Tsadra Rinchen Drak

From Shangpa Resource Center





Resource ID G9
Place Type Retreat Center
Coordinates 31°39'31"N 98°48'1"E
Links Shangpa Foundation
BDRC G37

Name Variants

tsA ‘dra rin chen brag
kun bde gling

Associated Persons

Primary seat

History

  • Established: 1857

Notes

Personal hermitage and retreat center of Jamgön Kongtrül Lodrö Thayé, founded by himself, located above Pelpung Monastery in Kham.

W1KG26279: ད་ཡོད་ཤངས་པའི་སྒྲུབ་སྡེ་ཀུན་གྱི་ཕྱི་མོ་ལྟ་བུར་འགྱུར་བ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་ཡང་ཁྲོད་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་སྡེ་ཀུན་བཟང་བདེ་ཆེན་འོད་གསལ་གླིང་གི་སྐོར་བརྗོད་པ་ལ།
༡ ཙཱ་འདྲའི་གནས་ཀྱི་ཆེ་བ།
དེ་ཡང་བོད་ཀྱི་གནས་ཆེན་རྣམས་ཀྱི་མདོ་བྱང་དཀར་ཆག་ལས་ཡོན་ཏན་ཐུགས་ཀྱི་གནས་མཆོག་བསྟན་པ་ནི། བོད་ཀྱི་མདོ་ཁམས་འབྲི་ཞེས་བྱ་བ་རུ། དཔལ་གྱི་རི་ནི་གླང་ཆེན་འགྱིང་བ་འདྲ། དེ་བཱི་ཀོ་ཊཱི་ཙཱ་འདྲ་རིན་ཆེན་བྲག་ཅེས་འཁོད་པ་བཞིན་དབུས་གཙང་སྒྲུབ་གནས་ཉེར་གཅིག་དང་ཁམས་ཀྱི་གནས་ཚན་ཉེར་ལྔ་ཞེས་ཡོངས་སུ་གྲགས་པའི་ནང་ཚན་མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་ཡོན་ཏན་ཐུགས་ཀྱི་གནས་མཆོག་ཙཱ་འདྲ་རིན་ཆེན་བྲག་ནི་འབྲི་ཀླུང་སྔོན་མོ་དལ་དུ་འབབས་པའི་བྱང་ཕྱོགས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་རྒྱབ་རི་ཡོངས་གྲགས་དབུ་ཆེ་བྲག་དཀར་དང་འདབས་འབྲེལ་བ་སྟེ། གནས་རི་སྤྱི་ཡུལ་ཆེན་ཉེར་བཞིའི་གྲས་ཀྱི་དེ་བཱི་ཀོ་ཊིར་ཡེ་ཤེས་མཁའ་འགྲོའི་གསང་བའི་ལུང་གིས་བསྟན་པ། ཤར་གྱི་བྲག་རི་ཙཱ་འདྲ་དངོས་ཏེ། རྡོ་རྗེ་ཐུགས་ཀྱི་ཕོ་བྲང་མཚོན་པའི་ཕྱིར་ཙིཏྟ་སྙིང་གི་དབྱིབས་སུ་ཆགས་ཤིང་། ཐུན་ཆེན་པོ་བརྒྱད་དག་ཅིང་འོད་གསལ་ཆོས་སྐུའི་དགོངས་པ་འཆར་བར་བྱེད་པ་ཆོས་ཀྱི་འཁོར་ལོའི་རྩ་འདབ་བརྒྱད་དུ་མཚོན་པའི་སྒང་རྒྱུད་རྣམས་ལས། ཤར་ཕྱོགས་རྡོ་རྗེ་ཆེན་པོའི་རྩ་འདབ་ནི་ཡང་ཁྲོད་ཆགས་པའི་རི་རྒྱུད་འདི་ཡིན་པས། ཡང་ཁྲོད་ཀྱི་ས་ཆ་འདིའི་སྒེར་མིང་ལ་ཡང་བཛྲ་ཙིཏྟ་ཀོ་ཊི་ཞེས་པ་སྟེ་རྡོ་རྗེ་ཐུགས་ཀྱི་གནས