ངོ་ཤེས་པའི་མཉམ་བཞག་གི་སྟེན་ནས། འཇམ་རླུང་རྩོལ་བ་མི་དྲག་ཙམ་བཟུང་བས་སེམས་རང་གནས་ཏེ། རླུང་གཞོན་པ་དང་འདྲ། རྟོག་པ་སྐྱེས་བུ་དང་འདྲ་བའི་གནད་ཀྱིས་སོ།
།འོད་གསལ་ལྷ་སྐུ་རླུང་དང་བསྲེ། །ཉམས་མྱོང་ཡར་ངོ་བཞིན་དུ་འགྱུར། །ཞེས་པ་ནི་རང་ལྷ་སྐུར་གསལ་བའི་ངང་ནས་རླུང་སྔར་བཞིན་བཟུང་བས། གང་ཤར་གྱི་སྣང་ཐོག་ཏུ་གླང་པོ་ཆེའི་ལྟ་སྟངས་བཅས་ཏེ། འཛིན་མེད་དུ་ཏ་ལ་ལ་ལམ་དུ་འཁྱེར་བ་ནི་ཉིན་མོའི་འོད་གསལ་ཡིན་ལ། དེའི་ཤུགས་རྨི་ལམ་དུ་འགྲོངས་ཏེ་ལམ་དུ་འཁྱེར་བ་ནི་མཚན་མོའི་འོད་གསལ་ལོ།
།འཆི་ཁར་ཡུལ་ཡུལ་ཅན་ཐིམ། ཨ་ཧཾ་དྷུ་ཏིར་འཚོགས་པའི་འདུ་འཕྲོད་ལས། བཟུང་འཛིན་གྱིས་སྟོང་པའི་ཆོས་ཐམས་ཅད་ནམ་མཁའ་ལྟ་བུ། ལུས་ཅན་འཆི་བ་ཐམས་ཅད་ལ་རང་ཤར་དུ་འབྱུང་བ་དེ་ལ་ནི་མའི་འོད་གསལ་ཡིན་ལ། སྔར་ཉིན་མཚན་དུ་གོམས་པ་དེ་ལ་ནི་བུའི་འོད་གསལ་ལོ།
།དེ་གཉིས་ཆུ་དང་འོ་མ་འདྲེས་པ་བཞིན་འཕྲད། སྔར་འདྲིས་ཀྱི་མི་དང་འཕྲད་པ་བཞིན་ངོ་ཤེས། ཆུ་ལ་ཆུ་བཞག་པའམ། མར་ལ་མར་བཞག་པ་བཞིན་དུ་གཅིག་ཏུ་གྱུར་ཏེ། གཉིས་འདྲེས་ཆུ་བོའི་རྒྱུན་ལྟར་གྱུར་ནས་རང་དོན་ཆོས་སྐུ་ལ་བརྟན་པ་ཐོབ། སྐྱེ་མེད་ཀྱི་ངང་ལས་འགག་མེད་དག་པའི་སྒྱུ་ལུས་ལངས་ཏེ། སྐུ་གཉིས་དོན་གཉིས་འཁོར་བ་མ་སྟོངས་ཀྱི་བར་དུ་རྒྱུན་ཆད་མེད་པར་འབྱུང་བ་ནི། །བར་དོ་དང་པོའི་འོད་གསལ་འབྱོངས་པའོ། །དེར་བརྟན་པ་ཐོབ་ནས། ལུན་གཟུགས་སྐུ་སེམས་ཆོས་སྐུ། བསྐྱེད་རྫོགས་དབྱེར་མེད་ལ་རྩལ་སྦྱངས་པས། སྔར་བཞིན་འབྱུང་བའོ། །དེ་གཉིས་བར་དོའོ་འོད་གསལ་ལོ།
།ཟུང་འཇུག་ཤེས་པ་རླུང་དང་བསྲེ། །འབྲས་བུ་སྐུ་གསུམ་མངོན་དུ་འགྱུར། །ཞེས་པའམ།
