Sems 'chi med kyi khrid yig rgyal mtshan 'bum gyi mdzad pa

From Shangpa Resource Center
Revision as of 17:23, 20 April 2021 by Sengue (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)








Resource ID SCv7p87
Title sems 'chi med kyi khrid yig
Topics Immortality
Sub-Topics Manual
Author Gyeltsen Bum
Link BDRC W23922
BDRC W4CZ58783 (p.313)
BDRC W3CN18508 (v2p.158)

སེམས་འཆི་མེད་ཀྱི་ཁྲིད་ཡིག་བཞུགས། །མཁས་བཙུན་རྒྱལ་མཚན་འབུམ་གྱིས་མཛད་པ།།

བླ་མ་དང་ཡི་དམ་གྱི་ལྷ་ལ་ཕྱག་འཚལ་ལོ།
།གང་གིས་གང་འདུལ་མཆོག་གི་སྐུ། །ཟབ་ཅིང་རྒྱ་ཆེའི་ཆོས་འཁོར་གསུང་། །ཟག་མེད་བདེ་བ་ཆེན་པོའི་ཐུགས། །གུས་བཏུད་འཆི་མེད་ཁྲིད་རིམ་བྲི།
།དེ་ལ་གསུམ་སྟེ། སྔོན་འགྲོ་དང་། དངོས་གཞི་དང་། རྗེས་སོ།
དང་པོ་ལ་ལྔ་སྟེ།
དང་པོ་ཁ་དོག་ལ་བསླབ་པ་ནི། སེམས་བསྐྱེད་སྔོན་དི་སོང་པས། རང་བདེ་མཆོག་ཡབ་ཡུམ་དུ་བསྒོམས་པའི་སྤྱི་བོར། པད་ཉིའི་སྟེང་དུ་བླ་མ་བསྒོམ། །དེ་ལ་བརྒྱུད་པའི་བླ་མ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྟིམ་ལ། བདག་འཛིན། དགོས་མེད། རང་སེམས་འཆི་མེད་རང་གྲོལ་དུ་རྟོགས་པར་མཛད་དུ་གསོལ། །ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་དྲག་ཏུ་བཏབ་བོ།
།དེ་ནས་ཡབ་ཀྱི་ཕྱི་སྦྱང་པ་ནི། རང་ལུས་ཅེས་པ། ཡབ་ཀྱི་སྤྱི་གཙུག་ཚངས་པའི་བུ་གའི་སྟེང་དུ་ཧཱུྃ་སྔོན་པོ་མཚོན་གང་བ་སྔོ་བ། གསལ་བ། དྭངས་པ། འཚེར་བ། འོད་དང་འོད་ཟེར་གྱི་རང་བཞིན་ཅན། སྔོ་སིང་པ་ཅིག་བསམ་མོ། ཧཱུྃ་དེ་གསལ་བའི་སྟོབས་ཀྱིས་ལྷ་སྐུའང་མོག་མོག་པོ་ལྟ་བུར་སོང་བར་བསམ། ཧཱུྃ་དེ་ལས་འོད་ཟེར་སྔོན་པོ་གསལ་སིང་བ་ཞིག་བྱུང་ནས། རིམ་པ་བཞིན་བྱུང་བའི་དཔེ་ནི། རི་མགོ་ལ་ཉི་མ་ཤར་བ་ལྟ་བུའོ། །སྔོ་བའ་དཔེ་ནི་བཻཌཱུརྱའམ། ཨིནྡྲ་ནཱི་ལ་ལ་རྔུལ་གྱིས་གོས་པ་ལ། སྟེང་ན་མར་ཆུ་བླུགས་པས། ཆུ་སོང་བ་དག་ཅིང་གསལ་བ། མ་སོང་བ་མགོ་གེ་ཡོད་པ་ལྟར། སྨིན་མཚམས་ཡན་ཆོད་