Zab lam ni gu'i chos drug gi dmigs rim mdor bsdus pa gnad don gsal ba'i me long

From Shangpa Resource Center








Resource ID GG5
Title zab lam ni gu'i chos drug gi dmigs rim mdor bsdus pa gnad don gsal ba'i me long
Topics Six doctrines of Niguma
Sub-Topics Manual
Author Dalaï Lama Gendün Gyamtso
Link BDRC W1CZ2857

༄༅། །ཟབ་ལམ་ནི་གུའི་ཆོས་དྲུག་གི་དམིགས་རིམ་མདོར་བསྡུས་པ་གནད་དོན་གསལ་བའི་མེ་ལོང་ཞེས་བྱ་བ།།

མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།
།ཨིནྡྲ་ནཱི་ལའི་ལྷུན་པོ་ལྟར་བརྗིད་རིན་ཅེན་རྒྱན་ཕྲེང་རྣམ་པར་གཡོ། །ཆགས་དང་བྲལ་ཡང་ཆགས་པའི་ཉམས་ལྡན་དགའ་མའི་མགྲིན་པར་དམ་དུ་འཁྱུད། །བདེ་ཆེན་བདུད་རྩིའི་བཏུང་བས་རབ་མྱོས་ཐུགས་ནི་སྤྲོས་པའི་མཚན་མས་དབེན། །དབང་ཕྱུག་བརྒྱད་ལྡན་རྡོ་རྗེ་འཆང་དབང་དད་པའི་དབང་གིས་སྤྱི་བོར་བསྟེན།
།ལྷན་སྐྱེས་བདེ་བའི་རོས་གང་དཔའ་མོའི་གཟུགས། །གསང་བའི་ཆུ་སྐྱེས་དཔའ་བོའི་བརྟན་པ་འཕྲོག །རྣལ་འབྱོར་མ་ཁྱོད་ཁོ་ནར་ཡིད་གཏད་ཀྱིས། །འཁྱུད་པའི་མཛའ་བ་སྦྱིན་པའི་བཀའ་དྲིན་སྩོལ། །ཡེ་ཤེས་མཁའ་འགྲོ་གྲུབ་མཆོག་ཁྱུང་པོ་སོགས། །བརྒྱུད་པའི་བླ་མ་རྣམས་དང་བཀའ་དྲིན་ཅན། །ཨ་མོ་གྷ་དང་རྗེ་བཙུན་ཨ་ནནྟའི། །ཞབས་རྡུལ་ཟོལ་མེད་གུས་པས་སྤྱི་བོས་འཛིན། །སྔོན་མེད་ལེགས་བཤད་རིན་ཅེན་བྱེ་བའི་གཏེར། །བློ་བཟང་ཆུ་གཏེར་གྲགས་པའི་རླབས་ཕྲེང་ཅན། །རྒྱལ་བ་ཀུན་དངོས་རྗེ་བཙུན་ཙོང་ཁ་པ། །བཀའ་དྲིན་མཉམ་མེད་དེ་ལ་ཕྱག་འཚལ་ནས། །དཔལ་ལྡན་ཡེ་ཤེས་མཁའ་འགྲོའི་ཐུགས་ཀྱི་བཅུད། །གྲུབ་པའི་དབང་པོ་དུ་མས་བགྲོད་པའི་ལམ། །ཆོས་དྲུག་ལོག་རྟོག་དྲི་མས་མ་བསླད་པར། །མགོན་དེའི་བཞེད་པ་ཇི་བཞིན་བཤད་པར་བྱ།
།འདིར་ཟབ་ལམ་ནི་གུའི་ཆོས་དྲུག་ཅེས་གྲགས་པ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མས་རྡོ་རྗེ་འཆང་ཆེན་པོ་ཁྱུང་པོ་རྣལ་འབྱོར་ལ་དངོས་སུ་གནང་བའི་ཞལ་གྱི་གདམས་པ། །དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཅེས་པའི་ཕྱོགས་ལ་བྱོན་པའི་མཁས་གྲུབ་རྣམས་ཀྱི་འཇུག་ངོགས་མཐར་ཐུག་པ་དེ་ཉིད་འདིར་ཉམས་སུ་ལེན་པའི་ཚུལ་རང་ལུགས་མདོར་བསྡུས་ཏེ་བརྗོད་པར་བྱ་ལ། འདིའི་ཕྱོགས་ལ་དོགས་པའི་མཐའ་དཔྱོད་ཚུལ་སོ་སོའི་དམིགས་རིམ་རྒྱས་པ་རྒྱུད་དང་གྲུབ་ཆེན་གྱི་གཞུང་གི་ཁུངས་དང་སྦྱར་བ་བོད་ཀྱི་བླ་མ་སོ་སོའི་ལུགས་འགོད་པ་དང་བཅས་པ་ཞིག་ངེས་པར་དགོས་པར་སྣང་བས་ཁྲིད་ཚུལ་རྒྱས་པའི་ཡི་གེ་ལོགས་སུ་འགོད་པར་འདོད་པས་དེར་བལྟ་བར་བྱོས་ཤིག དེས་ན་འདི་ལ་གཉིས། ལམ་འདིའི་སྔོན་འགྲོ་དང་། ལམ་གྱི་ཉམས་ལེན་དངོས་སོ།
།དང་པོ་ནི་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་ནས་བཟུང་སྟེ་སྐྱེས་བུ་ཆུང་འབྲིང་ཆེན་པོ་གསུམ་གྱི་སྒོ་ནས་ལམ་ཐུན་མོང་བས་རྒྱུད་ལེགས་པར་སྦྱངས་ཤིང་བདེ་དགྱེས་གང་རུང་གི་དབང་བཞི་མཚན་ཉིད་ཚང་བ་ལེགས་པར་ཐོབ་པ་དང་། དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམས་ལ་གཅེས་སྤྲས་སུ་བྱེད་པ་ནི་ལམ་འདིའི་ཡང་སྔོན་འགྲོར་མེད་མི་རུང་དུ་དགོས་ཏེ། དེ་ལྟར་བྱས་ནས་ལམ་འདི་བསྒོམས་ན་ཟླ་བ་དྲུག་ལ་སོགས་པར་མཆོག་གི་དངོས་གྲུབ་འཐོབ་ཀྱི། དེ་ལས་གཞན་དུ་བསྐལ་པར་བསྒོམས་ཀྱང་རྫོགས་རིམ་གྱི་རྟོགས་པ་སྐྱེ་མི་སྲིད་པའི་ཕྱིར་རོ།