།སྐུ་གསུམ་ཤེས་པ་རླུང་དང་བསྲེ། །འབྲས་བུ་སྐུ་གསུམ་མངོན་དུ་འགྱུར། །ཞེས་ཀྱང་གསུངས་པས། དེའི་དོན་ནི་བསྐྱེད་རིམ་གྱི་སྟེང་ནས་རླུང་སྔར་བཞིན་གཟུང་ནས། ཐ་མལ་གྱི་ཤེས་པ་འཛིན་མེད་ཀྱི་ངང་དུ་གློད་པའོ།
།ལུས་བསྐྱེད་རིམ་ཡན་ལག་བདུན་ལྡན་དུ་སྒོམ་པ་ལོངས་སྤྱོད་རྫོགས་པའི་སྐུ། སེམས་མི་རྟོག་པར་འཇོག་པ་ཆོས་ཀྱི་སྐུ། དེ་གཉིས་དབྱེར་མེ་པ་ངོ་བོ་ཉིད་ཀྱི་སྐུའོ།
།ཡང་ན་གསལ་བ་ལས་ནི་སྤྲུལ་པའི་སྐུ། །བདེ་བ་ལས་ནི་ལོངས་སྤྱོད་རྫོགས། །མི་རྟོག་པ་ལས་ནི་ཆོས་ཀྱི་སྐུ། །སྐུ་གསུམ་དབྱེར་མེད་ངོ་བོ་ཉིད། །ཅེས་གསུངས་པ་ལྟར་རོ།
།གཞིའི་སྐུ་གསུམ། འབྲས་བུའི་སྐུ་གསུམ་བྱེ་བྲག་ཕྱེད་པར་བྱས་ཏེ། གཞི་སྐད་ལམ་ལ་མི་དགབ། ལམ་སྐད་འབྲས་བུ་ལ་མི་དགབ། གཞི་སྐད་ལམ་ལ་དགབ་ན་ཐབས་ལ་བསླུ་བའི་བདུད་དུ་འགྱུར། ལམ་སྐད་འབྲས་བུ་ལ་དགབ་ན། དག་པ་བསླུ་བའི་བདུད་དུ་འགྱུར་རོ།
།དེང་སངས་ནི་སེམས་མ་བཅོས་པ་འདི་ཀ་སངས་རྒྱས་ཡིན་ནོ་ཞེས་ལམ་གྱི་རྩོལ་བ་དོར་སྟེ། ཐབས་ལ་གཡེལ་ཞིང་རྒྱུ་འབྲས་ཁྱད་དུ་གསོད་པ་རྣམས་ལ་རྟོགས་ལྡན་དང་། ལྟ་བ་མཐོན་པོ་ཡིན་ནོ་ཞེས་ཀུན་གྱིས་ཆེ་བ་བརྗོད་དེ། དེ་ནི་རྨོངས་པའི་གླེན་སྒོམ། མུན་པའི་མདའ་འཕེན། ལོང་བའི་དབྱུག་སྐོར་ཡིན་པས་ཐར་པའི་ལམ་མི་ཆོད་པས། སྟབས་ལེགས་ན་ཉན་ཐོས་ཀྱི་འགོག་པ། ཉེས་ན་གཟུངས་མེད་ཀྱི་སྐྱེ་མཆེད་མུ་བཞི། དེ་མིན་ནའང་ངན་སོང་གསུམ་དུ་སྐྱེ་བར་འགྱུར་ཏེ།
མདོ་ལས། མི་མཁས་པ་དག་སྟོང་ཉིད་བསྒོམ་ན་ཡང་། །དེ་ཡི་བདག་ཏུ་འཛིན་པ་བཟློག་མི་འགྱུར། །དེ་ཡི་དངོས་པོ་འཛིན་པ་ཕྱིར་ཞིང་འཕེལ། །ལྷག་སྤྱོད་ཀྱིས་ནི་ཏིང་འཛིན་འདིར་བསྒོམ་ཞིང་།
