Snying thig phyag rgya chen po ga'u ma'i sngon 'gro ngag 'don bskal bzang gdul bya 'dzin pa'i bka' brgyud thugs rje'i lcags kyu

From Shangpa Resource Center








Resource ID Sup5
Title dpal ldan shangs pa bka' brgyud kyi snying thig phyag rgya chen po ga'u ma'i sngon 'gro ngag 'don bskal bzang gdul bya 'dzin pa'i bka' brgyud thugs rje'i lcags kyu
Topics Mahamudra Gauma
Sub-Topics Preliminary practices
Author Namnang Dorjé
Associated Person Jetsün Taranatha
Yönten Gönpo
Link BDRC W1KG11959
Notes Jonang lineage

༄༅། །དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་སྙིང་ཐིག་ཕྱག་རྒྱ་ཆེན་པོ་གའུ་མའི་སྔོན་འགྲོ་ངག་འདོན་བསྐལ་བཟང་གདུལ་བྱ་འཛིན་པའི་བཀའ་བརྒྱུད་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས།

སྐྱབས་གནས་ཀུན་འདུས་བཀའ་བརྒྱུད་རིན་པོ་ཆེ། །དངོས་གྲུབ་ཀུན་འབྱུང་ཡི་དམ་རིན་པོ་ཆེ། །བར་ཆད་ཀུན་བསལ་ཆོས་སྐྱོང་རིན་པོ་ཆེ། །རིན་ཆེན་སེམས་ཀྱི་གནས་ལུགས་རྟོགས་པར་ཤོག
།རྒྱལ་བ་སྲས་བཅས་བགྲོད་གཅིག་ཟབ་ལམ་ཆོས། །རྣལ་འབྱོར་དབང་པོའི་བདེ་གསལ་སྟོང་པའི་ཉམས། །གནས་ལུགས་ཆོས་སྐུ་རྗེན་པར་ངོ་འཕྲོད་གཏམས། །ཕྱག་ཆེན་སྔོན་འགྲོའི་ངག་འདོན་འདི་ལྟར་བྱ།
དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ།
།དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོ། དཔལ་ལྡན་རྩ་བའི་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ།
།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པའི་ཞབས་ལ་ཕྱག་འཚལ་ལོ།
།བདག་གི་ལུས་དང་ངག་དང་ཡིད་ལ་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང་བསྲུང་ཞིང་བྱིན་གྱིས་བརླབས་ཏུ་གསོལ།
དལ་འབྱོར་འདི་ནི་རྙེད་པ་ཤིན་ཏུ་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པརགྱུར་པ་ལ། །ཀལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོརབ་ག་ལ་འགྱུར། །སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟརའབབ་ཆུ་བཞིན་དུ་མྱུར་མྱོང་འགྲོ། །དུས་ཀྱི་བསྙེན་ནས་རྒྱལ་པོ་འགྲོ་འགྱུརན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གང་དང་གང་འགྲོ་བ། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ན་འཆི་མེད་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། ཞེས་བརྗོད་ཅིང་དོན་བསམ་མོ།
།དེ་ནས་སྐྱབས་འགྲོ་ནི།
མཁའ་དབྱིངས་དག་པར་རིན་ཆེན་སེང་ཁྲིའི་སྟེང་། །གདོད་མའི་མགོན་པོ་བླ་མ་རྡོ་རྗེ་འཆང་། །མཚན་དཔེའི་རྒྱན་ལྡན་དགྱེས་པའི་འཛུམ་ཞལ་ཅན། །ཕྱོགས་བཅུའི་སངས་རྒྱས་ཀུན་འདུས་སྐྱབས་གཅིག་བཞུགས།
ངག་ཏུ། མ་འགྲོ་བ་ནམ་མཁའ་དང་མཉམས་པའི་སེམས་ཅན་ཐམས་ཅད་སྐྱབས་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆི་པ་ལགས་སོ། །ཞེས་ལན་བདུན་ཉེར་གཅིག་བརྒྱ་སྟོང་སོགས་ཅི་གྲུབ་བྱ།
སེམས་བསྐྱེད་ནི་ངག་ཏུ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་ཟབ་ལམ་ཕྱག་རྒྱ་ཆེན་པོ་ཉམས་སུ་བླང་བར་བགྱིའོ།
དག་བྱེད་ཨའི་སྟོང་ར་ནི། རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་ལ་དྲིན་ཅན་རྩ་བའི་བླ་མ་སྐུ་གཟི་མདངས་དང་ལྡན་པ། བལྟ་བའི་ཆོག་མི་ཤེས་པ། བདག་ལ་དགྱེས་པའི་ཞལ་འཛུམ་བག་དང་ལྡན་པ་གསལ་བཏབ།
ངག་ཏུ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ། བདག་གི་ནད་གདོན་ཐམས་ཅད་ཞི་བར་མཛད་དུ་གསོལ། སྡིག་སྒྲིབ་ཐམས་ཅད་འདག་པར་མཛད་དུ་གསོལ། ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། མཐར།
བླ་མ་འོད་ཞུ་སྤྱི་བོ་ནས་ཞུགས་ཐིམ། །ཀླད་པ་གཏི་མུག་རང་བཞིན་ཡལ་ཚུལ་སྦྱངས། །ཐོད་པ་དུང་ཁང་གཞལ་ཡས་ཁ་དོག་དཀར། །དེ་ནང་ཆོས་འབྱུང་དཀར་པོ་གྲུ་གསུམ་པ། །དངས་གསལ་ཤེལ་སྣོད་ལྟ་བུ་གསལ་བའི་དབུས། །བླ་མ་རང་སེམས་སྤྲོས་བྲལ་སྐྱེ་མེད་མཚོན། །ཨ་ཡིག་དཀར་པོ་དངས་གསལ་འོད་དཀར་འཕྲོ། །ཞེས་པ་གྲིམས་ལྷོད་རན་པོའི་དེ་ལ་གཏད། དེ་རྗེས་ཨ་ཐུང་བཟླས་པ་ཉེར་གཅིག་ཙམ།
ཨ་ལས་འོད་ཟེར་བདུད་རྩིའི་ཆུ་རྒྱུན་བབས། །ཐོག་མེད་ནས་བསགས་སྡིག་སྒྲིབ་ཉེས་ལྟུང་དཀོར། །སྡོམ་གསུམ་དང་འགལ་དམ་ཚིག་ཉམས་ཆགས་ཀུན། །སྒོ་དགུ་པ་སྤུའི་ཁུང་བུ་ཚུན་ཆད་ནས། །དུད་སོལ་ཁུ་བའི་རྣམ་པར་ནག་པུར་ཐོན། །ས་འོག་ཐག་རིང་སོང་ཞིང་ཡལ་བར་བསམ། །བདུད་རྩི་དྭངས་གསལ་རྒྱུན་གྱིས་རང་ལུས་གང་། །ཤེལ་གོང་གཡའ་དག་ལྟ་བུ་ལྡན་ནེ་སྒོམས། དེ་ལྟ་བུའི་དམིགས་པ་ལན་གྲངས་བརྒྱ་རྩ་ཙམ་ཞག་བདུན་སོགས་མང་དུ་བསྒོམས།
ཟབ་ལམ་བླ་མའི་རྣལ་འབྱོར་ནི། མདུན་གྱི་ནམ་མཁར་རིན་ཆེན་སེང་ཁྲིའི་སྟེང་། །སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་གདན། །རྒྱལ་ཀུན་ཐུགས་ཀྱི་ཀློང་ཡངས་འོག་མིན་ནས། །ཁྱབ་བདག་རྩ་བའི་བླ་མ་རྡོ་རྗེ་འཆང་། །སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། །བདེ་སྟོང་ཟུང་འཇུག་རྡོར་དྲིལ་ཐུགས་ཀར་བསྣོལ། །མཚན་དཔེའི་དཔལ་རྫོགས་དར་དང་རིན་ཆེན་བརྒྱན། །འོད་ཟེར་སྣང་བའི་སངས་རྒྱས་ཞིང་ཀུན་ཁྱབ། །གསང་གསུམ་མཛད་པ་འཕྲིན་ལས་མཁའ་དང་མཉམ། །དབྱིངས་དང་ཡེ་ཤེས་གཉིས་མེད་ཆོས་ཀྱི་སྐུ། །ཐུགས་ཡིད་དབྱེར་མེད་ཁྱབ་བདག་རང་ཞལ་ལྟ། །བརྒྱུད་པའི་བླ་མ་ཡི་དམ་ལྷ་ཚོགས་དང་། །སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་ཚོགས། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོའི་དབུས་ན་བཞུགས།
དྲིན་ཅན་བླ་མ་རིན་པོ་ཆེ། །ཆོས་སྐུའི་ཐུགས་ལ་ལོངས་སྐུའི་གསུང་། །སྤྲུལ་སྐུའི་ཚུལ་གྱིས་འགྲོ་དོན་མཛད། །མཚན་དཔེའི་གཟི་བརྗིད་འབར་བ་ལ། །གསུང་དབྱངས་ཡན་ལག་རྒྱ་མཚོའི་བཀའ། །ཐུགས་ནི་བདེ་གསལ་རྒྱ་མཚོ་འདྲ། །བརྒྱུད་ལྡན་བླ་མའི་ཚོགས་ཀྱིས་བསྐོར། །ཡི་དམ་ལྷ་ཚོགས་སྤྲིན་ལྟར་འཐིབས། །མཁའ་འགྲོ་མང་པོའི་ཚོགས་དང་བཅས། །ཆོས་སྐྱོང་བསྲུངས་མ་ཁྲོམ་ལྟར་ཚོགས། །སྤྲུལ་པ་བུ་ཡུག་བཞིན་དུ་འཚུབས། །ཕོ་ཉ་མང་པོ་གློག་ལྟར་འབྱུག །རིག་འཛིན་གྲུབ་པའི་ཚོགས་ཀྱིས་བསྐོར། །མཆོད་སྤྲིན་རྒྱ་མཚོའི་ཚོགས་དང་བཅས། །ཐུགས་རྗེའི་དབང་གིས་འདིར་བྱོན་ལ། །ད་ལྟ་བདག་ལ་བྱིན་གྱིས་རློབས། །མྱུར་བ་ཉིད་དུ་བྱིན་གྱིས་རློབས། །གདན་ཐོག་འདི་རུ་བྱིན་གྱིས་རློབས། །ལུས་ལ་བདེ་ཆེན་བསྐྱེད་དུ་གསོལ། །ངག་ལ་ནུས་པ་བསྐྱེད་དུ་གསོལ། །སེམས་ལ་ཡེ་ཤེས་དབབ་དུ་གསོལ། །དབང་བཞི་ད་ལྟ་བསྐུར་དུ་གསོལ། །ཉམས་དང་རྟོགས་པ་བསྐྱེད་དུ་གསོལ། །འར་མ་འུར་མར་བྱིན་གྱིས་རློབས། །བན་མ་བུན་མར་བྱིན་གྱིས་རློབས། །ཆལ་མ་ཆིལ་མར་བྱིན་གྱིས་རློབས། །རྩ་བ་བརྒྱུད་པའི་བླ་མས་བྱིན་གྱིས་རློབས། །ཡི་དམ་ལྷ་ཚོགས་བྱིན་གྱིས་རློབས། །དཔའ་བོ་མཁའ་འགྲོས་བྱིན་གྱིས་རློབས། །ཆོས་སྐྱོང་བསྲུངས་མས་བྱིན་གྱིས་རློབས། །ཀུན་འདུས་བླ་མས་བྱིན་གྱིས་རློབས། །རྗེ་བཙུན་བླ་མས་བྱིན་གྱིས་རློབས། ཞེས་བརྗོད།