།དེ་ལྟར་ཡང་རྡོ་རྗེའི་ཚིག་རྐང་ཉིད་ལས། དབང་གིས་ལེགས་སྨིན་དད་བརྩོན་ཤེས་རབ་ལྡན། །མི་རྟག་ཉེས་དམིགས་སྐྱོ་ཤས་སྔོན་འགྲོ་བས། །ལམ་མཆོག་འདི་ལ་གང་གིས་འབད་གྱུར་ན། །ཟླ་དྲུག་ལོ་འམ་ཚེ་འདིར་སངས་རྒྱས་འགྱུར། །ཞེས་གསལ་བར་གསུངས་སོ།
།གཉིས་པ་ལ་བསྐྱེད་རིམ་ལ་སློབ་ཚུལ་དང་། རྫོགས་རིམ་ལ་སློབ་ཚུལ་གཉིས་ལས།
དང་པོ་ནི་ལམ་འདི་ཉམས་སུ་ལེན་པ་ལ་ཡང་སྔོན་དུ་མ་མཐའ་ཡང་བདེ་མཆོག་ལྷ་ལྔ་ཙམ་གྱི་བསྐྱེད་རིམ་སྐུ་གསུམ་ལམ་འཁྱེར་གྱི་གནད་ཚང་བ་ཞིག་གི་སྒོམ་ཚུལ་ངེས་པར་དགོས་ཀྱི། བདེ་མཆོག་ལྷན་སྐྱེས་དང་ཀྱེ་རྡོར་ལྷན་སྐྱེས་ཙམ་ཞིག་བསྒོམས་པས་མི་ཆོག་སྟེ། བསྐྱེད་རིམ་གྱི་སྐུ་གསུམ་ལམ་འཁྱེར་གྱིས་སྒྲུབ་པ་པོ་རང་ཉིད་ཀྱི་སྦྱང་གཞི་སྐྱེ་ཤི་བར་དོ་གསུམ་ཡིད་ངོའི་སྐུ་གསུམ་དུ་བསྒྱུར་བའི་སྒོ་ནས་རྒྱུད་སྨིན་པར་བྱས་ཏེ་རྫོགས་རིམ་གྱི་སྐུ་གསུམ་ལམ་འཁྱེར་གྱིས་སྒྲུབ་པ་པོ་རང་ཉིད་ཀྱི་ཐ་མལ་གྱི་སྐྱེ་ཤི་བར་དོ་གསུམ་དངོས་གནས་ལ་སྦྱངས་ནས་དངོས་གནས་ཀྱི་སྐུ་གསུམ་དུ་བསྒྱུར་བའི་སྒོ་ནས་གྲོལ་བར་བྱེད་མི་ནུས་པའི་ཕྱིར་རོ།
།བསྐྱེད་རིམ་ལ་སློབ་པ་ན་ཡང་ད་ལྟའི་ཐ་མལ་གྱི་ང་ལ་སོགས་པའི་སྣང་ཞེན་འདི་སྭ་བྷཱ་ཝའི་སྔགས་དོན་དྲན་པའི་སྒོ་ནས་དག་པར་བྱས་ཏེ་ཤུ་ནྱ་ཏའི་སྔགས་དོན་ལྟར་བདེ་སྟོང་དབྱེར་མེད་ཀྱི་རྒྱལ་བའི་ཐུགས་ཆོས་སྐུ་ལ་ང་རྒྱལ་འཇོག་ཅིང་དེ་ནས་ཡེ་ཤེས་དེ་ཉིད་རྣམ་པ་ལྷར་གསལ་བ་ལ་དམིགས་ནས་ངའོ་སྙམ་དུ་སྒོམ་པ་ཡིན་ཏེ། ད་ལྟའི་བསྐྱེད་རིམ་སྒོམ་པ་འདི་དག་ནི་ཤས་ཆེར་ཐ་མལ་གྱི་སྣང་ཞེན་དྲག་པ་ཞིག་བསྐྱེད་རིམ་དུ་འདོད་པར་སྣང་ངོ༌།
།གཉིས་པ་རྫོགས་རིམ་ལ་གཞི་དངོས་པོའི་གནས་ཚུལ། ལམ་འགྲོད་པའི་རིམ་པ། འབྲས་བུ་མངོན་དུ་བྱེད་ཚུལ་ལོ།
།དང་པོ་ལའང་ལུས་སེམས་གཉིས་ལས། དང་པོ་ལའང་རགས་པ་ནི་འབྱུང་བ་དང་འབྱུང་གྱུར་ལས་གྲུབ་པའི་ལུས་རགས་པ་འདི་ཉིད་དང་། ཕྲ་བ་གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་ཆུབ་ཀྱི་སེམས་དཀར་དམར་རྣམས་དང་། ཤིན་ཏུ་ཕྲ་བ་ནི་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་རླུང་ངོ་།
།སེམས་ལ་ཡང་རགས་པ་སྒོ་ལྔའི་དབང་ཤེས་དང༌། ཕྲ་བ་རང་བཞིན་བརྒྱད་ཅུའི་རྣམ་རྟོག ཤིན་ཏུ་ཕྲ་བ་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་སེམས་སོ།
།བླ་མེད་ཀྱི་རྫོགས་རིམ་སྒོམ་པ་ན་གཞི་དངོས་པོའི་གནས་ཚུལ་ལ་མཁས་དགོས་ཏེ། རྫོགས་རིམ་གྱི་ལམ་རྣམས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་ལས་སྐྱེ་དགོས། དེ་ལ་བསྣུན་ས་དང་བསྣུན་ཚུལ་ཤེས་དགོས་སོ། དེ་ལ་གཞིའི་ལུས་སེམས་ཀྱི་གནས་ཚུལ་ལ་མཁས་དགོས་པའི་ཕྱིར་རོ།
།དེས་ན་རྩ་འཁོར་རྣམས་ཀྱི་ལྟེ་བའི་དྷཱུ་ཏཱིའི་དབུས་དང་དབུ་མའི་ཡར་སྣ་མར་སྣ་རྣམས་གནད་དུ་བསྣུན་ས་དང་། ཁྱད་པར་གདམས་པ་འདིའི་ཐོག་མར་གནད་དུ་བསྣུན་ས་ནི་ལྟེ་བའི་རྩ་འཁོར་གྱི་དབུས་ཀྱི་དྷཱུ་ཏཱིའི་ནང་ཉིད་ཡིན་ནོ།
།གཉིས་པ་ལམ་འགྲོད་པའི་རིམ་པ་ལ། སྔོན་འགྲོ་སྟོང་རའི་ཆོས་སྐོར་དང་། དངོས་གཞི་གཉིས་ལས།
