Tshe bdag mgon po'i sgo nas tshe dbang byed thabs chig rgyud bka' rgya ma

From Shangpa Resource Center








Resource ID SCv11p167
Title tshe bdag mgon po'i sgo nas tshe dbang byed thabs chig brgyud bka' rgya ma rin chen brtson 'grus la gdams pa'i gser chos
Topics Initiation
Sub-Topics Chadrupa long life sadhana
Author Mokchokpa Rinchen Tsöndrü
Link BDRC W23922
BDRC W3CN18508 (v3p.28)

༈ ཚེ་བདག་མགོན་པོའི་སྒོ་ནས་ཚེ་དབང་བྱེད་ཐབས་ཆིག་བརྒྱུད་བཀའ་རྒྱ་མ་རིན་ཆེན་བརྩོན་འགྲུས་ལ་གདམས་པའི་གསེར་ཆོས་བཞུགས་སོ།།

༈ ༼ངི༽ མགོན་པོ་འདིའི་སྒོ་ནས་ཚེའི་དབང་བསྐུར་བྱིན་རླབས་བྱེད་པར་འདོད་པས། དབེན་པའི་གནས་སུ་མཎྜལ་གྲུ་གསུམ་ལྗང་གུ་མེ་རི་དང་བཅས་པ་བྲི། དེའི་དབུས་སུ་པཾ་ལས་པདྨ་འདབ་མ་སྟོང་དང་ལྡན་པའི་སྟེང་དུ། རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཨ་ལས་ཟླ་བའི་གདན་གྱི་སྟེང་དུ་ལྷ་བསྐྱེད་པ་ནི། དཀྱིལ་འཁོར་གྱི་མཉྫིའི་སྟེང་དུ་གཏོར་མ་རིན་པོ་ཆེའི་སྣོད་ཁེངས་པ་ལ་ཤ་ཁྲག་དང་སྦྲང་རྩི་བུ་རམ་ལ་སོགས་ཅི་འབྱོར་པས་བརྒྱན་པ། མདའ་བྱ་རྒོད་སྒྲོ་མེས་མ་རེག་པ་ལ་དར་ལྗང་གུ་དང་། མེ་ལོང་བཏགས་པ་བཙུགས་པ་ལྷར་བསྐྱེད། གཡས་སུ་གས་ཆག་མེད་པའི་རིན་པོ་ཆེའི་ཚེ་བུམ། ནང་རྫས་ཁ་རྒྱན་མགུལ་ཆིངས་དང་བཅས་པ་བཤམས་པའི་ནང་དུའང་ལྷ་རྣམས་བསྐྱེད། གཡོན་དུ་ཐོད་པ་མཚན་ལྡན་ཆང་གིས་བཀང་བ་ལ་བདུད་རྩི་རིལ་བུ་བླུག །དེའི་སྟེང་དུ་མེ་ལོང་བཞག་ལ་སིནྡྷུ་རས་ཆོས་འབྱུང་གཉིས་བརྩེགས་བྲིས་པའི་ལྟེ་བ་ལ། རྡོ་རྗེ་གྲི་གུག་གམ་ཡང་ན་ཧཱུྃ་དང་ཨ་བྲི། མཐའ་ལ་རྩ་སྔགས་ཀྱིས་བསྐོར། ཟུར་རྣམས་ལ་ཧ་རི་ནི་སྭཱ་ཧཱ། ཞེས་བྲིས་པའང་ལྷ་བསྐྱེད། སྟེང་ནས་དར་ལྗང་གུའི་གུར་ཕུབ། མཐའ་ཅི་འབྱོར་པའི་མཆོད་པས་བསྐོར། སློབ་དཔོན་བདག་བསྐྱེད་དང་བཅས་པའི་ལྷ་ཚོགས་རྣམས་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོའམ། ཡང་ན་གནས་གསུམ་ལྟེ་བ་གསང་གནས་སུ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པའི་ཡི་གེ་ལས་དཀར་དམར་མཐིང་ག་སེར་ལྗང་བའི་འོད་འཕྲོས་ཕྱོགས་བཅུ་ཀུན་ཁྱབ་པས།
