Zab lam ni gu'i chos drug gi khrid yig ye shes mkha' 'gro'i zhal gyi lung

From Shangpa Resource Center








Resource ID GG4
Title zab lam ni gu'i chos drug gi khrid yig ye shes mkha' 'gro'i zhal gyi lung
Topics Six doctrines of Niguma
Sub-Topics Manual
Author Dalaï Lama Gendün Gyamtso
Link BDRC W1CZ2857

༄༅། །ཟབ་ལམ་ནི་གུའི་ཆོས་དྲུག་གི་ཁྲིད་ཡིག་ཡེ་ཤེས་མཁའ་འགྲོའི་ཞལ་གྱི་ལུང་ཞེས་བྱ་བ།།

བླ་མ་དམ་པའི་ཞབས་ཀྱི་པདྨོར་དུས་ཐམས་ཅད་དུ་ཕྱག་འཚལ་ལོ།
།ཤེས་བྱའི་འཁོར་ལོ་མ་ལུས་བདེ་བ་ཆེར། །སྡོམ་མཛད་དཔའ་བོ་ལྷན་ཅིག་སྐྱེས་པའི་གར། །མཛེས་སྡུག་རྗེ་བཙུན་མ་དང་སྦྱོར་མཁས་པ། །བླ་མ་ཧེ་རུ་ཀ་དཔལ་ལ་ཕྱག་འཚལ།
།ཟུང་འཇུག་སྒྱུ་མའི་རང་བཞིན་མཁའ་འགྲོའི་གཙོ། །དབང་ཕྱུག་བརྒྱད་ལྡན་ཁྱུང་པོ་རྣལ་འབྱོར་དང་། །མཁའ་འགྲོས་ལུང་བསྟན་གདམས་པའི་སྲོལ་འཛིན་པ། །བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ།
།རྒྱལ་བ་ཀུན་གྱི་ཡབ་གཅིག་མཁྱེན་པའི་གཏེར། །དུས་མཐར་ངུར་སྨྲིག་ཟོལ་ལ་བརྟེན་པ་གང་། །བློ་བཟང་རྒྱལ་བ་གྲགས་པའི་བ་དན་ཅན། །སྲས་དང་བཅས་ལ་སྙིང་ནས་ཕྱག་བགྱིད་དོ།
།ཉི་ཤུ་རྩ་བཞིའི་ཡུལ་དུ་རྟག་བཞུགས་ནས། །རྣལ་འབྱོར་བུ་བཞིན་སྐྱོང་བའི་བྱ་ར་མཁན། །གནས་གསུམ་མཁའ་འགྲོ་མྱུར་མཛད་མགོན་པོར་བཅས། །གནས་འདིར་བགེགས་ཀུན་གཞོམ་པའི་འཕྲིན་ལས་མཛོད། །གཉིས་མེད་རྒྱུད་རྣམས་ཀུན་གྱི་སྙིང་པོ་མཆོག །གྲུབ་པའི་དབང་ཕྱུག་དུ་མ་གཤེགས་པའི་ལམ། །ཟབ་ལམ་མཐར་ཐུག་ནི་གུའི་ཆོས་དྲུག་ཅེས། །ཡོངས་སུ་གྲགས་པའི་མན་ངག་འདིར་བཤད་བྱ། །སྐྱེས་བུ་གསུམ་གྱི་ལམ་གྱིས་རྒྱུད་སྦྱངས་ཤིང་། །དབང་གིས་ལེགས་སྨིན་དམ་ཚིག་སྡོམ་ལ་གནས། །ཚེ་གཅིག་ཉིད་ལ་རྡོ་རྗེ་འཆང་གི་སར། །བགྲོད་འདོད་སྐལ་ལྡན་ཚོགས་རྣམས་གུས་པས་ཉོན།
།དེ་ཡང་ཁྱུང་པོ་རང་ཉིད་ཀྱི་གསུང་ལས་ཇི་སྐད་དུ། །བན་ཆུང་བདག་གི་སྐྱེ་ས་གངས་དཀར་མདའ། །སྙེ་མོ་ར་མང་རྗེ་རིགས་ཁྱུང་པོ་ཡིན། །ཕ་རུ་སྨོས་པ་ཁྱུང་རྒྱལ་སྟག་སྐྱེས་དང་། །མ་རུ་སྨོས་པ་མགོ་བཟའ་བཀྲ་ཤིས་སྐྱིད། །དེ་ཉིད་རུམ་དུ་བདག་ཉིད་ཞུགས་པའི་ཚེ། །ཕ་མ་ཡུལ་མི་བདེ་སྐྱིད་ལྡན་པར་གྱུར། །སྟག་གི་ལོ་ལ་མ་ཡི་རུམ་ནས་བཙས། །དེ་ཚེ་རྒྱ་གར་གྲུབ་ཐོབ་ཨ་མོ་གྷས། །འདི་ནི་སྤྲུལ་པའི་སྐུ་སྟེ་རྒྱ་གར་འགྲོ། །པཎྜི་ཏ་དང་གྲུབ་ཐོབ་ཐམས་ཅད་ཀྱི། །ཐུགས་བཅུད་བསྡུས་ནས་འགྲོ་རྣམས་སྨིན་གྲོལ་མཛད། །སྣ་ཚོགས་སྤྲུལ་པས་གདུལ་བྱ་འདུལ་བར་འགྱུར། །ཐེག་ཆེན་སྙིང་པོ་མཐའ་བྲལ་ཆོས་སྒྲ་སྒྲོག །མཐར་ཐུག་གསང་སྔགས་བདེ་སྟོང་དབྱེར་མེད་ཀྱི། །སེང་གེའི་ང་རོ་ཕྱོགས་བཅུར་སྒྲོག་པར་འགྱུར། །དེ་ཡི་ལུས་ནི་བདེ་མཆོག་འཁོར་ལོ་སྟེ། །གསུང་ནི་མ་ཧཱ་མ་ཡའི་བདག་ཉིད་འགྱུར། །ཐུགས་ནི་དཔལ་ལྡན་དགྱེས་པ་རྡོ་རྗེ་སྟེ། །སྤྲུལ་པའི་གནས་མཆོག་གསང་བ་འདུས་པ་ལ། །གསང་གནས་བདེ་སྐྱོང་གཤིན་རྗེའི་གཤེད་དུ་འགྱུར། །དཀྱིལ་འཁོར་དེ་རྣམས་ལུས་ལ་བཀོད་ནས་ཀྱང་། །གདུལ་བྱ་རྣམས་ལ་དངོས་སུ་སྟོན་པར་བྱེད། །གཞན་ཡང་ཡི་དམ་སྣ་ཚོགས་གཟུགས་བསྒྱུར་ནས། །གདུལ་དཀའི་སྐྱེ་བོ་དཔག་མེད་འདུལ་བར་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུ་འཚོ་བར་འགྱུར། །དེ་ཡི་མཐར་ནི་མཛད་པ་བརྟུལ་བའི་ཚེ། །ལྟས་དང་རྫུ་འཕྲུལ་སྣ་ཚོགས་སྟོན་པར་འགྱུར། །དེ་ནས་ཞིང་ཁམས་རྣམ་དག་བདེ་བ་ཅན། །རྒྱལ་བ་ཀུན་བསྔགས་ཞིང་དེར་སངས་རྒྱས་ནས། །ཐེག་ཆེན་ཆོས་ཀྱི་འཁོར་ལོ་སྐོར་བར་འགྱུར། །ཕྱི་རབས་དད་ལྡན་འགྲོ་བ་ཐམས་ཅད་ཀུན། །རྒྱལ་བའི་ཞིང་དེར་འགྲོ་བར་ཐེ་ཚོམ་མེད། །དེ་སྐད་གསུངས་ནས་བླ་མ་གྲུབ་ཐོབ་དེ། །མཁའ་ལ་བྱ་བཞིན་རྒྱ་གར་ཡུལ་དུ་གཤེགས། །ལོ་ལྔ་ལོན་ནས་ཕ་མས་ལུང་བསྟན་བཤད། །ལོ་བཅུ་ལོན་ནས་ཡིག་རྩིས་མཁས་པར་ཤེས། །བཅུ་གཉིས་ལོ་ལ་ཕ་མེས་བག་ཆགས་ཀྱིས། །སེམས་ཕྱོགས་བོན་བསླབས་རྫོགས་ཆེན་ཕྱག་ཆེན་བསླབས། །དེ་ནས་རིན་ཅེན་གསེར་ཕྱེ་ཕངས་མེད་ཁྱེར། །གཅེས་པའི་སྲོག་ལ་མ་བལྟས་དཀའ་སྤྱད་ནས། །རྒྱ་དང་བལ་པོའི་ཡུལ་དུ་ལན་བདུན་ཕྱིན། །རྒྱ་གར་མཁས་པ་བརྒྱ་དང་ལྔ་བཅུ་བསྟེན། །ཁྱད་པར་མཁས་ཤིང་གྲུབ་ཐོབ་ལྔ་བཅུ་དང་། །རྩ་བའི་བླ་མ་ཁྱད་འཕགས་རྣམ་བཞི་བསྟེན། །ལོངས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་ལ། །དངོས་སུ་ཆོས་གསན་ཡེ་ཤེས་མཁའ་འགྲོ་གཉིས། །མཉེས་པར་བྱས་ནས་མཐར་ཐུག་གདམས་ངག་ཞུས། །སྒྲོ་འདོགས་ཆོད་ནས་རྩེ་གཅིག་བསྒྲུབས་པ་ཡིས། །མཆོག་དང་ཐུན་མོང་དངོས་གྲུབ་རྣམ་གཉིས་ཐོབ། །ཅེས་འབྱུང་བ་ལྟར་གྱི་ཐུན་མོང་དང་།
ཐུན་མོང་མ་ཡིན་པའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་གྲུབ་པའི་དབང་ཕྱུག་དེ་ཉིད་ཀྱིས། གསེར་སྲང་ལྔ་བརྒྱ་ཁྱེར་ནས་རྒྱ་གར་ཤར་ནུབ་ལྷོ་བྱང་སོགས་ཕྱོགས་ཀུན་ཏུ་རྒྱུ་ཞིང་། གྲུབ་ཐོབ་བླ་མ་སངས་རྒྱས་དང་དངོས་སུ་མཇལ་བ་སུ་ཡོད་ཅེས་དྲིས་པས། པཎྜི་ཏ་དང་གྲུབ་ཐོབ་རྣམས་མཐུན་པར། ནཱ་རོ་པཎྜི་ཏའི་ལྕམ་མོ་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་བྱ་བ་དག་པའི་ས་གསུམ་ལ་གནས་པ། རྡོ་རྗེ་འཆང་ཆེན་པོ་ལ་དངོས་སུ་ཆོས་ཉན་ནུས་པ་ཞིག་ཡོད་ཟེར་བ་དང་། དེ་གནས་གང་ན་བཞུགས་བྱས་པས། སྣང་བ་དག་ན་གར་ཡང་ཞལ་མཐོང་ལ། སྣང་བ་མ་དག་ན་བཙལ་བས་མི་རྙེད་དེ། དག་པའི་ས་ལ་གནས་པ་དང་འཇའ་ལུས་སུ་གྱུར་པའི་ཕྱིར་རོ། །འོན་ཀྱང་དུར་ཁྲོད་ཆེན་པོ་སོ་ས་གླིང་གི་སེང་ལྡེང་གི་ནགས་གསེབ་ཏུ་ཌཱ་ཀི་མའི་ཚོགས་འཁོར་གྱི་དཔོན་ལ་རེས་འགའ་འབྱོན་ནོ་ཟེར་རོ། །ཌཱ་ཀི་མའི་མཚན་ཐོས་པ་ཙམ་གྱིས་མཆི་མ་འཁྲུག་ཅིང་བ་སྤུ་ལྡང་བའི་མོས་གུས་སྐྱེས་ནས་དུར་ཁྲོད་སོ་ས་གླིང་གི་ནགས་གསེབ་ན་ཡར་ལ་ན་མོ་བུད་དྷཱ་ཡའི་གསོལ་བ་འདེབས་ཀྱིན་ཕྱིན་པ་དང་། ཤིང་ཏ་ལ་བདུན་སྲིད་ཙམ་གྱི་ནམ་མཁའ་ལ་མཁའ་འགྲོ་མ་སྐུ་མདོག་སྨུག་ནག་ཏུ་ཡོད་པ། རུས་པས་བརྒྱན་པ། ཕྱག་ན་ཁ་ཊཾ་ག་དང་ཐོད་པ་བསྣམས་པ། གཅིག་དང་དུ་མ་ལ་སོགས་པའི་གཟུགས་སྣ་ཚོགས་སུ་སྟོན་ཅིང་གར་སྒྱུར་བ་མཐོང་ནས། ཌཱ་ཀི་མ་ནི་གུ་མ་ཡིན་པར་འདུག་སྙམ་སྟེ་ཕྱག་བཙལ་སྐོར་བ་དུ་མ་བྱས་ནས། ཡང་དག་པའི་གདམས་པ་ཞུ་འཚལ་བྱས་པས། ང་ནི་ཤ་ཟའི་ཌཱ་ཀི་མ་ཡིན། ངའི་འཁོར་རྣམས་བྱུང་ན་ཟར་འོང་བས་ད་ལྟ་རང་མྱུར་བར་བྲོས་ཤིག་གསུང་ངོ༌། །དེ་ནས་ཀྱང་ཕྱག་དང་སྐོར་བ་བྱས་ནས། གསང་སྔགས་ཀྱི་གདམས་པ་ཞུ་འཚལ་བྱས་པས། ཐེག་པ་ཆེན་པོ་གསང་སྔགས་ཞུ་བ་ལ་གསེར་དགོས་པ་ཡིན། གསེར་ཡོད་ན་བྱ་ཡི་གསུངས་ནས་གསེར་སྲང་ལྔ་བརྒྱ་ཕུལ་བ་དང་ནགས་གསེབ་ལ་གཏོར་རོ། །འདི་ངེས་པར་ཤ་ཟའི་མཁའ་འགྲོ་མ་ཡིན་ནམ་གསེར་ལ་ཕངས་པ་མི་འདུག་སྙམ་པ་དང་། མཁའ་འགྲོ་མ་དེས་སྤྱན་ནམ་མཁའ་ལ་ཧྲིག་གཟིགས་པ་དང་འཁོར་ཌཱ་ཀི་མ་དཔག་ཏུ་མེད་པ་ནམ་མཁའ་ལ་བྱོན་ནས་འགའ་ཞིག་གིས་གཞལ་ཡས་ཁང་རིམ་པ་གསུམ་སྐད་ཅིག་ལ་བཞེངས། འགའ་ཞིག་གིས་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས། འགའ་ཞིག་གིས་ཚོགས་ཀྱི་ཡོ་བྱད་བསགས་ནས་ཚེས་བཅོ་ལྔའི་ནམ་སྲོད་ལ་སྒྱུ་ལུས་རྨི་ལམ་གྱི་དབང་བསྐུར་ནས་དབང་ཐོབ་པ་དང་། བོད་ཀྱི་བན་ཆུང་ཡར་འདེངས་དང་གསུངས་ནས་དཔག་ཚད་གསུམ་ཌཱ་ཀི་མའི་རྫུ་འཕྲུལ་ལ་བརྟེན་ནས་ཡུད་ཙམ་གྱིས་བགྲོད་པ་དང་། གསེར་གྱི་རི་མི་ཆེ་ཙམ་པ་ཞིག་གི་སྟེང་གི་ནམ་མཁའ་ལ་ཌཱ་ཀི་མའི་ཚོགས་ཀྱིས་བསྐོར་ནས་གར་སྒྱུར་ཞིང་འདུག་གོ །རི་དེའི་ཕྱོགས་བཞི་ན་མར་གསེར་གྱི་ཆུ་རྒྱུན་བཞི་འབབ་ཀྱིན་འདུག་ནས། གསེར་གྱི་རི་འདི་རྒྱ་གར་ན་ཡོད་དམ། མཁའ་འགྲོ་མས་སྤྲུལ་པ་ཡིན་ཞུས་པས།
འཁོར་བའི་རྒྱ་མཚོར་སྐྱུར་བ་ཡི། །ཆགས་སྡང་རྟོག་པ་སྣ་ཚོགས་འདི། །རང་བཞིན་མེད་པར་རྟོགས་ཙ་ན། །ཐམས་ཅད་གསེར་གླིང་ཡིན་ནོ་བུ། །སྒྱུ་མ་ལྟ་བུའི་ཆོས་རྣམས་ལ། །སྒྱུ་མ་ལྟ་བུར་བསྒོམས་བྱས་ན། །སྒྱུ་མ་ལྟ་བུར་མངོན་འཚང་རྒྱ། །མོས་གུས་སྟོབས་ལས་འབྱུང་བར་འགྱུར།
།ད་ངས་བྱིན་གྱིས་བརླབས་ཀྱི་རྨི་ལམ་ཟུངས་ཤིག་གསུངས་ནས་བཟུང་བས་ཟིན་ནས་ལྷ་དང་ལྷ་མ་ཡིན་གྱི་གནས་སུ་ཕྱིན་པས་ལྷ་མ་ཡིན་ཤིན་ཏུ་ཆེ་བ་ཞིག་གིས་ཁྱུར་མིད་བྱས་པ་དང་མཁའ་འགྲོ་མ་ནམ་མཁའ་ལ་བྱོན་ནས་བུ་གཉིད་མ་སད་པར་གྱིས་ཤིག་གསུངས་ནས་དུས་དེ་ཉིད་དུ་ཆོས་དྲུག་གི་འཁྲིད་ཚར་བར་མཛད་དེ། གཉིད་ཐུམ་གཅིག་ལ་ཆོས་དྲུག་གི་འཁྲིད་ཚར་བ་རྒྱ་གར་ན་ཁྱོད་ལས་མེད་དོ་གསུང་ངོ་། །དེ་ནས་དངོས་སུ་ཁྲིད་ཚར་གསུམ་དང་། རྡོ་རྗེའི་ཚིག་རྐང་དང་། སྒྱུ་མ་ལམ་རིམ་གསུངས། རྒྱུད་སྡེ་ལྔའི་དབང་དང་། སྒྲུབ་ཐབས་དང་གདམས་པ་རྣམས་གསུངས། དགྱེས་རྡོར་སྤྲུལ་པའི་ལྷ་དགུ་དང་། མཚོན་ཆ་ཅན་ལྷ་བཅུ་གསུམ་དུ་དབང་བསྐུར། བརྟག་གཉིས་དང་གུར་གསུངས། སཾ་པུ་ཊ་སྒྲུབ་ཐབས་དང་བཅས་པ་དང་། མཚོན་ཆ་ཅན་གྱི་བསྐྱེད་རིམ་རྒྱས་བསྡུས་དང་། དེ་ཁོ་ན་ཉིད་བཞིའི་གདམས་ངག་གསུངས། བདེ་མཆོག་དྲུག་ཅུ་རྩ་གཉིས་དང་། བཅུ་གསུམ་དང་། ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར། རྒྱུད་དང་སྒྲུབ་ཐབས་མང་དུ་གསུངས། མཚོན་ཆ་ཅན་དང་དུས་འཁོར་གྱི་གདམས་ངག་དང་། དེ་ཁོ་ན་ཉིད་བཞིའི་ཞལ་གདམས་གསུངས། མཁའ་སྤྱོད་མ་དཀར་དམར་དང་། རྒྱུད་སྡེ་བཞིའི་གྲིབ་སེལ་དང་། བདེ་མཆོག་རིམ་ལྔའི་རྫོགས་རིམ་དང་། ཐིག་ལེའི་རྫོགས་རིམ་རྣམས་གསུངས་སོ། །རྒྱུད་རྡོ་རྗེ་མཁའ་འགྲོའི་ལས་ཚོགས་གཏན་ལ་ཕབ་ནས་གསུངས་སོ། །མདོར་ན་ཡེ་ཤེས་མཁའ་འགྲོ་མ་འདི་ཉིད་ཀྱིས་རྒྱུད་སྒྲུབ་ཐབས་གདམས་པ་དང་བཅས་པ་དཔག་ཏུ་མེད་པ་གསུངས་སོ། །དེ་ལ་མཁའ་འགྲོ་མའི་ཞལ་ནས། ཆོས་དྲུག་གི་དབང་གདམས་ངག་དང་བཅས་པ་འདི་རྗེ་བཙུན་ལྭ་ཝ་པ་དང་ང་གཉིས་མ་གཏོགས་རྒྱ་གར་ན་ཡང་ཤེས་པ་མེད་པས་མི་རབས་བདུན་དུ་ཆིག་བརྒྱུད་ལས་མ་སྤེལ་ཅིག དེ་ནས་ཀྱང་རིམ་པས་བྱིན་གྱིས་རློབ་ཅིང་ལུང་སྟོན་པར་འགྱུར་རོ། །ཞེས་གསུངས་ཤིང་གདམས་ངག་རྫོགས་པར་གནང་བ་ཡིན་ནོ།

།དེ་ལྟར་ཁུངས་བཙུན་ཞིང་ཡིད་ཆེས་པ། ཚེ་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཏུ་སྟེར་བའི་ཟབ་ལམ་ནི་གུའི་ཆོས་དྲུག་ཅེས་ཡོངས་སུ་གྲགས་པའི་གདམས་པ་འདི་གང་བཤད་པར་བྱ་བའི་ཆོས་སོ།
།དེ་བཤད་པ་ལ་གཉིས། གང་ལ་བརྟེན་ནས་ལམ་འདི་སྒོམ་པའི་སྔོན་འགྲོ་དང་། དེ་ལ་བརྟེན་ནས་ལམ་ཇི་ལྟར་བསྒོམ་པའོ།
།དང་པོ་ལ་གཉིས། ཐུན་མོང་གི་སྔོན་འགྲོ་དང་། ཐུན་མོང་མ་ཡིན་པ་བླ་མེད་ཀྱི་ཐེག་པའི་སྔོན་འགྲོའོ།