དང་པོ་ལ་དག་བྱེད་ཨའི་སྟོང་ར། སྟོང་ར་ནད་གདོན་དག་བྱེད། རྟགས་གསུམ་སྟོང་རའི་ཁྱད་པར་རྣམས་ནི་ཁྲིད་ཡིག་སྔ་མ་དག་ཏུ་འབྱུང་བ་ལྟར་ཡིན་ལ། དག་བྱེད་ཨའི་སྟོང་རའི་སྐབས་སུ་སྤྱི་བོའི་ཨ་ལས་བདུད་རྩི་དཀར་པོའི་རྒྱུན་བྱུང་བ་དེ་ཉིད་ངོ་བོ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས། རྣམ་པ་བདུད་རྩིར་མོས་པ་དང་། བདུད་རྩིའི་རྒྱུན་དེས་ལུས་ཁེངས་པས་ཡིད་སྟོང་ཉིད་རྟོགས་པའི་ལྷན་སྐྱེས་ཀྱི་བདེ་བའི་ངོ་བོར་གྱུར་གྱིས་སོང་བར་སྒོམ་དགོས་ཏེ། ཨ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྐྱེ་བ་མེད་པའི་སྟོང་པ་ཉིད་དང་། སྨིན་ཕྲག་གི་ཆོས་འབྱུང་ནི་ཡུལ་ཅན་ལྷན་སྐྱེས་ཀྱི་བདེ་ཆེན་མཚོན་པ་ཡིན་པའི་ཕྱིར་དང་། སྤྱི་བོ་ནས་བདུད་རྩིའི་རྒྱུན་བབས་པར་མོས་པ་ཙམ་གྱིས་སྒྲིབ་པའི་འཛིན་སྟངས་ལ་ཅུང་ཟད་ཀྱང་མི་གནོད་པའི་ཕྱིར། འདི་དག་ལ་དཀའ་གནད་ཆུང་བས་རྒྱས་པར་མ་སྤྲོས་སོ།
།དངོས་གཞི་ལ་དྲུག་ལས། ཐབས་ལམ་བདེ་དྲོད་རང་འབར་ལ་རྩེ་གཅིག་གི་ཁུངས་དགོད། དེའི་དོན་ཉམས་སུ་ལེན་པའི་ཚུལ་ལོ།
།དང་པོ་རྡོ་རྗེའི་ཚིག་རྐང་ལས། རང་ལུས་ཐབས་ལྡན་རྩ་གསུམ་འཁོར་ལོ་བཞི། །ཨ་ཧཾ་འབར་འཛག་སྐད་ཅིག་དགའ་བཞིས་བརྒྱན། །ཤེས་རབ་ཀ་ཀ་མུ་ཁའི་སྙོམས་འཇུག་གིས། །ཟག་བཅས་ཟག་མེད་དགའ་བཞི་རིམ་བཞིན་ཏེ། །རི་བོང་དབབ་གཟུང་བཟློག་དགྲམ་རླུང་དང་བསྲེ། །ཟག་མེད་ཡེ་ཤེས་ཆེན་པོས་བརྒྱན་པར་བྱ། །ཞེས་གསུངས་སོ།
།གཉིས་པ་ལ་སྲོག་དབུ་མར་འཇུག་པའི་ཐབས། དེ་ལས་ཉམས་མྱོང་སྐྱེ་བའི་རིམ་པ་བཤད་པའོ།
།དང་པོ་ལ་སྔོན་འགྲོ་བླ་མའི་རྣལ་འབྱོར་དང་། དངོས་གཞི་གཉིས་ཀྱི་
དང་པོ་ནི་རང་གི་སྤྱི་བོར་རྩ་བའི་བླ་མ་རྡོ་རྗེ་འཆང་གི་རྣམ་པར་བསྒོམས་པ་ལ་ལུས་ལོངས་སྤྱོད་ཐམས་ཅད་ལྟོས་མེད་དུ་ཕུལ་ནས་བདེ་དྲོད་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བར་གསོལ་བ་དྲག་ཏུ་འདེབས་པའོ།
།དངོས་གཞི་ལ། དང་པོ་རྩའི་གཙོ་བོ་གསུམ་གསལ་གདབ་པ་ནི། རང་ལུས་རྣམ་སྣང་གི་ཆོས་བདུན་ལྡན་དུ་བྱས། རླུང་རོ་ལེགས་པར་བསལ། རང་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་ལུས་ཀྱི་ནང་དྲང་པོ་སྒལ་ཚིགས་ལ་ཅུང་ཟད་ཉེ་བར་རྩ་དབུ་མ་སྦོམ་ཕྲ་གྲོ་སོགས་ཕྲ་ཤོས་ཙམ་པ་ཡར་སྣ་ཚངས་བུག་དང་མར་སྣ་ལྟེ་བའི་འོག་ཙམ་དུ་ཟུག་པ། དེའི་གཡས་སུ་རོ་མ་དང་གཡོན་དུ་རྐྱང་མ་གཉིས་དབུ་མ་དང་གཤིབས་ཏེ་གནས་པའི་ཡར་སྣ་སྣ་བུག་གཉིས་དང་མར་སྣ་ལྟེ་བའི་དྷཱུ་ཏཱིའི་ནང་དུ་ཟུག་པར་བསམ་མོ། །དེ་ཡང་དགོས་པའི་དབང་གིས་དེ་ལྟར་བསྒོམ་གྱི། རྩ་གསུམ་ཀྱི་མར་སྣ་ལྟེ་འོག་ནས་ཟད་པ་མ་ཡིན་ནོ། །འཁོར་ལོ་བཞི་གསལ་གདབ་པ་ནི་ལྟོ་བར་ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་པ་ཕྱི་དབྱིབས་ཨེ་གྲུ་གསུམ་གྱི་རྣམ་པ་ཅན་ཁ་གྱེན་དུ་ལྟ་བ། སྙིང་གར་སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་པ་ཕྱི་དབྱིབས་ཝཾ་ཡིག་ཟླུམ་པོའི་རྣམ་པ་ཅན་ཁ་ཐུར་དུ་ལྟ་བ། མགྲིན་པར་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་པ་ཝཾ་ཡིག་ཟླུམ་པོའི་རྣམ་པ་ཅན་ཁ་གྱེན་དུ་ལྟ་བ། སྤྱི་བོར་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སོ་གཉིས་པ་ཨེ་གྲུ་གསུམ་གྱི་རྣམ་པ་ཅན་ཁ་ཐུར་དུ་ལྟ་བ་རྣམས་གསལ་གདབ་བོ། །རྩ་འཁོར་ཨེ་ཝཾ་གྱི་རྣམ་པར་གསལ་བཏབ་པ་ལ་དགོས་པ་ཡོད་