་མཆོག་ཏུ་གྲགས། སྔོན་གྱི་དུས་ནས་གནས་ཆེན་ཡིན་པར་གྲགས་ཀྱང་སྦས་པའི་ཚུལ་དུ་བཞུགས་པ་ལ། འགྲོ་དོན་དུས་ལ་བབས་པའི་ཚེ་གཏེར་ཆེན་ཨོ་རྒྱན་མཆོག་འགྱུར་གླིང་པས་གནས་སྤྱིའི་མདོ་བྱང་དང་། ཙཱ་འདྲའི་དཀར་ཆག་གཏེར་ནས་བཞེས་ཤིང་གནས་ཞལ་ཕྱེ་བར་མཛད། འདིའི་གནས་ཀྱི་བཀོད་པ་ཡང་གནས་ཆེན་ཉེར་ལྔའི་མདོ་བྱང་ལས་ཧེ་རུ་ཀ་དཔལ་དགུ་ཡི་ཚུལ་དུ་གནས། །པདྨའི་སྒྲུབ་ཕུག་མེ་ཏོག་ཁ་ཕྱེ་འདྲ། །བྲག་གི་ལོགས་སུ་ཞི་ཁྲོ་རང་བྱོན་དང་། །ཐུགས་ཀྱི་རིག་འཛིན་ནམ་མཁའི་སྙིང་པོ་ཡི། །སྒྲུབ་པའི་གནས་མཆོག་ཟླ་གམ་དབྱིབས་ཅན་ཡོད། །མཆོག་སྒྲུབ་འདོད་པས་འདི་རུ་རྩེ་གཅིག་སྒྲུབས། །ཁྱད་པར་བདག་གི་གཙུག་རྒྱན་བི་མ་ལས། བྱིན་གྱིས་བརླབས་པའི་གནས་མཆོག་གུད་དུ་སྦས། །སྔགས་སྲུང་གནས་པའི་ཤིང་ནི་བྷ་ཊ་ཡི། ཉེ་བའི་ཕུག་པར་ཨོ་རྒྱན་བདག་ཉིད་གནས། །དེ་ཚེ་ཐུགས་ཀྱི་རིག་འཛིན་ཧཱུཾ་ཀ་ར། བྱོན་ཏེ་ཞག་གསུམ་བཀའ་ཡི་བསྡུ་བ་མཛད། སློབ་དཔོན་གཉིས་ཀྱི་སྐུ་བརྙན་རང་བྱོན་དང་། །ཡེ་ཤེས་སྐུ་ཡི་ཞབས་ཀྱི་མཚན་མ་གསལ། །ཁྱད་པར་ཅན་གྱི་ངོ་མཚར་དེ་འདྲ་བདོག་ཅེས་གསལ་བ་བཞིན། ཡང་ཁྲོད་སྒྲུབ་སྡེའི་གཡས་གཡོན་གྱི་བྲག་རི་དཔལ་ཆེན་པོའི་ཕྱག་དྲུག །རྩེ་མོའི་བྲག་ནི་དབུ་གསུམ། རི་ཁྲོད་འདིར་ཐུགས་ཀ འདི་འོག་གི་གདོང་རྒྱུད་གཉིས་གཉིས་སུ་གྱེས་པ་ནི་ཞབས་བཞི་བགྲད་པའི་ཚུལ་ལོ། གནས་འདི་དཔལ་གྱི་ཙཱ་རི་ཏྲ་དང་མཚུངས་པར་རི་ཁྲོད་གཡས་ཀྱི་རི་རྒྱུད་འདི་ཐབས་རྡོ་རྗེ་རི། གཡོན་ཤེས་རབ་དྲིལ་བུ་རི། དབུས་ཟུང་འཇུག་དབུ་མ་རི། རྩེ་མོ་དག་པ་མཁའ་སྤྱོད་ཀྱི་རི་ཞེས་བྱ་ལ། དེ་དག་ལས་ཐོག་མར་གཡས་ཕྱོགས་ཐབས་རྡོ་རྗེའི་བྲག་ལག་སོར་བཀྲམ་པ་ལྟ་བུའི་མདུན་ངོས་སུ། ཨོ་རྒྱན་པདྨའི་སྒྲུབ་ཕུག་མེ་ཏོག་ཁ་ཕྱེ་བ་འདྲ་བའི་ནང་གུ་རུའི་ཞབས་རྗེས་ཁྲུ་གང་ལྷག་པ། ཕྱག་འཁར་གྱི་རྗེས། གཏེར་སྒོ་ལ་ཕྱག་རྟགས་ཀྱི་རྒྱས་བཏབ་པ་སོགས་དང་། བྲག་ལོགས་རྣམས་སུ་ཞི་ཁྲོ་དམ་པ་རིགས་བརྒྱ་རང་བྱོན་གྱི་ཚུལ་དུ་བཞུགས་པ། པདྨའི་སྒྲུབ་ཕུག་ནས་གཡས་སྐོར་དུ་ཕྱིན་པའི་ལམ་དུ་བཻ་རོའི་སྒྲུབ་ཕུག་དང་། གུ་རུའི་གསང་ཕུག་མདོ་གཉིས་མ། མཁར་ཆེན་དཔལ་གྱི་དབང་ཕྱུག་གི་སྒྲུབ་ཕུག །དེའི་མདུན་འོག་ཏུ་གྲུབ་ཆེན་ནམ་མཁའི་སྙིང་པོའི་སྒྲུབ་ཕུག་ཟླ་གམ་དབྱིབས་ཅན་གྱི་ཕུག་ཏུ་ཡང་དག་ལྷ་དགུ་དང་། གཡོན་ངོས་དམའ་བར་ཐུགས་རྟགས་རྡོ་རྗེ་རང་བྱོན། དེ་ནས་ཅུང་ཙམ་སོང་ན་ནམ་སྙིང་སྒྲུབ་ཕུག་དང༌། ཡེ་ཤེས་མཚོ་རྒྱལ་གྱི་བཞུགས་གནས་ཤུག་གསེབ་བྲག་སྐྱིབས་སོགས་ཐབས་བསྐྱེད་རིམ་གཙོ་བོར་སྒྲུབ་པའི་གནས་ཡིན། གཉིས་པ་གཡོན་ཕྱོགས་ཤེས་རབ་དྲིལ་བུའི་རི་ཆུ་མིག་གོང་མའི་ཕུག་པའི་གཡོན་དུ་བྷྱོ་ཡིག་དཀར་པོ། པཎ་ཆེན་སྤྱི་ཏིའི་སྒྲུབ་ཕུག་དང་། དཔལ་ཆེན་རྒ་ལོ་དངོས་སུ་བྱོན་པའི་སྒྲུབ་ཕུག་དང་ཞབས་རྗེས། དེའི་གཡོན་སྟོད་ཀྱི་ཕུག་པ་ཞིག་གི་གཡོན་ངོས་སུ་གཡུང་དྲུང་གཡས་སྐོར་རང་བྱོན་སོགས་སྒྲུབ་ཕུག་དང་རང་བྱོན་ཤིན་ཏུ་མང་བ་བཞུགས་པའི་ཕྱོགས་འདིར་ནི་རྫོགས་རིམ་རྩ་རླུང་ཐིག་ལེའི་རྣལ་འབྱོར་གཙོ་བོར་སྒྲུབ་པའི་གནས་སོ། །གསུམ་པ་ཟུང་འཇུག་དབུ་མ་རིའི་དབུས་ཀྱི་སྙིང་པོར་དཔལ་ཆེན་པོའི་ལྷ་ཁང་ཆགས་པའི་སྟོད་དུ་བྷ་ཊའི་ཤིང་དང་ཉེ་བར་སློབ་དཔོན་རྣམ་གཉིས་ཀྱིས་ཞག་གསུམ་བཀའ་བསྡུ་མཛད་པའི་གནས། བྲག་སྐྱིབས་སྦས་པ་ལྟ་བུ་གུད་དུ་སྦས་པའི་བི་མ་ལའི་གནས་མཆོག །བྱང་ཆུབ་གླིང་པས་ཚེ་སྒྲུབ་མཛད་སའི་ཕུག་པ། མཁའ་འགྲོ་མ་བརྒྱ་རྩ་བརྒྱད་ཀྱི་ཞབས་རྗེས་སོགས་ཡོད་པ་ནི་བསྐྱེད་རྫོགས་ཟུང་འཇུག་གི་ཏིང་ངེ་འཛིན་ཕྱག་ཆེན་དང་། རྫོགས་ཆེན་སོགས་བསྒོམ་པའི་གནས་སུ་བསྔགས། བཞི་པ་དག་པ་མཁའ་སྤྱོད་ཀྱི་རི་ནི་ཐུགས་རྗེ་ཆེན་པོའི་ཕོ་བྲང་དུ་ལུང་གིས་ཟིན་པ་གནས་བདག་དགེ་བསྙེན་ཆེན་པོ་རྡོ་རྗེ་དཔལ་འབར་གྱི་བྲག་རི་ཡིན་པ་སོགས་གནས་ཀྱི་འབྱུང་ཁུངས་དང་། བསྐོར་ལམ་བསྐོར་ཚད་སོགས་ཞིབ་པ་རྣམས་འཇམ་མགོན་ཀོང་སྤྲུལ་ཉིད་ཀྱིས་མཛད་པའི་ཙཱ་འདྲ་རིན་ཆེན་བྲག་གི་རྟོགས་བརྗོད་ཡིད་ཀྱི་རྒྱ་མཚོའི་རོལ་མོ་ཞེས་པ་སོགས་ལས་ཤེས་པར་བྱའོ།

༢ དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་།
དེ་བཱི་ཀོ་ཊིའི་གནས་འདིར་བརྟེན་པའི་དཔལ་སྤུངས་དགོན་གྱི་སྐོར་རགས་ཙམ་བརྗོད་པ་ལ། དགོན་འདི་ནི་དེང་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་དགེ་རྫོང་དཔལ་སྤུངས་ཡུལ་ཤོག་ཁོངས་སུ་གནས་ཤིང་། གཏེར་གཞུང་ལས་མ་འོངས་གནས་མཆོག་འདི་དག་ཏུ། གྲུབ་པའི་སྐྱེས་བུ་དུ་མ་འདུ། གཙུག་ལག་ཁང་དང་མཆོད་རྟེན་འབྱུང་ཞེས་དང་། མངའ་བདག་མར་པ་ལོ་ཙཱས་འདི་དང་ཉེ་བ་ན་དཔལ་གྱི་ཙ་རི་ཏྲ་