།དང་པོ་ནི། ལམ་འདི་ལ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་སྔགས་ཀྱི་ཐེག་པ་གཉིས་ཀྱི་ཐུན་མོང་གི་ལམ་ལ་བློ་སྦྱོང་བའི་རིམ་པ་རྣམས་ངེས་པར་དགོས་ཏེ།
བརྟག་གཉིས་ལས། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །ཞེས་པ་ནས། དེ་ཡི་རྗེས་སུ་དབུ་མ་བསྟན། །ཅེས་པའི་བར་གྱིས་ཐེག་ཆེན་གཉིས་ཀྱི་ཐུན་མོང་གི་ཉམས་ལེན་གྱི་རིམ་པ་རྣམས་བསྟན་ལ།
འདི་ཉིད་ཀྱི་རྡོ་རྗེའི་ཚིག་རྐང་ལས་ཀྱང་། དབང་བཞིས་སྨིན་བྱས་དད་དང་བརྩོན་འགྲུས་ལྡན། །མི་རྟག་སྐྱོ་ཤས་ཉེས་དམིགས་སྔོན་འགྲོ་བས། །ལམ་མཆོག་འདི་ལ་གང་གིས་འབད་གྱུར་ན། །ཟླ་དྲུག་ལོ་འམ་ཚེ་འདིར་འཚང་རྒྱ་འགྱུར།
།ཞེས་ནམ་འཆི་ངེས་མེད་ཀྱི་འཆི་བ་མི་རྟག་པ་སྒོམ་པ་སོགས་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ཆོས་སྐོར་དང་། འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་བའི་ངེས་འབྱུང་དང་སྐྱོ་ཤས་དྲག་པོས་ཡིད་བསྐྱོད་དེ་ཐར་པ་དོན་དུ་གཉེར་བའི་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ཆོས་སྐོར་ལ་སློབ་པ་སྔོན་དུ་འགྲོ་བས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པ་སོགས་ཐེག་ཆེན་ཐུན་མོང་བའི་ལམ་ལ་བློ་སྦྱངས་ནས་ལམ་གྱི་མཆོག་འདི་ཉིད་ལ་འབད་དགོས་པར་གསུངས་པའི་ཕྱིར་རོ།
།དེ་ལ་བློ་ཇི་ལྟར་སྦྱང་བའི་རིམ་པ་ནི་ཇོ་བོ་ཡབ་སྲས་ཀྱི་མན་ངག་བསྟན་པ་ཡོངས་རྫོགས་ཀྱི་དོན་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་ལམ་གྱི་ཆ་ཡོངས་སུ་རྫོགས་པ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་སློབ་པ་ཡིན་ཏེ། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཉིད་ཀྱིས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པ་རྣམ་པ་གཉིས་ལས་ཤེས་པར་བྱའོ།
།གཉིས་པ་ལ་གཉིས། དབང་རྫོགས་པར་ཐོབ་དགོས་པར་བསྟན་པ་དང་། དམ་ཚིག་དང་སྡོམ་པ་ལ་སློབ་དགོས་པར་བསྟན་པའོ།
།དང་པོ་ནི་བཤད་མ་ཐག་པའི་རྡོ་རྗེའི་ཚིག་རྐང་ལས། དབང་གིས་ལེགས་སྨིན། ཞེས་གསུངས་པ་ལྟར་ལམ་འདི་ཉམས་སུ་ལེན་པ་ལ་དབང་གིས་རྒྱུད་སྨིན་པར་བྱས་པ་ཞིག་དགོས་ཏེ།
ཕྱག་ཆེན་ཐིག་ལེའི་གཉིས་པ་ལས། དང་པོར་རེ་ཞིག་གང་ཚེ་སློབ། །ལན་ཅིག་དབང་རྣམས་ཀྱིས་ནི་བསྐུར། །དེ་ཚེ་གསང་ཆེན་བཤད་པ་ཡི། །ངེས་པར་སྣོད་དུ་གྱུར་པའོ། །དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ལ་མར་མེད་ལྟར། །གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་འགྲོ། །དེ་བས་འབད་པ་ཐམས་ཅད་ཀྱིས། །བླ་མ་ལ་ནི་དབང་ནོད་ཞུ། །ཞེས་སོགས་དང་།
གཞན་ཡང་རྒྱུད་དུ་མ་ནས་དེ་ཁོ་ན་བཞིན་འབྱུང་བས་རིམ་གཉིས་ཀྱི་ལམ་ཉམས་སུ་ལེན་པ་ལ་དཀྱིལ་འཁོར་མཚན་ཉིད་དང་ལྡན་པར་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པ་ངེས་པར་དགོས་ལ།
ཁྱད་པར་དུ་ལམ་འདི་ཉམས་སུ་ལེན་པ་ལ་ནི། དཔལ་དུས་འབྱུང་གི་རྒྱུད་ལས། དེ་ནས་ཡང་དག་བཤད་པར་བྱ། །སྐུ་ནི་ཀྱེ་ཡི་རྡོ་རྗེ་ལ། །གསུང་ནི་སྒྱུ་འཕྲུལ་རྡོ་རྗེ་ལ། །ཐུགས་ནི་འཁོར་ལོ་སྡོམ་པ་ཆེ། །འཕྲིན་ལས་རྡོ་རྗེ་འཇིགས་བྱེད་ལ། །བདག་ཉིད་གསང་བ་འདུས་པར་བརྗོད། །མ་འོངས་སེམས་ཅན་དོན་དུ་ནི། །ཐབས་འདི་བདག་གིས་བསྟན་པ་ཡིན། །ཐབས་ཀྱི་རིམ་པ་འདི་དག་ནི། །ཀུན་གྱི་ཐུན་མོང་མ་ཡིན་ཏེ། །དཀྱིལ་འཁོར་གཅིག་ཏུ་བསྡུས་དབང་བསྐུར། །བསྔགས་པ་བརྗོད་པའི་རྣལ་འབྱོར་པ། །རྒྱུད་སྡེ་རྣམ་པ་ལྔར་གང་བསྟན། །ཀླ་ཀློའི་སྐད་ཀྱིས་འདི་སྦས་པ། །ཐུབ་པའི་ཞལ་གྱི་གསང་བ་འདི། །སྙིང་པོ་ཀུན་གྱི་དོན་གྱི་རྒྱུད། །བཀའ་ཐུབ་སྤྱོད་བྱེད་ཐུན་མོང་མིན།
།ཞེས་འབྱུང་བ་ལྟར་ཤངས་པ་རང་གི་ལུགས་ཀྱི་རྒྱུད་སྡེ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བར་བྱ་བ་ཡིན་ལ། དེ་ལྟར་བྱེད་པའི་རྒྱུ་མཚན་ཡང་ནཱ་རོ་དང་ནི་གུའི་ཆོས་དྲུག་འདི་དག་བླ་མེད་ཀྱི་རྒྱུད་རེ་རེ་ལ་བརྟེན་པའི་རྫོགས་རིམ་མིན་པར་ཕ་རྒྱུད་དང་མ་རྒྱུད་ཀྱི་ཕྱོགས་མང་པོ་ཞིག་གི་ལམ་གྱི་ཆ་བསྡུས་ནས་བསྟན་པར་འདུག་པས་དེའི་གནད་ཀྱིས་ཡིན་ལ། །དེ་མ་ཐོབ་ན་བདེ་དགྱེས་གང་ཡང་རུང་བའི་དཀྱིལ་འཁོར་དུ་དབང་རྫོགས་པར་ཐོབ་པ་ཞིག་དགོས་སོ།
།གཏུམ་མོ་ལ་སོགས་པ་ཆོས་དྲུག་སོ་སོའི་བཀའ་རྣམས་ནི་དེ་རྣམས་ཐོབ་པས་ལམ་དེ་དང་དེའི་རྟོགས་པ་མྱུར་དུ་རྫོགས་པར་སྐྱེ་བའི་རྟེན་འབྲེལ་ཁྱད་པར་ཅན་རེ་ཡོད་པས་མཛད་པ་ཡིན་གྱི་སྨིན་བྱེད་ཀྱི་དབང་དངོས་གཞི་མ་ཡིན་ལ། དབང་དེ་དག་ཇི་ལྟར་བསྐུར་བའི་རྣམ་གཞག་སོགས་ནི་ལོགས་སུ་ཤེས་པར་བྱའོ།
།གཉིས་པ་ནི། བདེ་མཆོག་རྩ་རྒྱུད་ལས། ཤིན་ཏུ་མཉམ་བཞག་སྒྲུབ་པ་པོས། །དམ་ཚིག་རྟག་ཏུ་བསྐྱང་བར་བྱ། །ཞེས་དང་།
མཉམ་སྦྱོར་ལས། དཀྱིལ་འཁོར་དུ་ནི་མ་ཞུགས་དང་། །དམ་ཚིག་རྣམས་ནི་སྤངས་པ་དང་། གསང་བའི་དེ་ཉིད་མི་ཤེས་པས། བསྒྲུབས་ཀྱང་ཅི་ཡང་མི་འགྲུབ་བོ།
།ཞེས་དཀྱིལ་འཁོར་དུ་ཞུགས་པ་སྔོན་དུ་འགྲོ་བའི་དབང་མ་ཐོབ་པ་དང་། དམ་ཚིག་མི་སྲུང་བ་དང་། རིམ་གཉིས་ཀྱི་གསང་བའི་གནད་མི་ཤེས་པས་བསྒྲུབས་ཀྱང་དངོས་གྲུབ་ཅི་ཡང་མི་འགྲུབ་པར་བཤད་པས་སྔགས་ཀྱི་བསླབ་བྱ་རྣམས་ཉན་ནས་དམ་ཚིག་སྤྱི་དང་ཁྱད་པར་རྩ་ལྟུང་གིས་མ་གོས་པ་ལ་སྲོག་དང་བསྡོས་ཏེ་འབད་པར་བྱའོ།

།གཉིས་པ་དེ་ལ་བརྟེན་ནས་ལམ་ཇི་ལྟར་སྒོམ་པའི་ཚུལ་ལ་གཉིས། བསྐྱེད་རིམ་ལ་སློབ་པའི་ཚུལ་དང་། རྫོགས་རིམ་ལ་སློབ་པའི་ཚུལ་ལོ།
།དང་པོ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས།
།ཞེས་བཤད་པ་ལྟར་མ་མཐའ་བདེ་མཆོག་ལྷ་ལྔ་ཡན་གྱི་སྦྱང་གཞི་སྐྱེ་ཤི་བར་དོ་ཡིད་ངོ་ཙམ་དུ་སྦྱངས་ནས། ཡིད་ངོ་ཙམ་གྱི་སྐུ་གསུམ་དུ་བསྒྱུར་བའི་སྒོ་ནས་སྦྱང་གཞི་དེ་དག་དངོས་སུ་སྦྱངས་ནས་སྐུ་གསུམ་དུ་དངོས་སུ་སྒྱུར་བར་བྱེད་པའི་རྫོགས་རིམ་ཟབ་མོའི་རྒྱུད་སྨིན་བྱེད་སྐུ་གསུམ་ལམ་འཁྱེར་གྱི་གནད་ཚང་བའི་བསྐྱེད་རིམ་ཕྲ་རགས་ལ་ངེས་པར་སློབ་དགོས་ཤིང་། དེ་ཡང་དཀྱིལ་འཁོར་གྱི་འཁོར་ལོ་ཇི་ཙམ་རྒྱས་པའི་སྒོམ་པ་གྲུབ་ན་སྦྱང་གཞི་སྦྱོང་བ་དང་། རྫོགས་རིམ་གྱི་རྒྱུད་སྨིན་བྱེད་དུ་འགྱུར་བའི་ནུས་པའི་ཕུལ་ཆེ་བ་ཡིན་ནོ།
།གཉིས་པ་རྫོགས་རིམ་ལ་སློབ་པའི་ཚུལ་ལ་གཉིས། སྔོན་འགྲོ་སྟོང་རའི་ཆོས་སྐོར་དང་། དངོས་གཞིའོ།
།དང་པོ་ལ། རྡོ་རྗེའི་ཚིག་རྐང་ལས། བཅུད་བསྡུས་དག་བྱེད་སྟོང་རའི་གནད་གསུམ་དང་། །ཞེས་དང་། དག་བྱེད་ཨའི་སྟོང་ར། སྟོང་ར་ནད་གདོན་དག་བྱེད། རྟགས་གསུམ་སྟོང་རའི་ཁྱད་པར་ཞེས་དང་།
ཐེམ་ཡིག་ལས། དག་བྱེད་ཨ་ཡི་སྟོང་ར་ལ། །གསོལ་འདེབས་གསུམ་ལ་དམིགས་པ་གསུམ། །ཞེས་གསུངས་ལ།
དེ་ཡང་བཅུད་བསྡུས་པའི་དོན་ནི་གསུང་རབ་ཐམས་ཅད་ཀྱི་སྙིང་པོ་ཤེར་ཕྱིན་དང་། དེ་ཡང་འབུམ་གྱི་དོན་བསྡུས་པ་ཉི་ཁྲི། དེའི་དོན་བསྡུས་པ་བརྒྱད་སྟོང་པ། དེའི་དོན་བསྡུས་པ་སྡུད་པ། དེའི་དོན་བསྡུས་པ་ཤེར་ཕྱིན་ཡི་གེ་གཅིག་མ་ཡིན་ལ།
མཚན་བརྗོད་ལས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་གསུངས་པ་ལྟར་ཡིན་ལ།
འདི་ཉམས་སུ་ལེན་པ་ལ་སྔོན་འགྲོ་བླ་མའི་རྣལ་འབྱོར། དངོས་གཞི་ཉམས་སུ་ལེན་ཚུལ། རྟགས་གསུམ་སྟོང་རའི་ཁྱད་པར་བཤད་པའོ།
།དང་པོ་ནི། རང་གི་སྤྱི་བོར་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པད་ཟླའི་གདན་ལ་ངོ་བོ་རང་གི་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་རྒྱལ་བ་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། རང་འདྲའི་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་འཁྱུད་པ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་བརྒྱུད་པའི་བླ་མ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་པའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། དེ་ལ་ཐིམ་པས་གཉིས་སུ་མེད་པར་བསམས་ལ་ཛཿཧཱུྃ་བཾ་ཧོཿཞེས་བརྗོད། དེ་ནས་བླ་མ་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོར་བལྟས་ལ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཞེས་སོགས་ཀྱིས་ཕྱག་འཚལ། མཆོད་པ་དང་བསྙེན་བཀུར་བའི་ཞིང་གོང་ན་མེད་པའི་ཚུལ་ལ་ལུང་རིགས་མཐའ་ཡས་པས་ངེས་ཤེས་དྲངས་ཏེ། མཎྜལ་རྒྱས་པ་དང་། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པས་ཀྱང་མཉེས་པར་བྱས་ནས།
བླ་མ་རིན་པོ་ཆེ། བདག་གིས་ཐོག་མ་མེད་པ་ནས་བསགས་པའི་སྡིག་ལྟུང་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ནད་གདོན་བར་ཆད་ཐམས་ཅད་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ས་ལམ་གྱི་རྟོགས་པ་ཐམས་ཅད་མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ།
ཞེས་གསོལ་བ་བཏབ་པས་བླ་མའི་གནས་གསུམ་གྱི་ཡི་གེ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་བས་རང་གི་སྤྱི་བོ། མགྲིན་པ། སྙིང་ག་རྣམས་སུ་རིམ་གྱིས་ཐིམ་པ་དང༌། ཅིག་ཅར་ཐིམ་པ་ལས་རིམ་པ་ལྟར་བླ་མའི་སྐུ་གསུང་ཐུགས་སོ་སོ་དང་ཐུན་མོང་གི་བྱིན་རླབས་ཞུགས། དབང་བཞི་རིམ་པ་ལྟར་ཐོབ། ལུས་ངག་ཡིད་གསུམ་སོ་སོའི་དྲི་མ་དང༌། དེ་རྣམས་ཀྱི་བག་ཆགས་ཕྲ་མོ་རྣམས་བྱང་ཞིང་དག །རྡོ་རྗེ་གསུམ་གྱི་དངོས་གྲུབ་ཐོབ། མཐར་བླ་མ་འོད་དུ་ཞུ་བ་རང་གི་ཚངས་བུག་ནས་ཞུགས། རང་ཡི་དམ་དུ་གསལ་བའི་ཚངས་བུག་ལ་ཉེ་བར་ཨ་དཀར་པོ་འོད་ཀྱི་རང་བཞིན་ཅན་ཞིག་ཏུ་གྱུར་པར་བསམ་མོ།
།བླ་མའི་རྣལ་འབྱོར་རྒྱས་པར་ནི་རྗེ་ཉིད་ཀྱིས་མཛད་པའི་ནཱ་རོ་ཆོས་དྲུག་གི་ཁྲིད་ཡིག་སོགས་ལས་ཤེས་པར་བྱའོ།