དེ། སྔགས་བླ་མེད་ཀྱི་རྫོགས་རིམ་གྱི་ལམ་རྣམས་ལུས་ལ་གནད་དུ་བསྣུན་པའི་ཐབས་ཤེས་ཀྱི་སྦྱོར་ཚུལ་ཁྱད་པར་ཅན་ལ་བརྟེན་ནས་སྐྱེ་དགོས། ཨེ་ཝཾ་གྱིས་དེ་ལེགས་པར་མཚོན་པའི་ཕྱིར་རོ། །རྩ་འཁོར་གྱི་ལྟེ་བར་ཡི་གེ་དགོད་ཚུལ་ནི་ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འཁོར་གྱི་དབུས་ཀྱི་དྷཱུ་ཏཱིའི་ནང་དུ་ཟླ་གདན་ལ་ཨ་ཐུང་ཤད་ཀྱི་རྣམ་པ་ཅན་ཁ་དོག་དམར་པོ་ཡུངས་ཀར་སྦོམ་པོའི་ཚད་ཙམ་མགོ་བོ་གྱེན་དུ་བསྟན་པ་གཏུམ་མོའི་མེ་འབར་ལ་ཁད་པ། དེ་བཞིན་དུ་སྙིང་གའི་རྩ་འཁོར་གྱི་དབུས་ཀྱི་དྷཱུ་ཏཱིའི་ནང་དུ་ཟླ་གདན་ཧཱུྃ་ཡིག་སྔོན་པོ་མགོ་ཐུར་དུ་བསྟན་པ་བྱང་སེམས་ཁ་བ་ལྟ་བུ་འཛག་པ། མགྲིན་པར་ཨོཾ་ཡིག་དམར་པོ་མགོ་གྱེན་བསྟན་གཏུམ་མོའི་མེ་འབར་ལ་ཁད་པ། སྤྱི་བོར་ཧཾ་ཡིག་དཀར་པོ་མགོ་ཐུར་དུ་བསྟན་པ་བྱང་སེམས་ཁ་བ་ལྟ་བུར་འཛག་པ། ཐམས་ཅད་ཀྱང་ཟླ་གདན་ལ་གནས་ཤིང་འོད་ཤིན་ཏུ་འཚེར་བའི་རྣམ་པ་ཅན་དུ་བསྒོམ་མོ།
།དེ་ནས་དམིགས་པ་གཏོད་པའི་ཚུལ་ནི། ལྟེ་བའི་རྩ་འཁོར་གྱི་དབུས་ཀྱི་ཨ་ཐུང་ཤད་ཀྱི་རྣམ་པ་ཅན་ཉིད་ལ་རང་གི་སེམས་ཞུགས་པ་བཞིན་དུ་བཟུང་ནས་སྒོམ་པ་ལ་ཐོག་མར་འབད་དགོས་ཏེ། ལམ་འདིའི་རྨང་རྡོའམ་གཞུང་ཤིང་མཐར་ཐུག་པ་ནི་གཏུམ་མོ་ཡིན་ལ། གཏུམ་མོའི་རྟོགས་པ་སྐྱེ་བ་ལ་ལྟེ་བར་གནད་དུ་བསྣུན་པ་གནད་ཆེ་བའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་འདིར་མ་ཟད་མ་རྒྱུད་ཐམས་ཅད་ཀྱིས་གཙོ་བོར་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་རྒྱལ་བའི་ཐུགས་ཆོས་སྐུ་སྒྲུབ་ཚུལ་ཉིད་རྩལ་དུ་འདོན་ཞིང་དེ་ལ་ཐོག་མར་ལྷན་སྐྱེས་ཀྱི་བདེ་བ་སྒྲུབ་དགོས། དེ་ལ་སྤྱི་བོའི་ཧཾ་ཡིག་དྷཱུ་ཏཱིའི་ནང་དུ་ཞུ་བ་ཞིག་དགོས། དེ་ལ་སྤྱིར་དྷཱུ་ཏཱིའི་ནང་དང་། ཁྱད་པར་ལྟེ་བའི་གཏུམ་མོ་འབར་བ་ཞིག་དགོས་པ་ཡིན་ཞིང་། དེའི་ཕྱིར་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་དཔེའི་འོད་གསལ་དང༌། མངོན་སུམ་དུ་རྟོགས་པའི་དོན་གྱི་འོད་གསལ་གྱིའང་རྩ་བ་གཏུམ་མོ་ཡིན་ཞིང་། དཔེའི་འོད་གསལ་འདུས་པ་བ་རྣམས་ལ་སེམས་དབེན་མཐར་ཐུག་ཏུ་གྲགས་པ་ལས་རིམ་པ་གསུམ་པའི་སྒྱུ་ལུས་དང་། དོན་གྱི་འོད་གསལ་ལས་དག་པའི་སྒྱུ་ལུས་སྒྲུབ་དགོས་པས་སྒྱུ་ལུས་ཀྱི་རྨང་རྡོ་གཏུམ་མོ་དང་། རྨི་ལམ་རླུང་སྟོབས་ཀྱིས་འཛིན་པ་དང་རླུང་སྟོབས་ཀྱིས་འཕོ་བ་བྱེད་པ་ལ་ཡང་བསྒོམས་སྟོབས་ཀྱིས་རླུང་དྷུ་ཏིར་སྡུད་པའི་ཞུགས་གནས་ཐིམ་གསུམ་གྱི་རྟོགས་པ་འདྲེན་ནུས་པ་དགོས་པས་གཏུམ་མོ་ནི་ལམ་གྱི་རྨང་རྡོར་མེད་མི་རུང་ཡིན་མོད། ད་ལྟའི་ནི་གུ་ནཱ་རོའི་ཆོས་དྲུག་པ་དག་ལ་ནི་དོན་འདི་ལྐོག་ཏུ་གྱུར་པ་ཁོ་ན་ཡིན་ནོ།
།གཉིས་པ་ཉམས་མྱོང་སྐྱེ་བའི་རིམ་པ་ལ་གཉིས་ལས། སྟོང་པ་བཞིའི་ཉམས་མྱོང་སྐྱེ་ཚུལ་ནི། དེ་ལྟར་དམིགས་རྟེན་གྱི་ཐིག་ལེ་ལ་སེམས་གཟུང་བས་རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་སེམས་བཟུང་ས་དེར་རླུང་ཡང་འདུ་བར་འགྱུར་ལ། དེ་ལ་རླུང་དབུ་མར་ཚུད་པའི་རྟགས་སུ་སྟེང་རླུང་སྣ་བུག་གཉིས་ནས་མཉམ་རྒྱུ་ཤེད་མཚུངས་ངེས་པ་ཅན་དུ་ཐེངས་པ། གནས་པའི་རྟགས་སུ་སྣ་སྒོའི་རྒྱུ་བ་ཕྲ་མོ་ཡང་ལོག་པ། ཐིམ་པའི་རྟགས་སུ་ས་ཆུ་ལ་ཐིམ་པས་སྨིག་རྒྱུ་ལྟ་བུ་དང༌། ཆུ་མེ་ལ་ཐིམ་པས་དུ་བ་ལྟ་