Shangs pa bka' brgyud kyi bla ma brgyud pa'i gsol 'debs byin brlabs ma

From Shangpa Resource Center








Resource ID SCv8p654
Title shangs pa bka' brgyud kyi bla ma brgyud pa'i gsol 'debs byin brlabs ma
Topics Lineage prayer
Link BDRC W23922

ཤངས་པ་བཀའ་བརྒྱུད་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་བརླབས་མ་ཞེས་བྱ་བ་བཞུགས་སོ།།

ན་མོ་གུ་རུ།
རྗེ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད། །དཔལ་ལྡན་བླ་མ་རྡོ་རྗེ་འཆང་དབང་དངོས། །བདག་སོགས་སྤྱི་བོར་བཞུགས་ནས་བྱིན་གྱིས་རློབས། །ཕྱི་བཟུང་ཡུལ་ཚོ་སྒྱུ་མར་ཤེས་པར་བྱིན་གྱིས་རློབས། །ནང་འཛིན་སེམས་གཙོ་སྐྱེ་མེད་དུ་རྟོགས་པར་བྱིན་གྱིས་རློབས། །བར་རྣམ་རྟོག་གི་འགྱུ་བ་གཙོ་སྒྱུ་མར་ཤེས་པར་བྱིན་གྱིས་རློབས།
།སྐུ་ལྔའི་བདག་ཉིད་རྒྱལ་བ་རྡོ་རྗེ་འཆང་། །བདེ་སྟོང་གར་བསྒྱུར་ཡེ་ཤེས་མཁའ་འགྲོ་མ། །སྣང་སེམས་དབང་ཐོབ་ཁྱུང་པོ་རྣལ་འབྱོར་ཞབས། །རྩ་བརྒྱུད་བླ་མ་དམ་པ་ཁྱེད་རྣམས་ལ། །སྤྲང་རྩེ་གཅིག་གདུང་བའི་ཡིད་ཀྱིས་གསོལ་བ་འདེབས། །བདག་སོགས་སྤྱི་བོར་བཞུགས་ལས་བྱིན་གྱིས་རློབས། །ཅེས་པའི་ཤམ་བུ་གོང་དང་འདྲ།
།སྒྱུ་ལུས་རྨི་ལམ་འབྱོངས་པའི་རྨོག་ལྕོག་པ། །ཐུ་གེས་ཆེན་པོ་དབོན་སྟོན་སྐྱེར་སྒང་པ། །ཟག་མེད་བདེ་བ་རྒྱས་པའི་གཉན་སྟོན་ཞབས། །སྤྲང་རྩེ་གཅིག་གདུང་བས༴ །བདག་སོགས་སྤྱི་བོར་བཞུགས་ལས་བྱིན་གྱིས་རློབས། །ཕྱི་བཟུང་ཡུལ་གཙོ་སྒྱུ་མར༴
།འབྲེལ་ཚད་དོན་ལྡན་ཆོས་རྗེ་སྟོན་པའི་ཞབས། །སྒྲུབ་པ་མཐར་ཕྱིན་ཤངས་སྟོན་རིན་པོ་ཆེ། །མཁྱེན་བརྩེའི་བདག་ཉིད་མཁས་བཙུན་སངས་རྒྱས་ཞབས། །སྤྲང་རྩེ་གཅིག་བདག་སོགས༴ ཕྱི་བཟུང་༴
འོད་གསལ་མངོན་གྱུར་འཇག་ཆེན་བྱམས་པ་དཔལ། །འགྲོ་བའི་འདྲེན་མཆོག་བློ་གྲོས་དཔལ་བཟང་ཞབས། །བཀའ་བརྒྱུད་བསྟན་འཛིན་ཀུན་དགའ་དཔལ་བཟང་ཞབས། །སྤྲང་རྩེ༴ །བདག་སོགས་སྤྱི་བོར་བཞུགས་ལས་བྱིན་གྱིས་རློབས། །པྱི་བཟུང་༴
དོན་གཉིས་མཐར་ཕྱིན་བསོད་ནམས་བཟང་པོའི་ཞབས། །གནས་ལུགས་མངོན་གྱུར་བློ་གྲོས་བཟང་འཕེལ་བ། །དཀའ་སྤྱད་མཐར་ཕྱིན་རཏྣའི་མཚན་ཅན་དང་། །ཉམས་རྟོགས་མཐར་ཕྱིན་རྩ་བའི་བླ་མའི་ཞབས། །སྤྲང་རྩེ༴ །བདག་སོགས༴ །ཕྱི་བཟུང་༴
བདེ་སྟོང་ལྷན་སྐྱེས་བདེ་མཆོག་འཁོར་ལོའི་ཞབས། །ཉོན་མོངས་གདུང་སེལ་སྙན་བརྒྱུད་བདུད་རྩིའི་བཅུད། །བར་ཆད་ཀུན་སེལ་ཕྱག་དྲུག་ཡེ་ཤེས་མགོན། །ཡི་དམ་དམ་ཆོས་ཆོས་སྐྱོང་ཚོགས་རྣམས་ལ། །སྤྲང་རྩེ་གཅིག་གདུང་བས་གསོལ་བ༴ །བདག་སོགས༴ །ཕྱི་བཟུང་༴
།རིགས་ཀྱི་ལས་ཀྱི་གནས་གསུམ་མཁའ་འགྲོ་མ། །ཉམས་རྟོགས་གོང་འཕེལ་གྲུབ་ཆེན་ཕོ་མོ་དང་། །སྐྱོན་མེད་དག་སྣང་འབྱོངས་པའི་རྡོ་རྗེ་སྤུན། །མཁའ་འགྲོ་གྲུབ་ཐོབ་མཆེད་གྲོགས་ཚོགས་རྣམས་ལ། །སྤྲང་རྩེ་གཅིག་གདུང་བས་ཡིད་ཀྱིས་གསོལ་བ་འདེབས། །བདག་སོགས་སྤྱི་བོ་རུ་བཞུགས་ལས་བྱིན་གྱིས་རློབས། །ཕྱི་བཟུང་ཡུལ་གཙོ་སྒྱུ་མ་རུ་ཤེས་པར་བྱི་ན་གྱིས་རློབས། །ནང་འཛིན་སེམས་གཙོ་སྐྱེ་མེད་རྟོགས་པར་བྱིན་གྱིས་རློབས། །བར་རྣམ་རྟོག་གི་འགྱུ་བ་གཙོ་རང་གྲོལ་དུ་བྱིན་གྱིས་རློབས།། །།