།གཉིས་པ་ནི། རང་ཧེ་རུ་ཀར་གསལ་བའི་སྨིན་ཕྲག་ཏུ་ཆོས་འབྱུང་དཀར་པོ་ཟུར་གསུམ་པ། ཟུར་གཉིས་རྣ་བ་གཡས་གཡོན་དང་རྩེ་མོ་ཕྲ་བ་ལྕེ་རྩའི་སྟེང་དུ་ཟུག་པ། ཕྲུ་མ་ཕུས་བཏབ་པ་ལྟ་བུ་བདེ་བར་སྣང་ཞིང་བདེ་བར་འཆར་བ་ཞིག་བསྒོམས་ལ། ངག་ཏུ་ཡང་ཨ་ཨ་ཞེས་བཟླས་པ་སྤྱི་བོའི་ཨ་དེ་ལས་ངོ་བོ་སངས་རྒྱས་ཐམས་ཅད་ཀྱི་བདེ་སྟོང་གི་ཡེ་ཤེས་རྣམ་པ་བདུད་རྩི་དཀར་པོའི་རྣམ་པར་དཀར་ཆིལ་གྱིས་བབས། ལུས་ཀྱི་ནང་ཐམས་ཅད་ཁེངས། སྒོ་གསུམ་གྱི་སྡིག་ལྟུང་དམ་ཚིག་ཉམས་ཆག་ཐམས་ཅད་དུད་ཁུ་དང་སོལ་ཁུ་དང་། རྣག་ཁྲག་སོགས་ཀྱི་རྣམ་པར་ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ནས་ནག་ཉིལ་གྱིས་ཕྱིར་དག །སེམས་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཀྱི་ངོ་བོར་གྱུར་པར་བསྒོམ་པར་བྱ་སྟེ། སྨིན་ཕྲག་གི་ཆོས་འབྱུང་ཕྱག་རྒྱའི་སྐྱེ་གནས་ཀྱི་རྣམ་པར་ཡོད་པས་ཡུལ་ཅན་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་མཚོན། ཨས་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྐྱེ་བ་མེད་པའི་སྒོ་མཚོན་པས་ཡུལ་སྟོང་པ་ཉིད་མཚོན་ལ། ཡང་ཆོས་འབྱུང་བྷ་གའི་དབྱིབས་སུ་ཡོད་པས་ཡུལ་ཅན་ལྷན་སྐྱེས་དང་ཟུར་གསུམ་གྱིས་རྣམ་ཐར་སྒོ་གསུམ་གྱིས་བསྡུས་པའི་ཡུལ་སྟོང་པ་ཉིད་ལེགས་པར་མཚོན་པས་སོ།
།དེས་ན། རང་རྒྱུད་དྲི་མ་ཉམས་ཆག་འདག །འདི་ནི་སྟོང་པའི་མཚན་ཉིད་ཡིན། །ཞེས་འབྱུང་བ་ལྟར་ཁྲིད་གཞན་གྱི་སྐབས་སུ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱེད་པའི་དོད་ཡིན་ལ། འདིའི་བླ་མ་གོང་མ་རྣམས་སྡིག་ལྟུང་འདག་པ་ལ་འདི་བས་ཟབ་པ་གཞན་མེད་པར་བཞེད་དོ།
།ནད་དང་གདོན་དག་པར་བྱེད་པའི་སྟོང་ར་ནི། ནད་ལ་རླུང་འཁྲིས་གྲང་བའི་ནད་སོགས་ལས་རླུང་ལ་ཨ་དང་ཆོས་འབྱུང་དམར་སེར་ལས་བདུད་རྩི་ཞུན་མར་གྱི་མདོག་ལྟ་བུ་དང་། ཚ་བ་ལ་དེ་གཉིས་དཀར་པོ་ལས་བདུད་རྩི་ག་བུར་གྱི་རྒྱུན་ལྟ་བུ་དང་། གྲང་བ་ལ་དེ་གཉིས་དམར་པོ་ལས་བདུད་རྩི་ཟངས་ཞུན་ཁོལ་མ་ལྟ་བུ་དང་། གདོན་ལ་དེ་གཉིས་ནག་པོ་ལས་ངོ་བོ་བདུད་རྩི་ལ་རྣམ་པ་ཁྲོ་ཆུང་གི་༼ཁྲོ་ཆུའི་༽རྣམ་པ་དཔག་ཏུ་མེད་པ་བྱུང་བས། རིམ་པ་ལྟར་ནད་རྣམས་རྣག་ཁྲག་ཆུ་སེར་སོགས་ཀྱི་རྣམ་པ་དང་། གདོན་རྣམས་འབུ་སྲིན་དང་སྡིག་པ་ར་ཅན་སོགས་ཀྱི་རྣམ་པར་ནག་ཉིལ་གྱིས་ཕྱིར་དག །ལུས་ཤེལ་གོང་གཡའ་དག་པ་ལྟ་བུར་གྱུར་པར་བསམ།
གསུམ་པ་ནི། སྡིག་སྒྲིབ་དག་པའི་རྟགས་སུ་ནམ་མཁའ་ལ་འཕུར་བ་སོགས་དང་། ནད་དག་པའི་རྟགས་སུ་རྣག་ཁྲག་སོགས་འཛག་པ་དང་སྐྱུགས་པ་སོགས་དང་། གདོན་དག་པའི་རྟགས་སུ་སྲོག་ཆགས་མང་པོ་རང་གི་ལུས་ཀྱི་ནང་ནས་ཕྱི་རོལ་ཏུ་ཐོན་པ་སོགས་འབྱུང་ངོ༌།

།གཉིས་པ་དངོས་གཞི་ལ་གཞི་དངོས་པོའི་གནས་ཚུལ། ལམ་བགྲོད་པའི་རིམ་པ། འབྲས་བུ་མངོན་དུ་བྱེད་ཚུལ་ལོ།
།དང་པོ་ནི། ལུས་སེམས་སོ་སོ་དང་ཐུན་མོང་གི་གནས་ཚུལ་ཕྲ་རགས་རྣམས་ཞིབ་པར་བཤད་ནས་བརྡ་སྤྲོད་པ་ཡིན་ཏེ། རྫོགས་རིམ་གྱི་དམིགས་པ་རྣམས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་ལས་སྐྱེ་དགོས། དེ་ལ་གནད་དུ་བསྣུན་པ་དང་བསྟུན་ཚུལ་ཤེས་དགོས། དེ་ལ་གཞིའི་ལུས་སེམས་ཀྱི་གནས་ཚུལ་ཤེས་པ་གལ་ཆེ་བ་ཡིན་པས་སོ།
།ཁྱད་པར་ཆོས་དྲུག་སོ་སོའི་སྐབས་སུ་དམིགས་པས་ལུས་ཀྱི་གང་དང་གང་དུ་བསྣུན་ཚུལ་སོགས་ནི་ཞིབ་པར་རྗེ་ཉིད་ཀྱི་ནཱ་རོ་ཆོས་དྲུག་གི་ཁྲིད་ཡིག་ཏུ་གསུངས་པ་རྣམས་དང་ཤས་ཆེར་གནད་གཅིག་གོ།
གཉིས་པ་ལམ་བགྲོད་པའི་རིམ་པ་བཤད་པ་ལ་གཉིས། ལམ་དངོས་དང༌། ལམ་ལ་བོགས་འབྱིན་པའི་སྤྱོད་པ་བཤད་པའོ།
།དེ་ལ་དྲུག །ཐབས་ལམ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཁྲུལ་རང་དག འོད་གསལ་གཏི་མུག་རང་སངས། འཕོ་བ་མ་བསྒོམ་སངས་རྒྱས། བར་དོ་རྒྱལ་བ་ལོངས་སྐུའོ།

།དང་པོ་ལ་གཉིས། སྔོན་འགྲོ་ལུས་གནད་མེའི་སྟོང་ར་དང་། དངོས་གཞིའོ།
།དང་པོ་ནི། ཐོག་མར་བླ་མའི་རྣལ་འབྱོར་སྤྱི་འགྲོ་གོང་དུ་བཤད་པ་ལྟར་ལ། ཁྱད་པར་འདི་མན་ཆད་དུ་བླ་མ་རྡོ་རྗེ་འཆང་སྔོན་པོར་བསྒོམས་ལ། བདེ་དྲོད་ཀྱི་ཏིང་ངེ་འཛིན་མྱུར་དུ་རྒྱུད་ལ་སྐྱེ་བར་གསོལ་བ་གདབ། ཏིང་ངེ་འཛིན་གྱི་དབང་བཞི་ལེན་པ་སོགས་བྱའོ། །དེ་ནས་བཅའ་བ་ལུས་ཀྱི་གནད་མེ་ཐབ་དྲུག་ཆིངས་སུ་བྱ། རླུང་རོ་ཕྱིར་ལེགས་པར་བསལ་ཏེ། རང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཟངས་ཤུ་མེར་བསྲེགས་པ་ལྟ་བུ། ཕྱག་གཡས་གྲི་གུག་འཕྱར་ཞིང་། གཡོན་ཐོད་ཁྲག་འཛིན་པ། ཁོང་པའི་ནང་སོར་མོའི་སྦུབས་ཚུན་ཕྲུ་མ་ཕུས་བཏབ་པ་ལྟ་བུ་སྟོང་སང་ཐོགས་རྡུགས་དང་བྲལ་བ་ནམ་མཁའི་འཇའ་ཚོན་ལྟ་བུར་བསྒོམ་མོ།
།གཉིས་པ་ལ་གཏུམ་མོ་ཟས་སུ་ཟ་བ། གོས་སུ་གྱོན་པ། སྟན་དུ་འདིངས་པ། རླུང་ལྟར་ཞོན་པ། གེགས་རང་གྲོལ། སྲིད་པའི་དབང་ཞུ་བ་དང་དྲུག་བཤད་ཀྱང་། གཙོ་བོ་གཏུམ་མོ་ཟས་སུ་ཟ་བ་ལ་ཐུན་མོང་དང་། ཐུན་མོང་མ་ཡིན་པ་རྩ་གསུམ་འཁོར་ལོ་བཞི་ལྡན་གྱི་ལམ་ཉམས་སུ་ལེན་པའི་ཚུལ་ལོ།
།དང་པོ་ནི། རང་ལུས་གནད་གོང་ལྟར་ལ། རྗེ་བཙུན་མར་བསྒོམས་པའི་ལྟེ་བའི་བུག་པའི་འོག་ཙམ་གྱི་ཕྱོགས་བཞིར་མེ་ཅོག་སྒོང་ཙམ་བཞི་བསྒོམས་ལ། སྟེང་རླུང་སྣ་བུག་གཉིས་ནས་བརྔུབས་ཏེ། ལྟེ་འོག་ཏུ་ཆིར་གྱིས་མནན། འོག་རླུང་འཐེན་འབེབས་བྱས་པས་མེ་བཞི་ལས་གཏུམ་མོའི་མེ་མདོག་དམར་བ་རེག་བྱ་ཚ་བ་ལུས་ཀྱི་ནང་ཐམས་ཅད་ཁྱབ་པར་དམར་ཆིལ་གྱིས་གང་བས་བདེ་དྲོད་ཁྱད་པར་ཅན་སྐྱེས་པར་བསམས་ལ། སྟེང་འོག་གི་རླུང་གཉིས་ཁ་སྦྱར་དུ་བྱས་ལ་མི་བདེ་བ་མི་སྐྱེད་ཙམ་དུ་གཟུང་། མ་ཐུབ་ན་སྣ་བུག་ནས་རླུང་དལ་བུས་གཏང་ངོ༌། །ཡང་ལུས་ཀྱི་དཀྱིལ་དྲང་པོར་སྒལ་ཚིགས་ལ་ཉེ་བར་རྩ་དབུ་མ་སྦོམ་ཕྲ་གྲོ་སོག་ཙམ་ཡར་སྣ་སྨིན་མཚམས་དང་། མར་སྣ་ལྟེ་བའི་བུག་པའི་ཅུང་ཟད་འོག་ཙམ་དུ་ཟུག་པ། དེའི་གཡས་སུ་རོ་མ་དང་གཡོན་དུ་རྐྱང་མ་གཉིས་དབུ་མ་དང་གཤིབས་ནས་གནས་པ། ཡར་སྣ་སྣ་བུག་གཉིས་དང་། མར་སྣ་དྷཱུ་ཏཱིའི་མར་སྣའི་ནང་དུ་ཟུག་པའི་རྩ་གསུམ་འཛོམ་གྱི་དབུ་མའི་ནང་ཙམ་དུ་ཉི་གདན་སྲན་མ་ཕྱེད་གཤགས་ཙམ་གྱི་སྟེང་དུ་ཡི་གེ་རཾ་ཡིག་དམར་པོ་གཏུམ་མོའི་མེ་འབར་ལ་ཁད་པ། ཆེ་ཆུང་ནས་ཙམ་ཞིག་བསམ། ལྟེ་འོག་ཏུ་ཆོས་འབྱུང་ཟུར་གསུམ་པ་གདེངས་ཀ་ཆེ་བ་གྱེན་དུ་ཕྱོགས་ཤིང་། རྩེ་མོ་ཕྲ་བ་སུམ་མདོར་ཟུག་པ། དེའི་ནང་དུ་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་སི་རི་རི་གཡོ་བ་བསྒོམས་ལ། སྔར་བཞིན་སྟེང་རླུང་མནན། འོག་རླུང་འཐེན་ཏེ་འབེབས་བྱས་པས་འོག་རླུང་གཡོས་ཏེ། རཾ་ཡིག་ལས་གཏུམ་མོའི་མེ་ཁ་དོག་དམར་བ་རེག་བྱ་ཚ་བ་ཤིན་ཏུ་ཕྲ་བ་དྷཱུ་ཏཱིའི་ནང་ནས་འབར་བས་བདེ་དྲོད་ཀྱི་ཉམས་ཁྱད་པར་ཅན་སྐྱེས་པར་བསམས་ལ་སྔར་བཞིན་རླུང་གཟུང་བ་དང་གཏང་བར་བྱའོ།
།གཉིས་པ་ལ་གཉིས། བཤད་བྱའི་ལུང་འགོད་པ། དེའི་དོན་ཉམས་སུ་ལེན་པའི་ཚུལ་ལོ།
།དང་པོ་ནི། རྡོ་རྗེའི་ཚིག་རྐང་ལས། རང་ལུས་ཐབས་ལྡན་རྩ་གསུམ་འཁོར་ལོ་བཞི། །ཨ་ཧཾ་འབར་འཛག་སྐད་ཅིག་དགའ་བཞིས་བརྒྱན། །ཤེས་རབ་ཀ་ཁ་མུ་ཁའི་སྙོམས་འཇུག་གིས། །ཟག་བཅས་ཟག་མེད་དགའ་བཞི་རིམ་བཞིན་ནོ། །རི་བོང་དབབ་གཟུང་བཟློག་དགྲམ་རླུང་དང་བསྲེ། །ཟག་མེད་ཡེ་ཤེས་ཆེན་པོས་བརྒྱན་པར་བྱ། །ཞེས་གསུངས་སོ།
།གཉིས་པ་ལ་གཉིས། རང་ལུས་ཐབས་ལྡན་གྱི་ལམ་དང་། གཞན་ལུས་ཕྱག་རྒྱའི་ལམ་མོ།
།དང་པོ་ལ་གཉིས། གཏུམ་མོ་བསྒོམས་ནས་སྲོག་དབུ་མར་གཞུག་པ་དང་། བཅུག་པ་ལ་བརྟེན་ནས་ཉམས་མྱོང་སྐྱེ་བའི་རིམ་པ་བཤད་པའོ།
།དང་པོ་ལ་གསུམ། རྩ་གསལ་བཏབ་ནས་སྒོམ་པ་དང་། ཡི་གེ་གསལ་བཏབ་ནས་སྒོམ་པ་དང་། རླུང་བུམ་པ་ཅན་སྒོམ་པའི་ཚུལ་ལོ།
།དང་པོ་ནི། བླ་མའི་རྣལ་འབྱོར་སྔོན་དུ་བཏང་ནས། རིམ་ལྔ་བསྡུས་པ་གསལ་བ་ལས། ལུས་དང་དུས་དང་ཡུལ་རླུང་གི །གནད་ནི་རྣམ་པ་བཞིར་ཤེས་བྱ།
།ཞེས་གསུངས་པ་ལྟར་གནད་བཞི་ཚང་བའི་སྒོ་ནས་ཉམས་སུ་ལེན་པ་ལ་བསྒོམ་པའི་དུས་ནི་སྔ་དྲོ་རིག་པ་དྭངས་པའི་དུས་སམ་ཕྱི་དྲོ་༼བདེ་༽དྲོད་འཕེལ་བའི་དུས་སོགས་ནམ་སྒོམ་སྤྲོ་བའི་དུས་སུ་སྒོམ་པ་ཡིན་ལ། ལུས་ཀྱི་གནད་ནི་རྐང་པ་རེ་མིག་ཏུ་བསྣོལ། སྒལ་ཚིགས་དྲང་པོར་བསྲང་། མགྲིན་པ་ཅུང་ཟད་གུག མིག་སྣ་རྩེར་དབབ། ལྕེ་རྩེ་རྐན་ལ་སྦྱར། སོ་དང་མཆུ་རང་ལུགས་སུ་གཞག ལག་པ་མཉམ་གཞག་གི་ཕྱག་རྒྱ་ལྟེ་འོག་ཏུ་བཅར། སྒོམ་ཐག་གྱོན་པ་སོགས་བྱའོ། །རླུང་གི་གནད་ནི་རླུང་རོ་ཕྱིར་བསལ། རླུང་གི་རྒྱུ་བ་ཧ་ཅང་དྲག་ཞན་དུ་གྱུར་པ་སྤངས་ལ་རང་ལུགས་སུ་གཞག་གོ
།དམིགས་པ་གསལ་གདབ་པ་ནི། ཧེ་རུ་ཀ་ཡབ་ཡུམ་དུ་གསལ་བའི་ལུས་ཀྱི་དཀྱིལ་དྲང་པོ་སྒལ་ཚིགས་ལ་ཅུང་ཟད་ཉེ་བར་དབུས་སུ་དབུ་མ། གཡས་སུ་རོ་མ། གཡོན་དུ་རྐྱང་མ། གསུམ་གའང་སྦོམ་ཕྲ་གྲོ་སོག་ཙམ་མར་སྣ་སྔར་བཤད་པ་ལྟར་སྒོམ་པ་ནི་རྩའི་གཙོ་བོ་གསུམ་གསལ་གདབ་པའོ།
།འཁོར་ལོ་བཞི་གསལ་གདབ་པ་ནི་ལྟེ་བ་སྤྲུལ་པའི་འཁོར་ལོ་དབྱིབས་ཨེ་གྲུ་གསུམ་གྱི་རྣམ་པ་ཅན་རྩ་འདབ་རེ་བཞི་པ་ཁ་དོག་དམར་པོ་ཁ་གྱེན་དུ་ཕྱོགས་པ། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་པ་ཕྱི་དབྱིབས་ཝཾ་ཡིག་ཟླུམ་པོའི་རྣམ་པ་ཅན་ཁ་དོག་དཀར་པོ་ཁ་འོག་ཏུ་ཕྱོགས་པ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་པ་ཁ་དོག་དམར་པོ་ཕྱི་དབྱིབས་ཝཾ་ཡིག་ཟླུམ་པོའི་རྣམ་པ་ཅན་ཁ་གྱེན་དུ་ལྟ་བ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ཕྱི་དབྱིབས་ཨེ་གྲུ་གསུམ་གྱི་རྣམ་པ་ཅན་རྩ་འདབ་སོ་གཉིས་པ་ཁ་དོག་སྣ་ཚོགས་པ་ཁ་འོག་ཏུ་ཕྱོགས་པར་བསྒོམས་ལ། སྙིང་ག་ཡན་ཆད་གསལ་འདེབས་ཐེབས་རེ་བྱས་ལ། དེ་ནས་གཙོ་ཆེར་སྙིང་ག་མན་ཆད་གསལ་གདབ་ཅིང༌། ཁྱད་པར་རྩ་གསུམ་གྱི་འདུས་སར་ནན་ཏན་བྱས་ལ་གསལ་བཏབ་ནས་བསྒོམ་སྟེ། གྲུབ་ཆེན་ལྭ་ཝ་པའི་གཞུང་ལས་རྩའི་གསལ་སྣང་བསྒྲུབ་པར་བཤད་པ་ལྟར་བྱའོ།
།གཉིས་པ་ཡི་གེ་གསལ་བཏབ་ནས་སྒོམ་པ་ནི། གཏུམ་མོའི་སྐབས་སུ་རྩ་གསུམ་དང་། འཁོར་ལོ་བཞི་དང༌། དེ་དག་ལ་ཡི་གེ་བཀོད་ནས་སྒོམ་པ་ནི་བརྟག་གཉིས་དང་སཾ་པུ་ཊ་སོགས་ཀྱི་དགོངས་པ་ཡིན་ཞིང་། ནག་པོ་སྤྱོད་པ་སོགས་གྲུབ་ཆེན་མང་པོས་ཀྱང་བཤད་ལ། ཡི་གེ་འགོད་པ་ལ་རྒྱས་བསྡུས་གཉིས་ལས་རྒྱས་པ་ནི་འཁོར་ལོའི་ལྟེ་བ་དང་འདབ་མ་གཉིས་ཀ་ལ་ཡི་གེ་བཀོད་ནས་སྒོམ་པ་ཡིན་ཡང་། ཕྱོགས་འདིའི་མན་ངག་ལས་མ་བཤད་པས། བསྡུས་པ་འཁོར་ལོ་བཞིའི་ལྟེ་བར་ཡི་གེ་བཞི་སྒོམ་པ་ཡིན་ཏེ། བཤད་རྒྱུད་ལས་གསལ་བར་གསུངས་ཤིང་གྲུབ་ཆེན་དུ་མའི་གཞུང་ལས་ཀྱང་བྱུང་བས་སོ།
