Shangs chos kyi smin byed rgyun gang yod kyi dkyil 'khor bri tho nyung gsal

From Shangpa Resource Center








Resource ID SCv8p369
Title shangs chos kyi smin byed rgyun gang yod kyi dkyil 'khor bri tho nyung gsal
Topics Initiation
Sub-Topics Topical outline
Author Jamyang Khyentsé Wangpo
Associated Person Künga Drölchok
Ngawang Chödrak
Losel Tenkyong
Link BDRC W23922
BDRC W8LS32723

ཤངས་ཆོས་ཀྱི་སྨིན་བྱེད་རྒྱུན་གང་ཡོད་ཀྱི་དཀྱིལ་འཁོར་བྲི་ཐོ་ཉུང་གསལ་བཞུག་སོ།།

ཨོཾ་སྭ་སྟི།
དཔལ་ལྡན་ཤངས་པའི་ཟབ་ཆོས་ཀྱི་སྨིན་བྱེད་སྐབས་སུ་ཉེར་མཁོའི་རས་བྲིས་འབྲི་ཐོ་ལ། ཐོག་མར།
༼༡༽ རྒྱུད་སྡེ་ལྔ་རིགས་བསྡུས་དང་།
༼༢༽ བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་སྒྲུབ་དཀྱིལ་ལྟར།
༼༣༽ བདེ་མཆོག་ལྷ་ལྔའི་ཏིང་ངེ་འཛིན་གྱི་དབང་ལ་རས་དཀྱིལ་པདྨ་འདབ་བཞི། ཤར་སྔོ། བྱང་ལྗང་། ནུབ་དམར། ལྷོ་སེར། ལྟེ་བ་སྔོན་པོ་བཅས་པའི་དབུས་དང་འདབ་བཞིར་པད་འདབ་སོ་སོ་དང་ཁ་དོག་མཐུན་པའི་ཐིག་ལེ་རེ་རེ་བྲི།
༼༤༽ སྒྱུ་ལུས་དབང་མོ་ཆེའི་དཀྱིལ་འཁོར་ལ། གཞལ་ཡས་ཁང་རྟ་བབ་བཞི་བཅས་ཡོད་པ་སྤྱི་འགྲེ་ལ། དེའི་ནང་དུ་ཚངས་ཐིག་གིས་བཅད་པའི་ལྟེ་བ་དང་། ཟུར་བཞིར་ཟླུམ་སྐོར་བཞི་བསྐོར་ཏེ་ཤར་ལྷོའི་ཟླུམ་སྐོར་ལ་ཆོས་འབྱུང་གཉིས་བརྩེགས་ཀྱི་ཐིག་བཏབ། ནུབ་བྱང་བྱང་ཤར་གཉིས་ཀྱི་ཟླུམ་སྐོར་ལ་ཆོས་འབྱུང་རྐྱང་པ་རེ་རེ། ལྷོ་ནུབ་ཀྱི་ཟླུམ་སྐོར་ལ་པདྨ་འདབ་བཞིའི་ཐིག་གདབ། གཞལ་ཡས་ཁང་གི་ཕྱི་རོལ་དུ་ཆ་ཕྲན་གཅིག་དང་གཉིས། གཅིག་ཅན་གྱི་མུ་ཁྱུད་གསུམ་བསྐོར། དེའི་ཕྱི་རོལ་ཏུ་དུར་ཁྲོད་བརྒྱད་ཀྱི་ས་ཁྱོན་སྤྱི་ལྟར། ཚོན་ནི་གཞན་སྤྱི་འགྲོ་བཞིན་ལ། གཞལ་ཡས་ཁང་གི་ནང་གི་ཕྱོགས་མདོག་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་ཀྱི་ཟླུམ་སྐོར་དབུས་སུ་ཉི་གདན་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། ཤར་ལྷོའི་ཆོས་འབྱུང་གཉིས་བརྩེགས་དཀར་པོ་ལ་བཅད་མཐིང་ནག །མེ་རི་དམར་པོ། དབུས་སུ་ཉི་གདན་ལྔ་ཚོམ་ལ་གཞན་བཞི་ལ་ཐིག་ལེ་མཐིང་ག །བྱང་དུ་ནག་པོ་བཅས་དགོད། ལྷོ་ནུབ་པདྨ་འདབ་བཞི་ཕྱོགས་མདོག་ལ་ལྟེ་བ་ཉི་གདན་ལ་ཐིག་ལེ་སྔོན་པོ་གཅིག །འདབ་མ་བཞི་ལ། ཤར་དུ་ཐིག་ལེ་ནག །ལྷོ་སེར། ནུབ་དམར། བྱང་དུ་ལྗང་གུའོ། ནུབ་བྱང་གི་ཆོས་འབྱུང་དམར་པོ། བཅད་ལྗང་གུ། གྲུ་ཆད་དཀར་པོ་ཅན་གྱི་དབུས་སུ་ཉི་གདན་ལྔ་ཚོམ་ལ། ཐིག་ལེ་དབུས་དམར། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་གུ་ཅན། བྱང་ཤར་གྱི་གྲའི་ཆོས་འབྱུང་ནག་པོ། མེ་རེ་དམར་པོ། གྲུ་ཆད་ལྗང་གུ། ཟླུམ་སྐོར་གྱི་ཆར་མུ་ཁྱུད་ནག་པོ་ཡོད་པའི་དབུས་སུ་ཉི་གདན་ལ་ཐིག་ལེ་ནག་པོ་བཀོད། གཞལ་ཡས་ཁང་གི་ཕྱི་རོལ་དུ་དུར་ཁྲོད་བརྒྱད། དེའི་ནང་དུ་མུ་ཁྱུད་རིམ་གསུམ་ཕྱི་ནས་རིམ་པས་གཞི་དཀར་པོ་དང་། དམར་པོ་དང་། སྔོན་པོ་གསུམ་གྱི་འཁོར་ཡུག་བྱ་སྟེ། དཀར་པོ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་མཚོན་བྱེད་ཡིན་པས་རི་མོ་གཞན་བྲི་མི་དགོས། དམར་པོ་ལ་མེ་རེ་དང་། སྔོན་པོ་ལ་རྡོ་རྗེའི་རྭ་བ་བཅས་བྲིའོ།
༼༥༽ རྒྱུད་སྡེ་ལྔའི་ཏིང་ངེ་འཛིན་གྱི་དབང་ལ། གཞལ་ཡས་ཁང་རྟ་བབ་རྣམ་བཞི་ལ་དུར་ཁྲོད་དང་བཅས་པ་མཚོན་བྱེད་ཙམ་གྱི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་དཀྱིལ་ལ་ཐིག་ལེ་སྔོན་པོ་ཆེ་བ་གཅིག །ཕྱོགས་བཞིར་ཤར་མཐིང་། ལྷོ་སེར། ནུབ་དམར། བྱང་ལྗང་གུའི་ཐིག་ལེ་ཆུང་ངུ་རེ། འདབ་མ་བརྒྱད་ཀྱི་ཕྱོགས་གཞན་གསུམ་དུ་ཐིག་ལེ་མཐིང་ག་དང་། བྱང་དུ་མཐིང་ནག་བཅས་ཆེ་བ་རེ་བྲི།
༼༦༽ གཏུམ་མོའི་སྒོས་བཀའ་ལ། དཀྱིལ་འཁོར་གོང་གི་བདེ་མཆོག་ལྷ་ལྔའི་ཏིང་ངེ་འཛིན་གྱི་དབང་དང་འདྲ།
༼༧༽ སྒྱུ་ལུས་ཀྱི་སྒོས་བཀའ་ལའང་དེ་དང་འདྲ། ངག་དབང་ཆོས་གྲགས་ཡིག་ཆ་ལྟར་ན། པདྨ་འདབ་བརྒྱད། ལྟེ་བ་དང་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། མཚམས་བཞི་མཛེས་ཚོན། ལྟེ་བར་ཐིག་ལེ་མཐིང་ནག །ཤར་ནས་བརྩམ་སྟེ་གཡས་བསྐོར་དུ་རིམ་པར་ཐིག་ལེ་ནག །དཀར། དམར། སྔོ། སེར། ལྗང་། ལྗང་། སྔོན་པོ་རེ་རེ་བྲི།