རྒྱུད་དྲུག་སེམས་ཅན་སྡིག་སྒྲིབ་སྦྱངས། །སྐྱབས་གསུམ་ཐུགས་རྗེའི་མངའ་བདག་ཅན། །ཡེ་ཤེས་སྤྱན་ལྡན་མ་ལུས་མཆོད། །ཚེ་བདག་ཕྲིན་ལས་མགོན་པོར་གྱུར། །འཕྲོ་འདུའི་འོད་ཟེར་བརྡས་བསྐུལ་ཏེ། །དབུས་གྱུར་རིན་ཆེན་མཆོག་གྲུབ་ནས། །བསིལ་བའི་ཚལ་གྱི་དུར་ཁྲོད་གནས། །དཔལ་ལྡན་འབྱོར་བཅུ་ཆེ་བའི་བདག །ཕྱག་དྲུག་ཡེ་ཤེས་མགོན་པོའི་ཚོགས། །དུར་ཁྲོད་བརྒྱད་དང་ཉེར་བཞི་ཡི། །དམ་ཅན་འཁོར་བཅས་འདིར་འདུས་ལ། །རྣལ་འབྱོར་བདག་ལ་མཆོག་སྩོལ་ཅིག
།ཅེས་པས་གསོལ་བ་གདབ། སྤྱན་དྲངས་མདུན་གྱི་ནམ་མཁར་པདྨ་ཉི་ཟླའི་གདན་གྱི་སྟེང་ན་གནས་པ་ལ་མཆོད་བསྟོད་བཤགས་པ་བྱ། བདག་བསྐྱེད་མདུན་བསྐྱེད་ལ་ཡེ་ཤེས་པ་བསྟིམ། གནས་ལྔའི་འོད་ཟེར་གྱི་རིགས་ལྔ་ཡབ་ཡུམ་སྤྱན་དྲངས། མཆོད་བསྟོད་དབང་བསྐུར་རྒྱས་བཏབ་བྱ། དེ་ལ་མཆོད་པ་བཞི་རྫོགས་དབུལ། བདག་བསྐྱེད་ལྷའི་ཞལ་ནས་འོད་ཟེར་གཟུངས་ཐག་ལ་འཁྲིལ་ནས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། གནས་ལྔའི་འོད་ཟེར་གྱིས་ཕྱོགས་བཅུ་ནས་ཚེ་ལ་སོགས་པའི་བསྒྲུབ་བྱ་ཐམས་ཅད་རང་དབང་མེད་པར་འགུགས་པའི་ཏིང་ངེ་འཛིན་གྱི་ཚེ་སྒྲུབ་ཅིང་བསྙེན་པ་བྱའོ།
།དེ་ནས་རང་གཞན་གྱི་དབང་ལ་འཇུག་སྟེ། ཁྲུས་བྱས་གསེར་གྱི་མཎྜལ་ཕུལ། སྐྱབས་འགྲོ་སེམས་བསྐྱེད་བྱ། གནང་བ་སྦྱིན་པ། རྟོག་པ་བསྡུ་བ། ལམ་ཡན་ལག་ལྔ་པ། སྡོམ་པ་བཟུང་བ། གསང་སྔགས་འབྱུང་བ་དཀོན་པ་ལ་སོགས་པ་སྔོན་འགྲོའི་ཆོས་རྣམས་བྱ། ལྷ་ངོ་སྤྲད། སློབ་མ་མགོན་པོར་བསྒོམ་དུ་གཞུག །གནས་གསུམ་ལམ་ལྔ་བྱིན་གྱིས་བརླབས། འཕྲོ་འདུའི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས་བསྟིམ་པ་ཡེ་ཤེས་དབབ་པའོ། །དེ་ནས་ལུས་ལོངས་སྤྱོད་དང་བཅས་པ་བླ་མ་ལྷར་བཅས་ལ་མཆོད་ཅིང་དབང་བཞིའི་གསོལ་བ་གདབ།