བུ། མེ་རླུང་ལ་ཐིམ་པས་མེ་ཁྱེར། རླུང་རྣམ་ཤེས་ལ་ཐིམ་པས་མར་མེ་འབར་བ་ལྟ་བུ་སྟེ། རགས་པ་ཐིམ་པའི་རྟགས་ཀུན་རྟོག་གི་རླུང་སྣང་བ་ལ་ཐིམ་པས་སྣང་བའི་རང་དུས་སུ་སྟོན་གྱི་ནམ་མཁའ་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུ། དེ་མཆེད་པ་ལ་ཐིམ་པས་དེ་ལ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུ། དེ་ཉེར་ཐོབ་ལ་ཐིམ་པས་དེ་ལ་མུན་པའི་སྨག་མཐུག་པོས་ཁྱབ་པ་ལྟ་བུ། དེ་འོད་གསལ་དུ་ཐིམ་པས་འོད་གསལ་གྱི་རང་དུས་སུ་སློད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་ཐོ་རངས་ཀྱི་ནམ་མཁའི་རང་མདོག་ལྟ་བུའི་ཉམས་སྣང་འཆར་བ་རྣམས་ངོས་ཟིན་པར་བྱས་ལ་བདེ་སྟོང་སྦྱར་ཏེ་བསྐྱང་བར་བྱའོ། །དགའ་བ་བཞིའི་ཉམས་མྱོང་སྐྱེ་ཚུལ་ནི་ལྟེ་བའི་ཨ་ཐུང་ཉིད་ལ་སེམས་བཟུང་བ་དང་རླུང་འདུས་ཏེ་གནས་དེའི་གཏུམ་མོ་འབར་བས་སྤྱི་བོའི་ཁམས་ཞུ་བ་སྤྱི་བོ་ནས་མགྲིན་པར་སླེབ་པ་ན་དགའ་བ། དེ་ནས་སྙིང་གར་སླེབ་པས་མཆོག་དགའ། ལྟེ་བར་ཁྱད་དགའ། ནོར་བུའི་རྩེར་ལྷན་སྐྱེས་དྲངས་ཏེ་ལུགས་འབྱུང་གི་དགའ་བ་བཞི་དང་། སླར་ནོར་བུའི་རྩེ་ནས་ལྟེ་བར་སླེབ་པས་དགའ་བ། དེ་བཞིན་དུ་སྤྱི་བོའི་བར་དུ་ལྷན་སྐྱེས་ཏེ་ལུགས་ལྡོག་གི་དགའ་བ་བཞི་དྲངས་ལ་སྟོང་ཉིད་ཀྱི་ལྟ་བ་ཕུ་ཐག་ཆོད་པ་དང་སྦྱར་ནས་སྐྱོང་དགོས་ཏེ། རང་བཞིན་མེད་རྟོགས་ཀྱི་ལྟ་བ་དང་བྲལ་བའི་བདེ་བས་ཚོར་བ་ལ་བདེན་ཞེན་གྱི་སྲེད་པ་དྲངས་ཏེ་འཁོར་བའི་རྒྱུ་བྱེད་པའི་ཕྱིར་རོ། །དེ་ལྟར་དྷཱུ་ཏཱིའི་ནང་ནས་ཁམས་ཞུ་བ་ནོར་བུའི་རྩེར་བཟུང་བའི་ལྷན་སྐྱེས་ཡིན་ན་ལྷན་སྐྱེས་ཀྱི་བདེ་བ་མ་རྫོགས་བར་ལ་ཁམས་ཕྱིར་མི་འཕོ་ཞིང་དེ་ལས་རླུང་གཡོ་བར་བརྩམས་པ་ན་ལས་དང་པོ་པས་ཁམས་གྱེན་དུ་ལྡོག་པའི་རྩོལ་བ་ཅུང་ཟད་རེ་དགོས་སོ།
།གཉིས་པ་ཕྱིའི་རྐྱེན་ལས་རྒྱ་ལ་བརྟེན་ཚུལ་ནི། ནང་གི་རྐྱེན་གཏུམ་མོའི་རྣལ་འབྱོར་གྱིས་སྲོག་དབུ་མར་ཞུགས་གནས་ཐིམ་གསུམ་གྱི་རྟོགས་པ་ལེགས་པོ་འདྲེན་ནུས་ཀྱང་རླུང་ཐམས་ཅད་འཆི་རིམ་ཇི་ལྟ་བ་བཞིན་དུ་མི་ཤིགས་པ་ལ་ཐིམ་པའི་དཔེའི་འོད་གསལ་མཚན་ཉིད་པ་འདྲེན་མ་ནུས་ན་དེ་འདྲེན་པ་སྐབས་སུ་བབ་པའི་དུས་དེར་ཕྱག་རྒྱ་རིགས་བཞི་གང་རུང་དང་འདུས་དགོས་ཏེ།
སྒྱུ་མ་དག་ནི་ཐམས་ཅད་པས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །སྣང་བ་གསུམ་གྱི་མཚན་ཉིད་ནི། །གསལ་བར་འདི་ལས་མཚོན་པར་འགྱུར། །ཞེས་གསུངས་པ་ལྟར་ཏེ།
ཞིབ་པར་འདིར་མི་འཆད་དོ། །གཞན་ཡང་གཏུམ་མོ་ཟས་སུ་ཟ་བ་སོགས་ཀྱི་གོ་དོན་ཡང་གཞན་དུ་བཤད་པར་བྱའོ།
།སྨྲས་པ། ཕྱོགས་འདིའི་གཏུམ་མོ་ལམ་གྱི་གནད། །ཡེ་ཤེས་མཁའ་འགྲོའི་བཞེད་པ་བཞིན། །མཐོང་བའི་བློ་གྲོས་མིག་ཡངས་པ། །གཞན་ཞིག་ཡོད་ན་ད་སྨོས་ཤིག །གཏུམ་མོའི་རྣལ་འབྱོར་བཤད་ཟིན་ཏོ།

།རླུང་དང་བསྲེ་ཞེས་གསུངས་པའི་བུམ་པ་ཅན་གྱི་རྣལ་འབྱོར་ནི་གཙོ་བོར་སྲོག་ཐུར་གཉིས་ལྟེ་བའི་དྷཱ་ཏིའི་ནང་དུ་དམིགས་པས་ཁ་སྦྱར་དུ་འཛིན་པ་ཡིན་ཞིང༌། རྔུབ་དང་དགང་དང་གཞིལ་བ་དང་། །མདའ་ལྟར་འཕང་དང་རྣམ་བཞིའོ། །ཞེས་གསུངས་པ་ལྟར་ཉམས་སུ་ལེན་པ་ལྟར་ནའང་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་རྒྱལ་བ་བློ་བཟང་གྲགས་པའི་དཔལ་གྱིས་ནཱ་རོ་ཆོས་དྲུག་གི་ཁྲིད་ཡིག་ཏུ་གསུངས་པ་ལྟར་རོ།