ཡོད། དེའི་ཤར་ཕྱོགས་ན་དེ་བཱི་ཀོ་ཊི་ཞེས་བྱ་བ་ཡོད། མ་འོངས་པ་ན་ངའི་བུ་བརྒྱུད་ཀྱིས་འཛིན་པར་འགྱུར་ཅེས་ལུང་བསྟན་པ་ལྟར། ཐོག་མར་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི་ཞལ་སློབ་གཙོ་བོ་གདུགས་ཐོག་བཅུ་གསུམ་དུ་གྲགས་པའི་ཡ་གྱལ་དཔལ་ལྡན་བྱང་ཆུབ་གླིང་པས་སྤྱི་ལོ1181ལོ་ནས་སྤྱི་ལོ1189ལོའི་བར་གཙུག་ལག་ཁང་དང་བཅས་པ་གསར་དུ་བཞེངས། སྤྱི་ལོ1290ལོར་འབྲི་གུང་གླིང་ལོག་བྱུང་རྗེས་ས་སྐྱའི་བསྟན་པ་འཛིན་པ་མངའ་རིས་པ་ཚུལ་ཁྲིམས་འོད་ཟེར་གྱིས་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་འཁོར་ལོ་ཟབ་རྒྱས་བསྐོར་བས་དགོན་གནས་སྤྱི་དར་རྒྱས་ཆེ་བར་བྱུང་ཡང་། དུས་རབས་བཅུ་དྲུག་པ་ཙམ་ལ་རྒྱུ་རྐྱེན་འགས་ཐོར་ཞིག་ཏུ་སོང་། དེ་རྗེས་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་རང་ཉིད་དགུང་ལོ་ཉི་ཤུ་རྩ་བརྒྱད་བཞེས་པ་རབ་བྱུང་བཅུ་གཉིས་པའི་མེ་ལུག་སྤྱི་ལོ1727ལོར་དབུ་བརྩམས་ཏེ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ཞེས་སུ་གྲགས་པ་འདི་ཉིད་ཕྱག་བཏབ་ཅིང་། ལོ་གཉིས་ཀྱི་རིང་གཙུག་ལག་ཁང་དང་གྲྭ་ཁང་ཉེར་ལྔ་ཙམ་ལེགས་པར་གྲུབ། དེས་ན་སི་ཏུ་སྐུ་ཕྲེང་དང་པོ་ནས་བདུན་པ་བར་གྱི་གདན་ས་ཀརྨ་དགོན་ཡིན་ཀྱང་། སི་ཏུ་ཆོས་ཀྱི་འབྱུང་གནས་ནས་བཟུང་སྟེ་དཔལ་སྤུངས་དགོན་དུ་ཆགས། སྤྱི་ལོ1729ལོར་སྡེ་དགེ་རྒྱལ་པོ་ཆོས་རྒྱལ་བསྟན་པ་ཚེ་རིང་འཁོར་དང་བཅས་པ་དཔལ་སྤུངས་སུ་ཕེབས་ནས་དགོན་གནས་འདེབས་པའི་མཐུན་རྐྱེན་དུ་རྒྱུ་དངོས་འབོར་ཆེན་དང་སྡེ་དགེའི་མངའ་ཁོངས་ཀྱི་དཔོན་ཁག་དང་བཙུན་ཁྲལ་དུ་མ་ཕུལ་བས། སི་ཏུ་སྐུ་ཕྲེང་ན་རིམ་སྡེ་དགེ་ཚང་གི་དབུ་བླར་གྱུར། དེ་རྗེས་སི་ཏུ་པདྨ་ཉིན་བྱེད་སོགས་པདྨའི་ལྗགས་ལྡན་རྣམས་དང་། འཇམ་མགོན་ཀོང་སྤྲུལ་སྐུ་ཕྲེང་ན་རིམ། དབོན་སྤྲུལ་རིམ་བྱོན། མཁྱེན་བརྩེ་སྐུ་ཕྲེང་ན་རིམ་སོགས་ཀྱིས་ལེགས་པར་བསྐྱངས། སི་ཏུ་ཆོས་འབྱུང་གི་སྐུ་དུས་སུ་ཉེ་འཁོར་གྱི་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཀྱི་དགོན་སྡེ་ཕལ་ཆེར་ཀརྨ་ཀཾ་ཚང་གི་རིང་ལུགས་སུ་བསྒྱུར་གནང་མཛད་པས་དགོན་ལག་བརྒྱ་དང་བརྒྱད་ཅུ་ཙམ་ཡོད་པར་གྲགས། དཔལ་སྤུངས་དགོན་རང་དུ་གྲྭ་ཚང་ཤོག་བཞི་དང་། འདུས་སྡེའི་གྲངས་གཅིག་ཏུ་མ་ངེས་ཀྱང་མང་སྐབས་ཆིག་སྟོང་ལྷག་དང་ཉུང་མཐར་ལྔ་བརྒྱ་ཙམ་ཟིན་པའོ། །དགོན་གནས་འདིའི་པར་ཁང་དམ་ཆོས་བང་མཛོད་དུ་གསུང་རབ་སྐོར་རྙིང་མ་རྒྱུད་འབུམ་པོད་ཉེར་དྲུག །ཤངས་ཆོས་སྐོར་པོད་བརྒྱད། གདམས་ངག་མཛོད་པོད་བཅུ་སོགས་བྲིས་པོད་ཆེ་ཆུང་ཁྱོན་བསྡོམས་དྲུག་བརྒྱ་དང་གོ་གསུམ་ཙམ་བཞུགས་པ་དང་། སྒྲུབ་སྡེ་ལ་ནི་གུའི་སྒྲུབ་སྡེ་དང་ནཱ་རོའི་སྒྲུབ་སྡེ་། ཀུན་རིག་སྒྲུབ་སྡེ་བཅས་གསུམ་ཡོད། སྤྱི་ལོ་1754ལོར་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་བཙུགས་པའི་དཔལ་སྤུངས་ལྔ་རིག་ནང་བསྟན་སློབ་གྲྭ་དང་། ལྷག་པར་ཤར་དཔལ་སྤུངས་པའི་སྨན་གྲྭ་ཞེས་དབུས་གཙང་ཁམས་གསུམ་ལ་སྙན་གྲགས་ཀྱིས་ཁྱབ་པ་སོགས། དཔལ་སྤུངས་དགོན་འདི་ཉིད་ནི་མདོ་ཁམས་ཁུལ་གྱི་བཤད་སྒྲུབ་ཟུང་དུ་འབྲེལ་བའི་བཀའ་བརྒྱུད་པའི་གདན་ས་ཆེན་པོ་ཞིག་ཡིན་པས། དགོན་གནས་སྤྱི་ཀརྨ་ཀམ་ཚང་གི་ཕྱག་བཞེས་མཛད་པ་ལ། དགོན་པ་གཞུང་གི་ཚེས་དུས་སྒྲུབ་མཆོད་རྣམས་ལས་བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་སྒྲུབ་མཆོད་དུ་སྒྲོལ་མ་རྣལ་འབྱོར་དང་། དགོངས་འདུས། ཤངས་ལུགས་རྒྱུད་སྡེ་ལྔ་བཅས་ཚོགས་ཁག་གསུམ་དུ་དབྱེ་སྟེ་ཉིན་བདུན་རེ་ཚོགས་སྲོལ་ཡོད།

༣ ཤངས་པའི་སྒྲུབ་སྡེ་ཀུན་བདེ་གླིང་།
ཙཱ་འདྲ་རིན་ཆེན་བྲག་གི་ནུབ་ངོས་སུ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་སྐབས་སུ་སྒྲུབ་ཁང་དང་སྒྲུབ་གྲྭ་ཡོད་ཀྱང་ཕྱིས་དབོན་སྤྲུལ་དབང་གི་རྡོ་རྗེས་སྒྲུབ་སྡེ་འོག་མ་བསམ་གཏན་ཆོས་གླིང་གསར་བཞེངས་མཛད་རྗེས་སྒྲུབ་སྡེ་གོང་མ་བདག་མེད་ལྟ་བུར་སོང་ནས་ཁང་པ་ཧྲལ་ཧྲུལ་ཙམ་ལས་ལྷག་མེད་པས། འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ལྷ་ཁང་དང་སྒྲུབ་པ་བཞི་སྡེ་ཙམ་གདབ་པར་དགོངས་པའི་ཚེ། མཆོག་འགྱུར་གླིང་པས་ཀྱང་ལུང་བསྟན་པ་ལྟར་ཐོག་མར་བླ་བྲང་ནས་གཞི་བཏིང་སྟེ་སྤྱི་ལོ་1842ལོ་ཙམ་ནས་དབུ་བཙུགས་ཏེ་སྒྲུབ་གྲྭ་རིམ་བཞིན་གསར་དུ་བཞེངས། དེ་རྗེས་རང་ཉིད་ལ་གང་བྱུང་གི་དངོས་པོ་ཐམས་ཅད་བཏང་ནས་གཙོ་བོར་དཔལ་ཆེན་ལྷ་ཁང་དང་། ཡན་ལག་བླ་མ་ལྷ་ཁང་། གསུང་རབ་ཁང་། མཐོང་གྲོལ་ཁང་། སྒྲོལ་མ་ཁང་། གནས་བརྟན་ཁང་། ཐུགས་དམ་ཁང་། མགོན་ཁང་བཅས་བརྒྱད་ལ། དཔལ་ཆེན་ལྷ་ཁང་གི་རྟེན་གཙོ་རྡོར་སེམས། ཡང་དག །བདེ་མཆོག་བཅས་ཧེ་རུ་ཀ་གསུམ་གྱི་སྐུ་བརྙན་ཐོག་ཚད། བླ་མ་ལྷ་ཁང་དུ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་སྐུ་བརྙན་སོགས། མགོན་ཁང་དུ་གཙོ་བོ་མྱུར་མཛད་ཡེ་ཤེས་མགོན་པོ། གསུང་རབ་ཁང་དུ་ཐུབ་དབང་དང་སློབ་དཔོན་ནག་པོ་སྤྱོད་པ་སོགས། མཐོང་གྲོལ་ལྷ་ཁང་དུ་རྟེན་གཙོ་སྒྲོལ་མ་གསུང་བྱོན་མ་སོགས། སྒྲོལ་མ་ལྷ་ཁང་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཐོག་ཚད་མ། གནས་བཅུ་ཁང་དུ་ཐུབ་དབང་འབྲིང་ཚད་སོགས། ཐུགས་དམ་ལྷ་ཁང་དུ་རྟེན་གཙོ་གཏེར་ཆེན་སྐུ་ཚབ་རྣམ་གསུམ་བཞུགས་ཁྲི་སོགས་ཀྱི་ནང་རྟེན་བསམ་གྱིས་མི་ཁྱབ་པ་བཞེངས། འཇམ་མགོན་ཀོང་སྤྲུལ་གྱིས་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོའི་སྐུ་མདུན་ནས་བརྒྱུད་པའི་ཁྱད་པར་ལ་དགོངས་ཏེ་དཀོན་སྤྱིའི་དབང་ཞུ་སྐབས། པདྨ་ཉིན་བྱེད་དབང་པོས་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་སྡེ་འདིར་ཀུན་བཟང་བདེ་ཆེན་འོད་གསལ་གླིང་ཞེས་པའི་མཚན་གནང་ཞིང་། དེ་རྗེས་འཇམ་མགོན་ཉིད་ཀྱིས་གོས་ཧྲུལ་ཆ་ཚང་དང་། ཇ་རྡུམ། ནས་ཞོ་ལྔ་ཙམ་ལས་མེད་ཀྱང་གྲོགས་དན་ཞིག་དང་བཅས་རབ་བྱུང་བཅུ་བཞི་པའི་ལྕགས་སྤྲེལ་སྤྱི་ལོ1860ལོའི་ལྷ་བབས་དུས་ཆེན་གྱི་ཚེས་བཅོ་ལྔར་སྒྲུབ་པའི་དབུ་ཐོག་མར་བརྩམས། དེ་རྗེས་འཇམ་མགོན་ཉིད་སྐུ་འཚོ་བཞུགས་རིང་གི་སྒྲུབ་ཐེངས་དང་པོར་སྒྲུབ་པ་དཔོན་གཡོག་དྲུག་དང་། མགོན་བླ་གཅིག་བཅས་བདུན་ཡོད་པ་རྣམས་ལ་ཁང་པ་བདག་བཟུང་དང་སྐར་འཛིན་བྱས། རིམ་པར་འདུས་ནས་སྣེ་སེལ་མཎྜལ་བཞི་ཆོག །གསར་རྙིང་གསོལ་བརྒྱ། གསང་ཐིག་ཕུར་པའི་བསྙེན་པ་བཏང་། གཏོར་བཟློག་བགྱིས་ནས་ལོ་གསུམ་མཚམས་རྒྱའི་དབུ་ཚུགས་ཤིང་། དབང་ལུང་ཁྲིད་ཀ་དགོས་རིགས་རྣམས་ཀྱང་ཁོང་རང་ཉིད་ཀྱིས་རིམ་པར་བསྩལ། དེ་ནས་སྔ་རྗེས་སུ་སྒྲུབ་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་བཙུགས། ཡང་འགའ་ཞིག་གིས་འཇམ་མགོན་ཡོན་ཏན་རྒྱ་མཚོ་ཁོ་ནའི་སྐུ་དུས་སུ་སྒྲུབ་ཐེངས་དགུ་གྲོལ་བར་བཤད། སྒྲུབ་སྡེ་འདི་རྡོར་སློབ་བླ་མ་འཇམ་མགོན་ཉིད་དང་། ཧོར་པདྨ་ནོར་བུ། ཨ་ཏི་བླ་མ་ཀར་བསྟན། བླ་མ་མགོ་ལུ། བླ་མ་ནོར་བུ་དོན་གྲུབ། ཇ་གཡོག་བསྟན་འཕེལ། བླ་མ་ཀ་ལུ་བཅས་