༼༨༽ རྨི་ལམ་གྱི་བཀའ་རྒྱས་པར་དཀྱིལ་འཁོར་སྒོ་རྫོགས་སམ། བསྔུ་ན་པདྨ་འདབ་བཞི། ལྟེ་བ་དང་ཤར་སྔོ་སོགས་ཕྱོགས་མདོག །ལྟེ་བ་དང་ཕྱོགས་གསུམ་ལ་ཐིག་ལེ་སྔོན་པོ། བྱང་དུ་སྔོ་ནག་བཅས་བྲི།
༼༩༽ འོད་གསལ་གྱི་སྒོས་བཀའ་ལ་པདྨ་འདབ་མ་བརྒྱད་པའམ་བཞི་པ་གང་ཡང་རུང་བའི་ལྟེ་བ་སེར། ཤར་དཀར། ལྷོ་སེར་སོགས་ཕྱོགས་མདོག །ལྟེ་བར་ཉི་གདན་ལ་ཐིག་ལེ་སྔོན་པོ། འདབ་བཞིའི་ཤར་སྔོ་ནག །ལྷོ་སེར་སོགས་ཕྱོགས་མདོག་གི་ཐིག་ལེ་རེ།
༼༡༠༽ འཕོ་བའི་སྒོས་བཀའ་ལ་ཆོས་འབྱུང་དམར་པོ་གཉིས་རྩེགས་ཕྱི་དཀར། ནང་དམར། གོང་རས་ལྗང་། མུ་ཁྱུད་ནག །དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་རྡོ་རྗེ་རྩེ་ལྔ་་་་་འི་ཐིག་ལེ་དམར་པོ། ཕྱོགས་བཞིའི་འདབ་མར་ཐིག་ལེ་དམར་པོ་རེ་རེ་ངག་ཆོས་ཀྱི་ཡིག་ཆ་ལྟར་ན་ཕྱོགས་བཞིའི་ཐིག་ལེ་མི་དགོས།
༼༡༡༽ བར་དོའི་སྒོས་བཀའ་ལ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་དབུས་སུ་ཉི་གདན་དང་འདབ་མ་བརྒྱད་བཅས་ལ་ཐིག་ལེ་སྔོན་པོ་རེ་རེ།
༼༡༢༽ ཕྱག་ཆེན་གའུ་མའི་དབང་ལ་པདྨ་འདབ་བཞི་ལྟེ་བ་སེར། ཕྱོགས་བཞི་ཕྱོགས་མདོག །ལྟེ་བར་ཉི་གདན་ལ་ཐིག་ལེ་སྔོན་པོ། དེའི་ཤར་དུ་མཐིང་། ལྷོ་སེར། ནུབ་དམར། བྱང་ལྗང་གུའི་ཐིག་ལེ་ཆུང་ངུ་རེ་རེ། འདབ་བཞིའི་གསུམ་དུ་ཐིག་ལེ་མཐིང་ག །བྱང་དུ་མཐིང་ནག།
༼༡༣༽ ལུས་འཆི་མེད་ཀྱི་བཀའ་ལ་པདྨ་འདབ་བཞི་ལྟེ་བ་མཐིང་ག །འདབ་མ་བཞི་ཕྱོགས་མདོག །ལྟེ་བ་ཉི་གདན་ལ་ཐིག་ལེ་མཐིང་། འདབ་བཞིའི་ཤར་མཐིང་། ལྷོ་སེར་སོགས་ཕྱོགས་མདོག་གི་ཐིག་ལེ།
༼༡༤༽ སེམས་འཆི་མེད་ཀྱི་བཀའ་ལ་བདེ་མཆོག་ལྷ་ལྔའི་ཏིང་ངེ་འཛིན་གྱི་དབང་ངམ། གོང་གི་ཕྱག་ཆེན་གའུ་མའི་དཀྱིལ་འཁོར་གང་རུང་ལྟར་འབྲི།
༼༡༥༽ དུག་ལྔ་ལམ་ཁྱེར་གྱི་བཀའ་ལ་བདེ་མཆོག་ལྷ་ལྔ་འམ་ཕྱག་ཆེན་གང་རུང་དང་འདྲ།
༼༡༦༽ བླ་མ་ལམ་ཁྱེར་གྱི་བཀའ་ལ་པདྨ་འདབ་བཞིའི་ལྟེ་བ་སེར། ཤར་མཐིང་། ལྷོ་སེར་སོགས་ཕྱོགས་མདོག །གོང་རས་ལྗང་། མུ་ཁྱུད་ནག་ཁྱམས་ཕྱོགས་མདོག །ལྟེ་བར་ཐིག་ལེ་དཀར་པོ་ཆེ་བ་གཅིག །ཕྱོགས་བཞིར་དཀར་པོ་ཆུང་ངུ་རེ་རེ། འདབ་བཞིར་ཤར་དཀར་ལྷོ་སེར། ནུབ་དམར། བྱང་ལྗང་གུའི་ཐིག་ལེ་རེ་རེ།