དེ་ནས་མཎྜལ་བཀའ་རྒྱ་མ་ནི། བཀོད་པ་ཤིན་དུ་ལེགས་པའི་མཎྜལ་མཆོག །དབུས་ཀྱི་རི་རྒྱལ་གླིང་བཞི་གླིང་ཕྲན་བཅས། །གསལ་བྱེད་ཉི་མ་ཟླ་བའི་བསྐོར་ཞིང་མཛེས། །ཕྱི་རོལ་ལྕགས་རི་བར་ནི་རོལ་མཚོས་བརྒྱན། །རིན་ཆེན་དཔག་བསམ་ཤིང་དང་འདོད་འཇོའི་བ། །རྒྱལ་སྲིད་སྣ་བདུན་རིན་ཆེན་གཏེར་བརྒྱད་དང་། །མ་རྨོས་ལོ་ཏོག་ཡན་ལག་བརྒྱད་ལྡན་ཆུ། །ཕྱི་ནང་གསང་གསུམ་མཆོད་སྤྲིན་བསམ་མི་ཁྱབ། །དགའ་ཞིང་སྤྲོ་བར་བྱ་བའི་མཎྜལ་འདི། །དེ་ཉིད་བསྒྲུབ་པར་འདོད་པའི་རྣལ་འབྱོར་པའི། །བརྩོན་པའི་སྟོབས་ཀྱི་བླ་མ་ཡི་དམ་དང་། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་དབུལ་བར་བྱ། །སངས་རྒྱས་ཀུན་གྱི་གདུང་འཛིན་རྣལ་འབྱོར་པའི། །མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །ཉེས་སྐྱོན་འཁྲུལ་བའི་ཚོགས་རྣམས་ཀུན་སྤངས་ནས། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་ཤོག །ཅེས་པ་ལན་མང་དུ་འབུལ།
དེ་ནས་བཀའ་བརྒྱུད་རིན་པོ་ཆེའི་གསོལ་འདེབས་ནི། ན་མོ་གུ་རུ། ཕ་བླ་མ་རྣམས་ལ་ཕྱག་འཙལ་ལོ། །གནས་སྤྱི་གཙུག་ཉི་ཟླའི་གདན་སྟེངས་སུ། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གནས་འོག་མིན་ཆོས་ཀྱི་ཕོ་བྲང་དུ། །ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ་གསོལ༴ གསོལ་བ༴ གསོལ་བ༴ །སེང་ལྡང་འཁྲུགས་པའི་ནགས་ཁྲོད་དུ། །ཡེ་ཤེས་མཁའ་འགྲོ་ནཻ་གུ་ལ༴ གསོལ་བ༴ གསོལ༴ །ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ། །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ༴ ༴ ༴ །ཤར་མངོན་པར་དགའ་བའི་ཞིང་ཁམས་སུ། །རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་ལ༴ ༴ ༴ །ཤར་འོད་འཕྲོ་ཅན་གྱི་ཞིང་ཁམས་སུ། །དབོན་སྟོན་སྐྱེར་སྒང་ཆེན་པོ་ལ༴ ༴ ༴ །ཤར་མེ་ཏོག་བཀྲམ་པའི་ཞིང་ཁམས་སུ། །གཉན་སྟོན་སྦས་པའི་སངས་རྒྱས་ལ༴ ༴ ༴ །དག་པ་ཤར་ཕྱོགས་ཀྱི་ཞིང་ཁམས་སུ། །འགྲོ་མགོན་སངས་རྒྱས་སྟོན་པ་ལ༴ ༴ ༴ །ཆོས་སྐུ་སྟོན་པའི་ཞབས་དྲུང་དུ། །མཁས་གྲུབ་གཙང་མ་ཤངས་སྟོན་ལ༴ ༴ ༴ །ནུབ་པདྨ་ཅན་གྱི་ཞིང་ཁམས་སུ། །ཁྱུང་པོ་ཚུལ་ཁྲིམས་མགོན་པོ་ལ༴ ༴ ༴ །སྟེང་དགའ་ལྡན་ལྷ་ཡི་གཞལ་ཡས་སུ། །བྱ་བྲལ་བ་རི་ཁྲོད་རས་ཆེན་ལ༴ ༴ ༴ །བྱང་ཤམ་བྷ་ལ་ཡི་ཕོ་བྲང་དུ། །ཤངས་དཀར་བ་རིན་ཆེན་རྒྱལ་མཚན་ལ༴ ༴ ༴ །ལྷ་མི་འཁྲུགས་མགོན་པོའི་ཞིང་ཁམས་སུ། །མཉམ་མེད་སངས་རྒྱས་དཔལ་བཟང་ལ༴ ༴ ༴ །རྗེ་བླ་མ་གོང་མའི་གདན་ས་རུ། །གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ལ༴ ༴ ༴ །ཞིང་མེ་ཏོག་པདྨོའི་ཟེའུ་འབྲུ་ལ། །རྒྱ་སྒོམ་ལེགས་པ་རྒྱལ་མཚན་ལ༴ ༴ ༴ །ཕྱོགས་མེད་ཡངས་པའི་རྒྱལ་ཁམས་སུ། །བྱ་བཏང་ཡན་པ་བློ་བདེ་ལ༴ ༴ ༴ །བྲག་སྟོད་ཆོས་ཀྱི་ཕོ་བྲང་དུ། །ཐུགས་སྲས་ལྷ་དབང་གྲགས་པ་ལ༴ ༴ ༴ །ཁམས་གསུམ་སྨིན་གྲོལ་གྱི་ཞིང་ཁམས་སུ། །འཇམ་དབྱངས་ཀུན་དགའ་སྙིང་པོ་ལ༴ ༴ ༴ །གནས་ཡང་དགོན་ཆོས་ཀྱི་ཕོ་བྲང་དུ། །མཁས་གྲུབ་ཀུན་དགའ་བསོད་ནམས་ལ༴ ༴ ༴ །གནས་རྨོག་ལྕོག་རྡོ་རྗེའི་ཕོ་བྲང་དུ། །ངག་དབང་ཀུན་དགའ་ཡེ་ཤེས་ལ༴ ༴ ༴ །ཆོས་དབྱིངས་དག་པའི་ཞིང་ཁམས་སུ། །བྱམས་པ་ཡོན་ཏན་མགོན་པོ་ལ༴ ༴ ༴ །གནས་ཇོ་ནང་དབེན་པའི་རི་ཁྲོད་དུ། །ངག་དབང་ཀུན་དགའ་བློ་གྲོས་ལ༴ ༴ ༴ །བོད་གནས་སྨན་ཤག་ཕོ་བྲང་དུ། །འཚོ་བྱེད་ངག་དབང་འཇམ་དབྱངས་ལ༴ ༴ ༴ །གནས་རྟག་བརྟན་ཆོས་ཀྱི་ཕོ་བྲང་དུ། །ཇེ་ཀིརྟི་དྷརྨ་ཝརྡི་ལ༴ ༴ ༴ །་་་ལྡང་དཀར་གྲུབ་གནས་ཆེན་པོ་རུ། །རིག་འཛིན་ཀུན་བཟང་ཆོས་འབྱོར་ལ༴ ༴ ༴ །ཡུལ་གཙང་སྟོད་སྤོབ་རའི་གནས་མཆོག་ཏུ། །བློ་བཟང་མཐུ་སྟོབས་དཔལ་བཟང་ལ༴ ༴ ༴ །ཡུལ་གར་བཞུགས་རང་སྣར་དག་པའི་དབུས། །དཀོན་མཆོག་འཇིགས་མེད་རྣམ་རྒྱལ་ལ༴ ༴ ༴ །ཤར་མངོན་པར་དགའ་བའི་ཞིང་ཁམས་སུ། །རྒྱལ་བ་ངག་དབང་ཆོས་འཕེལ་ལ༴ ༴ ༴ །གནས་གར་བཞུགས་ཆོས་ཀྱི་ཕོ་བྲང་དུ། །རྗེ་བཙུན་མ་ཎི་བྷ་དྲ་ལ༴ ༴ ༴ །གནས་བསམ་འགྲུབ་ཡེ་ཤེས་ཀྱི་ཕོ་བྲང་དུ། །ཀུན་དགའ་ཡོན་ཏན་རྒྱ་མཚོ་ལ༴ ༴ ༴ །གནས་རང་སྣང་དག་པ་མཁའ་སྤྱོད་དུ། །རིག་འཛིན་དྷརྨ་བྷ་དྲ་ལ༴ ༴ ༴ །གནས་མི་ཕམ་མགོན་པོའི་ཞབས་དྲུང་དུ། །ཁྱབ་བདག་ཀུན་དགའ་འགྱུར་མེད་ལ་གསོལ་བ་འདེབས། གསོལ་བ༴ གསོལ༴ །གནས་རང་སྣང་ཟག་མེད་ཆོས་དབྱིངས་སུ། །དཀོན་མཆོག་བསྟན་པའི་ཉི་མ་ལ༴ ༴ ༴ །གནས་བདེ་ཆེན་དོན་གྱི་གཞལ་ཡས་སུ། །བདེ་ཆེན་བདེ་བའི་རྡོ་རྗེར་ལ༴ ༴ ༴ །སེམས་དག་པའི་ལུས་པ་ངོས་མེད་དུ། །མཆོད་ལྕམ་རྡོ་རྗེ་སྤུན་གྲོགས་ལ༴ ༴ ༴ །རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ། །ཡི་དམ་རྒྱུད་སྡེའི་ལྷ་ཚོགས་ལ༴ ༴ ༴ །བསིལ་བ་ཚལ་གྱི་དུར་ཁྲོད་དུ། །མྱུར་མཛད་ཡེ་ཤེས་མགོན་པོ་ལ༴ ༴ ༴ །ཡུལ་ཉི་ཤུ་རྩ་བཞིའི་ནུས་མཆོག་ཏུ། །ཆོས་བདག་དཔའ་བོ་མཁའ་འགྲོ་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ། །གསོལ་བ་འདེབས་སོ་བདག་རྒྱུད་ལ་བྱིན་གྱིས་རློབས། ཞེས་དང་སླར་ཡང་བླ་མ་ལ་མོས་གུས་དྲག་པོས་འདི་ལྟར།
དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ། བདག་གིས་བདག་འཛིན་བློས་ཐོངས་པར་མཛད་དུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། སྒྱུ་ལུས་འབྱོངས་བར་མཛད་དུ་གསོལ། རྨི་ལམ་འབྱོངས་པར་མཛད་དུ་གསོལ། འོད་གསལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ད་ལྟ་ཉིད་དུ་མྱུར་བ་ཉིད་དུ་འདུག་ས་འདི་ཉིད་དུ་ཐོབ་པར་བྱིན་གྱིས་བརླབས་ཏུ་གསོལ།
དེ་ནས་བླ་མའི་སྐུ་ལས་དབང་བཞི་བླང་པས་ནི་ངག་ཏུ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ་ལ། ཕྱི་མེ་ཏོག་བདུག་སྤོས། ནང་ཤ་ལྔ་བདུད་རྩི་ལྔ། གསང་བ་བདེ་སྟོང་གི་ཡེ་ཤེས། ཡང་གསང་དེ་ཁོ་ན་ཉིད་ཀྱི་མཆོད་པ་དམ་པ་རྣམས་འབུལ་ལོ། །བཞེས་ནས་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ཅེས་གསོལ་བ་དྲག་དུ་བཏབ་པས། བླ་མའི་སྐུ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་དཀར་ལ་དྭངས་པ་ཉམས་བདེ་བ་དང་ལྡན་པ་དྲག་དུ་བབས། སྤྱི་བོ་ནས་ཞུགས། སྨིན་མཚམས་ཡན་ཆད་གང་། བུམ་དབང་ཐོབ། སྐུའི་དངོས་གྲུབ་སྩལ། ཡང་བདུད་རྩིའི་ཆུ་རྒྱུན་གྱིས་མགྲིན་པ་ཡན་ཆད་གང་། གསང་དབང་ཐོབ། གསུང་གི་དངོས་གྲུབ་སྩལ། ཡང་སྙིང་ག་ཡན་ཆད་གང་། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་དངོས་གྲུབ་སྩལ། ཡང་བདུད་རྩིའི་ཆུ་རྒྱུན་ལྟེ་བ་སོགས་ནས་བརྒྱུད། རྐང་མཐིལ་ཡན་ཆད་ལུས་ཀྱི་ནང་ཐམས་ཅད་གང་། དབང་བཞི་པ་ཐོབ། སྐུ་གསུང་ཐུགས་དངོས་གྲུབ་ཐམས་ཅད་སྩལ། བླ་མ་ཉིད་ཀྱང་འོད་དུ་ལྟེམ་སྟེ་ཞུ་ནས་རང་ལ་ཐིམ། བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་གཅིག་ཏུ་གྱུར་པ་ལ་མཉམ་པར་བཞག