།ཞེས་དང་། རིགས་ཀྱི་བུ། ལྷག་སྤྱོད་ཀྱིས་སྟོང་ཉིད་ལོ་བཅུ་གཉིས་བསྒོམས་པས་ཤིས་ནས་བྱི་ལར་སྐྱེ་བར་བཤད། འགའ་ཞིག་ཇ་ཆང་ལ་མངོན་པར་ཞེན་ནས། སྟོང་ཉིད་རྟོགས་པ་དང་བསྒོམ་པའི་དུས་མ་ཡིན་ཞེས་ཟེར་རོ།
།དེ་ཡང་གནས་ལུགས་དང་མཐུང་པ་མ་ཡིན་ཏེ། རྡོ་རྗེ་ཕྲེང་བའི་རྒྱུད་ལས། དེ་ཁོ་ཉིད་མི་ཤེས་ཤིང་། །དོན་དམ་པ་ཉིད་སུན་འབྱིན་པ། །མེད་པར་བལྟ་དང་ཚུལ་ཁྲིམས་འཚལ། །གཏམ་དང་ཚིག་ནི་བཀྱལ་བ་དང་། །འདྲི་བ་ལ་སོགས་མི་བྱ་ཞིང་། །སེ་གོལ་ཏོག་པ་ཙམ་དུ་ཡང་། །དེ་དང་ལྷན་ཅིག་གནས་མི་བྱ། །ཞེས་གསུངས།
རིན་པོ་ཆེ་ཕུང་པོའི་མདོ་ལས། ལ་ལས་དགེ་སྡིག་རྣམས་ནི་མེད་ཅེས་ཟེར། །དེ་ཡི་དམ་ཆོས་ཕྱིན་ཅི་ལོག་ཏུ་བཤད། །ལ་ལས་སྟོང་ཉིད་སྒོམ་པའི་དུས་མིན་ཟེར། །དེ་ཡི་དམ་ཆོས་ཕྱིན་ཅི་ལོག་ཏུ་བཤད། །ཅེས་གསུངས།
དེས་ན་ཐབས་ཁྱད་པར་ཅན་དང་འབྲེལ་བའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ། རང་གི་སེམས་ཉིད་རྣལ་མའི་སྟེང་དུ་ངོ་འཕྲད་ནས་ཉམས་སུ་ལེན་པ་ནི། ལམ་གོལ་འཆུག་མེད་པ་དབུ་མའི་ལམ་མ་ནོར་བ་སྟེ། གེགས་སེལ་བོགས་འདོན་ལ་སོགས་པ་ཐམས་ཅད་དེའི་སྟེང་དུ་རྟོགས་པར་བྱ་སྟེ།
མགུར་ལས། གཟུགས་རྣམས་སྣ་ཚོགས་ལྟ་བ་དང་། སྒྲ་ནི་རྒྱས་པར་ཉན་པ་དང་། །སྨྲ་བ་དང་ནི་རྒོད་པ་དང་། །ལས་དེ་རྣམས་ནི་བྱེད་པ་ན། །སེམས་ནི་གཞན་དུ་མི་འགྲོ་བས། །དེ་ཉི་རིག་པའི་རྣལ་འབྱོར་ལ། །རྣལ་འབྱོར་རྒྱུན་དུ་སྐྱེ་བར་འགྱུར། །ཞེས་གསུངས།
ཀུན་ནས་སྒོའི་མདོ་ལས། འཇམ་དཔལ་གཟུངས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ཞེས་བྱ་བའི་བར་དུ་རྒྱས་པར་གསུངས་སོ། །དེ་རྣམས་ཀྱིས་བོགས་འདོན་བཤད་ཟིན་ཏོ།