༼༡༧༽ ཡི་དམ་ལམ་ཁྱེར་གྱི་བཀའ་ལ་པདྨ་འདབ་བཞིའི་ལྟེ་བ་དང་ཤར་མཐིང་། ལྷོ་སེར་སོགས་ཕྱོགས་མདོག །གོང་རས་ལྗང་། མུ་ཁྱུད་ནག །ཁྱམས་ཕྱོགས་མདོག །ལྟེ་བར་ཟླ་གདན་ལ་ཐིག་ལེ་སྔོ་སྐྱ། འདབ་བཞིར་ཤར་དཀར། ལྷོ་སེར་སོགས་ཕྱོགས་མདོག་གི་ཐིག་ལེ་རེ།
༼༡༨༽ མཁའ་སྤྱོད་དཀར་མོའི་བྱིན་རླབས་ལ་ཆོས་འབྱུང་དཀར་པོ་མཐའ་མེ་རི་དཀར་པོས་བསྐོར་བ། དབུས་སུ་ཧྲཱིཿ དཀར་པོ།
༼༡༩༽ མཁའ་སྤྱོད་སུམ་ཕྲུག་གི་བྱིན་རླབས་ལ་ཟླུམ་བསྐོར་མུ་ཁྱུད་སྔོན་པོ། གཞི་ལྗང་གུའི་དབུས་སུ་འཇའ་གོར་ནོར་བུ་མིག་གསུམ་ལྟ་བུ། དེའི་གཡས་སེར། དབུས་དཀར། གཡོན་དུ་ནག་པོའི་ཐིག་ལེ་རེ།
༼༢༠༽ བདེ་མཆོག་གསང་སྒྲུབ་ལ་མུ་ཁྱུད་སྔོན་པོ་ཅན་གྱི་པདྨ་འདབ་བཞི། ལྟེ་བ་སྔོ། ཤར་དཀར། ལྷོ་སེར་སོགས་ཕྱོགས་མདོག །ལྟེ་བར་ཉི་གདན་ལ་ཐིག་ལེ་སྔོ། འདབ་བཞིའི་ཤར་སྔོ། ལྷོ་སེར་སོགས་ཕྱོགས་མདོག་གི་ཐིག་ལེ་རེ།
༼༢༡༽ ཕྱག་རྡོར་གསང་སྒྲུབ་ལ་པདྨ་འདབ་བཞི་ཕྱོགས་མདོག་གི་དབུས་སུ་ཟླ་གདན་ལ་ཐིག་ལེ་སྔོན་པོ་གཅིག།
༼༢༢༽ རྣམ་འཇོམས་གསང་སྒྲུབ་ལ་པདྨ་འདབ་བཞིའི་དབུས་སུ་ཉི་གདན་ལ་ཐིག་ལེ་མཐིང་ག་གཅིག།
༼༢༣༽ སུ་ཁ་སིདྡྷིའི་བྱིན་རླབས་ལ་པདྨ་འདབ་བཞིའི་དབུས་དཀར་དམར། ཤར་སྔོ། ལྷོ་སེར་སོགས་ཕྱོགས་མདོག །མཐའ་མེ་རི་དཀར་ལ་དམར་མདངས་ཅན་གྱིས་བསྐོར་བ། ལྟེ་བར་ཟླ་གདན་ལ་ཐིག་ལེ་དཀར་ལ་དམར་མདངས་ཆགས་པ།
༼༢༤༽ ལྷ་བཞི་དྲིལ་སྒྲུབ་ལ་པདྨ་འདབ་བཞི་ལྟེ་བ་སྔོ། འདབ་བཞི་ཕྱོགས་མདོག །དབུས་སུ་ཟླ་གདན་ལ་ཐིག་ལེ་སྔོན་པོ། །ཤར་དུ་ཉི་གདན་ལ་ཐིག་ལེ་ནག །ལྷོར་ཉི་གདན་ལ་ཐིག་ལེ་དམར། ནུབ་ཏུ་ཟླ་གདན་ལ་ཐིག་ལེ་དཀར། བྱང་དུ་ཟླ་གདན་ལ་ཐིག་ལེ་ལྗང་གུ་རྣམས།
༼༢༥༽ མགོན་པོ་ཕྱག་དྲུག་པ་བར་ཆད་ཀུན་སེལ་གྱི་རྗེས་གནང་ལ་ཆོས་འབྱུང་རྐྱང་པ་གྲུ་གསུམ་མཐིང་ནག་མེ་རི་དང་བཅས་པའི་དབུས་སུ་ཉི་གདན་ལ་ཧཱུྃ་ཡིག་སྔོན་པོས་མཚན་པ་བྲིའོ།།
༈ ཆོས་སྐྱོང་བའི་སྲུང་མ་མགོན་པོ་ཕྱག་དྲུག་པ་བཀའ་ཆེན་བཅུ་གསུམ་གྱི་རྗེས་གནང་ལ།