།ཇི་ལྟར་སྒོམ་པའི་ཚུལ་ནི། ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འཁོར་གྱི་དབུས་ཀྱི་དྷཱུ་ཏཱིའི་ནང་དུ་ཉི་གདན་སྲན་མ་ཕྱེད་གཤགས་ཙམ་གྱི་སྟེང་དུ་ཡི་གེ་རྒྱ་ཡིག་གི་ཨ་ཐུང་གཟབ་མའི་ཤད་ཀྱི་རྣམ་པ་ཅན་ཁ་དོག་དམར་པོ་མགོ་གྱེན་དུ་བསྟན་པ་གཏུམ་མོའི་མེའི་རང་བཞིན་ཅན་འོད་ཤིན་ཏུ་འཚེར་བ་ཚད་ཡུངས་ཀར་སྦོམ་པོའི་འབྲུ་ཙམ་མགོ་བོར་ཟླ་ཚེས་ཐིག་ལེ་ནཱ་དས་མཚན་པ། སྙིང་ག་ཆོས་ཀྱི་འཁོར་ལོའི་དྷཱུ་ཏཱིའི་ནང་དུ་ཟླ་གདན་ལ་ཧཱུྃ་ཡིག་སྔོན་པོ་མགོ་ཐུར་དུ་ལྟ་བ། བྱང་སེམས་ཁ་བ་ལྟ་བུར་འཛག་པ། མགྲིན་པའི་འཁོར་ལོའི་དྷཱུ་ཏཱིའི་ནང་དུ་ཟླ་གདན་ལ་ཨོཾ་ཡིག་དམར་པོ་མགོ་གྱེན་དུ་བསྟན་པ། སྤྱི་བོའི་རྩ་འཁོར་གྱི་དྷཱུ་ཏཱིའི་ནང་དུ་ཟླ་གདན་ལ་ཧཾ་ཡིག་དཀར་པོ་མགོ་ཐུར་དུ་ལྟ་བ་བྱང་སེམས་ཁ་བ་ལྟ་བུར་འཛག་པ། ཐམས་ཅད་ཀྱང་ཆེ་ཆུང་ཡུངས་ཀར་སྦོམ་པོའི་ཚད་ཙམ་འོད་ཤིན་ཏུ་འཚེར་བ་མགོ་བོར་ཟླ་ཚེས་ཐིག་ལེ་ནཱ་དས་བརྒྱན་པ་བསྒོམས་ལ། དེ་ཡང་རྩ་འཁོར་དེ་དག་གི་ལྟེ་བ་ན་རོ་རྐྱང་གིས་དབུ་མ་ལ་ལུ་གུ་རྒྱུད་དུ་འཁྱུད་པའི་རྩ་མདུད་རེ་ཡོད་ལ། དེ་ན་རོ་རྐྱང་ནས་དྷཱུ་ཏཱིར་འཇུག་པའི་སྒོ་རེ་ཡང་ཡོད་པས་རྩ་མདུད་ཀྱིས་བཅིངས་པའི་དྷཱུ་ཏཱིའི་ནང་དེར་ཡི་གེ་རྣམས་སྒོམ་པ་ཡིན་ནོ།
།དེ་ལྟར་གསལ་བཏབ་ནས་རང་གི་སེམས་ཐོག་མར་ལྟེ་བའི་ཨ་ཐུང་ཉིད་ལ་དྲིལ་ནས་གཟུང་དགོས་ཏེ། འདིའི་ལམ་གྱི་རྨང་རྡོའམ་གཞུང་ཤིང་མཐར་ཐུག་པ་ནི་གཏུམ་མོ་ཡིན་ལ། གཏུམ་མོའི་རྩ་བའི་གནས་མཐར་ཐུག་པ་ལྟེ་བའི་རྩ་འཁོར་ཉིད་ཡིན་པས་ལྟེ་བའི་ཨ་ཐུང་ལ་རྩེ་གཅིག་ཏུ་དམིགས་ཏེ་སྒོམ་པ་ཉིད་གཏུམ་མོ་འབར་བ་ལ་ཤིན་ཏུ་གནད་ཆེ་བའི་ཕྱིར་རོ།
།སེམས་ཇི་ལྟར་འཛིན་པའི་ཚུལ་ཡང་དམིགས་རྟེན་གྱི་ཐིག་ལེ་ལ་རང་གི་སེམས་ཞུགས་པ་བཞིན་དུ་གཟུང་བར་བྱ་བ་ཡིན་ལ། དེ་ཡང་སེམས་འཛིན་ལུགས་ལེགས་པོ་ཞིག་བྱུང་ན་དམིགས་རྟེན་དེ་ཉིད་རང་གི་སེམས་ལས་ལོགས་སུ་མི་སྣང་ཞིང་། སེམས་དང་དབྱེར་མེད་དུ་འདྲེས་པའི་སྒོ་ནས་ང་རྒྱལ་འཕོས་པ་བཞིན་དུ་འབྱུང་ངོ་།
།དམིགས་རྟེན་གྱི་ཡི་གེ་རྣམས་ཇི་ལྟར་ཆུང་ཞིང་གསལ་བ་ལ་སེམས་ཟིན་ན་རླུང་འདུ་སླ་ལ། འོད་ཤིན་ཏུ་འཚེར་བར་བསྒོམས་པས་བྱིང་བ་གཅོད་སླ་ཞིང་། མགོ་བོར་ཟླ་ཚེས་ཐིག་ལེ་ནཱ་ད་དང་བཅས་པ་བསྒོམས་པ་དང་། བྱང་སེམས་ཁ་བ་ལྟ་བུ་འཛག་པའི་རྣམ་པ་ཅན་དུ་བསྒོམས་པས་བདེ་བའི་ཉམས་སྐྱེ་སླ་བའི་དགོས་པ་ཡོད་དོ།
།དེ་ནས་རྡོ་རྗེའི་ཚིག་རྐང་ལས། རླུང་དང་བསྲེ་ཞེས་བཤད་པས་བུམ་པ་ཅན་དང་སྦྲགས་ནས་སྒོམ་པའི་ཚུལ་ནི་དང་པོར་རླུང་རྡུབ་པའི་ཚེ་ཁ་ནས་མི་རྔུབ་པར་སྣ་བུག་ནས་དལ་བུས་བརྔུབས་ལ་ཕྱིར་མི་གཏོང་བར་ཆིར་གྱིས་མནན་པས་རོ་རྐྱང་གི་རྩ་གཉིས་རླུང་གིས་ཁྲིགས་ཏེ་གང་བར་བསམས་ལ། མཆིལ་མ་ཞིག་སྒྲ་མེད་དུ་མིད་དེ་ལྟེ་བར་ཆིར་མནན་པས་རོ་རྐྱང་གི་རླུང་རྣམས་ཨ་ཐུང་ལ་སིབ་ཀྱིས་ཐིམ་པར་བསམས་ལ། འོག་སྒོ་གཉིས་ནས་འོག་རླུང་འཇམ་པོ་ཞིག་དལ་གྱིས་འཐེན་ནས་སྲོག་ཐུར་ཁ་སྦྱར་ཏེ་མི་བདེ་བ་མི་སྐྱེད་ཙམ་དུ་གཟུང་ཞིང་མི་ཐུབ་པ་ན་དབུ་མའི་ནང་དུ་བདེ་ཧྲིལ་གྱིས་སོང་བར་བསམས་ལ་ཁ་ནས་མ་ཤོར་བར་སྣ་བུག་ནས་དལ་བུས་གཏོང་། བུམ་པ་ཅན་སྒོམ་པ་ནི་ལྟོ་སྟོང་དང་། ཟས་ཟོས་པའི་རྗེས་ཡིན་ན་ཞུ་ནས་བདེར་སོང་བའི་སྐབས་སུ་བསྒོམ་ལ། བར་མ་ཆད་དུ་ཧ་ཅང་ཡུན་རིང་མི་བྱ་བར་ངལ་གསོ་ཞིང་བསྒོམ་མོ།
།དེ་ལྟར་བུམ་པ་ཅན་བྱང་བའི་མཚམས་ནས་བུམ་པ་ཅན་གྱི་རླུང་སྦྱོར་སྒོམ་བཞིན་པའི་ངང་ནས་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་སྤྱི་བོའི་རྩ་འཁོར་བཞིའི་ལྟེ་བར་རྩ་མདུད་ཀྱིས་དཀྲིས་པའི་དབུས་སུ་སྔར་གྱི་ཡི་གེ་བཞི་གསལ་བཏབ་ལ་གསང་གནས་ཀྱི་རྩ་འཁོར་ལ་གནས་པའི་ཐུར་སེལ་གཡོས་ཏེ་ལྟེ་བའི་ཨ་ཐུང་ལ་ཕོག་པས་དེ་ལས་འབར་བའི་གཏུམ་མོའི་མེའི་འོད་ཟེར་དྷཱུ་ཏཱིའི་ནང་ནས་གྱེན་དུ་སོང་སྟེ། ཧཾ་ཨོཾ་ཧཱུྃ་གསུམ་བཞུས་པ་ལྟེ་བར་ཨ་ཐུང་ལ་བབས་ཏེ་དེ་དང་དབྱེར་མེད་དུ་གྱུར་ཏེ། ལྷན་ཅིག་སྐྱེས་དགའི་རང་བཞིན་གྱི་ཐིག་ལེར་བལྟས་ལ་སེམས་རྩེ་གཅིག་ཏུ་གཟུང་སྟེ་ཟིན་པ་ན་ཨ་ལ་གཏུམ་མོའི་མེ་ཕྲ་མོ་མེ་ལྕེ་གཅིག་ཏུ་འབར་བ་ལྟར་གནས་པར་བསྒོམ་ཞིང་། དེའི་འོད་ཀྱིས་འཁོར་ལོ་གོང་མའི་གནས་ནས་བྱང་སེམས་ཞུ་བ་ལྟེ་བའི་ཨ་ཐུང་ལ་ཐིམ་པར་བསམས་ལ། ཨ་ཐུང་ལ་སེམས་རྩེ་གཅིག་པས་བརྟན་པ་ཐོབ་པའི་མཚན་མ་མཐོང་བ་དེ་སྲིད་དུ་བསྒོམ་མོ།
།དེ་ལྟར་བསྒོམ་པའི་གཏུམ་མོ་འདི་ཆོས་དྲུག་གི་ལམ་གཞན་རྣམས་ཀྱི་རྨང་རྡོ་ཡིན་ཏེ། དེ་ཡང་རིམ་ལྔ་བསྡུས་པ་གསལ་བ་ལས། གཏུམ་མོའི་རྣལ་འབྱོར་རླུང་གིས་ཏེ། །བདེ་ཆེན་སེམས་ལ་དམིགས་པའོ།
།ཞེས་གསུངས་པ་ལྟར་འདུས་པ་སོགས་ཀྱི་སྐབས་སུ་རྡོར་བཟླས་ཀྱི་སྒོ་ནས་རླུང་སྙིང་གར་སྡུད་ཅིང་སྙིང་གའི་རྩ་མདུད་གྲོལ་བར་བྱེད་པའི་བྱེད་ལས་ནི་འདིར་གཏུམ་མོས་བྱེད་ལ། དེ་དང་ཕྱག་རྒྱ་སྲོག་རྩོལ་དུ་སོང་བ་ལས་རླུང་ཐམས་ཅད་འཆི་རིམ་ཇི་ལྟ་བ་བཞིན་དུ་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པའི་བདེ་བ་ཆེན་པོའི་ཡེ་ཤེས་ནི་འདུས་པ་ནས་བཤད་པའི་སེམས་དམིགས་ཀྱི་རིམ་པ་ཡིན་ལ། དེ་ལས་གཞིའི་འཆི་བ་འོད་གསལ་ལས་བར་དོ་འགྲུབ་པ་ཇི་ལྟ་བ་བཞིན་དུ་རླུང་སེམས་ཙམ་ལས་དངོས་གནས་ལ་སྒྱུ་མའི་སྐུར་བཞེངས་པ་འབྱུང་བས་སྒྱུ་ལུས་ཀྱི་རྨང་རྡོའང་གཏུམ་མོ་ཡིན་ཞིང་། རྨི་ལམ་ཡང་རླུང་སྟོབས་ཀྱིས་འཛིན་པ་དང་འདུན་སྟོབས་ཀྱི་འཛིན་པ་གཉིས་ལས་གཙོ་བོ་ནི་རླུང་སྟོབས་ཀྱིས་འཛིན་པ་ཡིན་ལ། དེ་ལ་གཉིད་ཀྱི་འོད་གསལ་ཟིན་དགོས་ཤིང་། དེ་ལས་སད་དུས་སུ་རླུང་དྷུ་ཏིར་ཐིམ་པའི་རྟོགས་པ་རྙེད་པ་ཞིག་དགོས་པས་འདིར་རླུང་ཐོག་མར་དྷཱུ་ཏཱིར་སྡུད་པ་ནི་གཏུམ་མོའི་རྣལ་འབྱོར་གྱིས་བྱེད་པས་རྨི་ལམ་གྱི་རྨང་རྡོ་ཡང་གཏུམ་མོའོ།
།འོད་གསལ་ལ་དཔེ་དང་དོན་གྱི་འོད་གསལ་གཉིས་ལས། ཆོས་དྲུག་གི་གྲངས་སུ་བགྲང་བའི་འོད་གསལ་ནི་གོ་རིམ་ཡང་སྒྱུ་ལུས་ཀྱི་རྗེས་སུ་འབྱུང་བ་དང་རྨོག་ལྕོག་པས། སྒྱུ་མ་འོད་གསལ་གཞུག་པ་ལ། ཐབས་དང་དུས་དང་ལུས་དང་ནི། །དམིགས་པའི་གནད་དུ་ཤེས་པར་བྱ། །ཞེས་སྒྱུ་ལུས་གནད་བཞིས་འོད་གསལ་དུ་བཅུག་སྟེ་འོད་གསལ་མངོན་དུ་བྱེད་པར་བཤད་པས་དོན་གྱི་འོད་གསལ་ཡིན་ལ། དཔེ་དང་དོན་གྱི་འོད་གསལ་གང་ཡིན་ཡང་རླུང་བསྒོམས་སྟོབས་ཀྱིས་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་པ་ལས་བྱུང་བའི་ལྷན་སྐྱེས་ཡིན་དགོས་པས་དེ་ཐམས་ཅད་ཀྱི་རྨང་རྡོ་ཡང་གཏུམ་མོའོ།
།འཕོ་བ་ལ་ཡང་གཙོ་བོ་རླུང་བསྒོམས་སྟོབས་ཀྱིས་འཕོ་བ་ཡིན་ཞིང་དེ་ལ་བསྒོམས་སྟོབས་ཀྱིས་རླུང་དྷཱུ་ཏཱིར་ཆུད་པའི་རྟོགས་པ་རྙེད་དགོས་པ་དང་། བར་དོ་ལ་རབ་འབྲིང་ཐ་མ་གསུམ་ལས་རབ་དང་འབྲིང་གཉིས་ལ་འོག་ཏུ་འཆད་པ་ལྟར་བསྒོམས་སྟོབས་ཀྱིས་རླུང་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱས་པའི་རྟོགས་པ་ཐོབ་དགོས་པས་དེ་གཉིས་ཀྱི་རྨང་རྡོ་ཡང་གཏུམ་མོ་ཡིན་ལ། སྤྱིར་ནི་ལྷན་སྐྱེས་ཀྱི་བདེ་ཆེན་མཚན་ཉིད་ཚང་བ་ཞིག་འདྲེན་པ་བླ་མེད་ཀྱི་རྫོགས་རིམ་གྱི་ལམ་ཐམས་ཅད་ཀྱི་དངོས་གཞི་ཡིན་ཞིང་། དེ་ལ་དྷཱུ་ཏཱིའི་ནང་ནས་ཁམས་ཞུ་བ་ངེས་པར་དགོས་ལ། དེ་ལ་དྷཱུ་ཏཱིའི་ནང་གི་གཏུམ་མོ་ཁྱད་པར་ཅན་འབར་བ་ངེས་པར་དགོས་པས་རྫོགས་རིམ་གྱི་ལམ་ཐམས་ཅད་ཀྱི་རྨང་རྡོ་ཡང་གཏུམ་མོ་ཉིད་ཡིན་ནོ།
།གཉིས་པ་ལ་གཉིས། སྟོང་པ་བཞིའི་ཉམས་མྱོང་སྐྱོང་བའི་ཚུལ་དང་། དགའ་བ་བཞིའི་ཉམས་མྱོང་སྐྱོང་བའི་ཚུལ་ལོ།
།དང་པོ་ནི། དེ་ལྟར་ཨ་ཐུང་ལ་སེམས་བཟུང་བ་ལས་ཉིན་ཞག་ཕྲུགས་གཅིག་ལ་ཆ་དྲུག་ཏུ་བགོས་པའི་ཐུན་ཆེ་ཙམ་འཁྱོངས་པའི་མཚམས་ནས་རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་སེམས་བཟུང་ས་དེར་རླུང་ཡང་འདུ་བར་འགྱུར་བས་རླུང་དབུ་མར་ཆུད་པའི་རྟགས་ནི་དམིགས་པ་ལ་སེམས་ནམ་བཟུང་རེས་ཀྱི་རླུང་མཉམ་རྒྱུ་ཤེད་མཚུངས་སུ་འབྱུང་བ་དང་། གནས་པའི་རྟགས་ནི་སྟེང་གི་སྣ་སྒོའི་རྒྱུ་བ་ཇེ་ཞན་དུ་སོང་བའི་མཐར་རྒྱུ་བ་ཕྲ་མོ་ཡང་ལོག་པ་ཡིན་ལ། འདི་ལ་ཁྱད་པར་ཞིབ་ཏུ་ཤེས་དགོས་པར་སྣང་བ་གཞན་ལས་ཤེས་པར་བྱ་ཞིང་། ཐིམ་པའི་རྟགས་ལ་རགས་པ་དང་ཕྲ་བ་གཉིས་ལས་རགས་པ་ལ་ས་ཆུ་ལ་ཐིམ་པས་སྨིག་རྒྱུ་ལྟ་བུ། ཆུ་མེ་ལ་ཐིམ་པས་དུ་བ་ལྟ་བུ། མེ་རླུང་ལ་ཐིམ་པས་མཁའ་སྣང་མེ་ཁྱེར་ལྟ་བུ། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་མར་མེ་འབར་བ་ལྟ་བུ་རྣམས་འབྱུང་བ་ཡིན་ལ། ཕྲ་བ་ཐིམ་པ་ལ་སྟོན་གྱི་ནམ་མཁའ་གཡའ་དག་པ་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུ་དང་། ཉི་འོད་ཀྱིས་ཁྱབ་པ་ལྟ་བུ་དང་། སྲོད་ཀྱི་མུན་པ་མཐུག་པོས་ཁྱབ་པ་ལྟ་བུ་དང་། སློད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་ནམ་མཁའི་རང་མདོག་ལྟ་བུ་རྣམས་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པའི་རྟགས་སུ་རིམ་པ་ལྟར་འཆར་བ་ཡིན་ཏེ།
ཁྱུང་པོས་མཛད་པར་གྲགས་པའི་བར་དོ་གསུམ་གྱི་གདམས་པ་ལས། དེ་ནས་འབྱུང་བ་ཐིམ་པ་ནི། ཡེ་ཤེས་རོལ་པ་དང་གཉིས་མེད་རྣམ་པར་རྒྱལ་བའི་རྒྱུད་ལས། དང་པོ་ས་ནི་ཆུ་ལ་ཐིམ། །ཆུ་ཡང་མེ་ལ་ཐིམ་གྱུར་ཏེ། །མེ་ནི་རླུང་ལ་ཐིམ་གྱུར་ནས། །རླུང་ཡང་རྣམ་པར་ཤེས་ལ་ཐིམ། །རྣམ་ཤེས་བཟུང་བ་དེ་ཉིད་ལས། །འོད་གསལ་བར་ཡང་འཇུག་པར་འགྱུར། །ཞེས་དང་པོ་ས་ཆུ་ལ་ཐིམ་པའི་རྟགས་ལུས་ཀྱི་སྟོབས་ཉམས་ནས་འགྲོ །ཆུ་མེ་ལ་ཐིམ་པས་གཤེར་བའི་ཆ་རྣམས་སྐུམ་མོ། །མེ་རླུང་ལ་ཐིམ་པས་དྲོད་མཐའ་ནས་སྡུད་དོ། །རླུང་རྣམ་པར་ཤེས་པ་ལ་ཐིམ་པས་དབུགས་རྒྱུ་བ་འཆད་དོ། །རྣམ་པར་ཤེས་པ་འོད་གསལ་བར་ཐིམ་པས་ཡེ་ཤེས་འཆར་ཏེ། སྣང་བ་དང་། མཆེད་པ་དང་། ཉེ་བར་ཐོབ་པའོ།
།ཞེས་འབྱུང་བ་རིམ་གྱིས་ཐིམ་པའི་ཕྱིའི་རྟགས་ས་ཆུ་ལ་ཐིམ་པའི་སྐབས་སུ་ལུས་ཀྱི་སྟོབས་ཉམས་ནས་བྱིང་བ་སོགས་སུ་འགྱུར་བ་དང་། སྣང་མཆེད་ཐོབ་གསུམ་རིམ་གྱིས་ཐིམ་པ་ལས་འོད་གསལ་མངོན་དུ་བྱེད་པར་བཤད་ལ།
ནང་རྟགས་ཀྱང་གཉིས་མེད་རྣམ་རྒྱལ་ལས། དང་པོ་སྨིག་རྒྱུ་ལྟ་བུ་སྟེ། །དང་པོའི་སྨིག་རྒྱུ་དེ་ཉིད་ཀྱང་། །འོད་ཟེར་ལྔ་དང་ལྡན་པར་མཐོང་། །གཉིས་པ་ཟླ་བ་ལྟ་བུ་དང་། །གསུམ་པ་ཉི་མ་ལྟ་བུ་དང་། །བཞི་པ་མུན་པ་ལྟ་བུ་དང་། །ལྔ་པ་སྤྲིན་མེད་ནམ་མཁའ་ལས། །མི་རྟོག་མཐའ་དབུས་མེད་པར་འཆར། །ཞེས་གསུངས་པ་དྲངས་ནས་བཤད་ལ།
གྲུབ་ཆེན་ལྭ་ཝ་པས་ཀྱང་། དང་པོ་རི་དྭགས་སྲེད་བཞིན་སྣང་བ་སྟེ། །མཚན་མ་གཉིས་པ་དུད་ཁའི་རྣམ་པ་ཅན། །གསུམ་པ་སྲིན་བུ་མེ་ཁྱེར་དང་འདྲ་བ། །བཞི་པ་སྒྲོན་མེ་འབར་བ་ལྟ་བུར་གསལ། །མཚན་མ་ལྔ་པ་རྣམ་པར་མ་བཏགས་པ། །སྤྲིན་བྲལ་ནམ་མཁའ་ལྟ་བུར་སྣང་བ་ཡིན། །ཞེས་བཤད་དོ།