།ཆོས་དྲུག་གི་གཉིས་པ་སྒྱུ་ལུས་ཆགས་སྡང་རང་གྲོལ་ལ་གཏུམ་མོའི་རྗེས་སུ་སྒྱུ་ལུས་འཆད་པའི་རྒྱུ་མཚན། སྒྱུ་ལུས་ཀྱི་རྣམ་གཞག་དངོས། སྒྲ་བཤད་པའོ།
།དང་པོ་ནི་གཏུམ་མོའི་འོག་ཏུ་སྒྱུ་ལུས་འཆད་རིགས་ཏེ། ནང་གི་རྐྱེན་གཏུམ་མོའི་རྣལ་འབྱོར་དང་། ཕྱིའི་རྐྱེན་ཕྱག་རྒྱ་སྲོག་རྩོལ་དུ་སོང་བ་ལ་བརྟེན་ནས་ཁྱབ་བྱེད་ཀྱི་རླུང་ཕྲ་མོ་ཡང་མ་ལུས་པར་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པའི་དཔེའི་འོད་གསལ་མཐར་ཐུག་ལས་བདག་བྱིན་བརླབ་ཀྱི་རིམ་པ་སྒྱུ་ལུས་སུ་ལྡང་བ་འབྱུང་བའི་ཕྱིར་རོ།
།གཉིས་པ་ལ་སྒྱུ་ལུས་ཀྱི་བསྒྲུབ་གཞི་ནི་སྤྱིར་སེམས་དབེན་གྱི་སྟོང་པ་བཞིའི་བཞོན་པའི་རླུང་དང་། ཁྱད་པར་འོད་གསལ་གྱི་བཞོན་པའི་རླུང་འོད་ཟེར་ལྔ་པས་ཉེར་ལེན་དང་འོད་གསལ་གྱི་སེམས་དེས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལས་བྱུང་སྟེ། གཞི་དུས་ཀྱི་འཆི་བ་འོད་གསལ་བཞོན་པ་རླུང་དང་བཅས་པ་ལས་བར་དོའི་ལུས་དེ་འབྱུང་བ་གང་ཞིག །དེ་གཉིས་ཀྱི་བསྒྲུབ་གཞི་འདྲ་བའི་ཕྱིར་རོ།
།གང་དུ་ལྡང་བ་ནི། ཐོག་མར་སྙིང་གའི་རྩ་འཁོར་གྱི་དབུས་སུ་ལྡང་སྟེ། གཞི་དུས་ཀྱི་བར་དོ་དེ་ལྟར་ལྡང་བ་གང་ཞིག དེ་གཉིས་ལྡང་བའི་གནས་མཚུངས་པའི་ཕྱིར་དང་། དཔེའི་འོད་གསལ་མཐར་ཐུག་པ་དེ་ལས་རླུང་གཡོས་པའི་ལུགས་ལྡོག་གི་ཉེར་ཐོབ་དེ་སྒྱུ་ལུས་པ་དེའི་སེམས་དང་པོ་གང་ཞིག །ཉེར་ཐོབ་སྙིང་གའི་དབུས་སུ་འཆར་བའི་ཕྱིར་རོ།
།མ་འོངས་པའི་སྒྱུ་ལུས་ཀྱི་ངོ་བོ་གཞག་ཏུ་ཡོད་དེ། རླུང་སེམས་ཙམ་ལས་གྲུབ་པའི་ལུས་སེམས་ངོ་བོ་དབྱེར་མེད་པའི་དངོས་གནས་པའི་རྡོ་རྗེ་འཆང་གི་ལྷ་སྐུ་དེ་ཡིན་པའི་ཕྱིར་རོ།
།གསུམ་པ་ནི་སྙིང་གའི་རླུང་ཕྲ་མོ་འདི་ཉིད་བདག་ཏུ་འདོགས་པའི་གཞི་མཐར་ཐུག་པ་ཡིན་པས་དེའི་སྟེང་ན་བདག་རང་ངོས་པ་གཅེས་གཅེས་ཐང་ཐང་ཞིག་ཡོད་པར་བཟུང་བས་ཆགས་སྡང་ཐམས་ཅད་འབྱུང་བ་ཡིན་ལ། དེ་རྣལ་འབྱོར་པས་ལམ་བསྒོམས་སྟོབས་ཀྱིས་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དངོས་གནས་པའི་ལྷའི་སྐུར་ལྡང་བར་བྱས་པ་ན་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དེའི་སྟོབས་ཀྱི་ཆགས་སྡང་ཐམས་ཅད་རང་ཞི་བར་བྱེད་ནུས་པས་སྒྱུ་ལུས་ཆགས་སྡང་རང་གྲོལ་ཞེས་གསུངས་སོ། །སྒྱུ་ལུས་བཤད་ཟིན་ཏོ།

།གསུམ་པ་རྨི་ལམ་ཉིང་འཁྲུལ་རང་དག་ལ་སྒྱུ་ལུས་ཀྱི་འོག་ཏུ་རྨི་ལམ་འཆད་པའི་རྒྱུ་མཚན། རྨི་ལམ་གྱི་གདམས་པ་དངོས་སོ།
།དང་པོ་ནི་དེའི་རྒྱུ་མཚན་ཡོད་དེ། རྨི་ལམ་ནི་སྒྱུ་ལུས་ཀྱི་གདམས་པའི་ཡན་ལག་ཡིན་པའི་ཕྱིར་རོ།
།གཉིས་པ་ལ་རྨི་ལམ་གཟུང་བ། སྦྱང་ཞིང་སྤེལ་བ་དང་སྤྲུལ་སྒྱུར་བྱེད་ཚུལ། རྨི་ལམ་གྱི་དེ་ཁོ་ན་ཉིད་སྒོམ་པའོ།
།དང་པོ་ལའང་སྤྱིར་རྨི་ལམ་འཛིན་པའི་ཚུལ་གཉིས་སུ་ཡོད་དེ། རླུང་སྟོབས་ཀྱིས་འཛིན་པ་དང་། འདུན་སྟོབས་ཀྱིས་འཛིན་པ་གཉིས་ཡོད་པའི་ཕྱིར་རོ།
།དང་པོ་ནི་འོད་གསལ་གྱི་སྐབས་སུ་འཆད་ལ། འདུན་སྟོབས་ཀྱིས་འཛིན་པ་ལ་ཉིན་པར་དྲན་པ་རྒྱུན་ཆགས་ཀྱིས་འཛིན་པ་དང་། མཚན་མོ་མན་ངག་བཙན་ཐབས་ཀྱིས་འཛིན་པ་གཉིས་ལས།
དང་པོ་ནི་ད་ལྟར་གྱི་སྣང་བ་འདི་ཐམས་ཅད་ལ་རྨི་ལམ་གྱི་སྣང་བའོ་སྙམ་དུ་གོམས་པར་བྱས་པས་རྨི་ལམ་དུའང་ཉིན་པར་གྱི་བག་ཆགས་ཀྱི་དབང་གིས་རྨི་ལམ་ངོས་ཟིན་པར་འགྱུར་ཏེ། དཔེར་ན་ཉིན་པར་ཇ་སྐོལ་བའི་ལས་བྱེད་པ་དག་ལ་མཚན་མོའང་དེ་ལྟར་རྨི་བ་བཞིན་ནོ།
།གཉིས་པ་ལ་ཐིག་ལེ་དཀར་དམར་ལ་བརྟེན་ནས་གཟུང་བ་སོགས་མང་དུ་ཡོད་པ་ལས། དང་པོ་ནི་གཉིད་ལ་འགྲོ་ཁར་མགྲིན་པའི་གནས་སུ་ཐིག་ལེ་དཀར་དམར་སྲན་མ་ཙམ་འོད་འཚེར་བ་གཉིས་སྒོ་རོ་རོ་འཁོར་བ་ལ་སེམས་གཟུང་ལ་སྒྱུ་མ་དང་རྨི་ལམ་གྱི་དྲན་འདུན་དུ་རེ་བའི་ངང་ནས་གཉིད་ལོག་པ་ཡིན་ལ། ཧ་ཅང་གཉིད་ཆེས་པས་མ་ཟིན་ན་གཉིད་དུ་འགྲོ་ཁར་ཐིག་ལེ་གཉིས་རླུང་ཕྱིར་རྒྱུ་བ་དང་འགྲོགས་ཏེ་སྨིན་ཕྲག་ཏུ་འཁོར་བ་ལ་སེམས་གཟུང་ངོ༌། །དུས་ཀྱང་ཐོ་རངས་དང་ཉི་མ་རྩེ་ཤར་སོགས་ལ་གཟུང་ངོ༌། །མགྲིན་པའི་ཡི་གེ་ལ་བརྟེན་ནས་འཛིན་ཚུལ་ནི་རྗེ་བླ་མའི་ནཱ་རོའི་ཁྲིད་ཡིག་ལྟར་ཡིན་ལ། འཛིན་ཚུལ་གཞན་རྣམས་ནི་འདིར་མ་བཀོད་དོ།
།གཉིས་པ་རྨི་ལམ་ཟིན་པ་ན་སངས་རྒྱས་ཀྱི་ཞིང་ལྟ་བ་སོགས་སྦྱང་བ་དང་། ལུས་མང་པོར་སྤྲུལ་བ་དང་། སྣ་ཚོགས་སུ་སྒྱུར་བ་རྣམས་སོ།
།གསུམ་པ་ནི་རང་རྡོ་རྗེ་འཆང་དུ་གསལ་བའི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་བསྡུས་ཏེ་རང་ལ་ཐིམ། རང་ཡང་སྙིང་གའི་ས་བོན་ལ་བསྡུས་ཏེ་ལྟ་ཐོག་ཏུ་གཞག་གོ །རྨི་ལམ་བཤད་ཟིན་ཏོ།

།འོད་གསལ་ལ་གཉིད་ཀྱི་འོད་གསལ་སྦྱོང་ཚུལ་ནི་སད་དུས་སུ་སྲོག་དྷཱ་ཏིར་བསྡུས་པའི་ཞུགས་གནས་ཐིམ་གསུམ་གྱི་རྟོགས་པ་འགོ་མ་རྙེད་པ་ནས་སྐྱོང་ལ། དེའི་ཚུལ་ནི་སྙིང་གའི་སྡུད་རིམ་གྱི་དམིགས་པ་དང་གཉིད་ལོག་པ་སྦྲགས་པ་ཡིན་ལ། དེ་ཡང་སྣང་བ་བསྡུས་པའི་ཚེ་སྤྱིར་སྣང་བ་ཙམ་བསྡུས་པ་མ་ཡིན་པར་རང་བཞིན་སྟོང་པའི་ངང་དུ་བསྡུས་པའི་སྐྱོང་ཚུལ་ཞིག་དང་། དེ་ལས་རླུང་སེམས་ཙམ་ལས་རང་ཧེ་རུ་ཀའི་སྐུར་ལྡང་བའི་འདུན་པ་དང་། དེ་ལྟར་ལངས་པའི་ངང་ནས་སླར་ཡང་སྡུད་རིམ་སྒོམ་པ་ལ་འཇུག་གོ
།སྤྱིར་འོད་གསལ་ལ་ཡང་དཔེ་དང་དོན་གྱི་འོད་གསལ་གཉིས་དང་། དཔེའི་འོད་གསལ་ལ་ཡང་མཆོག་དམན་གྱི་རིམ་པ་ཇི་སྙེད་ཅིག་ཡོད་པ་ཡིན་ནོ། །འོད་གསལ་བཤད་ཟིན་ཏོ།

།འཕོ་བ་ལ་སྤྱིར་འཕོ་བ་དང་གྲོང་འཇུག་གཉིས་ལམ་གྱི་ཡན་ལག་ཡིན་ལ། འཕོ་བ་བྱེད་པའི་རྟེན་གྱི་གང་ཟག་ནི་ཚེ་འདི་དང་བར་དོར་མཆོག་འགྲུབ་པའི་ལམ་གྱི་རྟོགས་པ་མ་རྙེད་པའི་རྣལ་འབྱོར་པ་ཞིག་གིས་བྱེད་ལ། དུས་ནི་ཕྱི་ནང་གི་འཆི་ལྟས་ཀྱིས་ཟིན་ཅིང་འཆི་བླུ་བྱས་ཀྱང་མི་བཟློག་པ་དེའི་ཚེ་བྱེད་པ་ཡིན་ལ། དེའི་གདམས་པ་ལ་ཡང་ཕྱོགས་འདིའི་འཕོ་བ་ཟབ་པ་ནི་འཕྱུགས་མེད་མཁའ་སྤྱོད་ཀྱི་འཕོ་བ་ཡིན་པས་དེ་ཉམས་སུ་ལེན་པའི་ཚུལ་ནི་རང་གི་ལྟེ་བའི་འོག་ཏུ་ཆོས་འབྱུང་ཟུར་གསུམ་རྩེ་མོ་ཕྲ་བ་ཐུར་དུ་ཟུག་ཅིང་གདེངས་ཀ་ཆེ་བ་གྱེན་དུ་ཕྱོགས་པའི་ནང་དུ་རླུང་གི་དཀྱིལ་འཁོར་སི་རི་རི་གཡོ་བ་གཞུའི་དབྱིབས་ཅན་ཞིག་བསྒོམ། དེའི་སྟེང་དུ་དྷཱུ་ཏཱིའི་མར་སྣའི་ནང་དུ་རང་སེམས་ཨ་དཀར་པོ་འཕུར་ལ་ཁད་པ་ཞིག་བསྒོམས་ལ། དྷཱུ་ཏཱིའི་ཡར་སྣ་ཚངས་བུག་ཏུ་ཟུག་པའི་ཚངས་བུག་དང་རྡོ་རྗེ་རྣལ་འབྱོར་མའི་གསང་གནས་ཁ་ད་ཆད་དུ་བཞུགས་པའི་མཁའ་སྤྱོད་མ་བསྒོམས་ནས་མཁའ་སྤྱོད་དུ་འཁྲིད་པར་གསོལ་བ་བཏབ་པས་དེའི་གསང་གནས་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་བྱུང་བ་ཨ་ལ་ཕོག །རང་དབང་མེད་པར་དྷ་ཏིའི་ནང་ནས་དྲངས་པར་བསམས་ལ་ཧིག་བརྗོད་ཅིང་འོག་རླུང་དྲག་ཏུ་འཐེན་པས་དེ་མཁའ་སྤྱོད་མའི་གསང་གནས་སུ་རྒྱངས་ཀྱིས་ཞུགས་པར་བསམ་པ་ཡིན་ལ། འཕོ་བ་སྦྱོང་བའི་ཚེ་རྣམ་ཤེས་སྤྱི་བོ་ནས་འཐོན་པར་མི་བསམ་མོ།