ཀྱི་རིམ་པར་བསྐྱངས། དཔལ་ལྡན་མཁྱེན་བརྩེ་འོད་ཟེར་གྱིས་སྒྲུབ་ཁང་རྙིང་སྐྱོན་དང་། སྒྲུབ་གྲྭ་ཁ་འཕར་མང་བས་ཉམས་གསོ་རྒྱ་བསྐྱེད་གནང་རྒྱུའི་དབུ་བཙུགས། ཟླ་བ་བརྒྱད་ཀྱི་ནང་ལྷ་ཁང་དང་མཚམས་ཁང་ཕྱི་ཁོག་སྡོད་ལོ་ཙམ་གྲུབ། སྔར་དཔོན་སློབ་བཅུ་ཡོད་པའི་སྟེང་བཅོ་ལྔ་ཙམ་བསྣན་ནས་སྒྲུབ་པ་པོ་དངོས་ཉེར་ལྔར་སྤར། མགོན་ཁང་སོགས་གྲུབ་ནས་རྟེན་གཏོར་དང་རྟག་གཏོར་རྣམས་ཀྱང་ལེགས་པར་བཀོད་གྲུབ། ལོ་མཇུག་མགོན་པོའི་གཏོར་སྒྲུབ་སྐབས་ཀྱི་གཏོར་ཆེན་རྩམ་འབོ་བརྒྱད་ཅུ་སྐོར་གྱིས་བཅའ་རྒྱུད་བཅས་དང༌། ཕྱི་གཙུག་ལག་སྒྲུབ་སྡེ་སོགས་ཉེར་མཁོའི་ཁང་པ་རྣམས། ནང་རྟེན་མཆོད་བཅས་འཐུས་སྒོ་ཚང་བར་མཛད་པར་རྡོར་སློབ་བླ་མ་ཀ་ལུས་ཀྱང་འཕྲིན་ལས་ཀྱི་རམ་འདེགས་མཐར་ཕྱིན་པ་མཛད། དུས་འགྱུར་སྐབས་རྩ་གཏོར་དུ་སོང་། དེ་རྗེས་སྤྱི་ལོ་1985ལོར་བསྐྱར་བཞེངས་ཀྱི་དབུ་ཚུགས་པ། སྤྱི་ལོ1987ལོའི་སྟོན་ཟླར་ཡོངས་སུ་གྲུབ་ནས། ལོ་འདིའི་ཟླ་བ་བཅུ་པའི་ཚེས་ཀར་སྒྲུབ་ཐེངས་དང་པོའི་དབུ་བཙུགས། སྒྲུབ་དཔོན་བླ་མ་ནི་ཀརྨ་རང་བྱུང་ཀུན་ཁྱབ་ཀྱི་སློབ་མ་ཀརྨ་རྣམ་རྒྱལ་ཡིན། དེ་རྗེས་མེ་དམ་ཆོས། ཐུབ་བསྟན་རྡོ་རྗེ་བཅས་ཀྱིས་སྒྲུབ་དཔོན་བླ་མའི་འགན་རིམ་པར་བཞེས་ནས་ད་བར་སྒྲུབ་ཐེངས་དྲུག་ཟིན། སྒྲུབ་ཐེངས་དྲུག་པའི་དུས་ཡུན་ནི་སྤྱི་ལོ2009ལོའི་བོད་ཟླ་བཅུ་པའི་ཡར་ཚེས་གང་རུང་མཁས་གྲུབ་ཁྱུང་པོའི་དུས་མཆོད་དང་བསྟུན་པ་ནས་སྤྱི་ལོ2013ལོའི་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔ་ཉིན་བར་ཡིན། སྒྲུབ་ཐེངས་འདིར་ཁྱོན་སྒྲུབ་དཔོན་གཅིག་སྟེ་ཀརྨ་ངེས་དོན་ཆོས་ཀྱི་བློ་གྲོས་ཀྱི་དངོས་སློབ་ཡར་རྒྱས་དང༌། སྒྲུབ་བླ་སུམ་ཅུ་སྟེ། དཔལ་སྤུངས་དགོན་རང་ནས་སྒྲུབ་བླ་སུམ་ཅུ། ཡུན་ནན་ལི་ཅང་ནས་སྒྲུབ་བླ་གསུམ། ཆབ་མདོ་ནས་སྒྲུབ་བླ་གཅིག །གཞིས་རྩེ་ནས་སྤྲུལ་སྐུ་གཅིག །སྒྲུབ་གཡོག་གཉིས་བཅས་ཡོད་པའི་ནང་ནས་དགུང་གྲངས་ཆུང་ཤོས་20དང་ཆེ་ཤོས་40ཡིན། སྒྲུབ་སྡེ་འདིར་སྔར་གྱི་སྐབས་ཤིག་རིང་སྒྲུབ་པ་ཚུགས་པའི་དུས་ཚོད་ནི་ཤངས་པའི་སྒྲུབ་སྡེ་གཞན་འགའ་དང་འདྲ་བར་བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ཏེ་སྟོན་པ་བཅོམ་ལྡན་འདས་ལྷ་ལས་བབས་པའི་དུས་ཆེན་གྱི་ཉིན་མོ་དང་། ད་ལྟ་མཁས་