།དེ་ལྟར་ན་ས་ཆུ་ལ་ཐིམ་པས་སྨིག་རྒྱུ་ལྟ་བུའི་ཉམས་ཤར་བ་ནས། རླུང་རྣམ་ཤེས་ལ་ཐིམ་པས་མར་མེ་འབར་བ་ལྟ་བུའི་ཉམས་འཆར་བའི་བར་རགས་པ་ཐིམ་རིམ་དང་། ཀུན་རྟོག་གི་རླུང་རྣམས་སྣང་བ་ལ་ཐིམ་པས་སྣང་བའི་རང་དུས་སུ་སྟོན་གྱི་ནམ་མཁའ་གཡའ་དག་པ་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུའི་ཉམས་འཆར་བ་ནས། འོད་གསལ་རང་དུས་སུ་སློད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་ཐོ་རངས་ཀྱི་ནམ་མཁའི་རང་མདོག་ལྟ་བུ་སྟོང་སང་གི་ཉམས་ཁྱད་པར་ཅན་འཆར་བ་རྣམས་རིམ་པ་ལྟར་ངོས་ཟིན་པར་བྱས་ནས་སྐྱོང་བ་དང་། འོད་གསལ་གྱི་སྐབས་སུ་ཁྱད་པར་དུ་ཡང་སྟོང་ཉིད་རྟོགས་པའི་ལྟ་བ་དྲན་པར་བྱས་ནས་ཡུན་རིང་དུ་བསྐྱང་ངོ༌།
།གཉིས་པ་ནི། ལྟེ་བའི་གཏུམ་མོ་ཁྱད་པར་ཅན་འབར་བ་ལ་བརྟེན་ནས་སྤྱི་བོའི་ཧཾ་ཡིག་ཏུ་གྲགས་པའི་བྱང་ཆུབ་ཀྱི་སེམས་ཞུ་བ་དྷཱུ་ཏཱིའི་ནང་ནས་རིམ་གྱིས་བབས་པ་ལས་སྤྱི་བོ་ནས་མགྲིན་པར་སླེབ་པས་དགའ་བ། མགྲིན་པ་ནས་སྙིང་གར་སླེབ་པས་མཆོག་དགའ། སྙིང་ག་ནས་ལྟེ་བར་སླེབ་པས་ཁྱད་པར་གྱི་དགའ་བ། ལྟེ་བ་ནས་ནོར་བུའི་རྩེར་སླེབ་པས་ལྷན་ཅིག་སྐྱེས་པའི་དགའ་བ་རྣམས་རིམ་གྱིས་སྐྱེ་བ་ནི་ལུགས་ལས་འབྱུང་བའི་རིམ་པ་ཡིན་ཏེ།
རྡོ་རྗེ་ཕྲེང་བ་ལས། དེ་རྗེས་ལུགས་འབྱུང་བཤད་བྱ་སྟེ། བདེ་ཆེན་འཁོར་ལོ་སྤྱི་བོ་ལ། །དེ་ནི་དགའ་བར་བཤད་པ་ཡིན། །ལོངས་སྤྱོད་འཁོར་ལོ་མཆོག་དགའ་དང་། །བྲལ་དགའ་ཆོས་ཀྱི་འཁོར་ལོར་གནས། །སྤྲུལ་པའི་འཁོར་ལོ་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། །ཅེས་གསུངས་པ་ལྟར་ཡིན་ལ།
དེ་ཡང་ཁམས་ཁྱད་པར་ཅན་ཞུ་བ་ལྟེ་བ་མན་ཆད་ཀྱི་དྷཱུ་ཏཱིའི་ནང་དུ་སླེབ་པ་ན་དྷཱུ་ཏཱིའི་ནང་གི་ལུས་དབང་ཁྱད་པར་ཅན་དང་ཕྲད་པ་ལས་རེག་བྱ་ཁྱད་པར་ཅན་ཞིག་སྐྱེ་ལ། དྷཱ་ཏཱིའི་ནང་གི་ལུས་དབང་དེས་བདག་རྐྱེན་དང་གཟུང་དོན་བྱས་པ་ལས་ཐོག་མར་དབང་ཤེས་འཁོར་གྱི་བདེ་བ་ཁྱད་པར་ཅན་སྐྱེ་ལ། དེས་དེ་མ་ཐག་རྐྱེན་བྱས་པ་ལས་ཡིད་ཀྱི་ཤེས་པ་བདེ་བ་ཆེན་པོའི་ངོ་བོར་སྐྱེས་ཏེ་དེས་སྟོང་པ་ཉིད་ཀྱི་ལྟ་བ་ཕུ་ཐག་ཆོད་པ་དྲན་པར་བྱས་པ་ལས་སེམས་སྟོང་པ་ཉིད་རྟོགས་པའི་ལྷན་སྐྱེས་ཀྱི་བདེ་བའི་ངོ་བོར་བསྐྱེད་དེ་ཡུན་རིང་དུ་བསྐྱང་ངོ༌།
།དེ་ཡང་དྷཱུ་ཏཱིའི་ནང་ནས་ཁམས་ཞུ་བའི་ལྷན་སྐྱེས་མཚན་ཉིད་པ་ཡིན་ན་ལྷན་སྐྱེས་ཇི་སྲིད་མ་རྫོགས་བར་ཁམས་ཕྱི་རོལ་ཏུ་གཡོ་བའི་རླུང་རྣམས་ཐིམ་པའི་སྟོབས་ཀྱིས་ཁམས་གྱེན་དུ་ལྡོག་པའི་དམིགས་པ་དང་འཁྲུལ་འཁོར་སོགས་མ་བྱས་ཀྱང་ཁམས་ཕྱིར་མི་འཕོ་ལ། ལྷན་སྐྱེས་ལས་རླུང་གཡོ་བར་རྩོམ་པ་ན་ལས་དང་པོ་པས་ཁམས་གྱེན་དུ་ལྡོག་པའི་དམིགས་པ་དང་རྩོལ་བ་ཅུང་ཟད་བྱ་དགོས་ཞིང་། དེ་ལྟ་ན་ཡང་ཁམས་གྱེན་དུ་ལོག་པ་སྤྱི་བོའི་ཧཾ་ཡིག་ཉིད་ལ་ཐིམ་པར་བསམ་པ་མ་གཏོགས་ལུས་ཀྱི་རྩ་གནས་རྣམས་སུ་དགྲམ་པ་སོགས་མ་བྱས་ཀྱང་ནད་སྐྱེད་པ་སོགས་ཀྱི་དགག་བྱ་མི་འབྱུང་ངོ་།
།སྤྱིར་ནི་གཏུམ་མོ་འབར་བ་ལ་ཡང་གསང་གནས་དང་ལྟེ་བ་དང་དྷཱུ་ཏཱིའི་ཕྱི་དང་ནང་དང་། ལུས་ཀྱི་ནང་དང་། ཤ་ལྤགས་མཚམས་ཀྱི་གཏུམ་མོ་འབར་བ་སོགས་རིམ་པ་ཇི་སྙེད་ཅིག་འབྱུང་ལ། དེ་དང་རྗེས་སུ་མཐུན་པར་ཁམས་ཞུ་བ་ལ་ཡང་རིམ་པ་ཇི་སྙེད་ཅིག་འོང་བས་དེ་རྣམས་ཀྱི་ཁྱད་པར་ཤེས་པར་བྱས་ལ་དྷཱུ་ཏཱིའི་ནང་ནས་ཞུ་བ་མ་ཡིན་པའི་ཁམས་འབབ་པ་ལ་ནི་ལུས་ཀྱི་གནས་མཐོ་ས་ནས་འབད་རྩོལ་དྲག་པོས་ལྡོག་པ་དང་། ལྡོག་ནས་ཀྱང་ལུས་ཀྱི་རྩ་གནས་རྣམས་སུ་དགྲམ་པ་སོགས་བྱ་དགོས་སོ།
།ལུགས་ལྡོག་གི་དགའ་བཞི་སྐྱེ་བའི་རིམ་པ་ནི། རྡོ་རྗེ་ཕྲེང་བ་ལས། སྤྲུལ་པའི་འཁོར་ལོར་དགའ་བ་དང་། །མཆོག་དགའ་ཆོས་ཀྱི་འཁོར་ལོར་གནས། །ལོངས་སྤྱོད་བྲལ་བའི་དགའ་བ་དང་། །ལྷན་ཅིག་སྐྱེས་པ་བདེ་བ་ཆེ། །ལུགས་ལྡོག་རིམ་པ་ཞེས་ནི་གསུངས། །ཞེས་བཤད་པ་ལྟར་ཡིན་ལ།
འདི་དང་མཐུན་པར་ཕྱག་ཆེན་ཐིག་ལེ་ལས་ཀྱང་བཤད་ལ། ཡར་མར་གྱི་དགའ་བ་བཞི་པོ་རེ་རེ་ལ་བཞི་བཞིར་ཕྱེ་བའི་ཟླ་བའི་ཆ་ནས་དགའ་བ་བཅུ་དྲུག་དང་། བྱང་སེམས་འབབ་པ་ན་ཁྲག་དང་བཅས་པ་འབབ་པ་ལས་གསུམ་གསུམ་དུ་ཕྱེ་བས་ཉི་མའི་ཆ་ནས་དགའ་བ་བཅུ་གཉིས་སུ་བཤད་ལ། མས་བརྟན་གྱི་དགའ་བ་བཞི་ནི་ལྷན་སྐྱེས་ཉིད་ལ་དགའ་བ་བཞིར་ཕྱེ་བས་ཡས་ཀྱི་དགའ་བ་བཞི་ལས་བདེ་བའི་ཉམས་ཆེ་ལ། མས་བརྟན་གྱི་ལྷན་སྐྱེས་རྫོགས་ནས་ཁམས་ཕྱིར་དབང་མེད་དུ་འཕོ་བ་མི་སྲིད་པས་བདེ་བ་བརྟན་པར་ཡང་གསུངས་ཏེ།
ཕྱག་ཆེན་ཐིག་ལེ་ལས། གང་དེ་ཕྱི་ནས་བརྟན་གྱུར་པ། །དེ་ཚེ་མགོན་པོ་འགྲོ་མི་འགྱུར། །ཞེས་སོ།
།དེ་ཡང་སྟོང་པ་བཞི་དང་དགའ་བ་བཞི་ཇི་ལྟར་སྐྱོང་བའི་ཚུལ་སོགས་ནི་རྒྱས་པར་གཞན་དུ་ཤེས་པར་བྱ་ལ། ལྷན་སྐྱེས་དང་འོད་གསལ་ལས་ལྡང་བར་རྩོམ་པ་ན་སྔ་མོ་ནས་འཕེན་པ་བཏང་སྟེ་ཡིད་ངོར་རླུང་སེམས་ཙམ་ལས་ཧེ་རུ་ཀའི་ལྷའི་སྐུར་ལྡང་བ་དང་། དེ་ཉིད་སླར་ཡང་ཕུང་པོ་རྙིང་པ་ལ་འཇུག་པ་སོགས་བསྲེ་བའི་ཉམས་ལེན་གྱི་གནད་རྣམས་ལ་མཁས་པར་བྱའོ།
།གཉིས་པ་ནི། གཞན་ལུས་ཕྱག་རྒྱའི་ལམ་ནི་རིམ་ལྔ་ལས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །སྣང་བ་གསུམ་གྱི་མཚན་ཉིད་ནི། །གསལ་བར་འདི་ལས་མཚོན་པར་འགྱུར།
།ཞེས་གསུངས་པ་ལྟར་ཕྱིའི་རྐྱེན་ཕྱག་རྒྱ་ལ་བརྟེན་ནས་བདེ་ཆེན་འདྲེན་པ་སྐབས་སུ་བབ་པའི་རྫོགས་རིམ་གྱི་རྟོགས་པ་མཐོན་པོར་སླེབ་པ་ན་པདྨ་ཅན་ལ་སོགས་པ་ཕྱག་རྒྱ་རིགས་བཞི་གང་རུང་མཚན་ཉིད་དང་ལྡན་པ་སྨིན་ཅིང་གྲོལ་བར་བྱས་པ་ནི་ལས་ཀྱི་ཕྱག་རྒྱ་དང་ཤེས་རབ་མ་ཞེས་བཤད་པ་ཡིན་ལ། དེ་དང་ཀ་ཁ་མུ་ཁའི་སྙོམས་འཇུག་སྟེ། ཕྱག་རྒྱ་སྲོག་རྩོལ་གྱི་མན་ངག་གི་གནད་ལེགས་པར་ཤེས་པས་མཉམ་པར་སྦྱར་བ་ལས་ལྷན་སྐྱེས་ཀྱི་བདེ་ཆེན་ལྷག་པར་འབར་བ་དང་། རླུང་ཐམས་ཅད་འཆི་རིམ་བཞིན་དུ་ཐིམ་པ་ལས་བྱུང་བའི་འོད་གསལ་ཁྱད་པར་ཅན་མངོན་དུ་བྱེད་པ་ཡིན་ལ། འདིས་ཕྱག་རྒྱ་སྲོག་རྩོལ་གྱི་སྐབས་སུ་མ་ཟད་སྤྱོད་པ་གསུམ་གྱི་སྐབས་སུ་ཕྱག་རྒྱ་དང་སྦྱོར་བ་ཡང་མཚོན་ནས་བསྟན་པ་ཡིན་ཏེ། དེ་ཡང་ཉེ་བར་མི་མཁོ་བས་ཞིབ་པར་མ་བཤད་དོ། །རྩ་གསུམ་འཁོར་ལོ་བཞི་ལྡན་གྱི་གཏུམ་མོ་ཁྱད་པར་ཅན་བཤད་ཟིན་ཏོ།
།གཏུམ་མོ་གོས་སུ་གྱོན་པ་དང་སྟན་དུ་འདིངས་པ་ནི་སྔར་གྱི་མེ་དམིགས་ཐུན་མོང་བའི་སྟེང་ནས། བདེ་བའི་མལ་དུ་པུས་བྲང་སྦྱར། ལྐོག་མ་པུས་མོ་ལ་བཀལ། ལག་པ་བསྣོལ་བས་མཁལ་རྩ་ལ་བཀབ་ནས་རླུང་འཛིན་པ་གོས་སུ་གྱོན་པ་དང་། རྐང་པ་གཡོན་པའི་སྐྱིད་མོ་ཁུང་གིས་གཡས་པའི་བོལ་གོང་མནན་ཏེ། ཁྱི་ཉལ་སྒོར་མོ་བྱས་རླུང་འཛིན་པ་སྟན་དུ་འདིངས་པར་བཤད་དོ།
།རླུང་རྟ་རུ་ཞོན་པའི་མན་ངག་ལ་བླ་མའི་གཏུམ་མོ་སྒོམ་པ་ནི། ལུས་གནད་ཐབ་མགལ་གྱི་ཕྱག་རྒྱ་བཅས་ཏེ་ལག་པ་གཉིས་བསྣོལ་བ་བརླ་ཤ་ལ་འཇུ། ལུས་གནད་མེའི་སྟོང་རའི་ངང་ནས་ལྟེ་བའི་འོག་ཏུ་ཉི་གདན་ལ་བླ་མ་ཚེ་དཔག་མེད་ཚོན་གང་པ་ལྕགས་བསྲེགས་འབར་བ་ལྟ་བུ་ཞིག་བསམ་སྟེ་སྤྱི་གཙུག་རྒྱ་མཐོངས་ཁ་ཕྱེ་བ་ལྟར་བསམས་ནས་སྟེང་གི་ནམ་མཁའ་སངས་རྒྱས་བྱང་སེམས་ཀྱིས་གང་བའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་ཞུན་མར་གྱི་རྣམ་པ་ཅན་བབས། ཚངས་བུག་ནས་ཞུགས་བླ་མའི་སྐུ་ལ་བབས་པས་ཡེ་ཤེས་ཀྱི་མེ་སོར་སྒྲ་དང་བཅས་འབར་བས་ལུས་ཀྱི་ནང་ཐམས་ཅད་གང་བར་བསམས་ལ་རླུང་དང་འབེབས་ཀྱི་འཁྲུལ་འཁོར་སོགས་སྔར་བཞིན་བྱའོ།
།རླུང་རྟར་ཞོན་པའི་དམིགས་པ་དངོས་ནི་འགྲོ་བའི་ཚེ་ལག་པ་གཉིས་ཁུ་ཚུར་བཅངས་ནས་མཆན་ཁུང་འོག་དང་རྐང་མཐིལ་གཉིས་ནས་རླུང་གི་ལྷ་མོ་དཀར་ལྗང་རླུང་གཤོག་ཅན་གཉིས་ཀྱིས་བཏེག་ནས་ནམ་མཁའ་ལ་ཁྱེར་བར་བསམས་ལ་བར་རླུང་བུམ་པ་ཅན་ཉེར་གཅིག་བཟུང་ནས་ཕྱིན་ན་འགྲོས་རྟ་མཆོག་དང་མཉམ་པ་འབྱུང་ངོ༌།
།སྲིད་པའི་དབང་ཞུ་བ་ནི། བླ་མ་རྡོ་རྗེ་འཆང་དཀར་པོ་ཡབ་ཡུམ་སྤྱི་བོར་བསྒོམས་པ་ལ་མཎྜལ་ཕུལ་ཏེ། བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩི་རང་གི་ཚངས་བུག་ནས་བབས་པས་སྤྱི་བོ་མགྲིན་པ་སྙིང་ག་རྐང་མཐིལ་ཡན་རིམ་པ་ལྟར་གང་བ་ལ་བུམ་པ་གསང་བ་ཤེས་རབ་ཡེ་ཤེས་དབང་བཞི་པ་རྣམས་ཐོབ་པར་བསམ་པ་ཡིན་ནོ། །གཏུམ་མོའི་རྣལ་འབྱོར་བཤད་ཟིན་ཏོ།

།གཉིས་པ་སྒྱུ་ལུས་ལ། རྡོ་རྗེའི་ཚིག་རྐང་ལས། སྒྱུ་ལུས་བདེན་མེད་དབང་པོ་རབ་འབྲིང་གསུམ། །འབྲལ་མེད་མོས་གུས་རང་ལུས་ཅིར་སྣང་ཀུན། །སྣང་སྟོང་ཞེན་བྲལ་ལྷ་སྐུའི་ལམ་འཁྱེར་བྱ། །ཆགས་སྡང་རང་གྲོལ་བཅུ་བཞིའི་ས་ཐོབ་འགྱུར།
།ཞེས་གསུངས་པས་དེའི་དོན་བཤད་པ་ལ་གསུམ། གཏུམ་མོའི་རྗེས་སུ་སྒྱུ་ལུས་འཆད་པའི་རྒྱུ་མཚན། སྦས་དོན་གྱི་སྒྱུ་མ་ངོས་བཟུང་བ། བླ་མ་རྣམས་ཀྱི་ཁྲིད་ཡིག་ལས་བྱུང་བའི་ཚུལ་ཅུང་ཟད་བཤད་པའོ།
།དང་པོ་ནི། གཏུམ་མོའི་རྗེས་སུ་སྒྱུ་ལུས་འཆད་པའི་རྒྱུ་མཚན་ཡོད་དེ། ནང་གི་རྐྱེན་གཏུམ་མོའི་རྣལ་འབྱོར་དང༌། ཕྱིའི་རྐྱེན་ཕྱག་རྒྱ་སྲོག་རྩོལ་དུ་སོང་བ་ལ་བརྟེན་ནས་འཆི་རིམ་ཇི་ལྟ་བ་བཞིན་དུ་རླུང་ཐམས་ཅད་བསྡུས་ནས་ཐིམ་པའི་འོད་གསལ་གྱི་ཡེ་ཤེས་ལས་གཞིའི་འཆི་བ་འོད་གསལ་བཞོན་པ་རླུང་དང་བཅས་པ་ལས་བར་དོའི་ལུས་གྲུབ་པ་ཇི་ལྟ་བ་བཞིན་དུ་འོད་གསལ་གྱི་བཞོན་པའི་རླུང་གིས་ཉེར་ལེན་དང་སེམས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལས་དངོས་གནས་ལ་ཧེ་རུ་ཀའི་སྐུར་བཞེངས་པ་འབྱུང་བའི་ཕྱིར་རོ།
།གཉིས་པ་ལ་གཉིས། དངོས་དང་། དེ་ལུགས་འདིའི་བླ་མ་རྣམས་ཀྱི་བཞེད་པར་བསྟན་པའོ།
།དང་པོ་ནི། ཆོས་དྲུག་གི་སྒྱུ་ལུས་དང་འོད་གསལ་གཉིས་དཔལ་ལྡན་འདུས་པའི་རྒྱུད་དོན་འཕགས་པ་ཡབ་སྲས་ཀྱིས་བཀྲལ་བ་ལས་ཤེས་པར་བྱ་དགོས་པ་ཡིན་ཞིང་། དེའི་གདམས་པའི་སྲོལ་ནི། སྲོག་དབུ་མར་བཅུག་པ་ལས་ཞུགས་གནས་ཐིམ་གསུམ་ཕུལ་དུ་བྱུང་བ་མ་ཐོབ་པར་སེམས་དབེན་གྱི་སྣང་མཆེད་ཐོབ་གསུམ་གྱི་ཏིང་ངེ་འཛིན་མཚན་ཉིད་རྫོགས་པ་མི་སྐྱེ་ལ། སེམས་དབེན་མཐར་ཐུག་གི་རླུང་སེམས་ལས་སྒྱུ་མའི་སྐུ་མཚན་ཉིད་པ་སྒྲུབ་པ་ཡིན་ཞིང་།