སྔོ་སིང་ངེ་བ། འོད་ཀྱི་རང་བཞིན་ཅན་དུ་བསམ་མོ། །དེ་ལ་མི་གསལ་ན་སླར་བསྐྱར་ཞིང་གསལ་གདབ་བོ། །དེ་བཞིན་དུ་མགྲིན་པ་དང་། སྤྱན་གསུམ་དམར་ཧྲིག་པའོ། །ཐུགས་ཀ་དང་། ལྟེ་བ་དང་། ཞབས་མཐིལ་ཡན་ཆོད། ནང་སྦྱང་པ་ནི། སྤྱི་གཙུག་གི་ཧཱུྃ་དེ་སྔོ་མེར་གྱིས་ཞུ་ནས་ཚངས་བུག་ནས་མར་སོང་བས། ཤ་ཁྲག་རུས་པ་དང་བཅས་པ་ཐམས་ཅད་སྦྱངས་ནས། སྨིན་མཚམས་ཡན་ཆད་སྟོང་སངས་པ། ཁྲུ་མ་ཕུས་བཏབ་པ་ལྟ་བུར་བསམ་མོ། །དེ་བཞིན་དུ། མགྲིན་པ། རྣ་གཤོག་གི་རྩེ་མོ་ཚུན་ཆད་དུ། ཐུགས་ཀ །ཕྱག་གཉིས་ཀྱིའང་གྲུ་མོ། ཁྲིག་མ། ཕྱག་མགོ །ཕྱག་སོར་སོར་མོའི་སྦུབས་ཐམས་ཅད་དོ། །ལྟེ་བ་དང་ཞབས་མཐིལ་ཡན་ཆད་དོ། །དེ་ནས་ཡུམ་གྱི་སྤྱི་གཙུག་ཏུ། བཾ་དམར་པོ་མཚོན་གང་བ། འོད་ཀྱི་རང་བཞིན་ཅན་དམར་སིང་ངེ་བ་ཅིག་བསམ་ལ། དེ་ལ་འོད་ཟེར་དམར་སིང་ངེ་བ་དང་། འོད་དུ་ཞུ་ནས་ཕྱི་ནང་གཉིས་སྦྱངས་པ་སྔར་དང་འདྲའོ། རིམ་པ་བཞིན་དང་སྟོང་པའི་དཔེ་སྔར་ལྟར་རོ། དམར་བའི་དཔེ་ནི་པདྨ་རཱ་ག་ལྟ་བུའོ། ཡང་ན་ཡབ་ཡུམ་སོ་སོ་ལ་ཕྱི་ནང་གཉིས་དུས་གཅིག་ལ་སྦྱང་ངོ་། དེའང་ཡི་དམ་ཡབ་ཡུམ་གྱི་སྤྱི་གཙུག་ཏུ་ཧཱུྃ་དང་བཾ་ལས་འོད་ཟེར་བྱུང་ནས་ལུས་ཀྱི་ཕྱི་ནང་ཐམས་ཅད་ན་མར་སོང་པས། ཤ་ཁྲག་རུས་པ་ལ་སོགས་པའི་དྲི་མ་ཐམས་ཅད་དག་ཅིང་། ནང་སྟོང་པ། ཕྱི་གསལ་བ་ཉིད་དུ་སྦྱངས་པས། སྣང་སྟོང་ཟུང་འཇུག་འཇའ་ཚོན་ལྟ་བུ། འོད་ཀྱི་སྐུ་དེ་བདེན་བརྫུན་གང་གིས་ཀྱང་རང་བཞིན་དུ་གྲུབ་པ་མེད་བཞིན་དུ། ཡབ་ཡུམ་དེ་སྔོ་དམར་གྱི་སྐུ་མདོག་ལ་སོགས་པར་སྣང་བའོ།
གཉིས་པ་དབྱིབས་ནི། ཞལ་གཅིག་ཅེས་པ། ཡབ་ཞལ་གཅིག་ཕཡག་གཉིས་པ། སྤྱན་གསུམ་པ། མཆེ་པ་གཙིགས་པ། རལ་པའི་ཐོར་ཅོག་ནག་པོ་ཅན། གཡས་རྡོ་རྗེ། གཡོན་དྲིལ་བུ་འཛིན་པས། ཡུམ་ལ་འཁྱུད་པ། ཞབས་གཡས་བརྐྱང་། གཡོན་བསྐུམ་པ། ལང་ཚོ་བཅུ་དྲུག་ལོན་པ་ལྟ་བུ། གར་གྱི་ཉམས་དགུ་དང་ལྡན་པའོ། །ཡུམ་ཞལ་གཅིག །ཕྱག་གཉིས། སྤྱན་གསུམ་པ། གཡས་སྡིགས་མཛུབ་དང་བཅས་པའི་གྲི་གུག་འཕྱར་བ། གཡོན་ཐོད་པ་ཁྲག་གིས་གང་བ་ཡབ་ལ་སྟོབ་པ། སྐྲ་སིལ་བུར་གྲོལ་བ། ཞབས་གཡས་ཡབ་ཀྱི་གཡོན་བསྐུམ་པ་ལ་བཀལ་བ། གཡོན་དང་། ཡབ་ཀྱི་གཡས་གཤིབས་ནས་བརྐྱང་བ། སྐུ་ཤ་རྒྱས་ཤིང་ནུ་མ་འབུར་བའོ།