།དེ་ཡང་རླུང་སྟོབས་ཀྱིས་འཕོ་བ་ན་རང་གང་འདོད་པ་དེར་འཕོ་ནུས་ཀྱི། འདུན་སྟོབས་ཀྱིས་བྱེད་པ་ལ་དེའི་ངེས་པ་མེད་ལ། འོན་ཀྱང་ཕན་ཡོན་ཆེན་པོ་ཡོད་དོ། །འཕོ་བ་བཤད་ཟིན་ཏོ།

།བར་དོ་ལ་སྤྱིར་རྨི་ལམ་བར་དོ། སྒྱུ་ལུས་བར་དོ། གཞི་དུས་ཀྱི་བར་དོ་སྟེ་བར་དོའི་མིང་བཏགས་པ་གསུམ་ཡོད་ལ།
དང་པོ་གཉིས་ལ་ནི་བར་དོའི་མིང་བཏགས་པ་ཙམ་དུ་ཟད་དོ།
།འདིར་བར་དོའི་ཉམས་ལེན་ནི་རབ་འབྲིང་ཐ་མ་གསུམ་ལས་རབ་ནི་གཞི་དུས་ཀྱི་འཆི་བ་འོད་གསལ་ལམ་དུས་ཀྱི་དཔེའི་འོད་གསལ་ཁྱད་པར་ཅན་དུ་བསྒྱུར་ནས་དེ་ལས་རླུང་སེམས་ཕྲ་མོ་དངོས་གནས་པའི་རྡོ་རྗེ་འཆང་གི་སྐུར་ལངས་པ་སྟེ། གང་ཟག་འདི་ཚེ་རབས་སྔ་མ་སྔགས་ལ་འཇུག་མ་མྱོང་ན་འབྲིང་བར་དོར་འཚང་རྒྱ་བ་ཞེས་གསུངས་པ་དེ་ཡིན་ནོ།
།འབྲིང་ནི་གཞི་དུས་ཀྱི་འཆི་བ་འོད་གསལ་ཡིད་ངོ་ཙམ་གྱི་འོད་གསལ་དུ་བསྒྱུར་ཞིང་དེ་ལས་ལུགས་ལྡོག་ཏུ་ལྡང་བ་ན་བར་དོ་དངོས་གནས་པ་ཡིན་ཡང་ཡིད་ངོར་རྡོ་རྗེ་འཆང་གི་སྐུར་ལངས་པ་ཞིག་སྟེ། འདིས་ཀྱང་རིང་པོར་མི་ཐོགས་པར་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་དོ།
།ཐ་མ་ནི་བར་དོ་ལ་བར་དོར་ངོ་ཤེས་པའི་ཐབས་ཐོག་མར་ཉམས་སུ་བླངས་པས་བར་དོའི་ལུས་བླངས་པ་ན་བར་དོ་ན་སྐྱེས་འདུག་སྙམ་དུ་ངོ་ཤེས་ཏེ་བར་དོའི་ཉམས་ལེན་སྐྱོང་བ་ཞིག་གོ །བར་དོ་བསྡུས་ཏེ་བཤད་ཟིན་ཏོ།

།གསུམ་པ་ནི་དེ་ལྟར་ལམ་ཐུན་མོང་བས་རྒྱུད་སྦྱངས་ཤིང་དབང་གིས་རྒྱུད་སྨིན་པར་བྱས། དམ་ཚིག་དང་སྡོམ་པ་ལ་གཅེས་སྤྲས་སུ་བྱས་ཏེ་སྔར་བཤད་པའི་ལམ་རྣམས་ལ་བསླབས་པས་རབ་ཚེ་འདི། འབྲིང་བར་དོ།
ཐ་མ་སྐྱེ་བ་བརྒྱུད་ནས་མི་སློབ་པའི་ཟུང་འཇུག་མངོན་དུ་བྱས་ནས་ནམ་མཁའ་མ་སྟོངས་བར་དུ་སེམས་ཅན་གྱི་དོན་བྱེད་པ་ཡིན་ནོ།
།དེ་ལྟར་སྔོན་དུ་བཤད་པར་དམ་བཅས་པ་ལྟར་མདོར་བསྡུས་པ་ཙམ་ཞིག་བཤད་ཟིན་ལ། རྒྱས་པར་ནི་གཞན་དུ་འཆད་དོ།

།འདིར་སྨྲས་པ། ན་ཚོད་གསར་པའི་ཟླ་ཚེས་ཆེས་ཕྲ་ཡང་། །རྨད་བྱུང་བློ་གྲོས་འོད་དཀར་སྟོང་སྤྲོས་པས། །ཕྱི་ནང་ཤེས་བྱའི་གཟུགས་ཀུན་སྣང་བྱེད་པ། །གྲོགས་དག་འདི་ཡི་ཡ་མཚན་བསམ་པར་གྱིས། །རྒྱ་ཆེན་ཚིག་གི་སྤྲོས་པའི་ཁུར་བླངས་ཀྱང་། །ཟབ་མོའི་དོན་གྱིས་གནས་ཀུན་འདིར་གསལ་བས། །འདི་ཙམ་གྱིས་ཀྱང་ཆོས་དྲུག་དགོངས་དོན་ལ། །སྔོན་མེད་ལྟ་བའི་མིག་ཡངས་བྱིན་ནམ་སྙམ། །ལམ་གྱི་ཡན་ལག་ཙམ་ལ་སྙིང་པོ་ཞེས། །ཟླ་བའི་གཟུགས་བརྙན་ཟླ་བར་མ་འཁྲུལ་བར། མྱུར་དུ་སངས་རྒྱས་འགྲུབ་པའི་ཐབས་གང་ཞེས། །བསམས་པས་དལ་འབྱོར་དོན་ལྡན་མཛད་ན་ལེགས། སྔོན་མེད་ལམ་འདིའི་གནད་རྣམས་འདིར་བཀོད་པས། །ནོངས་ན་གནས་གསུམ་མཁའ་འགྲོའི་ཚོགས་ལ་འཆགས། །འདི་ལས་འོངས་པའི་རབ་དཀར་དགེ་བའི་དངོས། །བདེ་ཆེན་ཆོས་ཀྱི་སྐུ་དེ་ཐོབ་ཕྱིར་བསྔོ།
།ཞེས་ཆོས་དྲུག་གི་འཁྲིད་ཚུལ་མདོར་བསྡུས་པ་གནད་དོན་གསལ་བའི་མེ་ལོང་ཞེས་བྱ་བ་འདི་ནི་ཕྱོགས་འདི་ལ་འདོད་འདུན་ཅན་མཐའ་ཡས་པས་བསྐུལ་བའི་ངོར། རྗེ་བཙུན་ཆོས་ཀྱི་རྒྱལ་པོ་རྒྱལ་བ་བློ་བཟང་གྲགས་པའི་དཔལ་ཡབ་སྲས་ཀྱི་ལེགས་པར་བཤད་པའི་བཀའ་དྲིན་ལ་བརྟེན་ནས་བཙུན་པ་དགེ་འདུན་རྒྱ་མཚོའི་དཔལ་གྱིས་རི་བོ་བདེ་ཆེན་གྱི་ཆོས་གྲྭ་ཆེན་པོར་སྦྱར་བའོ།།