Samding

From Shangpa Resource Center
Revision as of 09:28, 30 March 2021 by Sengue (talk | contribs)





Resource ID G5
Place Type Monastery
Coordinates 29°2'2.00"N 89°12'0.00"E
Links Shangpa Foundation
BDRC G362

Name Variants

bsam sdings
bsam sding
bsam ldings
bsam lding

Associated Persons

Primary seat

History

  • Established: 13th c.

Notes

Founded around the time of Shönu Drup. This place is a different one from Samding Monastery in sna dkar rtse.

W1KG26279: དགོན་འདི་ནི་ཐོག་མར་ཤངས་པ་བཀའ་བརྒྱུད་ཀྱི་མཁས་གྲུབ་རྣམ་གསུམ་གྱི་ཡ་གྱལ་བསམ་སྡིངས་པ་གཞོན་ནུ་གྲུབ་ཀྱིས་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་སྨད་དང་བཅུ་བཞི་པའི་སྟོད་ཙམ་དུ་ཕྱག་བཏབ་ཅིང་། ཤངས་པ་བཀའ་བརྒྱུད་འཇག་བསམ་གྱི་བརྒྱུད་པ་གཉིས་སུ་གྱེས་པ་ལས། བསམ་སྡིངས་བརྒྱུད་པའི་གདན་ས་གཙོ་བོ་ཡིན།
སྤྱིར་བསམ་སྡིངས་ཞེས་པའི་མཚན་ཐོགས་པ་དབུས་གཙང་ཁུལ་དུ་དགོན་གནས་ཁག་གཉིས་ཡོད་དེ། གཅིག་ནི་ཡར་འབྲོག་བསམ་སྡིངས་དགོན་དང་། གཅིག་ཤོས་ནི་མྱང་སྨད་བསམ་སྡིངས་དགོན་ཡིན། ད་ལྟའི་ཆར་བོད་དུ་ཕེབས་མ་མྱོང་བའི་བོད་རིག་པ་མཁས་ཅན་དུ་འབོད་པ་རེ་ཟུང་གིས་ཡར་འབྲོག་བསམ་སྡིངས་དགོན་ཅུང་ཟད་གྲགས་ཆེ་བ་སོགས་ཀྱིས་རྒྱུ་རྐྱེན་འགའ་ཤས་ལ་དམིགས་ནས། བསམ་སྡིངས་ཞེས་པའི་མཚན་ཐོས་པ་ཙམ་གྱིས་མཁས་བཙུན་གཞོན་ནུ་གྲུབ་ཀྱིས་ཕྱག་བཏབ་པའི་བསམ་སྡིངས་ཡིན་པ་ཐག་བཅད་པ་མ་ཟད། ལོང་བས་ལྷ་ཁང་ལ་བལྟས་པ་བཞིན་དུ་རང་ཉིད་ཀྱིས་བདེན་དཔང་ཅི་ཡང་མ་མཐོང་བར་ད་དུང་དཔེ་དེབ་དང་དྲ་རྒྱ་སོགས་སུ་ཤངས་པ་བཀའ་བརྒྱུད་ཀྱི་དགོན་སྡེ་ཡར་འབྲོག་བསམ་སྡིངས་དགོན་ཞེས་བཤད་ཅིང་། ཐ་ན་ཚིག་ཐག་ཆོད་པོས་བསམ་སྡིངས་རྡོ་རྗེ་ཕག་མོའི་སྐུ་ཕྲེང་ན་རིམ་ལ་ཤངས་པ་བཀའ་བརྒྱུད་ཀྱི་བུད་མེད་སྤྲུལ་སྐུ་ཞེས་གང་དྲན་གྱིས་འཆད་པ་སོགས་མ་རྟོགས་ལོག་རྟོག་གི་དྲི་མས་བསླད་པ་ཅི་རིགས་བཀོད་འདུག །འོན་ཀྱང་ཡར་འབྲོག་བསམ་སྡིངས་དགོན་ནི། ཐོག་མར་བོད་ཀྱི་བཙན་པོའི་གདུང་རྒྱུད་སྐྱིད་སྡེ་ཉི་མ་མགོན་གྱི་མི་རྒྱུད་ཡིན་པར་གྲགས་པའི་རྡོ་རྗེ་ཕག་མོ་སྐུ་ཕྲེང་དང་པོ་ཆོས་ཀྱི་སྒྲོན་མེས་མཁའ་འགྲོ་སེང་གདོང་མའི་ལུང་བསྟན་དང་འབྲོག་ཁྲི་དཔོན་ནམ་མཁའ་རྒྱལ་མཚན་གྱི་མཐུན་རྐྱེན་འོག །སྤྱི་ལོ1440་ལོར་གྲྭ་དྲུག་བླ་བདུན་ཏེ་བླ་མ་གཅིག་དང་གྲྭ་པ་དྲུག་ལས་གྲུབ་པའི་སྒྲུབ་སྡེ་ཆུང་ངུ་ཞིག་ཕྱག་བཏབ་པ་ནས་བཟུང་། དགོན་གནས་དེ་རྡོ་རྗེ་ཕག་མོ་སྐུ་ཕྲེང་ན་རིམ་གྱིས་འཛིན་སྐྱོང་མཛད། དེར་བརྟེན་གཙང་ཐོབ་རྒྱལ་གྱི་གཞས་ཆེན་རྒྱ་ནག་གཞོང་གཞོང་གི་གཞས་ཞེས་པར་ཡར་འབྲོག་གཞོང་གཞོང་གཡུ་གདན་གྲུ་བཞི་འདྲ་ཞེས་དང་། གཡུ་གཞོང་འདི་འདྲའི་སྟེང་ཡ། རྡོ་རྗེ་ཕག་མོ་ཕེབས་བྱུང་། དགའ་བ་ལ་དང་ཉམས་ལ་ཞེས་པ་སོགས་ཀྱི་གཏོང་སྲོལ་བྱུང་བ་ཡིན། རྡོ་རྗེ་ཕག་མོ་སྐུ་ཕྲེང་དང་པོ་ཆོས་ཀྱི་སྒྲོན་མེ་དེ་ཉིད་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་སློབ་མ་ཡིན་པས། ད་ལྟ་འཚོ་བཞུགས་བདེ་ཆེན་ཆོས་ཀྱི་སྒྲོན་མེ་བར་ཁྱོན་རྡོ་རྗེ་ཕག་མོ་སྐུ་ཕྲེང་བཅུ་གཉིས་བྱོན་པ་རྣམས་ནི་བོ་དོང་གི་རིང་ལུགས་འཛིན་པ་ཉག་གཅིག་ཡིན་ལ། དེང་ཡར་འབྲོག་ཁུལ་དུ་བོ་དོང་ལུགས་འཛིན་པའི་དགོན་སྡེ་ཆེ་གྲས་ཤིག་ཀྱང་ཡིན། གཞན་ཡང་བསམ་སྡིངས་དགོན་གྱི་ལོ་རྒྱུས་ཤིག་ཏུ་བཀའ་གདམས། ས་སྐྱ། ཞི་བྱེད། ཤངས་པ་ལ་སོགས་པའི་སྙིང་པོ་གཅིག་ཏུ་བསྡུས་པ་བོ་དོང་བཀའ་བརྒྱུད་ཅེས་པ་དེ་བྱུང་ཞེས་འཁོད་པ་ལྟར་བོ་དོང་གི་ལུགས་འདིར་ཆོས་བརྒྱུད་འགའ་ཤས་ཀྱི་གདམས་པ་མཉམ་བསྲེས་བྱུང་བ་མཚོན་ལ། རྡོ་རྗེ་ཕག་མོ་སྐུ་ཕྲེང་དགུ་པ་ནས་རྙིང་མའི་དཀོན་སྤྱི་དང་། སྐུ་ཕྲེང་བཅུ་པ་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆོས་བདག་ཏུ་ལུང་གིས་ཟིན་པས་རྙིང་མའི་ཕྱག་ལེན་ཡང་མཛད་མྱོང་། གང་ལྟར་ནའང་གནས་འདི་ཕྱག་བཏབ་པ་ནས་ད་བར་ཤངས་པ་བཀའ་བརྒྱུད་ཀྱི་རིང་ལུགས་གཙང་མ་འཛིན་པའི་ལོ་རྒྱུས་མི་གསལ། མི་ལ་ལས་རྡོ་རྗེ་ཕག་མོ་སྐུ་ཕྲེང་དང་པོས་གྲུབ་ཆེན་ཐང་སྟོང་རྒྱལ་པོ་བླ་མར་བསྟེན་པ་ཙམ་རྒྱུ་མཚན་དུ་བྱས་ནས་གནས་དེ་ཉིད་ཤངས་པ་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པར་བཤད། དེ་ནི་མི་སྲིད་དེ། གལ་ཏེ་བླ་མ་བསྟེན་ཚད་ཀྱི་ལུགས་འཛིན་དགོས་ན་མཁས་བཙུན་གཞོན་ནུ་གྲུབ་ཀྱིས་དྭགས་པོ་བཀའ་བརྒྱུད་དང་། ས་སྐྱ། ཞི་བྱེད་པ་སོགས་ཀྱི་བླ་མ་མང་དག་ཅིག་བསྟེན་ཡོད་པས་ཁོང་ཡང་ཤངས་པ་བཀའ་བརྒྱུད་ལོགས་སུ་མི་འཛིན་པར་དེ་དག་ཚང་མའི་ལུགས་འཛིན་པ་དགོས་པ་མི་སྲིད་པའི་ཕྱིར་རོ།།
དེས་ན་ཤངས་པ་བཀའ་བརྒྱུད་ཀྱི་མ་དགོན་རྣམ་གླིང་གཞོང་གཞོང་དགོན་པ་ཞེས་པའི་རྩོམ་ཡིག་ནང་ད་ལྟའི་བར་རྒྱུན་མི་ཆད་པར་གནས་པ་ཡར་འབྲོག་བསམ་ལྡིང་དགོན་ཞེས་ཤངས་པའི་དགོན་གནས་རང་སོར་གནས་ཞེས་འཁོད་པ་ལྟར་ཐོག་མར་ཤངས་པ་བཀའ་བརྒྱུད་ཀྱི་དགོན་སྡེ་མ་ཡིན་པར་ཕྱིས་ཤངས་པ་རང་སོར་གནས་པའང་ཡོང་མི་སྲིད་པས། དེ་དང་དེ་འདྲ་བ་རྣམས་ནི་ལོ་རྒྱུས་ཀྱི་དོན་དངོས་དང་ཡོངས་སུ་འགལ་བའི་བླུན་གཏམ་ཙམ་དུ་ཟད།
འོ་ན་མཁས་བཙུན་གཞོན་ནུ་གྲུབ་ཀྱིས་ཕྱག་བཏབ་པའི་བསམ་སྡིངས་དགོན་དེ་ཡང་སྙིང་གང་དུ་གནས་ཤེ་ན། ཐུའུ་བཀྭན་གྲུབ་མཐའ་དང་ས་སྐྱའི་ལམ་འབྲས་བླ་བརྒྱུད་སོགས་ཀྱི་ཆོས་འབྱུང་ལོ་རྒྱུས་འགའ་ཞིག་ལ་བསམ་སྡིངས་ཞེས་པ་ཙམ་ལས་དེའི་གོང་དུ་ས་ཆའི་ཁྱབ་ཁོངས་གང་ཡང་འཁོད་མེད་པས་ངོས་འཛིན་དཀའ་ཡང་། བོད་ཀྱི་ལོ་རྒྱུས་སྨྲ་བའི་བདག་ཉིད་ཆེན་པོ་འགོས་ལོ་གཞོན་ནུ་དཔལ་གྱིས་དེབ་སྔོན་དུ་མཁས་བཙུན་གཞོན་ནུ་གྲུབ་ཀྱིས་ཕྱིས་མྱང་སྨད་དུ་བསམ་སྡིངས་བཏབ་ཅེས་འཁོད་པའི་ལུང་ཡིག་འདིར་མྱང་སྨད་ཅེས་པའི་ཡིག་འབྲུ་གཉིས་གསལ་བར་འཁོད་ཡོད། དེ་ལྟར་གཙང་ལ་མྱང་སྟོད་མྱང་སྨད་གཉིས་ཡོད་པ་ལས། དེ་གཉིས་ཀྱི་དབྱེ་མཚམས་ནི་ཀུ་རེ་ལུང་པ་ཡིན་པ་པཎ་ཆེན་བསྟན་པའི་ཉི་མའི་རྣམ་ཐར་འཛམ་གླིང་མཛེས་རྒྱན་དུ་གསལ་ཞིང་། མྱང་སྟོད་ནི་ཀུ་རེ་ལུང་པ་ཡན་ཏེ་སྤྱིར་རྒྱལ་རྩེ་ཡན་གྱི་མྱང་ཆུ་རྒྱུག་ཁུལ་དུ་ཡིན་པ་དང་། མྱང་སྨད་ནི་ཀུ་རེ་ལུང་པ་མན་ཏེ་དེང་རྒྱལ་རྩེ་མན་དུ་ཡོད་པའི་པ་སྣམ་རྫོང་དང་གཞིས་རྩེ་གྲོང་ཁྱེར་གྱི་ཁུལ་དུ་ཡིན། གོང་དུ་མཁས་བཙུན་གཞོན་ནུ་གྲུབ་ཀྱི་རྣམ་ཐར་བརྗོད་སྐབས་ཁོང་གི་འཁྲུངས་ཡུལ་ནི་དེང་གཞིས་རྩེ་གྲོང་ཁྱེར་དུ་ཡིན་པ་བཤད་ཟིན་པ་དང་། དགོན་གནས་ཀྱང་མྱང་སྨད་དུ་གནས་པར་གཞིགས་ན་ཁོང་གི་འཁྲུངས་ཡུལ་དང་ཐག་མི་རིང་བའི་ས་ཆ་གང་རུང་ལ་ཡོད་དགོས། ད་ལྟའི་ཆར་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཉེ་འཁོར་དུ་བསམ་སྡིངས་ཞེས་པའི་དགོན་གནས་མེད་ཀྱང་། དགའ་ལྡན་ཆོས་འབྱུང་དུ་ཡང་པ་སྣམ་ཁུལ་བསམ་སྡིངས་དགོན་ནི། གཞོན་ནུ་གྲུབ་པས་བཏབ་ཅེས་གསལ་བར་འཁོད་པ་ལྟར་ན་མཁས་བཙུན་གཞོན་ནུ་གྲུབ་ཀྱིས་ཕྱག་བཏབ་པའི་བསམ་སྡིངས་དགོན་ནི་པ་སྣམ་ཁུལ་དུ་ཡོད་པ་ཐེ་ཚོམ་མེད། ཡང་བོད་ཀྱི་དགོན་སྡེ་ཁག་གཅིག་གི་ངོ་སྤྲོད་མདོར་བསྡུས་སུ་བསམ་སྡིངས་དགོན་ནི་པ་སྣམ་རྫོང་མག་ཤང་ཁོངས་བསམ་སྡིངས་གྲོང་ཚོར་ཡོད་ཅེས་གསལ་བར་གསུངས་ཀྱང་། ད་ལྟ་པ་སྣམ་རྫོང་མག་ཡུལ་ཤོག་ཁོངས་སུ་བསམ་སྡིངས་གྲོང་ཚོ་དང་བསམ་སྡིངས་དགོན་པ་ཞེས་པ་མཐོང་རྒྱུ་མི་འདུག །དེང་པ་སྣམ་རྫོང་ཆུ་ནུབ་ཡུལ་ཤོག་བསམ་གླིང་གྲོང་ཚོའི་ལྟག་ཏུ་བསམ་གླིང་རིན་པོ་ཆེ་སྐུ་ཕྲེང་དྲུག་གི་གདན་ས་འབྲུག་བདེ་ཆེན་ཆོས་འཁོར་གྱི་དགོན་ལག་བསམ་གླིང་དགོན་ཞེས་དགེ་འདུན་གཅིག་ལས་མེད་པ་ཞིག་འདུག །དགོན་འདིའི་མཚན་བསམ་སྡིངས་ཞེས་པ་དང་འདྲ་ཡང་། དེ་ནི་འབྲུག་པ་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པ་ཞིག་ཡིན། དེ་མིན་མག་ཡུལ་ཤོག་ཁོངས་སུ་བསམ་སྡིངས་དང་སྒྲ་འདྲ་བའི་བསམ་དོན་གྲོང་ཚོ་ཞེས་པ་ཞིག་འདུག་ཀྱང་། ལུང་པ་འདིའི་ཤར་ངོས་ཀྱི་ཕུར་བྱ་བཏང་ཞེས་པ་དང་། ནུབ་ཏུ་རྡོ་རྗེ་བཀོད་པ་ཞེས་པ་སོགས་ཀྱི་དགོན་ཤུལ་ལས་བསམ་སྡིངས་ཞེས་འབོད་པའི་དགོན་ཤུལ་ཅི་ཡང་མཇལ་རྒྱུ་མེད། དེར་བརྟེན་དགོན་འདི་ནི་མྱད་སྨད་པ་སྣམ་ཁུལ་དུ་གནས་པ་འགོས་ལོ་གཞོན་ནུ་དཔལ་དང་སྡེ་སྲིད་སངས་རྒྱས་མཚོའི་གསུང་དེ་གཉིས་ལ་ཁུངས་བཅོལ་ཏེ། ཁོ་བོས་འཚོལ་ཞིབ་ནན་ཏན་བྱས་པར་གཞིགས་ན་དེང་པ་སྣམ་རྫོང་དགའ་གདོང་གྲོང་བརྡལ་ལྷ་ཡུལ་ཚོན་ཁྲིས་གྲོང་ཚོ་ནས་སྤྱི་ལེ་བཞི་ཙམ་ཡོད་པའི་བྱང་ངོས་རི་ལྡེབས་ཏེ་ཇོ་མོ་ལྷ་རི་ཆས་པའི་མགུལ། བསམ་གཏན་སྒོམ་པའི་གནས་དང་མཐུན་པའི་དབེན་པར་པ་སྣམ་བསམ་སྡིངས་དགོན་གྱི་དགོན་ཤུལ་བསྙོན་མེད་དེ་མཇལ་རྒྱུ་འདུག །དགོན་ཤུལ་འདིར་སྔར་གྱི་འདུ་ཁང་གི་ཕྱི་རྩིག་དང་། བྱང་ཕྱོགས་སུ་ཁ་བསྟན་པའི་འདུ་ཁང་གི་སྒོ། འདུ་ཁང་དང་ཉེ་བའི་ལྷོ་ངོས་ཀྱི་རི་རྩེ་ར་སྔར་གྱི་བླ་བྲང་རེད་ཟེར་བའི་རྩིག་ཤུལ། དེ་མིན་འདུ་ཁང་དང་བླ་བྲང་གི་ཉེ་འཁོར་གང་སར་རྒྱ་ཆེ་ཆུང་སྣ་ཚོགས་ཀྱི་རྩིག་ཤུལ་གསལ་བར་མཇལ་རྒྱུ་འདུག་པར་དཔགས་ན། སྔར་གྱི་དུས་སྐབས་ཤིག་ལ་གཞི་ཁྱོན་ཅུང་ཟད་ཆེ་བའི་དགོན་གནས་ཤིག་ཡིན་མཚོན་ཐུབ། ད་ལྟའི་དགོན་ཤུལ་དེ་དག་ནི་སྤྱི་ལོ1959ལོར་རྩ་གཏོར་དུ་སོང་བའི་ལྷག་རོ་ཡིན།
བསམ་སྡིངས་དགོན་འདི་ཉིད་དུ་སྔར་མཁས་གྲུབ་ཁྱུང་པོ་ཡང་བཞུགས་མྱོང་བ་འདྲ་སྟེ། ཁུལ་དེའི་ལོ་རྒྱུས་ཀྱི་མྱོང་བ་ལྡན་པའི་བགྲེས་སོང་འགས་གསུངས་པར་གཞིགས་ན། མཁས་གྲུབ་ཁྱུང་པོ་སྔར་གནས་དེར་ཡེ་ཤེས་མགོན་པོའི་སྒྲུབ་པ་ལ་ཞུགས་སྐབས་གང་དེའི་ཞལ་གཟིགས་ཐོབ་སྟེ། ཁོང་རང་ཉིད་ལ་ཡེ་ཤེས་མགོན་པོ་འཐིམ་པའི་གསུངས་སྲོལ་འདུག་ལ། དེ་མིན་དགོན་འདིར་སྔར་ཡེ་ཤེས་མགོན་པོའི་སྐུ་རྟེན་དང་མཁས་གྲུབ་ཁྱུང་པོའི་ཕྱག་གིས་བཟོས་པའི་རྫ་དུང་སོགས་བཞུགས་ཡོད་པ་ཕྱིས་གཏོར་སྐྱོན་ཕོག་པ་སོགས་ལས་རྟོགས་ནུས། བསམ་སྡིངས་དགོན་འདི་ཕྱིས་བསྟན་པ་སྔ་དར་གྱི་དགོན་གནས་ཁྱད་པར་ཅན་པ་ཚབ་ཚུལ་ཁྲིམས་རྒྱལ་པོའི་ཆོས་འཆད་སའི་དགོན་གནས་དགའ་སྡོང་ངམ་མཚན་སྒྲོག་དགའ་ལྡན་དར་རྒྱས་གླིང་གི་བུ་དགོན་ལྟ་བུར་གྱུར་པ་ཡང་། དགའ་ལྡན་ཆོས་འབྱུང་ལས་ཕྱིས་མཚན་སྒྲོག་པ་དང་གཅིག་བསྲེས་ལྟ་བུར་གྱུར་བས་བླ་རབས། འདོན་མཆོད། གྲྭ་རྒྱུན་སོགས་གང་ཅི་མཚུངས་ཞེས་གསལ་བ་ལྟར་དགའ་གདོང་དགོན་དགེ་ལུགས་སུ་བསྒྱུར་རྗེས་དགོན་འདི་ཡང་རི་བོ་དགེ་ལུགས་པའི་ཕྱག་བཞེས་མཛད་པས་གྲྭ་རྒྱུན་དང་འདོན་མཆོད་སོགས་གཅིག་མཚུངས་ཡིན་པས་དམངས་གཙོའི་བཅོས་བསྒྱུར་གོང་མཚན་སྒྲོག་ནས་དགོན་འདིར་གནས་འཛིན་པ་དགེ་སློང་བཞི་གྲུ་གཅིག་གཏོང་སྲོལ་ཡོད། དགའ་སྡོང་མཚན་སྒྲོག་དགོན་གྱི་བྱམས་ཁང་དུ་མཁས་གྲུབ་ཁྱུང་པོའི་རྡོ་སྐུ་ཞིག་ཀྱང་བཞུགས་པ་འབྲེལ་ཡོད་ཀྱི་དཔྱད་གཞི་འགར་གསལ་བར་འཁོད་ཀྱང་དེང་མ་རྙེད་ཟེར་བས་ཁོ་བོས་ཀྱང་མ་མཇལ། དེང་མཚན་སྒྲོག་དགོན་དུ་ལོ་ལྟར་བོད་ཟླ་བདུན་པའི་ཚེས་ཉེར་དགུ་ཉིན་ཡེ་ཤེས་མགོན་པོའི་(ཁུལ་དེའི་ཁ་རྒྱུན་དུ་ཐུགས་སྤྲུལ་ཞེས་ཟེར་)གར་འཆམ་དང་བཅས་པ་འཁྲབ་སྲོལ་ཡོད་པའི་ནང་། དངོས་གཞིའི་གོ་རིམ་དང་པོར་འདུ་ཁང་དུ་གསེར་སྐྱེམས་སྔོན་དུ་བཏང་ནས་ཡེ་ཤེས་མགོན་པོ་སྤྱན་འདྲེན་དང་ཀྵེ་ཏྲ་པ་ལ་སོགས་འཁོར་རྣམ་བཞིའི་འཆམ་རྔམ་ཟིལ་ཆེ་བ་ཞིག་དང་། གཉིས་པར་རྡོ་གཅལ་དུ་རྡོར་སློབ་ཀྱི་སྐུ་འཆམ། གསུམ་པར་ཇོ་མོ་གཙོ་འཁོར་གསུམ། བཞི་པར་ཞིང་སྐྱོང་བཞི། ལྔ་པར་ཆོས་རྒྱལ་ཡབ་ཡུམ་དང་འཁོར་གཤིན་རྗེ་ཕོ་མོ་བརྒྱད། དྲུག་པར་མགོན་པོ་ཡབ་ཡུམ། བདུན་པར་སླར་ཡང་ཡེ་ཤེས་མགོན་པོ་འཁོར་བཅས་ནས་ལིངྒ་བསྒྲལ་ཆོག །བརྒྱད་པར་གཏོར་རྒྱག །སྲུང་འཁོར། མངའ་གསོལ། བཀྲ་ཤིས་བཅས་སོ། གར་འཆམ་འདིར་སྤྱོད་པའི་ཡེ་ཤེས་མགོན་པོའི་ཞལ་འབག་དེ་ཡང་མཁས་གྲུབ་ཁྱུང་པོའི་ཕྱག་བཟོ་ཡིན་པར་གྲགས། སྔར་པ་སྣམ་རྫོང་གི་ལོ་མཇུག་སྐུ་རིམ་ཆེན་མོའི་སྐབས་མཚན་སྒྲོག་དགོན་གྱི་གར་འཆམ་འདི་འཁྲབ་པ་དང་སྒྲོལ་མ་གཡུལ་མདོས་སོགས་གཏོང་སྲོལ་ཡོད། དེའི་སྐབས་ཤིག་ཐུགས་སྤྲུལ་(ཡེ་ཤེས་མགོན་པོ་)དེ་པ་སྣམ་རྫོང་ནས་ཤོར་ཏེ་བསམ་སྡིངས་སུ་ཕེབས། བསམ་སྡིངས་ཀྱི་མདར་རྨོ་བོ་ཞིག་ལ། ཁྱེད་ཀྱིས་ང་གར་སོང་མ་བཤད་ན། འབྲུ་ཕུང་ཞིག་སྟེར་ཆོག་ཅེས་གསུངས་ཀྱང་། རྨོ་བོ་དེས་གཞན་ལ་བཤད་པས་བྱ་རོག་གཅིག་གིས་རྨོ་བོ་དེའི་མཛུབ་མོ་བྲེགས། ཡེ་ཤེས་མགོན་པོ་དེས་ཁྲིས་གྲོང་ཚོའི་གཤམ་དུ་ཞབས་རྗེས(དེང་རྡོ་ཕ་བོང་ཞིག་གི་སྟེང་དུ་གསལ་བར་མཇལ་རྒྱུ་འདུག) །ཤིག་བཞག་ནས་བསམ་སྡིངས་མགོན་ཁང་དུ་ཕེབས་པའི་སྐོར་གྱི་ཤོད་སྲོལ་ཡང་འདུག །དེར་བརྟེན་མཁས་བཙུན་གཞོན་ནུ་གྲུབ་ཀྱི་གདན་ས་བསམ་སྡིངས་དགོན་ནི་ཡར་འབྲོག་བསམ་སྡིངས་དགོན་མིན་པར་པ་སྣམ་བསམ་སྡིངས་འདི་ཉིད་རེད་ཅེས་ཁ་ཚོན་གཅོད་ཆོག