།གསུམ་པ་རྒྱན་ན། རྒྱན་དང་ཅེས་པ། ཡབ་ལ་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན། རློན་པ་ལྔ་བཅུའི་དོ་ཤལ། སྟག་ལྤགས་ཀྱི་ཤམ་ཐབས། རུས་པའི་རྒྱན་དྲུག །དར་དཔྱངས་མཛེས་པའི་རྒྱན་དང་བཅས་པའོ། །ཡུམ་ལ་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན། སྐམ་པོ་ལྔ་བཅུའི་དོ་ཤལ། རུས་པའི་རྒྱན་ལྔའོ། །གཉིས་ཀ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་ཤིང་། གསལ་ལ་རྟོག་པ་མེད་པ་དེ། །ཟག་པ་མེད་པའི་བདེ་བ་དང་། །སྟོང་པ་ཟུང་འཇུག་ཏུ་བལྟ་བར་བྱའོ།
།བཞི་པ་དབྱེར་མེད་ནི། རང་ལུས་ཅེས་པ། རང་ལུས་སྣང་སྟོང་ལྷ་སྐུ་དེ། རང་གི་སེམས་ཤར་བ་ཡིན་ཅིང་། སེམས་དེ་ཀ་ལྷ་སྐུར་ཤ་བ་ཡིན་ཏེ། སེམས་སྤངས་པའི་ཕ་རོལ་ན་ལྷ་སྐུ་མེད། །ལྷ་སྐུ་སྤངས་པའི་ཕ་རོལ་ན་སེམས་མེད་དེ། །སེམས་དང་ལྷ་སྐུ་དབྱེར་མེད་པ། འཇའ་ཚོན་གྱི་ལྷ་སྐུ་ཁ་མིག་དང་བཅས་པ། འོད་དུ་ཡལ་ལ་ཁད་པ་འདི། །སེམས་ལྷ་སྐུར་ཤར་བ་མ་གཏོགས་པ། ཕྱི་རོལ་ན་དོན་ལོགས་སུ་གྲུབ་པ་མེད་པར་ཐག་བཅད་དོ།
།ཡེ་ཤེས་རྒྱ་མཚོ་ལས། ལུས་དང་སེམས་འདི་དབྱེར་མེད་དེ། །རྟེན་དང་བརྟེན་པ་འབྱུང་ལྡོག་གིས། །ཀུན་གྱི་གནད་དུ་ཤེས་པར་བྱ། །ཅེས་སོ།
།མྱོང་ལ་རང་བཞིན་མེད་པའི་དཔེ་ནི། །རྨི་ལམ་དུ། སྐྱེས་པ་དང་། བུད་མེད་དང་། དགྲ་གཉེན་ལ་སོགས་པ། སྣ་ཚོགས་དང་ཕྲད་ཅིང་བདེ་སྡུག་སྣ་ཚོགས་ཉམས་སུ་མྱོང་ཡང་། རང་གིས་ཕར་ལ་ཕྱིན་པ་མེད། དེ་རྣམས་ཀྱིས་ཚུར་ལ་ཡོངས་པ་མེད། རང་གི་སེམས་སྣ་ཚོགས་སུ་ཤར་བ་མ་གཏོགས་པ། ཕྱི་རོལ་ན་དོན་ལོགས་སུ་གྲུབ་པ་མེད་དོ།
།ནི་གུ་མས། འདི་ལྟར་རྨི་ལམ་སྣ་ཚོགས་དཔེས། །སྣང་བ་སེམས་སུ་གཏན་ལ་ཕབ། །སེམས་ནི་སྒྱུ་མ་རྨི་ལམ་སྟེ། །ཅེས་པའོ།
།སྣང་ལ་རང་བཞིན་མེད་པའི་དཔེ་ནི། ཆུ་ཟླ་ལྟ་བུའོ།
བརྟག་གཉིས་ལས། རྫུན་མིན་བདེན་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མས་ཤེས་གྱིས། །ཅེས་སོ།