།གཉིས་པ་གེགས་སེལ་ནི། དམ་ཚིག་གཉིས་སྤང་བར་བྱའོ། །ཞེས་གསུངས་པས། སྤྱིའི་དམ་ཚིག་ལ་འཇིག་རྟེན་ལས་འདས་པའི་དམ་ཚིག །སྡོམ་པ་གསུམ་དང་འགལ་བའི་ཉེས་ལྟུང་ཕྲ་ཞིང་ཕྲ་བས་ཀྱང་མ་གོས་པར་བྱེད་པ་དང་། འཇིག་རྟེན་པའི་དམ་ཚིག་གྲུབ་མཐའ་བློ་བསྒྱུར་བ་ཐམས་ཅད་ལ་ཁྱད་གསོད་སྤོང་བ་སྟེ།
སྒྲོན་གསལ་ལས། རིམ་པ་གཉིས་ཀྱི་དོན་ཁོང་དུ་ཆུད་པས་ཀྱང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྡོམ་པ་ཉམས་སུ་མ་བླངས་ན་དངོས་གྲུབ་རིང་བར་འགྱུར་རོ། །ཞེས་དང་། ཕ་རོལ་བ་གང་ཡང་རུང་། མཚན་མས་དབྱེ་བས་གནས་པ་རྣམས། །དེ་འདིར་གནས་པར་མི་བྱ་སྟེ། །རྡོ་རྗེ་སེམས་དཔའི་རྣམ་འཕྲུལ་ཡིན། །ཞེས་གསུངས།
བྱེ་བྲག་འདིའི་ལུགས་ཀྱི་དམ་ཚིག་ནི། བླ་མའི་མོས་གུས་ལ་གཡེངས་ན། སྒོམ་རྒྱུད་ལ་སྐྱེ་བ་དང་བོགས་འཐོན་པའི་སྐབས་མེད་ལ། ལུས་ཀྱི་དྭངས་མ་ཉམས་ན་རྟེན་ཉམས་པས་བརྟེན་པ་སེམས་ལ་འོད་གསལ་མི་འཆར་བའི་ཕྱིར་འདི་གཉིས་དུས་ཐམས་ཅད་དུ་སྤང་བར་བྱའོ།
།གཞན་ཡང་ཕྱག་རྒྱ་ཆེན་པོའི་སྤྱིའི་གེགས། གོལ་ས་གསུམ་དང་ཤོར་ས་བཞི་ལ་སོགས་པ་ངོས་བཟུང་ནས། ལམ་དུ་གཏོང་བའི་ཐབས་བཤད་ནའང་འགལ་བ་མེད་ཅིང་ཤིན་ཏུ་ཡང་ལེགས་སོ། །དེ་རྣམས་ཀྱིས་སྦྱོར་དངོས་རྗེས་གསུམ་ལམ་ཆ་ལག་དང་བཅས་པ་མ་ཚང་བ་མེད་པ་བསྟན་ཟིན་ཏོ།
།འདིའི་སྐབས་སུའང་གང་ཟག་གི་དབང་པོ་དང་སྦྱར་ཏེ། ཁྲིད་ཚུལ་རྒྱས་འབྲིང་བསྡུས་གསུམ་སྐབས་དང་སྦྱར་ཏེ་ཤེས་པར་བྱའོ།
།ཐུན་རེའི་སྔོན་དུའང་སྐྱབས་འགྲོ་སེམས་བསྐྱེད། ལུས་ཡི་དམ་དུ་གསལ་བའི་སྤྱི་བོར། གླུ་མ་བསྒོམས་ལ་གསོལ་བ་བཏབ་སྟེ། དབང་བླང་བ་རྣམས་བྱ། དངོས་གཞི་རང་རང་ཐད་སོའི་དོན་ལ་མཉམ་པར་བཞག །རྗེས་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་གདབ་པ་གསུམ་ཚང་བར་བྱའོ།
།མདོ་རྒྱུད་བསྟན་བཅོས། བླ་མའི་མན་ངག་ཁྱད་པར་ཅན་སྐབས་སུ་བབས་པ་རྣམས་ཀྱིས། ཐད་ཀ་ཐད་ཀར་ངེས་ཤེས་བསྐྱེད་པར་བྱའོ།