གྲུབ་ཁྱུང་པོ་ཆོས་སྐུ་མཁའ་ཁྱབ་ཆེན་པོར་མངོན་སངས་རྒྱས་པའི་དུས་ཏེ་བོད་ཟླ་བཅུ་པའི་ཡར་ངོའི་ཚེས་གང་རུང་དང་། མཇུག་སྒྲིལ་བའི་དུས་ཚོད་ནི་སྔ་ཕྱི་ཀུན་མཚུངས་པར་བོད་ཟླ་དང་པོའི་ཚེས་བཅོ་ལྔ་ཁོ་ནར་ཡིན། སྒྲུབ་པ་གྲོལ་དུས་ཀྱི་བོད་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་སྒྲུབ་བླ་རྣམས་ཀྱིས་རས་རྐྱང་ཆུས་སྦངས་པ་གོས་སུ་གྱོན་ནས་གཏུམ་མོའི་ཉམས་ལེན་གྱི་རྩལ་བཏོན་གནང་སྲོལ་ཡོད། དེ་ལྟར་སྒྲུབ་པ་ལྔ་ལེགས་པར་ཚང་བའི་སྒྲུབ་སྡེ་འདི་ཉིད་ལས་ཀརྨ་རང་བྱུང་ཀུན་ཁྱབ་ཀྱང་དགུང་ལོ་བཅུ་དགུའི་ཐོག་མཐར་ཕྱིན་པ་ཡིན་ཞིང་། དེ་རྗེས་སྒྲུབ་གྲྭ་འདི་ཉིད་ཀྱི་སྒྲུབ་དཔོན་ཡང་མཛད་པ་སོགས་སྒྲུབ་གྲྭ་འདི་ནས་སྔ་བར་ཕྱི་གསུམ་དུ་ངེས་གསང་ཟབ་མོའི་དོན་ལ་མངའ་དབང་འབྱོར་ཞིང་། སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྒྲེངས་ནུས་པའི་རྡོ་རྗེ་སློབ་དཔོན་དང་སྒྲུབ་བླ་དུ་མ་གསོ་སྐྱོང་གནང་དང་གནང་བཞིན་པ་དེས། དུས་ཀྱི་སྙིགས་མའི་མཐར་ཡང་དོན་བརྒྱུད་སྙིང་པོའི་བསྟན་པ་མི་ནུབ་གོང་དུ་སྤེལ་བར་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་ལེགས་སྐྱེས་ཕུལ་དང་འབུལ་མུས་ཡིན།
སྒྲུབ་པ་གསར་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་སྡེར་སྤྱིར་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ཉམས་ལེན་ཆ་ཚང་བ་ཡོད་པ་ལས། ལྷག་པར་ཤངས་པའི་གསེར་ཆོས་ལྔས་གཙོས་པའི་གདམས་ངག་ཟབ་ཁྱད་ཅན་རྣམས་རྐང་ཚུགས་པར་ཉམས་སུ་ལེན་པའི་སྲོལ་ཆག་མེད་ཡོད། སྐབས་འདིར་སྒྲུབ་སྡེ་འདིའི་ལོ་གསུམ་ཕྱོགས་གསུམ་གྱི་ཉམས་ལེན་བྱ་ཚུལ་རྣམས་ལ་ཞིབ་ཕྲའི་རྒྱུས་མངའ་ཡོང་སླད་དང་། དེ་མིན་ད་ཡོད་ཤངས་པའི་སྒྲུབ་སྡེ་ཕལ་ཆེར་ཡང་སྤྱིར་འཇམ་མགོན་ཀོང་སྤྲུལ་ཉིད་དང་། སྒྲུབ་སྡེ་འདིར་སྒྲུབ་དཔོན་མཛད་མྱོང་བའི་ཀརྨ་རང་བྱུང་ཀུན་ཁྱབ་ཀྱི་སློབ་བརྒྱུད་ཀྱིས་བཏབ་པ་ཤ་སྟག་ཡིན་པས་དེ་དག་ལ་ཡང་རིགས་བསྒྲེ་ནུས་པའི་ཕྱིར། འཇམ་མགོན་ཀོང་སྤྲུལ་ཉིད་ཀྱིས་མཛད་པའི་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་གི་སྒྲུབ་པ་རྣམས་ཀྱི་ཀུན་སྤྱོད་བཅའ་ཁྲིམས་བླང་དོར་རབ་གསལ་ཕན་བདེའི་འབྱུང་གནས་ལས་འགངས་ཆེ་རྣམས་བཏུས་ ་་་


Loading map...