།ལྔ་པ་ངོ་བོ། རང་བཞིན། མཚན་ཉིད་གསུམ་ལ་བསླབ་པ་ནི། རང་བཞིན་ཅེས་པ། ལྷ་སྐུ་སྣང་སྟོང་སྒྱུ་མ་ལྟ་བུ། དེ་ལ་གསུམ་ལས། ངོ་བོ་ནི་བརྗོད་བྲལ་བློ་འདས་ཏེ། བརྗོད་བྱའི་དོན་དང་། བརྗོད་བྱེད་ཀྱི་ཚིག་དང་། བརྗོད་པའི་ཚུལ་ཐལས་ཅད་དང་བྲལ་ཞིང་། བློའི་ཡུལ་ལས་འདས་པའོ།
།མདོ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཅེས་སོ།
།རང་བཞིན་ནི། ཟུང་འཇུག་མཐའ་བྲལ་ཏེ། །སྣང་བ་ལ་རང་བཞིན་མེད་པས་སྟོང་པ། སྟོང་པ་ལ་རང་བཞིན་མེད་པས་སྣང་པ། སྣང་བ་ལས་ཀྱང་སྟོང་པ་གཞན་མ་ཡིན། སྟོང་པ་ལས་ཀྱང་སྣང་པ་གཞན་མ་ཡིན་པས་ཟུང་འཇུག་གོ །ཟུང་དུ་འཇུག་པས་ན་མཐའ་བྲལ་ལོ།
།ཤེར་སྙིང་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཅེས་སོ།
མཚན་ཉིད་ནི། མ་འདྲེས་ཡོངས་རྫོགས་ཏེ། སྐུ་མདོག་ཕྱག་མཚན། རྒྱན་ཆ་ལུགས། རྣམ་པ་བཞུགས་ཚུལ་དང་བཅས་པ་ཐམས་ཅད། མ་འདྲེས་ཡོངས་སུ་རྫོགས་པའོ། །ལྷ་སྐུ་ལ་མཚོན་པ་དེ་བཞིན་དུ། སྣང་སྲིད་འཁོར་འདས་ཀྱིས་བསྡུད་པའི་ཆོས་ཐམས་ཅད་ཀྱང་དེ་ལྟར་ཤེས་པར་བྱས་པས། སངས་རྒྱས་ཀྱི་ཆོས་ཐམས་ཅད་སྐད་ཅིག་གིས་ཁོང་དུ་ཆུད་པ་ཡིན་ནོ།
།ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། ལྷ་སྐུ་སྣང་སྟོང་སྒྱུ་མ་ཡི། །ངོ་བོ་བརྗོད་བྲལ་བློ་ལས་འདས། །རང་བཞིན་དབྱེར་མེད་མཐའ་དང་བྲལ། །མཚན་ཉིད་མ་འདྲེས་ཡོངས་སུ་རྫོགས། །དེ་ལྟར་ཆོས་རྣམས་ཐམས་ཅད་ཀུན། །མཁས་པས་ཡོངས་སུ་ཤེས་པར་བྱ། །ཅེས་དང་།
ལམ་འབྲས་ལས། ལམ་དུ་འབྱུང་བ་རྣམས་ངོ་བོ་རང་བཞིན་མཚན་ཉིད་ཅེས་སོ།
།དེ་ལྟར་ལྷ་སྐུ་སྣང་སྟོང་སྒྱུ་མ་ལྟ་བུའི་ངོ་བོ་དེ། འདས་པའི་སངས་རྒྱས་ཀྱིས་མ་གཟིགས། ད་ལྟར་གྱིས་སངས་རྒྱས་ཀྱིས་མི་གཟིགས། མ་འོངས་པའི་སངས་རྒྱས་ཀྱིས་གཟིགས་པར་མི་འགྱུར་བ་འདི་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའོ།
།འོད་སྲུངས་ཀྱིས་ཞུས་པ་ལས། སེམས་ནི་དུས་གསུམ་གྱི་སངས་རྒྱས་ཀྱིས་མ་གཟིགས། མི་གཟིགས་གཟིགས་པར་མི་འགྱུར་རོ། །ཅེས་སོ།