།འདིར་མན་ངག་འཆད་པ་མིན་ནམལུང་མང་པོ་འདྲེན་པ་སྐབས་སུ་མ་བབས་སོ་སྙམ་ན།
ཆོས་དྲུག་རྡོ་རྗེའི་ཚིག་རྐང་ལས། །ལོག་ལྟས་རྒྱུད་དཀྲུགས་རྩོད་དུས་སྙིགས་མའི་དུས། །ཡང་དག་ཆོས་ནི་ཉིན་སྐར་རུས་སྦལ་སྤུ། །ལོག་འཚོས་ཚོང་དུས་འོ་མའི་ཆོས་སྤྱོད་ཚེ། །ཉམས་མྱོང་ལུང་དང་ཐེམས་ཡིག་བརྒྱན་པར་བྱའོ། །ཞེས་གསུངས་པས།
བླ་མ་རང་གི་ཉམས་མྱོང་གིས་སློབ་མའི་སྐྱེ་ཚུལ་ཤེས་པ་སྐབས་སུ་བབ་ངེས་པའི་ལུང་བཅོས་པ་དང་བསྲེ་སླད་མི་འབྱུང་བའི་གནད་ཡིག་རྣམས་མེད་ན། བརྒྱུད་པ་ཆིག་བརྒྱུད་དང་། གདམས་པ་ཚོང་དུས་ཀྱི་འོ་མར་འགྱུར་བའི་སྐྱོན་ཡོད་གསུང་ངོ་། །ཡང་མདོ་རྒྱུད་ནས་ཇི་ལྟར་བཤད་པ་བཞིན་རྣལ་འབྱོར་པསཉམས་སུ་ལེན་ལ། ཉམས་སུ་ཇི་ལྟར་ལེན་པ་བཞིན་མདོ་བརྒྱུད་ནས་བཤད་པས། དེ་གཉིས་མི་འགལ་བར་རྟོགས་པས་ན། བློ་ཀོར་ལིང་དུ་མ་ལུས་པ། གྲུབ་མཐའི་ཁ་ཟིན་མི་འབྱུང་སྟེ། ཆོས་ལ་བརྟེན་ནས་ལས་སྒྲིབ་མི་གསོག་པའི་ཕན་ཡོན་ཡོད་དོ།
།དེ་ལྟ་མ་ཡིན་ན་སྒོམ་ཆེན་པ་དོན་ཉམས་སུ་ལེན་པ་ལ་ཚིག་ཐ་སྙེད་ཀྱིས་ཅི་བྱ་ཞེས་ན། ཚིག་ཤེས་པས་སྐྱོན་དུ་སོང་བ་ཙམ་དུ་ལྟའོ། །དེ་ནི་རྨོངས་པའི་ཚུལ་སྟེ།
བྱམས་པས། གཟུགས་རྒྱན་རང་བཞིན་ཡོན་ཏན་མེ་ལོང་ནང་སོང་ན། །མཐོང་བའི་དབང་གིས་མི་རྣམས་རབ་ཏུ་དགའ་བའི་མཆོག་བསྐྱེད་པ། །དེ་ནི་ལེགས་གསུངས་རྟག་ཏུ་རང་བཞིན་ཡོན་ཏན་ལྡན་པ་ཡི། །ཆོས་ཀྱང་དོན་རྣམས་ཆེ་བས་མཁས་རྣམས་འདི་ན་དགའ་མཆོག་བསྐྱེད། །ཅེས་གསུངས། དོན་བཟང་པོ་ལ་ཚིག་ལེགས་པོས་བརྒྱནན་མཁས་པ་རྣམས་དགའ་བ་བསྐྱེད་པས་མཆོག་ཡིན་པས་སོ། །བཤད་པ་པོ་རྣམས་ན་རེ། ཐ་སྙེད་མི་ཤེས་པའི་བསྒོམ་ཐམས་ཅད་གླེན་སྒོམ་ཡིན་ནོ། ཞེས་སུན་འབྱིན་ནོ།