༼༡༽ ཐོག་མར་རྗེས་གནང་བར་ཆད་ཀུན་སེལ་གྱི་དཀྱིལ་འཁོར་ནི་བཤད་མ་ཐག་པ་ལྟར་དང་།
༼༢༽ གྲིབ་སེལ་མགོན་པོའང་དེ་དང་འདྲ།
༼༣༽ བླ་མ་མགོན་པོ་དབྱེར་མེད་ཀྱི་རྗེས་གནང་ལ། ཕྱི་རོལ་གྲུ་བཞིའི་ནང་དུ་ཟླུམ་སྐོར་ནག་པོ་ལ་དུར་ཁྲོད་མཚོན་བྱེད་ཙམ། དེའི་ནང་དུ་ཟླུམ་པོ་གཉིས་སྐོར། ཟླུམ་སྐོར་དང་གྲུ་བཞིའི་བར་ཤར་དཀར་སོགས་ཕྱོགས་མདོག །ཟླུམ་སྐོར་དང་གཅིག་གི་བར་སྔོན་པོ། ཟླུམ་པོའི་ནད་ལྗང་གུ། དེའི་དབུས་སུ་ཆོས་འབྱུང་གྲུ་གསུམ་མཐིང་ག་མེ་རི་དང་བཅས་པའི་དབུས་སུ་གྲི་གུག་གི་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ་བྲི།
༼༤༽ མགོན་པོ་གནད་དབབ་དང་མཁའ་འགྲོ་དབང་སྡུས་ལྷན་ཅིག་པའི་རྗེས་གནང་ལའང་དེ་དང་འདྲ།
༼༥༽ མགོན་པོ་མཆིན་ཁའི་རྗེས་གནང་ལ། ཆོས་འབྱུང་མཐིང་ནག་གྲུ་གསུམ་མེ་རི་དང་བཅས་པའི་དབུས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཧཱུྃ་ཡིག་མཆིན་ཁ་འབྲི།
༼༦༽ ས་ར་ཧའི་ལུགས་ཀྱི་མགོན་པོའི་རྗེས་གནང་ལའང་བར་ཆད་ཀུན་སེལ་དང་འདྲ།
༼༧༽ མགོན་པོ་རྒྱན་ཅན་གྱི་རྗེས་གནང་ལ། ཆོས་འབྱུང་མཐིང་ག་མེ་རི་དང་བཅས་པའི་དབུས་སུ་ཧཱུྃ་དང་ཨ་ཡིག་གིས་མཚན་པ་བྲི།
༼༨༽ ལྷ་བཞི་དྲིལ་སྒྲུབ་ཀྱི་དབང་ལ། ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བཞི་པ། ལྟེ་བ་ལྗང་གུ། འདབ་མ་བཞི་མཛེས་མཚོན། ལྟེ་བ་རྡོ་རྗེ་དང་དྲིལ་བུ། འདབ་བཞིའི་ཤར་དུ་གྲི་གུག །ལྷོར་གྲི་གུག །ནུབ་ཏུ་པདྨ་དཀར་པོ་བྱང་དུ་ཨུཏྤལ་སྔོན་པོ་རྣམས་བྲི།
༼༩༽ མགོན་པོ་དབང་རྒྱལ་གྱི་རྗེས་གནང་ལ། ཆོས་འབྱུང་ཕྱི་མཐིང་། ནང་དཀར་བའི་ནང་དུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་གྲི་གུག་གིས་མཚན་པ་བྲི།
༼༡༠༽ ཚེ་བདག་མགོན་པོའི་རྗེས་གནང་ལ། ཆོས་འབྱུང་ལྗང་གུ་མེ་རི་དང་བཅས་པའི་དབུས་སུ། སྣ་ཚོགས་པདྨའི་ལྟེ་བར་ཉི་མ། དེའི་སྟེང་དུ་ཧཱུྃ་ལྗང་གུ་རྣམས་བྲི།
༼༡༡༽མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང་ཆིག་བརྒྱུད་ནི་བར་ཆད་ཀུན་སེལ་དང་འདྲ།