མངོན་རྟོགས་རྒྱན་ལས། ཅི་ཕྱིར་ཞེས་ན་སངས་རྒྱས་ཀྱིས། །མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། །ཅེས་སོ།
།དངོས་གཞི་ནི། དེ་ལ་ཅེས་པ། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས་གསུངས་པའི། འཆི་མེད་རྡོ་རྗེའི་ཚིག་རྐང་བཞི་ལས།
དང་པོ་ནི། རང་སེམས་ལྷ་སྐུར་རྣམ་པ་གསལ་བ། ངོ་བོ་སྟོང་པ་རང་བཞིན་ཟུང་དུ་འཇུག་པ། དུས་གསུམ་གྱི་སངས་རྒྱས་ཀྱིས་མ་གཟིགས། མི་གཟིགས། གཟིགས་པར་མི་འགྱུར་བ། སྣང་བ་འགག་མེད། དོན་ལ་གྲུབ་པ་མེད་པ་འདི་ལ། ན་བ་མ་གྲུབ་སྟེ། ལུས་འབྱུང་བ་བཞི་ལས་གྲུབ་པ་འདི། སྤོང་ལེན་བྱེད་པ་ཙམ་མ་གཏོགས་པ། སེམས་ཟུང་འཇུག་མཐའ་བྲལ་དེ་ལ། ན་བྱ་དང་། ན་བྱེད་དང་། ན་ཚུལ་ཐམས་ཅད་དང་བྲལ་བར་ཐག་མ་ཆོད་ཀྱི་བར་དུ་བསྒོམ་མོ།
།གཉིས་པ་ནི། སྔར་གྱི་དོན་དེ་ལ་འཆི་བ་མ་གྲུབ་སྟེ། འཆི་བ་རྣམ་རྟོག་ཡིན། རྟོག་པ་གློ་བུར་སྐྱེ་བ་འདི། སྐྱེ་འགག་ཏུ་སྣང་བ་ཙམ་མ་གཏོགས་པ། སེམས་ངོ་བོ་གང་དུ་ཡང་མ་གྲུབ་པ་འདི་ལ་འཆི་བྱ་དང་། འཆི་བྱེད་དང་། འཆི་ཚུལ་ཐམས་ཅད་དང་བྲལ་བར་ཐག་བཅད་དོ།
།གསུམ་པ་ནི། སྔར་གྱི་དོན་དེ་ལ། འཁོར་བ་མ་གྲུབ་སྟེ། སྤྱིར་འཁོར་འདས་གཉིས་ལ་ལྟོས་ནས་བཞག་པ་ཡིན་པས། ལྟོས་པ་མ་གྲུབ་པས། ལྟོས་ཆོས་མི་འགྲུབ་ཅིང་། བྱེ་བྲག་ཏུ་སྟོང་པ་ཉིད་ལ། འཁོར་བྱ། འཁོར་བ་དང་། འཁྱམས་མཁན་གང་ཟག་དང་། འཁྱམས་ཚུལ་སྐྱེ་བ་ལེན་པ་ལ་སོགས་པ་མ་གྲུབ་པར་ཐག་བཅད་དོ།
།བཞི་པ་ནི། སྔར་གྱི་དོན་དེ་ལ་མྱང་འདས་མ་གྲུབ་སྟེ། ཡར་སངས་རྒྱས་རྒྱུ་གཅིག་འདུག་གམ། མི་འདུག་བལྟ་ཞིང་བསམ་ལ། སངས་རྒྱས་དེ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཅན་ཡིན་ལ། དེ་ཡང་མིང་ཙམ་མམ། བརྡའམ། ཐ་སྙད་བཏགས་པ་ཙམ་ལ། མིང་དེ་ཕྱི་དང་། ནང་དང་། བར་ན་ཡང་མེད།
སློབ་དཔོན་ཏོག་རྩེ་པས། གཉིས་སུ་མེད་པ་མིང་ཙམ་སྟེ། དེ་ལ་མིང་ཡང་རྙེད་མི་འགྱུར། །གཉིས་མེད་མིང་དུ་བཟུང་བ་ལ། དེ་ལ་རྣལ་འབྱོར་པས་བཟོད་མཛོད། །ཅེས་སོ།