།དེ་ཡང་མི་རིགས་ཏེ། ཚིག་མ་ཤེས་ཀྱང་དོན་རྟོགས་པ་མི་འགལ་ལ། ཚིག་ཤེས་པ་ལ་དོན་རྟོགས་པས་མ་ཁྱབ་སྟེ། ཚིག་དོན་ལ་འགྲེལ་པ་མེད་པའི་ཕྱིར་རོ།
།དེས་ན་སྔོན་དུ་ཐོས་པས་ནས། དེ་ནས་སྒོམས་པར་བྱེདཔ་ནི་མཆོག་ཡིན་ལ། ཐོས་པ་སྔོན་དུ་མ་སོང་ཡང་། བླ་མའི་བྱིན་རླབས་ཀྱིས། དོན་རྟོགས་ནས་གོམས་པར་བྱེད་པ་ཡང་མི་འགལ་བས་གཅིག་གིས་གཅིག་ལ་གཤེ་བར་མི་བྱའོ།
།མདོ་རྒྱུད་རྒྱ་མཚོའི་བརྗོད་བྱ་སྙིང་པོའི་དོན། །སྐལ་དམན་འགྲོ་ལ་གསང་ཕྱིར་རྒྱུད་ཀུན་ཏུ། །སྦས་དོན་གསལ་བྱེད་རྩ་བ་རྡོ་རྗེའི་ཚིག །རྡོ་རྗེ་འཆང་ནས་རིམ་བཞིན་སྙན་ནས་སྙན། །དམ་པའི་སྐྱེས་བུ་བདུན་ལ་ལེགས་བརྒྱུད་པའི། །བླ་མ་དམ་པའི་གསུང་གི་བདུད་རྩི་འདི། །བདག་གིས་མོས་གུས་སྙིམ་པས་རབ་བླངས་ནས། །མྱོང་བས་ངོམས་འཐུངས་བློ་གྲོས་སྟོབས་རྒྱས་པས། །འགྲོ་ལ་ཕན་ཕྱིར་རྟོགས་པའི་ང་རོ་བསྒྲགས། །ཚེས་བདག་མཁའ་འགྲོའི་ཚོགས་རྣམས་མ་མཉེས་ན། །ཐུགས་རྗེ་གཉིས་མེད་ངང་དུ་བཟོད་པར་བརྗོད། །དུས་གསུམ་དགེ་བས་སྲིད་གསུམ་འགྲོ་བ་རྣམས། །ཡིན་ལུགས་མངོན་གྱུར་ཚེ་གཅིག་ལྡན་པར་ཤོག །ཕྱག་རྒྱ་ཆེན་པོ་རང་བབས་རྣམ་པ་གསུམ་གྱི་ཁྲིད་ཚུལ་རྣམ་བཞག་ལམ་གྱི་འཇུག་པ་ཞེས་བྱ་བ།
བླ་མའི་གསུང་ལས་སྒྲོ་བཀུར་རང་བཟོ་སྤངས་ཏེ་བྲི་བསྣན་མེད་པར། སྲིན་པོ་རི་དོན་གྲུབ་པའི་དབེན་གནས་སུ། ཀུ་སུ་ལུ་པ་གཞོན་ནུ་གྲུབ་ཀྱིས་ཡི་གེར་བཀོད་པའོ། །ཨྀཐི།
ཆོས་བརྒྱུད་འདིའི་མཐིལ་དུ་མི་འཇུག་ཅིང་། །ཆོས་འདི་རང་གིས་མྱོང་ཁྲིད་མ་ཚར་བ་ལ་དཔེ་བསྟན་ན་ཕྱག་དྲུག་པ་འཁོར་བཅས་ཀྱིས་སྡིགས་པར་འགྱུར་རོ། །འདི་བྲིས་དགེ་བ་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར་པར་ཤོག །དགེའོ།།