།དེ་ནས་འཁྲིད་དངོས་ལ་སྔོན་འགྲོ་རང་བབས་རྣམ་གསུམ་སོགས་ཕྱག་ཆེན་གའུ་མ་བཞིན་བསྒོམ་ནས། དེ་རྗེས་བོགས་འདོན་སྐབས་མོས་གུས་ཚད་མེད་ལ་བརྟེན་ནས་བོགས་འདོན་པ་ནི། སྤྱི་བོར་བླ་མ་སངས་རྒྱས་དངོས་ཡིན་པ། ཐུགས་ཆོས་ཀྱི་སྐུ་མཛད་སྤྱོད་འཕྲིན་ལས་ཐམས་ཅད་གཞན་དོན་གཟུགས་སྐུ་རྣམ་གཉིས་སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་ཆོས་སྐྱོངས་ཐམས་ཅད་འདུས་པའི་ངོ་བོ་ཡིན་པར་ཐག་གཅད་དོ། །བདག་གནས་ལུགས་ལ་བཀྲི་བར་མཛད་པ་བཀའ་དྲིན་ཆེ། བཀའ་དྲིན་ལ་ནམ་ཡང་འཁོར་བ་མེད་སྙམས་པས་མོས་གུས་ཀྱི་གདུངས་ཤུགས་དྲག་པོས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ནི།
མཚན་ལྡན་གྱི་བླ་མ་ཐུགས་རྗེ་ཅན། །མགོན་གཅིག་ཆོག་རྒྱལ་པོ་ལ་གསོལ་བ་འདེབས། །སེམས་གནས་ལུགས་རྗེན་པར་རྟོགས་པ་དང༌། །ཕ་ཁྱེད་ཀྱི་ཐུགས་དང་མཉམ་པར་ཤོག
།བརྒྱུད་པ་ཀུན་འདུས་ཀྱི་རྡོ་རྗེ་འཆང་ཆེན། །སྐྱབས་གནས་ཀུན་འདུས་ཀྱི་བླ་མ་དམ་པ། །དངོས་གྲུབ་འབྱུང་གནས་ཀྱི་ཡི་དམ་ལྷ་ཚོགས། །ཕ་བླ་མ་དྲིན་ཅན་ཆོས་རྗེ། །དུས་ཀུན་དུ་ཐུགས་རྗེས་གཟིགས་ཤིག །བདག་རེ་ས་གཞན་ན་མ་མཆིས། །རྒྱུད་བྱིན་རླབས་ཆུ་བོས་སྨིན་ནས། །མ་འགྲོ་དྲུག་ཐར་པར་དྲོངས་ཤིག
།བར་ཆད་ཀུན་སེལ་གྱི་མཁའ་འགྲོ་ཆོས་སྐྱོང༌། །དམ་ཚིག་རྗེས་དྲན་གྱི་རྡོ་རྗེ་སྤུན་གྲོགས། །རྟག་དུ་བྱམས་པ་མ་འདྲིས་པའི་མཛའ་བཤེས། །ཕ་བླ་མ་དྲིན་ཅན་ཆོས་རྗེ། །དུས་ཀུན་དུ་ཐུགས་རྗེས་གཟིགས་ཤིག །བདག་རེ་ས་གཞན་ན་མ་མཆིས། །རྒྱུད་བྱིན་རླབས་ཆུ་བོས་སྨིན་ནས། །མ་འགྲོ་དྲུག་ཐར་པར་དྲོངས་ཤིག
།རྒྱལ་བ་རྒྱ་མཚོ་སྲས་བཅས་ཀྱི་ངོ་བོ། །ལུང་རྟོགས་དམ་ཆོས་མ་ལུས་པའི་གཏེར་མཛོད། །འཕགས་ཚོགས་འདུས་པ་ཀུན་འདུས་ཀྱི་གཙོ་བོ། །ཕ་བླ་མ་དྲིན་ཅན་ཆོས་རྗེ། །དུས་ཀུན་དུ་ཐུགས་རྗེས་གཟིགས་ཤིག །བདག་རེ་ས་གཞན་ན་མ་མཆིས། །རྒྱུད་བྱིན་རླབས་ཆུ་བོས་སྨིན་ནས། །མ་འགྲོ་དྲུག་ཐར་པར་དྲོངས་ཤིག
།སྤྲོས་བྲལ་མཁའ་ཁྱབ་རང་རིག་གི་ཆོས་སྐུ། །བདེ་སྟོང་དབྱེར་མེད་ཀྱི་རང་གསལ་ལོངས་སྐུ། །གང་འདུལ་ཐུགས་རྗེ་མཁའ་ཁྱབ་ཀྱི་སྤྲུལ་སྐུ། །ཕ་བླ་མ་དྲིན་ཅན་ཆོས་རྗེ། །དུས་ཀུན་དུ་ཐུགས་རྗེས་གཟིགས་ཤིག །བདག་རེ་ས་གཞན་ན་མ་མཆིས། །རྒྱུད་བྱིན་རླབས་ཆུ་བོས་སྨིན་ནས། །མ་འགྲོ་དྲུག་ཐར་པར་དྲོངས་ཤིག
།ཆོས་ཀུན་གཟིགས་པའི་མཁྱེན་པ་མཐའ་ཡས། །ཉེ་རིང་མི་མངའ་བརྩེ་བའི་ཀློང་ཡངས། །འཕྲིན་ལས་མཐའ་མེད་ནུས་མཐུའི་བདག་པོ། །ཕ་བླ་མ་དྲིན་ཅན་ཆོས་རྗེ། །དུས་ཀུན་དུ་ཐུགས་རྗེས་གཟིགས་ཤིག །བདག་རེ་ས་གཞན་ན་མ་མཆིས། །རྒྱུད་བྱིན་རླབས་ཆུ་བོས་སྨིན་ནས། །མ་འགྲོ་དྲུག་ཐར་པར་དྲོངས་ཤིག
།དགོས་འདོད་ཀུན་འབྱུང་ཡིད་བཞིན་གྱི་ནོར་བུ། །བདེ་སྐྱིད་ཀུན་སྩོལ་དཔག་བསམ་གྱི་ཤིང་ཆེན། །རྒྱུན་ཆད་མེད་པ་གཞན་ཕན་གྱི་ཆུ་བོ། །ཕ་བླ་མ་དྲིན་ཅན་ཆོས་རྗེ། །དུས་ཀུན་དུ་ཐུགས་རྗེས་གཟིགས་ཤིག །བདག་རེ་ས་གཞན་ན་མ་མཆིས། །རྒྱུད་བྱིན་རླབས་ཆུ་བོས་སྨིན་ནས། །མ་འགྲོ་དྲུག་ཐར་པར་དྲོངས་ཤིག
།འཕོངས་བསྐྱབ་ཀུན་སེལ་གཏེར་ཆེན་གྱི་བུམ་བཟང༌། །སྲིད་གསུམ་མུན་སེལ་གྱི་རྡོ་རྗེ་ཉི་མ། །ཉོན་མོངས་གདུང་སེལ་གྱི་རྒྱུ་སྐར་བདག་པོ། །ཕ་བླ་མ་དྲིན་ཅན་ཆོས་རྗེ། །དུས་ཀུན་དུ་ཐུགས་རྗེས་གཟིགས་ཤིག །བདག་རེ་ས་གཞན་ན་མ་མཆིས། །རྒྱུད་བྱིན་རླབས་ཆུ་བོས་སྨིན་ནས། །མ་འགྲོ་དྲུག་ཐར་པར་དྲོངས་ཤིག
།བརྟན་གཡོ་ཀུན་ཁྱབ་ཀྱི་རྡོ་རྗེ་སློབ་དཔོན། །བདེ་ཆེན་འགྱུར་མེད་ཀྱི་ལྷན་ཅིག་སྐྱེས་དགའ། །རང་རྩལ་འགྱུར་མེད་ཀྱི་རྣམ་པ་ཀུན་ལྡན། །ཕ་བླ་མ་དྲིན་ཅན་ཆོས་རྗེ། །དུས་ཀུན་དུ་ཐུགས་རྗེས་གཟིགས་ཤིག །བདག་རེ་ས་གཞན་ན་མ་མཆིས། །རྒྱུད་བྱིན་རླབས་ཆུ་བོས་སྨིན་ནས། །མ་འགྲོ་དྲུག་ཐར་པར་དྲོངས་ཤིག