།ཟུང་འཇུག་མཐའ་བྲལ་དེ་ལ། ཚང་རྒྱ་བྱ། རྒྱ་བྱེད་དང་། རྒྱ་ཚུལ་ཐམས་ཅད་དང་བྲལ་བར་ཐག་བཅད་ལ་བསྒོམ་མོ། །དེ་ལྟར་རྟོགས་པས་འཆི་བའི་དུས་སུ། འཕོ་བྱ་དང་། འཕོ་བྱེད་དང་། འཕོ་ཚུལ་ཐམས་ཅད་དང་བྲལ་བས། དེའི་ཚེ་རང་སེམས་འཆི་མེད་རང་གྲོལ། རང་དག །རང་སྟོང་ཞེས་བྱའོ།
།རྗེས་ལ་གཉིས་ལས།
།དང་པོ་འཆི་མེད་དུ་མ་གཏོགས་པའི་སྐྱོན་ནི། དེ་ལྟར་ཅེས་པས། རང་སེམས་འཆི་མེད་དུ་མ་གཏོགས་པར། བདེན་རྫུན་དང་། རྟག་འཛིན་དུ་བཟུང་ནས། བསྐལ་པ་གྲངས་མེད་པར་སྒྲུབས་ཀྱང་། ངལ་བ་དོན་མེད་པར་འགྱུར་ཞིང་། ལོག་པའི་ལམ་དུ་ཞུགས་པ་ཁོ་ནར་ཟད་དོ།
།གཉིས་པ་རྟོགས་པའི་ཡོན་ཏན་ལ་དྲུག་ལས།
དང་པོ་འཆི་ཁར་དྲན་པས་སང་རྒྱ་བ་ལ་ལྔ་སྟེ།
དང་པོ་མཚམས་མེད་པ་ལྔ་བྱས་པ་ཡང་། དྲན་པས་སངས་རྒྱ་བ་ནི། གང་གི་ཅེས་པ། སྐྱེས་བུ་གང་གིས་ཕ་བསད་པ་ལ་སོགས་པ། མཚམས་མེད་པ་ལྔའི་ལས་རྫོགས་པ་ཡང་། འཆི་ཁའི་ཚེ་འམ། དུས་གཞན་དུ་འཆི་མེད་རྡོ་རྗེའི་ཚག་རྐང་བཞི། སྐད་ཅིག་ག་མ། ཡུད་ཙམ་གཅིག་ཡིད་ལ་དྲན་པའམ། རྣ་བར་ཐོས་པའམ། ལུས་ལ་རེག་པར་གྱུར་པས་ཀྱང་། གནད་གཅོད་པའི་སྡུག་བསྔལ་རང་སར་དག་ནས་བར་དོར་ལོངས་སྐུར་སངས་རྒྱ་ན། སྒྲིབ་པ་ཆུང་བ་རྣམས་སྨོས་མི་དགོས་སོ།
།གཉིས་པ་མ་དྲན་ཡང་སངས་རྒྱ་བ་ནི། གལ་ཏེ་ཅེས་པ་ལུས་དྲང་སྲོང་ཆིག་ཆར་མའམ། སེམས་བརྒྱལ་བའམ། ཆང་གིས་མྱོས་པ་ལྟ་བུའི་རྐྱེན་གྱིས། འཆི་ཁར་མ་དྲན་ན་སངས་མི་རྒྱའམ་ཞེས་ན། མ་ཡིན་ཏེ། དཔེར་ན་སྒྱོགས་དང་པོ་བཅས་ནས་ཐེངས་ཅིག་རྒྱབ་པ་དེ། ཕྱིས་ནམ་དགོས་དུས་སུ་རྒྱབ་པས་ཆོག་པ་བཞིན་དུ། སྔར་དྲན་ཐོས་རེག་པའི་གནད་ཀྱིས། བར་མ་དོར་ལོངས་སྐུར་སངས་རྒྱའོ།
།གསུམ་པ་མཚམས་སྦྱོར་ངན་པ་བྱུང་ཡང་སངས་རྒྱ་བ་ནི། མཚམས་སྦྱོར། ཅེས་པ། ཞེ་སྡང་ལྟ་བུའི་མཚམས་སྦྱོར་ངན་པས་ཤེས་རྒྱུད་དཀྲུགས་ནས་ཤིན་སངས་མི་རྒྱའམ། ཞེས་ན་མ་ཡིན་ཏེ། དཔེར་ན་གསལ་དྭངས་རྫིང་བུ་སྔོ་མེར་རེ་བ་ཅིག་ལ། རྡོ་རྒྱབ་པའི་དུས་སུ་ཆུ་ཚུབ་བྱུང་ཡང་། དར་ཅིག་ནས་དྭངས་ནས་སྔར་ལྟར་འོང་པ་བཞིན་དུ་སྔར་གྱི་གནད་ཀྱིས་བར་དོ་ལོངས་སྐུར་སངས་རྒྱའོ།