རིག་པའི་དབང་ལྔ་བསྐུར་བ་ནི། ཚེ་བུམ་དཔྲལ་བར་གཏུགས་པས་བུམ་བསྐྱེད་ཀྱི་ལྷའི་དཔྲལ་བ་ནས་འོད་ཟེར་རམ། བདུད་རྩིའི་རྒྱུན་དཀར་པོ་བྱུང་ནས་ལུས་ཀྱི་ཕྱི་ནང་གི་ནད་གདོན་ལ་སོགས་པ་དག་པར་བསྒོམ།
བཀྲ་ཤིས་ཚེ་བརྟན་རྣམ་རྒྱལ་བུམ་བཟང་ནས། །ཉོན་མོངས་གཏི་མུག་དག་པའི་ཡེ་ཤེས་ལྷ། །རྒྱལ་བའི་འོད་གཟུགས་དྲི་བྲལ་ལོངས་སྐུ་བཞུགས། །ཕྱག་དྲུག་ཚེ་དཔག་མེད་མགོན་དབང་བསྐུར་བས། །མེ་ལོང་ཡེ་ཤེས་འཕྲོ་འདུའི་འོད་ཟེར་ཅན། །མི་ཤིག་རྡོ་རྗེའི་སྐུའི་དབང་ཐོབ་ཤོག
།ཅེས་བརྗོད་ཅིང་རྩ་སྔགས་བཟླས། བུམ་ཆུ་སྦྱིན།
མགྲིན་པར་དམར་པོའི་དབང་བསྐུར་བ་ནི། བཀྲ་ཤིས་ཚེ་བརྟན་ཞེས་པ་འགྲེ། །ཉོན་མོངས་འདོད་ཆགས་དག་པའི་ཡེ་ཤེས་ལྷ། །རྒྱལ་བའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་བཞུགས། །རྩ་སྔགས་སྲོག་གི་སྙིང་པོའི་དབང་བསྐུར་བས། །སོར་རྟོག་ཡེ་ཤེས་འཕྲོ་འདུའི་འོད་ཟེར་ཅན། །གསུང་དབྱངས་ཡན་ལག་དྲུག་ཅུའི་དབང་ཐོབ་ཤོག
།སྙིང་གར་སྔོན་པོས་དབང་བསྐུར་བ་ནི། བཀྲ་ཤིས་ཚེ་བརྟན༴ །ཉོན་མོངས་ཞེ་སྡང་དག་པའི་ཡེ་ཤེས་ལྷ། །རྒྱལ་བའི་ཐུགས་མཆོག་དཔལ་གྱི་ཡེ་ཤེས་བཞུགས། །མི་འགྱུར་ལྷན་སྐྱེས་སྐུའི་དབང་བསྐུར་བས། །ཆོས་དབྱིངས་ཡེ་ཤེས་འཕྲོ་འདུའི་འོད་ཟེར་ཅན། །རྣམ་ཀུན་ཐམས་ཅད་མཁྱེན་པའི་མཆོག་ཐོབ་ཤོག
།ལྟེ་བར་སེར་པོས་དབང་བསྐུར་བ་ནི། བཀྲ་ཤིས་ཚེ་བརྟན༴ །ཉོན་མོངས་ང་རྒྱལ་དག་པའི་ཡེ་ཤེས་ལྷ། །རྒྱལ་བའི་ཡོན་ཏན་ཕན་བདེ་མཆོག་སྩོལ་བཞུགས། །དབྱིངས་དང་རིག་པ་དབྱེར་མེད་དབང་བསྐུར་བས། །མཉམ་ཉིད་ཡེ་ཤེས་འཕྲོ་འདུའི་འོད་ཟེར་ཅན། །མཐོང་ཐོས་དྲན་རེག་མྱུར་དུ་སངས་རྒྱས་ཤོག
།གསང་བར་ལྗང་གུས་དབང་བསྐུར་བ་ནི། བཀྲ་ཤིས་ཚེ་བརྟན༴ །ཉོན་མོངས་ཕྲག་དོག་དག་པའི་ཡེ་ཤེས་ལྷ། །རྒྱལ་བའི་ཕྲིན་ལས་རྒྱུན་ཆད་མེད་པར་བཞུགས། །ལྔ་ལྡན་གསང་རིགས་གཟུངས་སྔགས་དབང་བསྐུར་བས། །བྱ་གྲུབ་ཡེ་ཤེས་འཕྲོ་འདུའི་འོད་ཟེར་ཅན། །ལྷུན་གྲུབ་རབ་འབྱམས་རྒྱལ་བའི་ཞིང་ཁྱབ་ཤོག