།བདག་སེམས་མ་བཅོས་སོ་མའི་རིག་པ། ཁམས་གསུམ་སྣང་སྲིད་དྲན་རྟོག་གི་འཆར་སྒོ། །ཐམས་ཅད་ཁྱེད་ཐུགས་འོད་གསལ་དུ་རོ་མཉམ། །ཕ་བླ་མ་དྲིན་ཅན་ཆོས་རྗེ། །དུས་ཀུན་དུ་ཐུགས་རྗེས་གཟིགས་ཤིག །བདག་རེ་ས་གཞན་ན་མ་མཆིས། །རྒྱུད་བྱིན་རླབས་ཆུ་བོས་སྨིན་ནས། །མ་འགྲོ་དྲུག་ཐར་པར་དྲོངས་ཤིག
།མཐའ་ཡས་འགྲོ་བའི་སྐྱབས་གནས་གཅིག་བུ། །འགྲོ་ཀུན་བདེ་ལ་འགོད་མཛད་ཁྱོད་ཉིད། །སྐྱོབ་པ་བླ་མེད་འདྲེན་མཆོག་ཆོས་རྗེ། །ཕ་བླ་མ་དྲིན་ཅན་ཆོས་རྗེ། །དུས་ཀུན་དུ་ཐུགས་རྗེས་གཟིགས་ཤིག །བདག་རེ་ས་གཞན་ན་མ་མཆིས། །རྒྱུད་བྱིན་རླབས་ཆུ་བོས་སྨིན་ནས། །མ་འགྲོ་དྲུག་ཐར་པར་དྲོངས་ཤིག
།བདག་སོགས་མཁའ་མཉམ་གྱི་སེམས་ཅན་ལ་ཐུགས་རྗེས་གཟིགས། །མ་རྒན་སེམས་ཅན་རྣམས་ལ་ཐུགས་རྗེས་གཟིགས། །འཁོར་བར་གཏན་འཁྱམས་བྱེད་ལ་ཐུགས་རྗེས་གཟིགས། །འཁྲུལ་བའི་འཁོར་ལོ་བསྐོར་ལ་ཐུགས་རྗེས་གཟིགས། །གདེང་མེད་རྟག་རྩིས་ཅན་ལ་ཐུགས་རྗེས་གཟིགས། །སྡུག་བསྔལ་གཡོས་སྦྱོར་མཁན་ལ་ཐུགས་རྗེས་གཟིགས། །དད་མེད་ཕོ་ཚོད་མཁན་ལ་ཐུགས་རྗེས་གཟིགས།
།རང་སེམས་གནས་ལུགས་མ་རྟོགས་པ་ལ་གཟིགས་སུ་གསོལ། །ཉོན་མོངས་རང་གར་ཤོར་བ་རྣམས་ལ་གཟིགས་སུ་གསོལ། །རིག་པ་ཕྱིར་ལྟས་ཤོར་བ་རྣམས་ལ་གཟིགས་སུ་གསོལ། །ཆོས་མེད་བཟང་རྫུར་ཤོར་བ་རྣམས་ལ་གཟིགས་སུ་གསོལ།
།བློ་རྒོད་གྱོང་པོ་ཐུལ་བར་བྱིན་གྱིས་རློབས། །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །ཞེན་མེད་ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས། །ཡིད་ཆེས་དད་པ་སྐྱེ་བར་བྱིན་གྱིས་རློབས། །ལེ་ལོ་རྣམ་གཡེང་སྤངས་པར་བྱིན་གྱིསརློབས། །རང་སེམས་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །ཉོན་མོངས་ཡེ་ཤེས་སུ་འཆར་བར་བྱིན་གྱིས་རློབས། །འགྲོ་ཀུན་སྨིན་གྲོལ་ལ་འགོད་པར་བྱིན་གྱིས་རློབས།
ཞེས་བླ་མའི་མོས་གུས་ཀྱི་ཡིད་བསྒྱུར་བས་རང་བཞིན་སྤྲོས་བྲལ་གྱི་ཡེ་ཤེས་ལྷག་པར་ཤར་བ་ན། དེ་གའི་ངང་ལ་མཉམ་པར་བཞག །དེ་ནས་བླ་མ་ང་དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་དབྱེར་མེད་པའི་མོས་གུས་གྱིས།
ཧཱུྃ་མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞབས་གདུབ་དང་བཅས་བི་ནཱ་ཡ་ཀ་མནན། །ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། །ཕྱག་དྲུག་སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །གཡས་པ་གྲི་གུག་པར་པ་འཕྲིང་བ་འཛིན། །ཐ་མ་ཌཱ་མ་རུ་ནི་དྲག་ཏུ་འཁྲོལ། །གཡོན་པ་ཐོད་པ་དང་ནི་མདུང་རྩེ་གསུམ། །དེ་བཞིན་ཞགས་པ་བཟུང་ནས་འཆིང་བར་བྱེད། །དྲག་པོའི་ཞལ་གདངས་མཆེ་བ་རྣམ་པར་གཙིགས། །སྤྱན་གསུམ་དྲག་པོའི་དབུ་སྐྲ་གྱེན་དུ་འབར། །དཔྲལ་བར་སིནྡཱུ་ར་ཡི་ཐིག་ལེས་བྱུང་། །སྤྱི་བོར་མི་བསྐྱོད་རྒྱལ་པོས་རྒྱས་བཏབ་བརྟན། །ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་ཅན། །རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །ཤིང་ལས་བྱོན་ནས་གཏོར་མ་ལེན་མཛད་པའི། །དཔལ་ལྡན་ཕྱག་དྲུག་པ་ལ་ཕྱག་འཚལ་བསྟོད།
ཞེས་མོས་གུས་དྲག་པའི་ངང་ནས་གསོལ་འདེབས་ཅི་ནུས་བྱ་མཐར།