།བཞི་པ་བསྒོམ་ལོང་མ་བྱང་ཡང་སངས་རྒྱ་བ་ནི། བརྟན་པར་ཅེས་པ། དེ་བརྟན་པར་བསྒོམ་ལོང་མེད་པར། ཐོས་མ་ཐག་ཤི་ན། སངས་མི་རྒྱའམ་ཞེ་ན་མ་ཡིན་ཏེ་དཔེར་ན། ཚེས་བཅོ་ལྔའི་ཉི་མ་རྒས་པ་དང་། ཟླ་བ་ཤར་ནས་སྣང་བ་མུ་འབྱོར་བ་བཞིན་དུ། འདིའམ། འཆི་ཁར་དྲན་པའམ། ཐོས་པའི་གནད་ཀྱིས་བར་དོ་ལོངས་སྐུར་སངས་རྒྱའོ།
།ལྔ་པ་ཚུལ་ཇི་ལྟར་སངས་རྒྱ་བ་ནི། རང་སེམས་ཅེས་པ། རང་སེམས་སྐྱེ་མེད་ཆོས་སྐུ་ལས། འགག་མེད་གཟུགས་སྐུ་རང་ཤར་དུ་བྱུང་ནས། འཁོར་བའི་རྒྱ་མཚོ་མ་སྟོངས་ཀྱི་བར་དུ། གང་ལ་གང་འདུལ་གྱི་གཞན་དོན་ལྷུན་གྲུབ་ཏུ་འབྱུང་ཞིང་། དེའང་ཆོས་སྐུའི་ངོ་བོ། ལོངས་སྐུའི་རྣམ་པ། སྤྲུལ་སྐུའི་ཕྲིན་ལས། ཟུང་འཇུག་བདེ་བ་ཆེན་པོ། ངོ་བོ་ཉིད་ཀྱི་སྐུར་ཤེས་པར་བྱའོ།
།གཉིས་པ་འཆི་བ་རྣམ་རྟོག་ཏུ་སྟན་པ་ནི། འཆི་ཅེས་པ། འཆི་བ་རྣམ་རྟོག་ཡིན། རྟོག་པ་སེམས་ཡིན། སེམས་ལ་ངོ་བོ་མ་གྲུབ་པས། འཆི་རྒྱུ་མེད་པར་རྟོགས་པ་ནི་དབང་པོ་རབ་ཡིན་ལ། དེའི་དོན་སྐད་ཅིག་ཙམ་རྟོགས་པས་ཀྱང་། རང་བཞིན་གྱིས་རྣམ་པར་དག་ཅིང་བདེ་སྟོང་དབྱེར་མེད་པའི་མཁའ་སྤྱོད་དུ་འགྲོའོ།
།གསུམ་པ་སངས་རྒྱས་ཐམས་ཅད་འདི་ལ་བརྟེན་ནས་སངས་རྒྱ་བ་ནི། དུས་གསུམ་ཅེས་པ། དུས་གསུམ་རྒྱལ་བས་འཆི་མེད་འདི་རྟོགས་པས། སྲོད་ལ་བདུད་བརྟུལ། ཐོ་རངས་སངས་རྒྱས། གཞན་དོན་དུ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བའོ།
།བཞི་པ་དེ་དམ་པའི་དྲིན་ལས་རྙེད་པ་ནི། དེ་ཕྱིར་ཅེས་པ་དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ་ཡིན་པ་དེའི་ཕྱིར། རྒྱལ་བ་རྫོགས་པའི་སངས་རྒྱས་ཐུགས་ཀྱི་བཅུད་དམ། ཉིང་ཁུ་ལྟ་བུ་འདི། མདོ་རྒྱུད་དུ་མར་བསྟན་ཡང་། བླ་མ་དམ་པའི་བྱིན་རླབས་ཀྱིས་འཕོ་བ་ཡི་གེ་མེད་པའི་དོན་གྱིས་ཆིག་བརྒྱུད་ཐོབ་པའི་དྲིན་མ་གཏོགས་པ། ཐོས་བསམ་ལ་སོགས་པ་ཐབས་གཞན་གང་གིས་ཀྱང་རྙེད་པར་མི་འགྱུར་རོ། །བླ་མའི་དྲིན་ལས་རྙེད་པ་དེའི་ཕྱིར། །བཀའ་ཆད་པ། དམ་ཉམས་པ། འདྲེས་ར་བའི་བརྒྱུད་པ་སྤངས་ནས། བརྒྱུད་པ་མ་ཉམས་ཤིང་། མཚན་ཉིད་དང་ལྡན་པའི་བླ་མ་ཉམས་རྟོགས་མཆོག་ཏུ་གྱུར་པ་བརྟེན་ནས་རང་ཡང་གུས་ཤིང་། བླ་མ་མཉེས་པ་གནད་ཡིན་ནོ།