༼༡༢༽ བགོན་དཀར་ཡིད་བཞིན་ནོར་བུའི་རྗེས་གནང་ལ། པདྨ་དཀར་པོ་འདབ་མ་བཞི་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་ལ་ཧཱུྃ་དཀར་པོ། པདྨའི་བཐར་མེ་རི་བསྐོར་བ་བྲི།
༼༡༣༽ མགོན་པོ་བཀའ་བརྒྱད་ཀྱི་སྐབས་སུ་དགོས་པའི་ཙཀླི་ལ། ༡ གྲི་གུག ༢ །ཐོད་པའི་ཕྲེང་བ། ༣ ཐོད་པའི་ཅང་ཏེའུ། ༤ ཐོད་པ་ཁྲག་གིས་བཀང་བ། ༥ ཁ་ཊྭྃ་རྩེ་གསུམ། ༦ རྡོ་རྗེ་མཚན་པའི་ཞགས་པ། ༧ ཐོད་སྐམ་ལྔ་ཡི་དབུ་རྒྱན། ༨ ཐོད་རློན་ལྔ་བཅུའི་དོ་ཤལ། ༩ སྦྲུལ་རིགས་ལྔའི་རྒྱན། ༡༠ གླང་ཀོའི་སྟོད་གཡོག ༡༡ །སྟག་གིས་ཤམ་ཐབས། ༡༢ རུས་པའི་རྒྱན་དྲུག་བཅས་ཙཀླི་བཅུ་གཉས།
༼༡༤༽ ཞར་བྱུང་ཞིང་སྐྱོང་ཀྵེ་ཏྲ་པཱ་ལའི་རྗེས་གནང་ཆིག་བརྒྱད་མ་ལ། ཆོས་འབྱུང་གྲུ་གསུམ་ཕྱི་ནག་ནང་དམར་བ་མེ་རི་དང་བཅས་པའི་དབུས་སུ་ཐིག་ལེ་ནག་པོ་གཉིས་བྲིའོ།།
དེ་ལྟར་དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་ཟབ་ཆོས་ལ་དབང་དང་བཀའ་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་ཀྱང་། དེ་ཡང་ཕྱོགས་ཐམས་ཅད་ནས་བཙལ་བས་རྒྱུན་བཞུགས་ངེས་པ་བདག་གིས་ཐོབ་པ་ནི་དེ་ཙམ་སྟེ། ཆོས་དྲུག་བཀའ་སོགས་འགའ་ཞིག་ཕྱག་ལེན་མི་འདྲ་བ་འགའ་རེ་ཐོས་ཀྱང་འདིར་ནི་རྗེ་བཙུན་རིན་པོ་ཆེ་ཀུན་དགའ་གྲོལ་མཆོག་གོང་འོག་དང་མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་བཞེད་པ་གཙོ་བོར་བཏོན་ནས་ཁྱབ་བདག་ཞྭ་ལུ་པ་རྡོ་རྗེ་འཆང་རིན་ཆེན་བློ་གསལ་བསྟན་སྐྱོང་གིས་ནག་འགྲོས། ཆུ་འབབས་སུ་བཀོད་པའི་གསུང་རབས་ཀྱི་དགོངས་པ་ཇི་ལྟ་བར་བཀོད་པ་ཡིན་ལ། ཆོས་དྲུག་གི་བྱིན་རླབས་ཞྭ་ལུ་རྡོ་རྗེ་འཆང་གི་ཡིག་ཆ་དང་། ངག་དབང་ཆོས་གྲགས་པའི་ཡིག་ཆ་ལྟར་སོ་སོར་ཐོབ་ཅིང་། དམིགས་པའི་ཁྱད་པར་སོགས་མི་འདྲ་བ་མང་བས་སླད་ནས་ཀྱང་སོ་སོར་བསྐུར་ན་ལེགས་པ་ཡིན་ནོ།
ཞེས་པའང་མཉྫུ་གྷོ་ཝས་འདིའི་བྲིས་ཐང་རྣམས་བཞེངས་སྐབས་ཟིན་བྲིས་སུ་བགྱིས་པའི་ལེགས་བྱས་ཀྱི་སྣང་བས་དཔལ་ལྡན་ཤངས་པའི་ཟབ་ཆོས་འཇིག་རྟེན་གསུམ་ན་ཉི་ཟླ་ལྟར་ཁྱབ་ཅིང་རྟག་པའི་རྒྱུར་སིདྡྷི་རས་ཏུ།། །།