སངས་རྒྱས་ཀུན་དངོས་བླ་མ་རིན་པོ་ཆེ། །བར་ཆད་སྲུང་ཕྱིར་ཆོས་སྐྱོང་བཀའ་སྡོད་སྐུ། །སྒྲུབ་པ་པོ་ལ་བུ་བཞིན་གཟིགས་མཛད་པའི། །བླ་མ་མགོན་པོ་དབྱེར་མེད་ལ་ཕྱག་འཚལ། །རྡོ་རྗེ་སེམས་དཔའི་ངོ་བོ་སྒྲིབ་ཀུན་སྦྱོང་། །ཉིད་ཀྱི་དཔྲལ་བར་བརྟེན་པའི་ཆོས་འབྱུང་དབྱིབས། །སིནྡཱུར་ཐིག་ལེ་ཡུམ་གཅིག་རྣལ་འབྱོར་མ། །ཆོས་ཀུན་བསྐྱེད་མ་ཁྱོད་ལ་ཕྱག །དེ་དབུས་ཧྲཱིཿཡིག་དཔལ་ལྡན་འཇིག་རྟེན་མགོན། ཁམས་གསུམ་དབང་བསྒྱུར་མཁའ་འགྲོ་མ་རྣམས་སྤྲོ། །འགུགས་བྱེད་བཅུ་གསུམ་ཡིག་འབྲུའི་གསང་སྔགས་མཆོག །འཕགས་མ་སྒྲོལ་མ་ཁྱོད་ལ་ཕྱག །མི་བསྐྱོད་དབང་ཕྱུག་རིགས་ཀྱི་བདག་པོར་བཞུགས། །བཅོམ་ལྡན་གཤིན་རྗེ་གཤེད་ཀྱི་མཐུ་སྟོབས་སྦྱིན། ཁྱོད་ལ་ཕྱག་འཚལ་སྙིང་ནས་སྐྱབས་སུ་མཆི། །རྟག་ཏུ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྒྲུབ་ལ་བར་ཆད་མེད་པར་བྱིན་གྱིས་རློབས། །ཆོས་ཀུན་སྒྱུ་མར་རྟོགས་པར་བྱིན་གྱིས་རློབས། །རྨི་ལམ་རང་གྲོལ་འཆར་བར་བྱིན་གྱིས་རློབས། །གཏུམ་མོའི་བདེ་ཆེན་འཆར་བར་བྱིན་གྱིས་རློབས། །འོད་གསལ་ཕྱག་ཆེན་རྟོགས་པར་བྱིན་གྱིས་རློབས། །ཚེ་འདིར་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །བར་དོའི་འཇིགས་པ་སེལ་བར་བྱིན་གྱིས་རློབས། །བར་དོར་ལོངས་སྐུ་ཐོབ་པར་བྱིན་གྱིས་རློབས། །འགལ་རྐྱེན་ཐམས་ཅད་ཞི་བར་བྱིན་གྱིས་རློབས། །མཐུན་རྐྱེན་ཐམས་ཅད་འགྲུབ་པར་བྱིན་གྱིས་རློབས། །ཐུགས་ཡིད་གཉིས་སུ་མེད་པར་བྱིན་གྱིས་རློབས། །སངས་རྒྱས་བསྟན་པ་རྒྱས་པར་བྱིན་གྱིས་རློབས།
།དེ་ནས་བཀྲ་ཤིས་ནི། ཡོན་ཏན་རབ་རྫོགས་གངས་ཀྱི་རི་བོ་བཞིན། །བྱིན་རླབས་ཆུ་བོས་སྐལ་བཟང་ཚིམ་མཛད་ཅིང་། །རང་སེམས་ལྷན་ཅིག་སྐྱེས་པ་སྟོན་མཛད་པའི། །ཆོས་རྗེ་བླ་མ་མཆོག་གི་བཀྲ་ཤིས་ཤོག
།སྒྲུབ་པ་པོ་ལ་བུ་བཞིན་གཟིགས་མཛད་ཅིང་། །མི་འབྲལ་ལུས་དང་གྲིབ་མ་ཇི་བཞིན་དུ། །དམ་ཚིག་ཅན་ལ་དངོས་གྲུབ་སྟེར་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་ཤོག
།དམ་ཅན་སྒྲུབ་པ་པོ་ཡི་རྗེས་འབྲང་ཞིང་། །ཞི་དང་རྒྱས་དང་དབང་དང་མངོན་སྤྱོད་སོགས། །སྣ་ཚོགས་འཕྲིན་ལས་ཚུལ་བཞིན་སྒྲུབ་མཛད་པའི། །ཆོས་སྐྱོངས་བསྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག
།སྣང་སྲིད་རང་གྲོལ་སྒྱུ་མ་རྨི་ལམ་བཞིན། །བདེ་བ་ཆེན་པོ་རྒྱུན་ཆད་མེད་པའི་ཉམས། །ཡིད་ལ་བྱར་མེད་སྟོང་གསལ་ནམ་མཁའི་ངང་། །བདེ་ཆེན་ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག
།སྒྲུབ་པ་པོ་ལ་བརྟེན་ཅིང་མཆོད་པ་དང་། །སྐུར་པ་འདེབས་པའི་སྐྱེ་འགྲོ་གང་ཡིན་པ། །ཐམས་ཅད་བྱང་ཆུབ་ལམ་ལ་འགོད་མཛད་པའི། །མཉམ་མེད་བྱང་ཆུབ་སེམས་ཀྱི་བཀྲ་ཤིས་ཤོག
།འཁོར་བ་མྱ་ངན་འདས་པ་ཐམས་ཅད་ཀྱི། །བཀྲ་ཤིས་གོ་འཕང་ཇི་སྙེད་ཡོད་པ་རྣམས། །ཕུན་སུམ་ཚོགས་པ་ཆུ་བོའི་གཞུང་བཞིན་དུ། །སྐྱེ་འགྲོ་ཡོངས་ལ་རྟག་ཏུ་བཀྲ་ཤིས་ཤོག
།བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། །སྙན་གྲགས་ཆེན་པོ་ནམ་མཁའ་བཞིན་དུ་ཁྱབ། །ཚེ་རིང་ནད་མེད་གཞན་དོན་ལྷུན་༼གྱིས་གྲུབ།༽ །ཡོན་ཏན་རྒྱ་མཚོ་མཆོག་གི་བཀྲ་ཤིས་ཤོག
།དེ་ལྟར་གདམས་པ་འདི་བསྐོར་ཉམས་སུ་ལེན་པ་རྣམས་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་ཤངས་ལུག་ཕྱག་རྒྱ་ཆེན་པོ་འ་་་་་་་་་གའུ་མ་དང་། དེས་སེམས་ཚོལ་ཞལ་ཤེས་བྱ་བཏང་པ་བྱམས་པ་ཡོན་ཏན་མགོན་པོས་མཛད་པ། ཁྱད་པར་རྗེ་བཙུན་དམ་པའི་ཞལ་གདམས་མགུར་འབུམ་གྱི་སྐོར་རྣམས་བླ་མ་དམ་པ་ལ་ངོ་་་་་་ཞུས་ནས་ལེགས་པར་ཁོང་དུ་ཆུད་པར་བྱས་ནས། དལ་བའི་རྟེན་བཟང་འདི་ཉིད་ཉིན་མཚན་ཆོས་ཀྱིས་དོན་ལྡན་དུ་བྱེད་པར་བྱའོ།