།ལྔ་པ་ཡིད་ཆེས་ལུང་གིས་བརྒྱན་པ་ནི། སྙིག་མ་ཅེས་པ། དུས་དང་། ཚེ་དང་། ལོངས་སྤྱོད་ཀྱི་སྙིགས་མ་ལ་སོགས་པ། སྙིགས་མ་ལྔ་བརྡོ་བའི་དུས་སུ། གང་ཟག་གི་ཤེས་རྒྱུད་ལོག་ལྟས་དཀྲུགས་ནས། མན་ངག་ལ་ཐེ་ཚོམ་སྐྱེས་པའི་ཚེ། ཡིད་ཆེས་བསྐྱེད་པའི་དོན་དུ། བཀའ་མདོ་རྒྱུད་ཀྱི་ལུང་དྲང་དགོས་ཏེ།
བརྟག་གཉིས་ལས། ང་ལས་འགྲོ་བ་ཐམས་ཅད་བྱུང་། །ང་ལས་གནས་གསུམ་པོ་ཡང་བྱུང་། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང་། །ཅེས་དང་། དངོས་དང་དངོས་པོ་མེད་པ་དང་། །དངོས་པོ་རྟོགས་ཕྱིར་སངས་རྒྱས་ང་། །གང་ཕྱིར་ལེ་ལོས་བསྣུན་པ་ཡི། །རྨོངས་པ་གང་གིས་ང་མི་ཤེས། །ཅེས་དང་།
༼།དངོས་པོ་ང་སྟེ་དངོས་མེད་ང་། །དངོས་པོ་རྟོགས་ཕྱིར་སངས་རྒྱས་ང་། །གང་ཞིག་ལེ་ལོས་བསྒྲུན་པ་དང་། །རྨོངས་པ་གང་གིས་ང་མི་ཤེས།༽
མཚན་བརྗོད་ལས། ཆོས་ཀུན་ངོ་བོ་ཉིད་འཆང་བ། །ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །ཆོས་ཀུན་མངོན་པར་རྟོགས་པ་སྟེ། །ཅེས་དང་། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོ་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཅེས་སོ།
།དྲུག་པ་ཉེ་བརྒྱུད་དུ་བསྟན་པ་ནི། །འཆི་མེད་ཅེས་པ། འཆི་མེད་ནི། རྡོ་རྗེ་འཆང་གི་ཆིག་བརྒྱུད་དུ། རྡོ་རྗེའི་རྒྱས་བཏབ་ཅིང་། མི་རབས་བདུན་དུ་སོང་ཙ་ན། བརྒྱུད་པ་གསུམ་པ་ཡིན་ནོ།
།མདོར་ན་འཆི་མེད་རང་གྲོལ་འདི་རྣ་བར་ལན་གཅིག་ཐོས་པས། བར་དོར་རྒྱལ་བ་ལོངས་སྐུར་སངས་རྒྱ་བར། བཀའ་མདོ་རྒྱུད་ཐམས་ཅད་ནས་གསུགས་པས། འཁོར་བར་འཁྱམས་དགོས་པ་མི་དགོས། ཐེ་ཚོམ་དང་ཡིད་གཉིས་མ་ཟད། མི་ལུས་ཐོབ་པ་དོན་ཅན་དུ་སོང་པ་ཡིན་ནོ། །གསུང་ངོ་།
།འཆི་མེད་ལྷ་སྐུ་ཕྱག་རྒྱ་ཆེ། །དྲན་པས་མངོན་སངས་རྒྱ་བ་འདི། །སྐལ་ལྡན་ཐུགས་ཆོངས་འགྲོ་དོན་མཛོད། །དགེ་བས་རང་གྲོལ་རྟོགས་པར་ཤོག
།རང་སེམས་འཆི་མེད་རང་གྲོལ་གྱི་འགྲེལ་པ་སྔགས་འཆང་དྷྭ་ཛ་ལཀྵས་ཡི་གེར་བཀོད་པའོ། །སེམས་ཅན་ལ་ཕན་ཐོག་པར་གྱུར་ཅིག །དགེའོ།། ཤུ་བྷཾ།། །།