།གསང་དབང་ནི། ཐོད་པ་མེ་ལོང་དང་བཅས་པས་དབང་བསྐུར་ཏེ། རྒྱལ་བ་རྒྱ་མཚོའི་སྐུ་ཡི་དབྱིབས་བརྒྱུད་པའི། །མཚན་ལྡན་ཐོད་པ་བདུད་རྩིས་གང་བ་དང་། །སྒྲིབ་བྲལ་སྣང་སྟོང་ཟུང་འཇུག་མེ་ལོང་ལ། །ལི་ཁྲིའི་ཆོས་འབྱུང་མཁའ་འགྲོའི་གཞལ་ཡས་བཀོད། །བདེ་སྟོང་ས་བོན་ཕྱག་མཚན་རྩ་སྔགས་ལྷས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ། །རྩ་སྔགས་བརྗོད། དམ་རྫས་བླུགས་སྣོད།
ཤེས་རབ་ཡེ་ཤེས་ཀྱི་དབང་ནི། གསང་ཡུམ་རྡོ་རྗེ་མཁའ་འགྲོ་ལས། །ལྷ་མོ་འཕྲོས་ནས་བུ་ལ་གཏད། །སྙོམས་པར་ཞུགས་པའི་བདེ་བས་ཀྱང་། །ཐབས་དང་ཤེས་རབ་དབྱེར་མེད་གྱུར། །གང་འདུལ་ལྷ་སྐུ་མཐའ་ཡས་སུ། །སེམས་ཅན་དོན་དུ་ཁྱེད་གྱུར་ཅིག །རྩ་སྔགས་བརྗོད།
བཞི་པའི་དབང་ནི། སྤྲོས་པའི་མཐའ་བྲལ་གཅེར་མཐོང་རང་རིག་འདི། །ནམ་མཁའ་ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་བས། །སྐལ་ལྡན་རིགས༴ །མ་རིག་སྡུག་བསྔལ་འཁོར་བ་རྒྱུད་དྲུག་དང་། །འཁྲུལ་རྟོག་ཉོན་མོངས་དུག་ལྔ་ཚར་ཆོད་ནས། །སྐྱབས་གསུམ་ཀུན་འདུས་གོ་འཕང་མཆོག་ཐོབ་ཤོག །ཨོཾ་དྷ་རེ་དྷ་རེ་དྷ་ར་ན་བྷན་དྷེ་སྭཱ་ཧཱ། ཞེས་པས་མེ་ཏོག་དོར་ཤིས་པ་བརྗོད། གཏོར་མ་སྤྱི་བོར་བཞག །མགོན་པོའི་སྐུ་ཆུང་ལ་ཡན་ལག་རགས་པ་མང་པོ་བྱུང་ནས་ཐིམ་པར་བསྒོམ་ཞིང་། བརྒྱུད་ལྡན་བླ་མའི་མཚན་བརྗོད་དོ།
།དེ་ནས་སྔགས་ཀྱི་རྗེས་གནང་གི་དོན་དུ་གསོལ་བ་བཏབ་པ་ནི། མེ་ཏོག་དང་བཅས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཅེས་པས་བླ་མ་ལྷར་བཅས་ལ་མེ་ཏོག་དོར།
སློབ་དཔོན་གྱིས། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ཅེས་བརྗོད་དོ།
།སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱ། བླ་མ་ལ་གསེར་གྱི་མཎྜལ་དབུལ། ཕྱག་བཙལ། སྐུ་དྲིན་ཆེ་ལགས་ཞེས་བརྗོད། ཚོགས་ལ་རོལ། དངོས་གྲུབ་བླངས། བསྔོ་བ་བྱ། སྨོན་ལམ་གདབ། བཀྲ་ཤིས་བརྗོད། ལས་ཀྱིས་རྗེས་མི་མངོན་པར་བྱའོ།
།ཆིག་བརྒྱུད་བཀའ་རྒྱ་མ་འདི་ཁྱེད་རིན་ཆེན་བརྩོན་འགྲུས་ལ་གདམས་པ་ཡིན་ནོ། །གསེར་ཆོས་ཟབ་མོ། །ཨྀཐིཿ