།དེ་ལྟར་རྗེ་བཙུན་གྲུབ་པའི་དབང་ཕྱུག་ཆེན་པོ་རྭ་ལོ་ཙཱ་གསུམ་པ་ཏཱ་ར་ནཱ་ཐས་ཞལ་སྔ་ནས། །ཉམས་ལེན་གྱི་རྒྱལ་པོ་མོས་གུས་ཡིན། །མཐུན་རྐྱེན་གྱི་རྒྱལ་པོ་ངེས་འབྱུང་ཡིན། །བྱ་བྱེད་ཀྱི་རྒྱལ་པོ་བྱར་མེད་ཡིན། །མཉམ་བཞག་གི་རྒྱལ་པོ་རང་ཤར་ཡིན། །རྒྱལ་པོ་བཞི་ལྡན་གྱི་གདམས་ངག་འདི། །མཚན་ལྡན་བླ་མའི་གསུང་ངག་ཡིན། །གྲུབ་ཐོབ་ཡོངས་ཀྱི་ཐུགས་བཅུད་ཡིན། །ཏཱ་ར་ནཱ་ཐའི་ཉམས་མྱོང་ཡིན། ཞེས་གསུངས་པའི་གདམས་པ་ཉམས་སུ་ལེན་ཚུལ་སྔོན་འགྲོའི་རིམ་པ་འདི་སྟག་ལོ་ཧོར་ཟླ་བདུན་པའི་ཚེས་བཞི་ལ་རྗེ་བླ་མ་རིན་པོ་ཆེ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་དུས་ཀྱི་ཚེ།
༈ ཟླ་བ་དེ་ཉིད་ཀྱི་ཉེར་བདུན་དུས་ཆེན། རྒྱལ་བའི་ལུང་བསྟན་པའི་རྒྱ་གར་གྱི་གྲུབ་ཆེན་ནག་པོ་པ་བདེ་ཆེན་སྤྱོད་པའི་རྡོ་རྗེའི་ངོ་བོ་རྗེ་དམ་པ་འཇམ་མགོན་གྲུབ་པའི་དཔའ་བོ་ཉིད་ལ་བུ་ཆེན་མང་དུ་ཡོད་ཀྱང་ཐུགས་ཀྱི་སྲས་སུ་གྱུར་པའི་ཐུགས་སྲས་ལྷ་དབང་གྲགས་པ་དང་། ཐ་མལ་ཤེས་པའི་རང་བཞིན་གནས་ལུགས་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར་པའི་བཀའ་བརྒྱུད་རྟོགས་ལྡན་ལྷ་དབང་གྲགས་པ་དང། མངོན་ཤེས་དང་་་་་་་་གྲུབ་རྟག་ལ་མངའ་བསྙེས་པའི་གྲུབ་པའི་དབང་ཕྱུག་ལྷ་དབང་གྲགས་པ་སྟེ། མཚན་སྙན་པའི་སྒྲ་དབྱངས་དུ་མའི་དཔལ་གྱི་བརྒྱན་པ་རྩ་རླུང་ལ་རང་དབང་ཐོབ། འཆི་མེད་རྡོ་རྗེའི་སྐུ་བརྙེས། དགུང་ལོ་བརྒྱ་དང་ཉི་ཤུ་ལྷག་པར་འཚོ་ཞིང་གཞུགས་པ་སོགས་ཤིན་ཏུ་ངོ་མཚར་དུ་མའི་བརྒྱན་པའི་གྲུབ་མཆོག་དམ་པ་གང་དེ་ལ་རྗེ་བཙུན་ཐམས་ཅད་མཁྱེན་པ་ཆེན་པོའི་མགུར་འབུམ་དུ་ཡང་། རྗེ་མཚན་ལྡན་གྱི་བླ་མ་སྐུ་དྲིན་ཅན། ཕ་ལྷ་དབང་གྲགས་པའི་ཞབས་ལ་འདུད། ཁོང་རྟོགས་ལྡན་མ་ཡིན་གྲུབ་ཐོབ་ཡིན། །གྲུབ་ཐོབ་མ་ཟེར་སངས་རྒྱས་གྱིས། །ལས་ངན་མ་དག་པས་མི་ངས་ཀྱང་། །སྔོན་བླ་མ་སངས་རྒྱས་སེམས་ཅན་དུ་མཐོང་། །དུས་དེ་ཙམ་ལྟས་ན་ཆོས་སྐུར་གདའ། །སྐུ་གསུམ་རིན་པོ་ཆེ་ལ་གསོལ་བ་འདེབས། ཞེས་གསུངས་པའི་རྗེ་གྲུབ་ཆེན་རིན་པོ་ཆེ་དེ་ཉིད་ཀྱི་དུས་ཆེན་ལ།
༈ དཔལ་འཁོར་ལོ་སྡོམ་པའི་བླ་མའི་གྲུབ་ཐབས་ཆེན་པོའི་སྐལ་བཟང༌འཇུག་ངོགས་དང་། བླ་མ་མགོན་པོ་དབྱེར་མེད་དཔལ་མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་སྒྲུབ་མཆོད་འཕྲིན་ལས་གཏེར་མཛོད་དང་། གཏིང་སྐྱེས་བྲག་དཀར་ཀྱི་བདུད་མགོན་ཆེན་པོ་ཏྲཀྴད་ལྕམ་དྲལ་མཆོད་གཏོར་ཕུལ་ཤིང་གསོལ་བ་བཏབ་ནས། རིགས་པ་འཛིན་པ་རྣམ་སྣང་རྡོ་རྗེའི་ཧོར་ཟླ་བདུན་པའི་ཉེར་བདུན་དུས་ཆེན་ལ་མོག་བརྩམས་ནས་ཧོར་ཟླ་བརྒྱད་པའི་ཡར་ངོའི་ཚེ་བཅུ་ལ་བླ་མ་དཔལ་འཁོར་ལོ་སྡོམ་པ་ཆེན་པོས་སྒྲུབ་མཆོད་སྐབས་སྨྲས་པ་ཚེ་བཅུ་གསུམ་དཔལ་བཅོམ་ལྡན་འདས་མ་སྒྲོལ་མ་རྣལ་འབྱོར་མའི་སྒྲུབས་མཆོད་སྐབས་ཡི་གེར་ཕབ་སྟེ། དེ་ཡང་བཀའ་བརྒྱུད་བསྟབ་པའི་བདོག་ཕ་བླ་མ་སྙི་བ་སྒོམ་ཆེན་གྱི་ཞལ་སྔ་ནས། དངོས་པོའི་བསྙེན་བཀུར་མ་མཆིས་ཀྱང༌། །བསྒྲུབ་པ་ཉམས་སུ་ལེན་མཁའ་ཀྱིས། །ཆོས་སྐུ་གཅིག་ཏུ་མ་གྱུར་བར། །བྱིན་རླབས་ཀྱི་ཆུ་རྒྱུན་མ་གཅད་ཅིག ཞེས་གསུངས་པ་ལྟར་རོ།
།འདིར་སྒྲས་པ། བླ་མའི་མོས་གུས་ངེས་འབྱུང་བྱང་ཆུབ་སེམས། །བསྐྱེད་རྫོགས་ལམ་གྱི་རིམ་པའི་སྤྲོས་བཅས་ཀུན། །སྤྲོས་མེད་གནས་ལུགས་རྟོགས་པའི་ཐབས་གྱུར་ནས། །ཆོས་སྐུ་ཕྱག་རྒྱ་ཆེན་པོ་མངོན་གཟིགས་ཤོག །ལྷ་བསྒོམ་སྔགས་བཟླས་ཨུ་ཚུགས་འཛིན་པ་དམ། །བདེ་གསལ་ཉམས་ལ་ཞེན་པའི་གོལ་ས་ངན། །འཁོར་འདས་སེམས་སུ་མ་ཤེས་རེ་དོག་བདུད། །མ་བཅོས་གཟུག་མའི་ཀློང་དུ་ཞིང་གྱུར་ཅིག །གཅིག་ཆོགས་རྒྱལ་པོ་བླ་མ་རིན་པོ་ཆེ། །མོས་གུས་ལོངས་སྤྱོད་བསྒྲུབ་པའི་མཆོད་པའི་མཐུས། །བསྟན་པའི་སྙིང་པོ་བསྒྲུབ་རྒྱུད་རིན་པོ་ཆེ། །ཕྱོགས་ཀུན་དར་རྒྱས་ཡུན་རིང་གནས་པར་ཤོག སརྦ་མངྒ་ལཾ།