མཁས་བཙུན་གཞོན་ནུ་གྲུབ་ཀྱིས་དགོན་འདིར་མཛད་པ་ཇི་ལྟར་བསྐྱངས་པའི་སྐོར་ཡང་། དེབ་སྔོན་དུ་ཕྱིས་མྱང་སྨད་དུ་བསམ་སྡིངས་བཏབ་ནས་ལམ་འབྲས། ཕྱག་ཆེན། ནི་གུ་རྣམས་ཆོས་ཀྱི་གཙོ་བོར་མཛད་ནས་གདུལ་བྱ་མང་པོ་ལ་ཁྲིད་བསྐྱངས་ཞེས་དང་། མཁས་གྲུབ་ཆོས་རྗེའི་སྐུ་མཐའ་མའི་རྣམ་ཐར་དུ་ཆོས་དྲུག །ཕྱག་ཆེན་གའུ་མ། སེམས་འཆི་མེད་ཡི་གེ་བཞི་པའི་ཁྲིད་རྣམས་གང་འོས་སུ་གནང་ཞེས་གསལ་བ་ལྟར་ཁོང་གིས་སྐུ་ཚེའི་སྨད་ཙམ་དུ་པ་སྣམ་བསམ་སྡིངས་དགོན་བཏབ་ནས་བོད་སོག་གི་བུ་སློབ་མང་པོར་ས་སྐྱ་པའི་ལམ་འབྲས་དང་། གཅོད་བཀའ་བརྒྱུད་གསུངས་པ་དང་། ལྷག་པར་དུ་ནི་གུ་ཆོས་དྲུག་དང་ཕྱག་ཆེན་གའུ་མ། སེམས་འཆི་མེད་ཀྱི་ཁྲིད་སོགས་ཤངས་པའི་ཆོས་སྐོར་གྱི་འཆད་ཁྲིད་གཙོ་བོར་མཛད། དེ་རྗེས་ཁོང་གི་སྙན་གྲགས་ཕྱོགས་བཞིར་རིམ་གྱིས་ཁྱབ་ནས་བོད་སོག་གྲྭ་སློབ་ཀྱི་ཚོགས་པ་མང་དུ་འདུས། ཁོང་བསམ་སྡིངས་སུ་བཞུགས་རིང་སྦྱིན་བདག་གཙོ་བོ་ཞ་ལུ་སྐུ་ཞང་པས་མཛད་སྟབས་མཁས་བཙུན་འདི་ཉིད་སྐུ་མ་གཤེགས་ཙམ་གྱི་གོང་དུ་ཡང་སྤྱིར་བུ་སློབ་ཐམས་ཅད་དང་། ཁྱད་པར་དུ་ཞ་ལུ་བ་ཡབ་ཡུམ་གྱི་སྔ་ཕྱི་བར་གསུམ་ཐ་མ་རྗེས་དང་བཞིར་སྐྱོ་ངས་(ངལ་)མེད་པའི་མོས་གུས་བྱས་ཞེས་གསུངས་པ་ཡིན། མཁས་བཙུན་འདི་ཉིད་རབ་བྱུང་ལྔ་པའི་ས་མོ་ལུག་སྟེ་སྤྱི་ལོ་1319ལོའི་དབྱར་ཟླ་ར་བའི་བོད་ཚེས་ཉེར་དགུའི་སྐར་མ་རྒྱལ་སྨད་ལ་བབ་པའི་ཉི་མ་རི་མཐོའི་རྩེ་ལ་ཤར་བའི་ཚེ་དགོན་འདི་ཉིད་དུ་དགོངས་པ་ཆོས་དབྱིངས་སུ་གཤེགས། སྐུ་འདའ་ཁར་ཕུང་པོ་འདི་སྦྱོང་ལ་རུས་པ་ཉང་ཆུ་དང་གཙང་པོ་ལ་ཐོང་། ཕྱི་རྟེན་དང་ནང་རྟེན་མི་དགོས་ཞེས་གསུངས་པའི་ཞལ་ཆེམས་བཞིན་བུ་སློབ་རྣམས་ཀྱིས་ཀྱང་དེ་ལྟར་དུ་མཛད། མཁས་བཙུན་གཞོན་ནུ་གྲུབ་ཀྱི་གདན་ས་པ་སྣམ་བསམ་སྡིངས་དགོན་འདི་ཉིད་ནི། ཐོག་མར་དྲན་མཆོག་དོན་ཡོད་རྒྱལ་མཚན་སོགས་བཀའ་གདམས་པ་དང་། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན་སོགས་ཞ་ལུ་པ། ཁྱུང་པོ་རྣལ་འབྱོར་སོགས་ཤངས་ལུགས། རྗེ་བཙུན་གྲོལ་མཆོག་སོགས་ཇོ་ནང་པ་སྟེ་གྲུབ་མཐའ་རིས་སུ་མ་ཆད་པ་དུ་མས་བསྐྱངས་པར་གྲགས་ཞེས་འཁོད་པ་ལྟར་དགོན་འདི་ཉིད་བཀའ་གདམས་པ་དང་། ཞ་ལུ་པ། ཤངས་ལུགས། ཇོ་ནང་པ་བཅས་དང༌། ཕྱིས་དགེ་ལུགས་སུ་བསྒྱུར་བ་སོགས་སྔ་ཕྱི་ཁྱོན་དུ་ཆོས་བརྒྱུད་མི་འདྲ་བ་ལྔས་འཛིན་པ་ཡིན། གོང་གི་ལུང་ཡིག་འདིར་ཡང་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་སོགས་ཤངས་ལུགས་ཞེས་འཁོད་པ་ལྟར་ན་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གནས་འདིར་ཕེབས་པའི་དོན་དུ་གོ་བ་འདྲ་སྟེ། ཆོས་བརྒྱུད་གཞན་དེ་དག་ལ་སྲོལ་གཏོད་མཁན་གྱི་མཚན་མིན་པར་དགོན་གནས་སྐྱོང་མཁན་གྱི་མཚན་བརྗོད་པས་སོ། དེ་ལྟར་དགོན་གཅིག་རང་དུ་སྔ་རྗེས་སུ་ཆོས་བརྒྱུད་མི་འདྲ་བ་མང་པོ་བྱུང་བ་དེས་བོད་དར་ནང་བསྟན་གྱི་ཆོས་བརྒྱུད་རྣམས་ཕན་ཚུན་དབར་ཤུགས་རྐྱེན་ཅི་རིགས་ཐེབས་པའི་ལོ་རྒྱུས་ཀྱི་དོན་དངོས་ཀྱང་མཚོན་ནུས། དགོན་འདིའི་ཕྱིས་ཀྱི་གདན་རབས་རིམ་པར་གསལ་བའི་དཔྱད་གཞི་མ་རྙེད་ཀྱང་། རྒྱལ་རྩེ་དཔལ་འཁོར་ཆོས་སྡེའི་ནང་རྟེན་ནང་ཆེན་རབ་འབྱོར་བཟང་པོའི་ཐུགས་དམ་དུ་བཞེངས་པ་དེའི་རབ་ཏུ་གནས་པ་བསམ་སྡིངས་རིན་པོ་ཆེ་ཆོས་དཔལ་བཟང་པོས་མཛད་པ་དང་། ཡང་ཕ་རྒོད་ཀུན་དགའ་བཟང་པོས་སྤྲུལ་སྐུ་བསམ་སྡིངས་པ་བསོད་ནམས་བློ་གྲོས་ལས་ཤངས་པ་བཀའ་བརྒྱུད་ཀྱི་གདམས་པ་གསན་པ་སོགས་ཀྱི་ཐོག་ནས་བླ་མ་ཆོས་དཔལ་བཟང་པོ་དང༌། བསམ་སྡིངས་པ་བསོད་ནམས་བློ་གྲོས་ལ་སོགས་པའི་བླ་མ་རྣམས་ཀྱིས་བར་སྐབས་ཤིག་རིང་བསམ་སྡིངས་ཀྱི་དགོན་གནས་འདི་བསྐྱངས་ནས་བསམ་སྡིངས་བརྒྱུད་པའི་ཆོས་རྒྱུན་གང་ལེགས་སྤེལ་བ་མཚོན། དགོན་འདིར་ས་སྟག་སྤྱི་ལོ1698་ལོར་དགེ་འདུན་ཞལ་གྲངས་ལྔ་བཅུ་ང་བཞི་སྐོར་ཡོད།


Loading map...