མར་ལུགས་ཀྱི་མན་ངག་རིམ་ལྔ་བསྡུས་པ་གསལ་བ་ལས་ཀྱང་། དང་པོ་སྨིག་རྒྱུ་ལྟ་བུའི་ཉམས། །འོད་ཟེར་ལྔ་དང་བཅས་པ་འཆར། །གཉིས་པ་ཟླ་བ་ལྟ་བུ་དང་། །གསུམ་པ་ཉི་མའི་འོད་ཀྱིས་འཁྲིགས། །མཚམས་སྣང་ལས་ནི་ཐོབ་པ་སྟེ། །ཞེས་སྒྱུ་ལུས་གང་ལས་བསྒྲུབ་པའི་སེམས་དབེན་གྱི་སྟོང་པ་གསུམ་གྱི་ངོས་འཛིན་དང་། རླུང་སེམས་ཙམ་ལས་བྱུང་བ་ཡི། །སྒྱུ་མའི་ལུས་ནི་སྣང་བར་བཅས། །ཞེས་སྒྱུ་ལུས་དངོས་ཀྱི་ངོས་འཛིན་རྣམས་གསལ་བར་འབྱུང་བ་བཞིན་འདིར་ཡང་སྔར་དྲངས་པའི་རྡོ་རྗེའི་ཚིག་རྐང་གི་དོན་ནི། སྒྱུ་ལུས་བདེན་མེད་ཅེས་པ་ནི་སྒྱུ་མ་ལྟར་སྣང་ཡང་རང་བཞིན་མེད་པའི་ལྷའི་སྐུ་ཞིག་ལ་སྒྱུ་ལུས་སུ་འཇོག་པའི་དོན་དང་། དབང་པོ་རབ་འབྲིང་ཐ་མ་གསུམ་ནི་སྒོམ་པ་པོ་རྟེན་གྱི་གང་ཟག་གི་རིམ་པ་དང་། འབྲལ་མེད་མོས་གུས་ཞེས་པ་ནི་བླ་མ་ལ་འབྲལ་མེད་ཀྱི་མོས་གུས་དྲག་པོས་མཉེས་པ་གསུམ་གྱིས་ཚུལ་བཞིན་བསྟེན་པའི་མཐུས་བླ་མའི་མན་ངག་གིས་བདག་བྱིན་བརླབ་ཀྱི་རིམ་པ་དེ་ཉིད་མངོན་དུ་བྱ་དགོས་པ་དང་། རང་ལུས་ལྷ་སྐུའི་ལམ་འཁྱེར་ནི་ཡིད་ངོ་ཙམ་མ་ཡིན་གྱི་དངོས་གནས་ལ་རླུང་སེམས་ཙམ་ལས་ལྷའི་སྐུར་བཞེངས་པ་དང༌། སྣང་སྟོང་ཞེན་བྲལ་ནི། སྒྱུ་མ་ལྟ་བུའི་སྐུ་ཞེས་བཤད་པའི་སྒྲའི་དོན་ལྟ་བུ་ཡིན་ལ། ཅིར་སྣང་ཀུན་ལའང་དེ་ལྟར་དུ་སྒོམ་པ་ནི། སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཐམས་ཅད་དེ་དང་འདྲ་བར་མཐོང་། །ཞེས་གསུངས་པ་ལྟར་ཡིན་ལ། ཆགས་སྡང་རང་གྲོལ་བཅུ་བཞིའི་ས་ཐོབ་འགྱུར། །ཞེས་པ་ནི་སྙིང་གའི་རླུང་སེམས་ཕྲ་མོ་འདི་བདག་ཏུ་གདགས་པའི་གཞི་མཐར་ཐུག་པ་ཡིན་པས། འདིའི་སྟེང་ནས་བདག་རང་ངོས་པ་ཞིག་ཡོད་པར་བཟུང་བ་ལས་ཆགས་སྡང་གི་རྣམ་རྟོག་འབྱུང་བ་ཡིན་ཞིང་། དེ་བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པའི་དཔེའི་འོད་གསལ་ཁྱད་པར་ཅན་ལས་དངོས་གནས་ལ་ལྷའི་སྐུར་བཞེངས་པ་དང་། དོན་གྱི་འོད་གསལ་ལས་དག་པའི་སྒྱུ་མའི་སྐུར་བཞེངས་པའི་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱི་སྟོབས་ཀྱིས་ཆགས་སྡང་གི་ཉོན་མོངས་པའི་འཆིང་བ་རང་གྲོལ་དུ་བྱས་པ་ལས་བཅུ་བཞིའི་ས་འཐོབ་པ་སྟེ་འབྲས་བུ་རྡོ་རྗེ་འཆང་མངོན་དུ་བྱེད་པའི་དོན་ནོ།
།གཉིས་པ་ནི། རྡོ་རྗེའི་ཚིག་རྐང་གི་དོན་ནི་བཤད་མ་ཐག་པ་ལྟར་ཡིན་ལ། ཁྱུང་པོའི་བར་དོ་གསུམ་གྱི་གདམས་པ་ལས་ཀྱང་། དེ་ལ་རྣལ་འབྱོར་པས་སྦྱང་གཞི་བར་དོའི་ལུས་གསུམ་ལ་སྦྱོང་བྱེད་བསྐྱེད་རྫོགས་རྨི་ལམ་འོད་གསལ་ཏེ། ཞེས་བཤད་ནས།
དེའི་ཤེས་བྱེད་དུ་ཡེ་ཤེས་རོལ་པའི་རྒྱུད་ལས། བར་དོ་དག་པའི་ལུས་གསུམ་པོ། །བསྐྱེད་རྫོགས་རྨི་ལམ་འོད་གསལ་སྦྱང་། །ཞེས་དང་།
བརྟག་གཉིས་ལས། ཇི་ལྟར་སྒྱུ་མ་རྨི་ལམ་དང༌། །ཇི་ལྟར་བར་མའི་སྲིད་ཡིན་པ། །ཞེས་པ་དྲངས་ཏེ།
གཞིའི་བར་དོ་སྦྱང་གཞི་དང་། དེ་བསྐྱེད་རྫོགས་ཀྱི་ལམ་གཉིས་ཀྱིས་སྦྱོང་བར་བཤད་པས་རྣམ་སྨིན་གྱི་ལུས་ཞེས་བཤད་པ་ད་ལྟའི་ལུས་འདི་ལྷའི་སྐུར་བསྒོམས་པས་སྦྱོང་བ་དང་། རྨི་ལམ་གྱི་ལུས་ལ་བག་ཆགས་ཀྱི་ལུས་ཞེས་བཤད་ནས། དེ་རྨི་ལམ་རླུང་སྟོབས་ཀྱིས་འཛིན་པའི་མན་ངག་གིས་སྦྱོང་བ་དང་། བར་དོའི་ལུས་ལ་ཡིད་ཀྱི་ལུས་ཞེས་བཤད་ནས། དེའི་ཚེ་རིམ་གྱིས་ཇི་ལྟ་བའི་ལམ་གྱི་འོད་གསལ་ལས་སྒྱུ་མའི་སྐུར་བཞེངས་པའི་སྒྱུ་ལུས་ཀྱིས་སྦྱོང་བར་བཤད་ལ། གོང་དུ་དྲངས་པའི་བརྟག་གཉིས་ཀྱི་ལུང་དེ་ནི་མ་རྒྱུད་སྐོར་གྱི་སྦས་དོན་གྱི་སྒྱུ་ལུས་སྟོན་པའི་ཚིག་གསལ་ཤོས་སུ་སྣང་བའི་ཕྱིར་རོ།
།རྨོག་ལྕོག་པས་ཀྱང་། ཡིད་ཀྱི་ལུས་ལ་སྒྱུ་མའི་སྐུ། །སྡུག་བསྔལ་ཀུན་དང་བྲལ་བ་ཡིན། །དེ་ནི་སྒྱུ་མའི་ཏིང་འཛིན་ནོ།
།ཞེས་བླ་མེད་ཀྱི་སྐབས་ཀྱི་སྒྱུ་མ་ལྟ་བུའི་ཏིང་འཛིན་སྒྱུ་ལུས་ལ་ངོས་བཟུང་ནས། དེ་ཇི་ལྟ་བུ་ཡིན་པ་ཡང་། སྒྱུ་མ་མཚན་ཉིད་གསུམ་ལྡན་ཏེ། །ཡན་ལག་ཉིང་ལག་རྫོགས་པ་ནི། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །སྤྱོད་ཡུལ་ཀུན་ལ་ཁྱབ་པ་ཉིད། །ཆུ་ཡི་ནང་གི་ཟླ་བ་བཞིན། །སྔགས་ཀྱི་ཞི་བ་ལ་སོགས་པ། །སོ་སོ་དག་ཏུ་གྲུབ་པ་ནི། །ནམ་མཁའ་ལ་ནི་འཇའ་ཚོན་འདྲ།
།ཞེས་ཡན་ལག་དང་ཉིང་ལག་རྫོགས་པའི་ལྷའི་སྐུ་དངོས་གནས་ལ་གཟུགས་བརྙན་དང་འཇའ་ཚོན་སོགས་སྒྱུ་མའི་དཔེ་རྣམས་ཀྱིས་མཚོན་པའི་བདག་ཉིད་ཅན་དུ་བཤད་ལ། བར་དོ་དང་སྒྱུ་ལུས་གཉིས་ཀ་ལ་ཁྱུང་པོ་དང་རྨོག་ལྕོག་པས་ཡིད་ཀྱི་ལུས་སུ་བཤད་དོ།
།གཞན་ཡང་། དྭངས་མ་ལྔ་འདུས་འོད་ཀྱི་ལུས། །ཞེས་སྒྱུ་ལུས་ཀྱི་ངོ་བོ་བཤད་ལ། དྭངས་མ་ལྔ་ནི་སྲོག་འཛིན་གཙོ་བོར་གྱུར་པའི་རླུང་ལྔ་དང་། དེ་རྣམས་ལ་འདུས་པ་སྐོར་ནས་གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེའི་སྲོག་རྩོལ་བསྒོམ་པ་ཞེས་པ་ལྟ་བུ་འོད་ཀྱི་ཐ་སྙད་ཀྱིས་ཀྱང་རྒྱུད་དང་འཕགས་པ་ཡབ་སྲས་ཀྱི་གཞུང་དང་། དེ་ལ་བརྟེན་པའི་མན་ངག་མང་པོ་ནས་བཤད་པས་སྲོག་འཛིན་གཙོ་བོར་གྱུར་པའི་རླུང་ལྔའི་ཉེར་ལེན་ལས་བསྒྲུབ་པར་བཤད་པ་ཡིན་ནོ།
།གཞན་ཡང་མཉམ་གཞག་གི་སྒྱུ་མ་འཆད་པ་ན། མཉམ་གཞག་ཉིད་ཀྱི་དུས་སུ་ཡང་། །རྨི་ལམ་ཤེས་པ་ཡིད་ཀྱི་ལུས། །རང་སྣང་གོམས་པར་སྦྱངས་པ་ལས། །ཅིར་ཡང་བསྒྱུར་དུ་བཏུབ་པ་ཡིན། །ཡིད་ཀྱིས་ལྷ་ཡི་སྐུ་བསྒོམས་པས། །དེ་ཡི་དུས་ན་ཤ་ཁྲག་མེད། །འཇའ་ཚོན་ལྟ་བུ་ལྷ་ཡི་སྐུ། །ཤིན་ཏུ་གསལ་བར་འབྱུང་བ་ཡིན། །ཞེས་དང་།
རྨི་ལམ་སྒྱུ་མ་དང་། མཉམ་གཞག་གི་སྒྱུ་མ་གཉིས་ཀའི་སྐབས་སུ་ནང་གི་ཕྱག་རྒྱ་བཞིས་རྒྱས་འདེབས་འཆད་པ་ན། ཕྱག་རྒྱ་བཞི་ལ་ཕྱི་ནང་གཉིས། །ནང་གི་ཕྱག་རྒྱས་སྦྱང་ཐབས་ནི། །འཁྲུལ་པའི་གཉིད་ཀྱི་དུས་ཙམ་ན། །ཆགས་སྡང་རྨི་ལམ་ཤར་བའི་དུས། །རྨི་ལམ་ཤེས་པ་སྒྱུ་མར་རྟོགས། །ཡིད་ཀྱི་ལུས་སུ་གྲུབ་ཙམ་ན། །སྒྱུ་མར་རྟོགས་པའི་དམ་ཚིག་ཡིན། །བག་ཆགས་ལུས་ལ་སྒྱུ་མའི་རྒྱ། །ཐེབས་པ་སྒྱུ་མའི་དམ་ཚིག་ཡིན། །ལས་ཀྱི་ཕྱག་རྒྱ་བསྟན་པ་ནི། །ཡ་གི་རྫོགས་པའི་སངས་རྒྱས་ནས། །འཇག་མའི་སྲིན་བུ་ཡན་ཆད་དུ། །སྒྱུ་མའི་རྩལ་ནི་སྦྱངས་པ་ལས། །གཟུང་འཛིན་འབྲེལ་ཐག་ཆད་པ་དང་། །རང་སྣང་སྒྱུ་མར་འབྱོངས་ཙམ་ན། །ཡོན་ཏན་ཐམས་ཅད་སྐྱེད་པའི་གཞི། །ལས་རྣམས་ཐམས་ཅད་བྱེད་པས་ན། །ལས་ཀྱི་ཕྱག་རྒྱ་ཞེས་སུ་བཤད། །ཆོས་ཀྱི་ཕྱག་རྒྱའི་ངོ་བོ་ནི། །རྨི་ལམ་བདེ་གསལ་ཆུད་ཙམ་ན། །སྟོང་གསལ་བདེ་བའི་ཉམས་མྱོང་ཅན། །རང་གི་རིག་པ་དེ་ལྟར་བཤད། །ནཱ་རོ་ཆེན་པོའི་ཞལ་ནས་ཀྱང་། །བདེ་དང་གསལ་དང་མི་རྟོག་གསུམ། །ལྷན་ཅིག་སྐྱེས་པའི་མཚན་ཉིད་ཅན། །དེ་ནི་ཆོས་ཀྱི་ཕྱག་རྒྱ་ཡིན། །ཕྱག་རྒྱ་ཆེན་པོར་བསྟན་པ་ནི། །བདེ་དང་གསལ་དང་མི་རྟོག་གསུམ། །སྒྱུ་མའི་ལུས་དང་ལྡན་པ་ལ། །དེ་རྣམས་དབྱེར་མེད་ཟུང་འཇུག་པས། །ཕྱག་རྒྱ་ཆེན་པོ་ཞེས་སུ་བསྟན། །ཞེས་བཤད་ལ།
བསྲེ་བ་གསུམ་གྱི་གདམས་ངག་ནི། །ཉམས་མྱོང་བདེ་བ་ཉམས་སུ་མྱོང་། །དོན་གྱི་སྒྱུ་མ་གཏན་ལ་འབེབས། །ཞེས་བསྲེ་བ་གསུམ་གྱི་ཐ་སྙད་དང་། སྒོམ་ཚུལ་ཡང་མཚོན་པ་ཙམ་དུ་གསུངས་སོ།
།འདི་དག་ནི་སྔོན་གྱི་གྲུབ་ཆེན་གོང་མ་རྣམས་ཀྱི་མན་ངག་ལ་ཡོད་ཀྱང་ཕྱིས་ཀྱི་ནཱ་རོ་ནི་གུའི་ཆོས་དྲུག་པ་རྣམས་ཀྱིས་མན་ངག་གི་གནད་མ་ཐོན་པར་སྣང་བས་མདོ་ཙམ་ཞིག་བཀོད་པ་ཡིན་ནོ།
།གཉིས་པ་ལ་གསུམ། སྐུ་ལུས་དབང་པོ་རབ་བླ་མ་གྲོགས་སུ་བསྟེན་པ། འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་འཁྲིད་པ། ཐ་མ་མལ་གཅིག་ཏུ་ཏིང་ངེ་འཛིན་སྐྱེད་པའོ།
།དང་པོ་ལ་གཉིས་ཏེ། གསོལ་འདེབས་བླ་མའི་ལམ་འཁྱེར་དང་། སྤྱིར་སྣང་བདེན་མེད་ཀྱི་ལམ་འཁྱེར་རོ།
།དང་པོ་ནི། བླ་མའི་རྣལ་འབྱོར་བསྒོམས་ཏེ་དགོས་མེད་རྒྱུད་ལ་སྐྱེ་བ། སྒྱུ་ལུས་རྨི་ལམ་འབྱོངས་པ། འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་དུ་འགྱུར་བ་སྟེ། གསོལ་བ་གསུམ་བཏབ་ནས་བསྒོམས་པའི་བླ་མ་སོགས་ཐམས་ཅད་སྒྱུ་མ་ལྟ་བུར་ལྟ་བའོ།
།གཉིས་པ་ནི། ད་ལྟའི་སྣང་བ་མ་དག་པའི་སྣོད་བཅུད་དང་། དེ་རྣམས་ཧེ་རུ་ཀའི་རྟེན་བརྟེན་པར་བསྒོམས་ཏེ་སྒྱུ་མ་ལྟ་བུར་འཆར་བ་ལ་བསླབ་བོ།
།གཉིས་པ་འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་འཁྲིད་པ་ནི། ཁྱེའུ་རབ་སྣང་གིས་ཞུས་པའི་མདོ་ལས། ཆོས་རྣམས་སྒྱུ་མ་རྨི་ལམ་ཞེས། །གང་གིས་ཚིག་བརྗོད་དྲན་གྱུར་ན། །སྲིད་པའི་འཆིང་བ་ལས་གྲོལ་ནས། །ཚེ་འདི་ཉིད་དུ་སངས་རྒྱས་འགྱུར། །ཞེས་གསུངས་པ་ལྟར་རྟག་ཏུ་སྒྱུ་མ་ལྟ་བུའི་དོན་སྒོམ་ཞིང་ངག་ཏུའང་། ཆོས་རྣམས་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་ཞེས་བརྗོད་པ་སྟེ།
འདི་ལའང་རང་ལུས་ལྷ་སྐུའི་ལམ་འཁྱེར་ནི་ནི་གུ་མའི་ཞལ་ནས། ཅིར་སྣང་སྒོམ་དུ་མ་ཤེས་ན། །གཉེན་པོ་བསྟེན་གྱིས་ག་ན་ལང་། །ཡུལ་ངན་སྤངས་པས་ག་ལ་སྤོངས། །སྒྱུ་མར་རྟོགས་པས་རང་སར་གྲོལ། །ཞེས་གསུངས་པ་ལྟར་ཅིར་སྣང་སྒྱུ་མའི་ལམ་འཁྱེར་རོ།
།གསུམ་པ་ཐ་མ་མལ་གཅིག་ཏུ་ཏིང་ངེ་འཛིན་སྐྱེད་པ་ནི་འགྲོ་འདུག་དང༌། འཕོ་སྐྱས་དང་། བློ་སྣ་དང་། ལོག་ལྟ་མང་པོ་སྟེ་དེ་བཞི་དགེ་སྦྱོར་གྱི་སད་ཡིན་པས་སྤངས་ལ་བསྒོམ་མོ།
།གསུམ་པ་ནི། འགྲོ་དྲུག་སྒྱུ་མར་འཆར་བྱེད་ནི་རང་ཡི་དམ་དུ་གསལ་བའི་ལྟེ་བའི་འོག་ཏུ་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བའི་ནང་དུ་འགྲོ་དྲུག་སེམས་ཅན་འོད་དུ་ལྟེམ་ལྡེམ་བསམ། འོག་རླུང་དྲག་ཏུ་བསྐུམ། འདི་རྣམས་རང་བཞིན་མེད་པའི་ཆོས་རྣམས་རང་བཞིན་གྱིས་གྲུབ་པར་བཟུང་བས་འཁོར་བར་འཁྱམས་པ་སྙིང་རེ་རྗེ། སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་སྣང་ལ་རང་བཞིན་མེད་པ་ཡིན་སྙམ་དུ་སྒོམ་པའོ།
།ནད་གདོན་སྒྱུ་མའི་ལམ་འཁྱེར་ནི། ནད་གདོན་ཐམས་ཅད་བླ་མ་དང་ཡི་དམ་དུ་བསྒོམ། དེ་ཡང་བདེན་མེད་སྒྱུ་མ་ལྟ་བུར་བསྒོམས་ཏེ། སྣ་བུག་གཡས་ནས་ལྟེ་འོག་གི་ཆོས་འབྱུང་དུ་དྲངས་ལ། ཆོས་འབྱུང་གི་ཁ་འུབ་ཀྱིས་བསྡུས་ལ་འཁྲུལ་འཁོར་སོགས་བྱའོ།
།འཆར་བྱེད་ཡོན་ཏན་དྲུག་ལྡན་ནི། སྔར་ལྟར་བསྒོམས་དུས་ཐིག་ལེ་རང་ཐུབ་པ། རྨི་ལམ་འབྱོངས་པ། འགྲོ་དྲུག་གི་ཡུལ་སྣང་། སེམས་ཅན་སྨིན་གྲོལ། སྒྱུ་མ་རང་ཤར། རྨི་ལམ་རང་ཟིན་རྣམས་སོ།
།འདི་དག་ནི་སྤྱི་དོན་གྱི་སྒྱུ་མ་སྒོམ་ཚུལ་དུ་སྣང་སྟེ། བླ་མ་རྣམས་ཀྱི་ཁྲིད་ཡིག་ལས་འབྱུང་བ་ཟུར་ཙམ་བཀོད་པ་ཡིན་ལ། དེ་ལྟར་ན་སྒྱུ་ལུས་བཤད་ཟིན་ཏོ།

།གསུམ་པ་རྨི་ལམ་ཉིང་འཁྲུལ་རང་དག་བཤད་པ་ལ་གཉིས། སྒྱུ་ལུས་ཀྱི་རྗེས་སུ་རྨི་ལམ་འཆད་པའི་རྒྱུ་མཚན་དང་། རྨི་ལམ་གྱི་གདམས་པ་དངོས་སོ།
།དང་པོ་ནི། རྡོ་རྗེའི་ཚིག་རྐང་ལས། གང་གིས་བསམ་པ་ཐམས་ཅད་ཡོངས་སྤངས་ནས། །རྨི་ལམ་འདུན་པའི་གནད་ལ་འབྲལ་མེད་བྱ། །ཉིང་འཁྲུལ་རང་དག་སྒྱུ་མ་ལམ་རིམ་གྱི། །ཡོན་ཏན་ཉིན་མཚན་དུས་སུ་རང་ཤར་འབྱུང་། །ཞེས་པའི་དོན་བཤད་པར་བྱ་བ་ཡིན་ལ།
དེ་ཡང་སྒྱུ་ལུས་ཀྱི་རྗེས་སུ་རྨི་ལམ་འཆད་པའི་རྒྱུ་མཚན་ཡོད་དེ། རྨི་ལམ་གྱི་གདམས་པ་ནི་གཙོ་བོར་རྨི་ལམ་རླུང་སྟོབས་ཀྱིས་འཛིན་པ་ཉིད་ཡིན་ཞིང་། དེ་ཡང་གཉིད་ཆོས་སྐུ། རྨི་ལམ་ལོངས་སྐུ། སད་པ་སྤྲུལ་སྐུ་དང་བསྲེ་བའི་གཉིད་དུས་ཀྱི་བསྲེ་བ་རྣམས་ཡིན་ལ། དེ་སྒྱུ་ལུས་ཀྱི་གདམས་པའི་ཡན་ལག་ཡིན་པའི་ཕྱིར་རོ།
།གཉིས་པ་རྨི་ལམ་གྱི་གདམས་པ་དངོས་ལ། གཙོ་བོ་ནི་རྨི་ལམ་རླུང་སྟོབས་ཀྱིས་འཛིན་པ་ཡིན་ཞིང་། དེའི་གདམས་པའི་གཙོ་བོ་ཡང་གཉིད་ཀྱི་འོད་གསལ་འཛིན་པ་ཡིན་ལ། འདི་དང་འོད་གསལ་གྱི་སྐབས་གཉིས་ཀ་ལས་ཟུར་ཙམ་འཆད་པར་འགྱུར་ལ། འདིར་འདུན་སྟོབས་ཀྱིས་འཛིན་པའི་ཚུལ་བླ་མའི་མན་ངག་ལས་འབྱུང་བ་ལྟར་བཤད་ན་འདི་ལ་དྲུག རྨི་ལམ་གཟུང་བ། སྦྱང་བ། སྤེལ་བ། སྤྲུལ་སྒྱུར། ཡུལ་སྣང་། རྨི་ལམ་གྱི་དེ་ཁོ་ན་ཉིད་སྒོམ་པའོ།
།དང་པོ་ནི། ཐོག་མར་བླ་མའི་རྣལ་འབྱོར་བསྒོམས་ལ། རྨི་ལམ་ལེགས་པར་ཟིན་པ་དང་། ཟིན་ནས་ཀྱང་རྨི་ལམ་གྱི་དགེ་སྦྱོར་རྣམས་སྐྱོང་ནུས་པའི་གསོལ་བ་དྲག་ཏུ་གདབ་བོ། །འཛིན་པའི་ཚུལ་ལ་ཉིན་པར་དྲན་པ་རྒྱུན་ཆགས་ཀྱིས་གཟུང་བ་དང་། མཚན་མོ་མན་ངག་བཙན་ཐབས་ཀྱིས་གཟུང་བ་གཉིས་ལས།
དང་པོ་ནི། ད་ལྟར་གྱི་སྣང་བ་འདི་ཐམས་ཅད་ལ་འདི་རྣམས་ཐམས་ཅད་རྨི་ལམ་གྱི་སྣང་བ་ཡིན། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱ་དགོས་སྙམ་པའི་དྲན་འདུན་རྒྱུན་ཆགས་སུ་བྱས་ན་མཚན་མོ་རྨི་ལམ་གྱི་སྐབས་སུའང་འདི་རྣམས་རྨི་ལམ་གྱི་སྣང་བར་འདུག་སྙམ་དུ་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་འགྱུར་ཏེ། ཉིན་པར་བག་ཆགས་གང་ཤས་ཆེ་བ་དེ་ཉིད་མཚན་མོ་རྨི་ལམ་དུའང་འབྱུང་བའི་ཕྱིར་རོ།
།གཉིས་པ་ལ་ཐིག་ལེ་དཀར་དམར་ལ་བརྟེན་ནས་གཟུང་བ་དང་། དེས་མ་ཟིན་ན་གནད་འཕྱུགས་མེད་དགུ་ལ་བརྟེན་ནས་གཟུང་བའི་ཚུལ་ལོ།
།དང་པོ་ནི། རང་ཡི་དམ་དུ་གསལ་བའི་ངང་ནས་གཏུམ་མོའི་སྐབས་བཞིན་རྩ་ཨ་ཝ་དྷུ་ཏི་དང་། ལྟེ་བའི་ཨ་ཐུང་སྤྱི་བོའི་ཧཾ་ཡིག་དང་བཅས་པ་གསལ་བཏབ་ལ་སྤྱི་བོའི་ཧཾ་ཡིག་ལས་ཐིག་ལེ་དཀར་པོ་སྲན་མ་ཆུང་ཤོས་ཙམ་དང་། ལྟེ་བའི་ཨ་ཐུང་ལས་ཐིག་ལེ་དམར་པོ་དེ་ཙམ་ཞིག་བྱུང་སྟེ། གཉིས་ཀའང་འོད་ཤིན་ཏུ་འཚེར་བའི་རྣམ་པ་ཅན་སྙིང་གར་སྒོར་རོ་རོ་འཁོར་བ་ལ་དམིགས་ཤིང་གཉིད་དུ་སོང་བ་ན་རྨི་ལམ་འཆར། དེའི་ཚེ་རྨི་ལམ་རྨི་ལམ་དུ་ངོ་ཤེས་པར་བྱ་དགོས་སྙམ་པའི་དྲན་འདུན་དྲག་ཏུ་གཏད། གཉིད་དུ་འགྲོ་ཁར་མགྲིན་པའི་དྷཱུ་ཏཱིའི་ནང་དུ་ཐིག་ལེ་གཉིས་འཁོར་བ་ལ་སེམས་གཏད་དེ་དྲན་འདུན་སྔར་ལྟར་བྱས་ལ་གཟུང་ངོ༌།
།གཉིས་པ་ལ་གནད་འཕྱུགས་མེད་དགུ་ལས་དུས་ཀྱི་གནད་གསུམ་ནི་ཐོ་རངས་ནམ་ལངས་ཉི་ཤར་རྣམས་ལ་གཟུང་ངོ༌། །ལུས་ཀྱི་འདུག་སྟངས་ཀྱི་གནད་ནི་སྐྱིལ་ཀྲུང་ཙོག་པུ་སེང་གེའི་ཉལ་སྟབས་གསུམ་མོ།
།དམིགས་པའི་གནད་ལ་གསུམ་ལས། དང་པོ་ནི་རང་ཡི་དམ་དུ་གསལ་བའི་མགྲིན་པའི་དྷཱུ་ཏཱིའི་ནང་དུ་ཟླ་གདན་ལ་བླ་མ་ཧེ་རུ་ཀ་དམར་སྐྱ་རང་འདྲའི་རྗེ་བཙུན་མ་ལ་འཁྱུད་པ། ཞལ་གཅིག་ཕྱག་གཉིས་པ། དེའི་ཐུགས་ཀར་ཉི་གདན་ལ་ཧཱུྃ་ཡིག་སྔོན་པོ་འོད་ཀྱི་རང་བཞིན་ཅན་ཡུངས་འབྲུ་ཙམ་བསྒོམས་ལ་ཧཱུྃ་གི་འོད་ཟེར་གྱིས་བླ་མ་ཧེ་རུ་ཀ་གསལ་བར་བྱས། དེའི་སྐུའི་འོད་ཀྱིས་རང་ཡི་དམ་དུ་གསལ་བར་བྱས་པ་ལ་དམིགས་པ་གཏད་དེ་དྲན་འདུན་རྩེ་གཅིག་ཏུ་གཏད་དོ།
།དམིགས་པའི་གནད་གཉིས་པ་ནི་སྣོད་བཅུད་ཐམས་ཅད་རང་ལ་ཐིམ། རང་མགྲིན་པའི་བླ་མ་ལ་ཐིམ། དེ་ཧཱུྃ་ལ་ཐིམ་ཞིང་ཧཱུྃ་ཡང་ནཱ་དའི་བར་རིམ་གྱིས་ཐིམ་ནས་ནཱ་དའང་འཇའ་ཡལ་བ་ལྟར་གྱུར་པ་ལ་དམིགས་ནས་དྲན་འདུན་སྔར་ལྟར་བྱས་ལ་གཟུང་ངོ༌།
།དམིགས་པའི་གནད་གསུམ་པ་ནི། ཡེ་ཤེས་རྒྱ་མཚོ་ལས། འགྲོ་བ་ཀུན་གྱི་མགྲིན་པར་སྐྱེས། །ཡི་གེ་ཨཾ་བཅས་གནས་པ་ཉིད། །ཅེས་གསུངས་པ་ལྟར་མགྲིན་པའི་དྷཱུ་ཏཱིའི་ནང་དུ་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་ཡི་གེ་ཨཾ་དམར་པོ་ཤིན་ཏུ་འཚེར་བ་ཡུངས་ཀར་སྦོམ་པོའི་ཚད་ཙམ་ལ་སེམས་ཞུགས་པ་བཞིན་བྱས་ལ་བཟུང་སྟེ་དྲན་འདུན་སྔར་ལྟར་བྱ། སྐབས་དེར་རྟོག་པ་ཕྱི་རོལ་ཏུ་འགྲོ་བ་བཀག་ནས་གཉིད་དུ་འགོ་མ་སོང་སྟེ་རྨི་ལམ་འཆར་བར་རྩོམ་པ་ན་ཡུལ་སྣང་གང་ཤར་ཡང་རྨི་ལམ་དུ་ངོས་ཟིན་པར་བྱས་ལ། གཉིད་མ་བྱུང་ཡང་མིག་མི་འབྱེད་པར་འོག་རླུང་བསྐུམས་ཏེ། གང་ཟིན་པ་དེ་འདུན་པས་མང་པོར་སྤེལ་བ་སོགས་བྱས་པས། རྨི་ལམ་རྨིས་ཚད་ཟིན། ཟིན་ཚད་སྦྱོང་སྤེལ་ནུས་པ་འབྱུང་ངོ་གསུང་ངོ༌།
།སྔར་གྱི་གཏུམ་མོ་ལ་གནད་དུ་བསྣུན་པས་རླུང་དབུ་མར་སྡུད་ནུས་པའི་མཚམས་ནས། རྨི་ལམ་འཛིན་པའི་དམིགས་པའི་གནད་གསུམ་པོ་དེ་ལེགས་པར་བསྒོམས་ན་རྨི་ལམ་རླུང་སྟོབས་ཀྱིས་འཛིན་པའི་ཐབས་ཁྱད་པར་ཅན་དུ་འགྱུར་བ་དང༌། འདིའི་དམིགས་པའི་གནད་ལ་བརྟེན་ནས་གཉིད་ཀྱི་འོད་གསལ་ཟིན་པར་འགྱུར་བའི་གནད་ཁྱད་པར་ཅན་ཞིག་ཀྱང་ཡོད་དོ།
།གཉིས་པ་སྦྱང་བ་ལ་བཞི་ལས། ལུས་ཀྱིས་སེམས་སྦྱང་བ་ནི། རྨི་ལམ་ཟིན་པ་ན་འོག་ན་གཡང་ས་ཆེན་པོ་ཡོད་པའི་སྟེང་དུ་ལུས་གནད་བཅས་ལ། གཡང་ས་ཆེན་པོ་དེའི་མདའ་གང་ཙམ་གྱི་ནམ་མཁའ་ལ་རང་གི་ལུས་ཧེ་རུ་ཀ་ཡབ་ཡུམ་དུ་བསྒོམས་པས་གཡང་ས་དེ་ལ་མར་བལྟས་པ་དང་། ཡ་ང་ཏིང་བྱུང་བ་དང་དམིགས་པས་རྨི་ལམ་ཡིན་སྙམ་པའི་དྲན་འདུན་གྱི་ངང་ནས་གཡང་ས་དེ་ལ་ཆོད་ཀྱིས་ལྷུང་བར་བསམ་པ་སོགས་བྱའོ།
།གཉིས་པ་སེམས་ཀྱིས་ལུས་སྦྱང་བ་ནི། རང་གི་ལུས་ཀྱི་བ་སྤུའི་བུ་ག་རྣམས་སུ་ཧཱུྃ་སྔོན་པོ་མགོ་ནང་དུ་ལྟ་བ་ཕྱེད་ནུབ་རེ་བསམས་ཏེ་དེའི་འོད་ཀྱིས་ལུས་ཀྱི་ནང་སྔོ་མེར་གྱིས་གང་བ་དང་། སྟོང་སང་སོང་བར་བསྒོམ་མོ།
།གསུམ་པ་བདག་མེད་མས་སྦྱང་བ་ནི། རང་གི་མདུན་དུ་བདག་མེད་མ་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་བསྒོམས་ཏེ་ཨོཾ་ཨཱཿསྭཱ་ཧཱ། ཞེས་པའི་བཟླས་པ་བྱས་ལ། དེའི་སྐུ་ལས་འོད་ཟེར་སྔོན་པོ་བྱུང་། རང་གི་གསང་གནས་ནས་ཞུགས། དེ་ནས་བདག་མེད་མ་ཉིད་ཀྱང་གསང་གནས་ནས་ཞུགས། འོད་དུ་ཞུ་བས་ལུས་ཐམས་ཅད་སྔོ་མེར་གྱིས་གང་། མཐར་རང་གི་ལུས་ཀྱང་སྔོ་ཡལ་ཏེ་འཇའ་ཚོན་ཡལ་བ་ལྟར་སྟོང་སང་དུ་གྱུར་པར་བསམ་མོ།
།བཞི་པ་འདུན་པས་སྦྱང་བ་ནི། རྨི་ལམ་ཟིན་པ་ན་ངའི་རྣམ་སྨིན་གྱི་ལུས་དེ་ནི་མལ་ན་ཡོད། ལུས་འདི་ནི་རྨི་ལམ་གྱི་ལུས་ཡིན། སྣང་བ་འདི་རྣམས་ཀྱང་རྨི་ལམ་གྱི་སྣང་བ་ཡིན་སྙམ་དུ་བསམས་ལ་དགའ་ལྡན་དང་བདེ་བ་ཅན་དང་མངོན་དགའ་སོགས་དག་མ་དག་གི་ཞིང་དུ་འགྲོ་བ་དང་། སངས་རྒྱས་དང་བྱང་སེམས་ཀྱི་ཞལ་ལྟ་བ་དང་། དེ་དག་ལ་ཆོས་ཉན་པ་སོགས་བྱའོ།
།གསུམ་པ་ནི། རྨི་ལམ་གྱི་ལུས་གཅིག་གཉིས་དང་། གཉིས་བཞི་དང་། དེ་ཡང་མཐར་བརྒྱ་སྟོང་སོགས་སུ་སྤེལ་ལོ།
།བཞི་པ་ནི། གཤིན་རྗེ་འདུལ་བ་ལ་གཤིན་རྗེའི་གཤེད་དང་། ཀླུ་འདུལ་བ་ལ་བྱ་ཁྱུང་། རྒྱལ་པོ་འདུལ་བ་ལ་རྟ་མགྲིན་སོགས་གང་འདུལ་དུ་སྤྲུལ་བ་དང་། ས་ཆུ་དང་། ཆུ་མེ་དང་། མེ་རླུང་ལ་སོགས་པ་འབྱུང་བ་ཕྲ་རགས་སུ་སྤྲུལ་བ་དང་སྒྱུར་བ་སོགས་བྱའོ།
།ལྔ་པ་ཡུལ་སྣང་ནི། དེ་ལྟར་རྨི་ལམ་ལེགས་པར་ཟིན་པ་ན་དག་མ་དག་གི་ཞིང་དུ་སེམས་ཅན་རྣམས་ཀྱི་སྤྱོད་ཚུལ་དང་འཆི་འཕོ་བ་དང་སྐྱེ་བ་སོགས་ཡུལ་སྣང་རྣམས་ཇི་ལྟ་བ་བཞིན་གཏན་ལ་འབེབས་ནུས་པ་ཞིག་འབྱུང་བ་ཡིན་ལ། འདི་ལ་ལམ་གྱི་ཚིགས་ཤིག་ཕྱེད་དགོས་པར་སྣང་ངོ་།
།དྲུག་པ་ནི། དེ་ལྟར་རྨི་ལམ་ཟིན་པ་ན་རང་ཧེ་རུ་ཀ་ཡབ་ཡུམ་དུ་བསྒོམས་ཏེ་ཐུགས་ཀའི་ཧཱུྃ་ཡིག་ལས་འོད་ཟེར་འཕྲོས། སྣོད་ཐམས་ཅད་གཞལ་ཡས་ཁང་དུ་བྱས་པ་འོད་དུ་ཞུ། བཅུད་ཐམས་ཅད་ཧེ་རུ་ཀའི་ལྷ་ཚོགས་སུ་གསལ་བ་ལ་ཐིམ། དེ་རྣམས་རང་ཡབ་ཡུམ་དང་། ཡུམ་ཡབ་དང་། ཡབ་ཐུགས་ཀའི་ཧཱུྃ་དང་། དེ་ནཱ་ད་ལ་ཐིམ་ཞིང༌། ནཱ་ད་ཡང་མི་དམིགས་པར་བསམས་ལ་སེམས་ལྟ་ཐོག་ཏུ་གཞག་གོ
།གེགས་སེལ་ལ་རྨི་ལམ་འཁྲུལ་ནས་མི་ཟིན་པའི་འཁྲུལ་འབྱམས། ཟིན་འཕྲལ་གཉིད་སད་འོང་བའི་སད་འབྱམས། ཁམས་སྨད་དུ་ལྷུང་བ་ལས་ཆགས་སེམས་ཀྱིས་འཁྲུལ་པའི་བདེ་འབྱམས། རྨི་ལམ་ཡེ་མི་འོང་བའི་སྟོང་འབྱམས་ཏེ། དེ་རྣམས་ཀྱི་གཉེན་པོ་རྨི་ལམ་ཟིན་པར་བྱ་སྙམ་པའི་འདུན་པ་དྲག་པོ་དང་། གཉིད་སད་ཀྱང་མིག་མི་འབྱེད་པར་སྔར་གྱི་རྨི་ལམ་གྱི་ཡུལ་རྟོག་པ་དང་། ཐིག་ལེ་སྟེང་དུ་འདྲེན་པ་དང་། རྨི་ལམ་མང་པོ་རྨི་ཞིང་དེ་ཡང་ངོས་ཟིན་པར་བྱ་སྙམ་པའི་དྲན་འདུན་དྲག་པོ་བྱའོ། །ཞེས་བླ་མ་རྣམས་གསུང་ངོ༌། །རྨི་ལམ་བཤད་ཟིན་ཏོ།

།བཞི་པ་འོད་གསལ་གཏི་མུག་རང་སངས་ནི་རྡོ་རྗེའི་ཚིག་རྐང་ལས། བདེ་གསལ་འཆར་བྱེད་བླ་མའི་མོས་གུས་དང་། །བདེ་ཆེན་ཟག་བཅས་ཟག་མེད་ལྟ་སྟངས་ཀྱིས། །བདེ་གསལ་མི་རྟོག་དབྱེར་མེད་རང་ཤར་འབྱུང་། །སྦྱོར་དངོས་རྗེས་གསུམ་དུས་གནད་བརྒྱན་པར་བྱ། །ཞེས་གསུངས་པས།
དེ་ཡང་རྐང་པ་དང་པོས་འོད་གསལ་འཆར་བའི་རྒྱུ་དང་། གཉིས་པས་ངོ་བོ་ལྷན་སྐྱེས་ཀྱི་བདེ་ཆེན་ལ་ཡུལ་སྟོང་པ་ཉིད་ལ་གཉིས་སྣང་ནུབ་མ་ནུབ་ཀྱི་དབྱེ་བ་ལས་དཔེ་དང་དོན་གྱི་འོད་གསལ་གཉིས་སུ་ཕྱེ་བ་དང་། གསུམ་པས་འོད་གསལ་གྱི་ལམ་གྱི་ངོ་བོ་ཇི་ལྟ་བུ་ཡིན་པ་དང་། བཞི་པས་འོད་གསལ་གྱི་ལམ་ལ་སྦྱོར་དངོས་རྗེས་གསུམ་གྱི་འཇོག་ཚུལ་སྟོན་ཏོ།
།འདིའི་དོན་ཉམས་སུ་ལེན་པ་ལ་སྦྱོར་ཆོས་དྲུག་གི་གྲངས་སུ་འདྲེན་རྒྱུའི་འོད་གསལ་ནི། རྨོག་ལྕོག་པས། སྒྱུ་མ་འོད་གསལ་འཇུག་པ་ལ། །ཞེས་སོགས་བཤད་པ་ལྟར།
མ་དག་པའི་སྒྱུ་མའི་སྐུ་འོད་གསལ་དུ་དག་པར་བྱས་པའི་འདུས་པ་སྐོར་ནས་རིམ་པ་བཞི་པའི་འོད་གསལ་ཞེས་བཤད་པ་དེ་ཉིད་ཡིན་ལ། འདིར་མན་ངག་ལས་བྱུང་བའི་འོད་གསལ་སྒོམ་ཚུལ་ཅུང་ཟད་བཤད་ན། བླ་མ་རྣམས་ཀྱི་མན་ངག་ལས་ཨ་ཡིག་ལ་བརྟེན་ནས་འོད་གསལ་འཆར་བྱེད་དང་། བདག་མེད་མ་ལ་བརྟེན་པའི་འོད་གསལ་འཆར་བྱེད་ཅེས་པའི་དམིགས་སྐོར་གཉིས་འདུག་པ་འདི་རྫོགས་རིམ་གྱི་ཐུན་མོང་མ་ཡིན་པའི་འོད་གསལ་སྒོམ་ཚུལ་དུ་མི་འདུག་པས་བླ་མ་ལ་བརྟེན་ནས་འོད་གསལ་འཆར་བྱེད་དམ། ཧཱུྃ་ཡིག་གི་འོད་གསལ་འཆར་བྱེད་ཅེས་བཤད་པའི་དམིགས་སྐོར་དེ་མན་ངག་གིས་ཅུང་ཟད་བརྒྱན་ནས་བཤད་ན། རང་ཧེ་རུ་ཀ་ཡབ་ཡུམ་དུ་གསལ་བའི་ནོར་བུའི་རྩེ་ནས་ཚངས་བུག་གི་བར་གྱི་དྷཱུ་ཏཱིའི་ནང་ཐམས་ཅད་བྱང་སེམས་ཁ་བ་ལྟ་བུ་འཛག་པའི་རྣམ་པར་བསྒོམས་པའི་སྙིང་ག་ཆོས་ཀྱི་འཁོར་ལོའི་དྷཱུ་ཏཱིའི་ནང་དུ་ངོ་བོ་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པའི་དབུས་སུ་ཧཱུྃ་ཡིག་དཀར་པོ་ཡུངས་ཀར་སྦོམ་པོའི་ཚད་ཙམ་འོད་ཤིན་ཏུ་འཕྲོ་བ་དངུལ་ཆུའི་མདོག་ལྟ་བུ་ལྷན་སྐྱེས་ཀྱི་བདེ་བའི་རང་བཞིན་བསྒོམས་ལ་དེ་ལ་སེམས་ཞུགས་པ་བཞིན་བཟུང་སྟེ་དེ་ལས་འོད་ཟེར་འཕྲོས་པས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་རང་ལ་ཐིམ། རང་ཡང་ཡུམ་ཡབ་དང༌། ཡབ་སྤྱི་བོ་ནས་མར་འོད་དུ་ཞུ། རྐང་མཐིལ་ནས་ཡར་འོད་དུ་ཞུ་སྟེ་ཐིག་ལེ་ཧཱུྃ་ཡིག་དང་བཅས་པ་ལ་ཐིམ། དེ་ཡང་ཐིག་ལེ་ཧཱུྃ་ཡིག་དང་། ཧཱུྃ་གི་ཨུ་ཧ་དང་། ཧ་མགོ་བོ། མགོ་བོ་ཟླ་ཚེས། དེ་ཐིག་ལེ། དེ་ནཱ་ད་ལ་ཐིམ་ཞིང་། ནཱ་ད་ཡང་མི་དམིགས་པར་བསམས་ལ་གནས་དེར་དམིགས་པ་གཏད་ལ་རྩེ་གཅིག་ཏུ་བསྒོམས་པ་ལས་སྙིང་གར་རླུང་ཞུགས་གནས་ཐིམ་གསུམ་བྱས་པ་ལས་འོད་གསལ་གྱི་ཡེ་ཤེས་འཆར་བར་འགྱུར་ལ། དེ་ཡང་ཐོག་མར་གཏུམ་མོ་ལ་གནད་དུ་བསྣུན་པས་རླུང་ཞུགས་གནས་ཐིམ་གསུམ་དང་ལྷན་སྐྱེས་འདྲེན་ནུས་པའི་མཚམས་ནས་འདི་བསྒོམ་པ་ཡིན་ཞིང་། དེ་ལྟར་བསྒོམས་ན་འོད་གསལ་འཆར་བའི་གནས་མཐར་ཐུག་པ་སྙིང་ག་ཡིན་པས་ལུས་ཀྱི་གནས་གཞན་དུ་དམིགས་པ་གཏད་པ་དང་མི་འདྲ་བའི་ཞུགས་ གནས་ཐིམ་གསུམ་ཕུལ་དུ་བྱུང་བ་ཞིག་འབྱུང་ཞིང་། ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱང་སྟོང་པ་བཞི་དགའ་བ་བཞིའི་ངོ་བོར་བསྐྱེད་པའི་སྒོ་ནས་ལེགས་པར་འཆར་ལ། དེའི་ཚེ་སྟོང་པ་ཉིད་ཀྱི་ལྟ་བ་ཕུ་ཐག་ཆོད་པ་དང་ཡུལ་ཡུལ་ཅན་དུ་སྦྱར་ཏེ་སྐྱོང་བ་དང་། འོད་གསལ་ལས་ལྡང་བར་རྩོམ་པ་ན་རླུང་སེམས་ཙམ་ལས་ཧེ་རུ་ཀའི་སྐུར་ལྡང་བ་དང་། དེ་ཉིད་སླར་ཡང་ཕུང་པོ་རྙིང་པ་ཧེ་རུ་ཀའི་ལྷའི་སྐུར་བསྒོམས་པ་ལ་ཡེ་ཤེས་སེམས་དཔའི་ཚུལ་དུ་ཞུགས་ཏེ་ཡུལ་སྣང་རྣམས་ཤར་བ་ན་གང་སྣང་སྟོང་པ། སྟོང་པ་བདེ་བ། བདེ་བ་ལྷའི་སྐུར་འཆར་བ་ལ་བསླབ་པར་བྱ་སྟེ། རྗེས་ཀྱི་ཡུལ་སྣང་ཐམས་ཅད་ལ་མཉམ་གཞག་གི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་རྒྱས་བཏབ་སྟེ་དེའི་རྣམ་རོལ་ཏུ་བསྒོམས་པས་མཉམ་གཞག་གི་བདེ་སྟོང་གི་ཡེ་ཤེས་ལྷག་པར་འབར་བ་ལ་བོགས་ཁྱད་པར་ཅན་སྟེར་ནུས་པ་ཡིན་ནོ།
།གཉིད་ཀྱི་འོད་གསལ་སྦྱོང་བའི་ཚུལ་ནི། སད་དུས་སུ་དེ་ལྟར་བསྒོམས་པ་ལས་ཞུགས་གནས་ཐིམ་གསུམ་འདྲེན་ནུས་པའི་མཚམས་ནས་གཉིད་ལོག་པ་དང་། བཤད་མ་ཐག་པའི་རྗེས་གཞིག་གི་སྡུད་རིམ་དེ་སྒོམ་པ་སྦྲགས་པས་གཞི་དུས་ལ་ཡང་རླུང་རགས་པ་ནང་དུ་ལོག་པ་ལས་སྟོང་པ་བཞི་ཆ་འདྲ་འཆར་བ་ཞིག་ཡོད་པ་དང་། སྙིང་གའི་རྩ་འཁོར་གཉིད་ཀྱི་གནས་སྐབས་སྐྱེད་པའི་ཐིག་ལེའི་གནས་ཡིན་པས་སད་དུས་ཀྱི་སྐབས་ལས་ཀྱང་ཆེས་ཕུལ་དུ་བྱུང་བའི་ཞུགས་གནས་ཐིམ་གསུམ་འདྲེན་ནུས་པ་འབྱུང་ལ་དེའི་ཚེ་སྔར་ལྟར་བསྒོམ་པ་དང་། རྨི་ལམ་འཆར་བར་རྩོམ་པ་ན་རླུང་སེམས་ཙམ་ལས་ལྷའི་སྐུར་ལྡང་བ་དང་། གཉིད་སད་པར་རྩོམ་པ་ན་དེ་ཉིད་ཕུང་པོ་རྙིང་པ་ལ་འཇུག་པ་སོགས་བྱའོ།
།རྫོགས་རིམ་གྱི་ལག་རྗེས་ཞིབ་པར་ནི་དཔལ་ལྡན་འདུས་པའི་སྐོར་ལ་བརྟེན་ནས་ད་ལྟ་ཐམས་ཅད་ལ་གྲགས་ཆེ་བར་སྣང་བས་ལུགས་དེ་དང་ཁྱད་མེད་པའི་ཕྱིར་མ་བཤད་དོ། །འོད་གསལ་བཤད་ཟིན་ཏོ།

།ལྔ་པ་འཕོ་བ་བཤད་པ་ལ་རྡོ་རྗེའི་ཚིག་རྐང་ལས། འཕོ་བྱ་འཕོ་བྱེད་བྲལ་བ་ཡང་རབ་སྟེ། །འབྲིང་དང་ཐ་མས་ཆགས་སྡང་སྤངས་བྱས་ནས། །དགའ་ཞིང་མོས་གུས་དམིགས་པ་རྩེ་གཅིག་གིས། །གྱེན་དུ་འཕང་ཞིང་སྨོན་ལམ་བརྒྱན་པར་བྱ།
།ཞེས་གསུངས་པས་དེའི་དོན་ཉམས་སུ་ལེན་ཚུལ་ཅུང་ཟད་བརྗོད་ན། རྣམ་ཤེས་གོང་དུ་འཕོ་བའི་གདམས་ངག་འདི་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཀྱི་ཁྱད་ཆོས་ཆེན་པོ་ཞིག་ཡིན་པས་བདེ་དགྱེས་གཉིས་ཀའི་ཐུན་མོང་གི་བཤད་རྒྱུད་སཾ་པུ་ཊ་དང་། བདེ་མཆོག་གི་ཐུན་མོང་མ་ཡིན་པའི་བཤད་རྒྱུད་རྡོ་རྗེ་མཁའ་འགྲོ་དང་སྡོམ་འབྱུང་གཉིས་དང་། གདན་བཞིའི་རྩ་རྒྱུད་དང་། འཇམ་དཔལ་ཞལ་ལུང་སོགས་ལས་ཞིབ་པར་བཤད་པས་དེ་རྣམས་གུང་ལེགས་པར་བསྒྲིགས་ནས་མན་ངག་གི་གནད་རྫོགས་པར་ཐོན་པ་ཞིག་དགོས་ཏེ། རྒྱས་པར་རྗེ་ཉིད་ཀྱིས་འཕོ་བའི་རྣམ་བཤད་ཆེན་མོར་བཀའ་སྩལ་པ་ལས་ཤེས་པར་བྱའོ།
།འཕོ་བའི་ཕན་ཡོན་ནི་རྡོ་རྗེ་མཁའ་འགྲོ་ལས། ཉིན་རེ་བྲམ་ཟེ་གསོད་པ་དང༌། །མཚམས་མེད་ལྔ་ནི་བྱེད་པ་དང་། །རྐུ་འཕྲོག་འདོད་ལ་སྤྱོད་པ་ཡང་། །ལམ་འདི་ཡིས་ནི་དག་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་ཞིང་། །སྲིད་པའི་སྐྱོན་ལས་རིང་དུ་འགྲོ། །ཞེས་དང་།
དེ་དང་མཐུན་པར་ཁ་སྦྱོར་དང་གདན་བཞི་ལས་ཀྱང་གསུངས་པས་ཕན་ཡོན་ཤིན་ཏུ་ཆེ་བའི་ཕྱིར་འབད་དགོས་ལ།
འཕོ་བ་ལས་ལ་སྦྱོར་བའི་དུས་ཀྱང་རྡོ་རྗེ་མཁའ་འགྲོ་ལས། དུས་ལ་བབ་ན་འཕོ་བྱ་སྟེ། །དུས་མིན་ལྷ་རྣམས་གསོད་པར་འགྱུར། །ལྷ་རྣམས་བསད་པ་ཙམ་གྱིས་ནི། །དམྱལ་བར་ངེས་པར་སྲེག་པར་འགྱུར། །དེ་བས་འཆི་བའི་མཚན་མ་ནི། །མཁས་པས་འབད་དེ་ཤེས་པར་བྱ།
།ཞེས་གསུངས་པས་ཕྱི་ནང་གི་འཆི་ལྟས་རྣམས་ཤར་བ་དང་འཆི་བླུ་བྱས་ཀྱང་མི་ཟློག་པའི་རྟགས་མཐོང་ན་འཕོ་བ་བྱ་བའི་དུས་ཡིན་ལ།
གདན་བཞི་ལས། རིམས་ལ་སོགས་པས་མ་ཕོག་པར། །འཕོ་བ་སྦྱོང་བ་མཆོག་ཡིན་ནོ།
།ཞེས་བཤད་པས་འཕོ་བ་སྦྱོང་བ་ནི་ནད་ཀྱིས་མ་ཕོག་པའི་གོང་ནས་བྱ་དགོས་ཤིང་། ནད་ཀྱིས་བཏབ་ན་ཇི་ལྟར་འདོད་པ་བཞིན་འཕོ་མི་ནུས་ལ།
རྡོ་རྗེ་མཁའ་འགྲོ་ལས། བུམ་པ་ཅན་གྱིས་སྒོ་བཅིངས་ནས། །སྒོ་ཡི་བུ་གུ་དག་པར་འགྱུར། །ཞེས་དང་།
གདན་བཞི་དང་སཾ་པུ་ཊ་ལས་ཀྱང་དེ་དང་མཐུན་པར་གསུངས་པས་བུམ་པ་ཅན་བསྒོམས་པས་དབང་པོ་ལ་སོགས་པའི་སྒོར་འཇུག་པའི་རླུང་ནང་དུ་ལེགས་པར་སྡུད་ནུས་པ་ཞིག་དགོས་ལ། སྤྱི་གཙུག་གསེར་གྱི་སྒོ་མ་གཏོགས་པའི་སྒོ་བརྒྱད་ནས་རྣམ་ཤེས་འཕོ་བ་བཀག་ནས་སྤྱི་གཙུག་གསེར་གྱི་སྒོ་ནས་འཕོས་ཏེ་སྔགས་སྤྱོད་པའི་རིག་འཛིན་གྱི་རྟེན་མཆོག་ཏུ་འཕོ་བར་བྱ་བ་ཡིན་ནོ།
།འདིའི་མན་ངག་ལས། ཆོས་སྐུ་དེ་བཞིན་ཉིད་ཀྱི་འཕོ་བ། བྱིན་རླབས་བླ་མའི་འཕོ་བ། ཟུང་འཇུག་ཡི་དམ་གྱི་འཕོ་བ། འཕྱུགས་མེད་མཁའ་སྤྱོད་ཀྱི་འཕོ་བ་སྟེ།
བཞི་བཤད་ཀྱང་བླ་མ་རྣམས་ཀྱི་ཕྱག་ལེན་འཕྱུགས་མེད་མཁའ་སྤྱོད་ཀྱི་འཕོ་བ་ལ་མཛད་པས་དེ་བཤད་ན་ཐོག་མར་བླ་མའི་རྣལ་འབྱོར་བསྒོམས་ལ་ཇི་ལྟར་འདོད་པ་བཞིན་དག་པའི་ཞིང་དུ་འཕོ་ནུས་པར་གསོལ་བ་དྲག་ཏུ་གདབ། དེ་ནས་རྐང་པ་སྐྱིལ་ཀྲུང་བཅའ། ལག་པ་གཉིས་པུས་མོ་ལ་བཀབ་སྟེ། རང་ཧེ་རུ་ཀར་གསལ་བའི་ལུས་ཀྱི་དཀྱིལ་དྲང་པོར་རྩ་དབུ་མ་སྦོམ་ཕྲ་གྲོ་སོག་ཙམ་པ་ཡས་སྣ་ཚངས་བུག་དང་། མས་སྣ་ལྟེ་འོག་སོར་བཞིར་ཟུག་པ། ལྟེ་འོག་ཏུ་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ་ཟུར་གསུམ་པའི་ཟུར་གཉིས་མཁལ་ཁུང་གཡས་གཡོན་དང་། རྩེ་མོ་ཕྲ་བ་གསང་གནས་སུ་ཟུག་པ། དྷཱུ་ཏཱིའི་མར་སྣའི་ནང་ཙམ་དུ་རང་གི་སེམས་ཨ་དཀར་པོ་འོད་ཀྱི་རང་བཞིན་ཅན་འཕུར་ལ་ཁད་པ་ཞིག་བསྒོམ། རང་གི་སྤྱི་བོར་མངོན་རྟོགས་བཞིན་རྗེ་བཙུན་མཁའ་སྤྱོད་མ་དཀར་དམར་གང་ཡང་རུང་བ་བསྒོམས་ལ་ཡེ་ཤེས་པ་དགུག་གཞུག་དབང་བསྐུར་རྒྱས་གདབ་མཆོད་བསྟོད་བཟླས་པ་སོགས་བྱས་ལ། དེ་རང་གི་རྩ་བའི་བླ་མ་དང་དབྱེར་མེད་དུ་བསྒོམས་ཏེ།
མ་རྡོ་རྗེ་རྣལ་འབྱོར་མ། བདག་དག་པ་བདེ་སྟོང་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་པར་མཛད་དུ་གསོལ། ཡི་དམ་རྡོ་རྗེ་རྣལ་འབྱོར་མ། བདག་དག་པ་བདེ་སྟོང་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་པར་མཛད་དུ་གསོལ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། བདག་དག་པ་བདེ་སྟོང་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་པར་མཛད་དུ་གསོལ། སངས་རྒྱས་རྡོ་རྗེ་རྣལ་འབྱོར་མ། བདག་དག་པ་བདེ་སྟོང་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་པར་མཛད་དུ་གསོལ། ཞེས་གསོལ་བ་ཤུགས་དྲག་ཏུ་གདབ།
དེ་ནས་སྟེང་རླུང་དལ་གྱིས་བརྔུབས་ལ་ལྟེ་འོག་ཏུ་མནན། འོག་རླུང་དྲག་ཏུ་འཐེན་ཏེ་ལྟེ་འོག་ཨ་ཡིག་བསྒོམས་པའི་སར་ཁ་སྦྱར་དུ་བྱས་ལ་བུམ་པ་ཅན་བསྒོམ། སྤྱི་བོའི་རྗེ་བཙུན་མའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་བྱུང་། ཨ་ཡིག་ལ་ཕོག་པས་གྱེན་དུ་དྲངས་པར་བསམས་ནས་རྐེད་པ་ཉེག་ཉེག་པ་གསུམ་བྱས་ལ་འོག་རླུང་འཐེན་ཧིག་བརྗོད་པས་རང་སེམས་ཨ་དཀར་པོར་གསལ་བ་དེ་དྷཱུ་ཏཱིའི་ལམ་ནས་ཧྲིལ་ཏེ་སོང་། ཚངས་བུག་ལ་རེག་པ་དང་རླུང་འོག་ཏུ་ཕབ་པས་རླུང་དང་འགྲོགས་ནས་དཀར་ཧྲིལ་གྱིས་མར་བྱུང་སྔར་གྱི་གནས་སུ་གནས་པར་བསམ་མོ།
།དེ་ལྟ་བུའི་དམིགས་པ་ལན་མང་དུ་བྱས་པའི་མཐར་སྤྱི་བོའི་རྗེ་བཙུན་མའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་ཨ་ལ་ཐིམ་པར་བསམས་ལ་སྔར་བཞིན་བུམ་པ་ཅན་བདུན་ནམ་ཉེར་གཅིག་རེ་བསྒོམ་མོ།
།དེ་ནི་འཕོ་བ་ཟབ་ན་ཚེ་ལ་ཅུང་ཟད་གཟན་པར་གྲགས་པས་ཚེ་སྒྲུབ་ཏུ་འགྱུར་བ་ཡིན་ལ། དེ་ལྟར་སྦྱངས་པ་ལས་འཕོ་བ་འབྱོངས་པའི་རྟགས་ནི་སྤྱི་བོ་སྐྲངས་པ་དང་ཟ་བ་དང་འཕྲིག་པ་སོགས་འབྱུང་ལ། སྔར་བཤད་པ་ལྟར་ལས་ལ་སྦྱོར་བའི་སྐབས་ལ་བབ་པ་ན་ལུས་ལོངས་སྤྱོད་ཐམས་ཅད་ལ་ཆགས་ཞེན་མེད་པར་བྱ་སྟེ།
རྫས་ཀྱིའང་འཕོ་བ་བྱེད་ན། རང་དང་བུད་མེད་ཐིག་ལེ་ཡིས། །རླུང་སེམས་གཉིས་པོ་ཡར་ལ་འདྲེན། །ཚ་ལས་རྩ་ཁ་འབྱེད་པར་བྱེད། །མི་ཡི་ཀླད་པས་བར་ཆད་སྲུང་།
།ཞེས་བཤད་པས་རྫས་བཞི་པོ་དེ་ལག་མཐིལ་དུ་མཉེས་ལ་སྔགས་མང་དུ་བཏབ་སྟེ་སྤྱི་གཙུག་ཏུ་བྱུག་ཅེས་བླ་མ་རྣམས་གསུང་ལ། འདི་འདུན་སྟོབས་ཀྱིས་འཕོ་བ་ལ་བྱའོ།
།རླུང་སྟོབས་ཀྱིས་འཕོ་བ་ལ་ནི་མི་དགོས་སོ།
།དེ་ནས་སྤྱི་བོར་རྗེ་བཙུན་མ་བསྒོམས་པ་ལ་གསོལ་བ་དྲག་ཏུ་གདབ། །དམིགས་པ་སྔར་ལྟར་བྱས་འོག་རླུང་དྲག་ཏུ་འཐེན་ཞིང་ཧིག་བརྗོད་པས་རང་སེམས་ཨ་དཀར་པོར་གསལ་བ་དེ་ཚངས་བུག་ནས་རྒྱངས་ཀྱིས་འཐོན། རྗེ་བཙུན་མའི་གསང་གནས་དམར་སིང་ངེ་བར་ཞུགས། ཐུགས་ཀར་ཐིམ་པས་བླ་མ་དང་ཡི་དམ་དབྱེར་མེད་ཀྱི་ཐུགས་བདེ་སྟོང་གི་ཡེ་ཤེས་དང་རང་གི་སེམས་དབྱེར་མེད་དུ་གྱུར་པར་བསམ་མོ།
།དེ་ལྟར་བསྒོམས་པས་འཕོ་བ་བཞི་གའི་གནད་ཚང་བར་འགྱུར་ལ། འདུན་སྟོབས་ཀྱིས་འཕོ་བ་བྱེད་པ་ལ་མཐའ་གཅིག་ཏུ་རང་གང་དུ་འཕོ་འདོད་པའི་ཞིང་དེར་འཕོ་ནུས་པའི་ངེས་པ་མེད་ཀྱང་ཕན་ཡོན་ཆེན་པོ་ནི་ཡོད་དོ།
།འདི་ལ་མན་ངག་གི་གནད་ཕྲན་ཚེགས་འགའ་ཞིག་སྣང་བ་ནི་ཞིབ་ཏུ་མ་བཤད་དོ། །འཕོ་བ་བཤད་ཟིན་ཏོ།

།དྲུག་པ་བར་དོ་བཤད་པ་ལ། རྡོ་རྗེའི་ཚིག་རྐང་ལས། གཟུགས་སྒྲ་ས་ཆུ་སྣང་མཆེད་ལ་སོགས་པའི། །ཐིམ་འགྲོས་རང་བཞིན་བརྒྱད་ཅུར་ཤེས་པར་བྱ། །ཞེས་གསུངས་ལ།
དེ་ལ་རབ་འབྲིང་ཐ་མའི་ཉམས་ལེན་གསུམ་ལས་བར་དོ་རབ་ཀྱི་ཉམས་ལེན་ནི་ཐ་མལ་པ་རྣམས་ལ་འཆི་བ་འོད་གསལ་རང་ཁ་བ་འོང་རྒྱུ་དེ་རྣལ་འབྱོར་པས་ལམ་བསྒོམས་སྟོབས་ཀྱིས་འདུས་པ་བ་རྣམས་ལ་སེམས་དབེན་མཐར་ཐུག་ཏུ་གྲགས་པའི་ལམ་གྱི་ངོ་བོར་བསྐྱེད་ལ། ཐ་མལ་པ་ལ་བར་དོ་འབྱུང་བའི་དོད་ལ་འོད་གསལ་དེའི་རླུང་སེམས་ལས་འདུས་པ་བ་རྣམས་ལ་རིམ་པ་གསུམ་པའི་སྒྱུ་ལུས་ཞེས་གྲགས་པ་ཡིད་ངོ་ཙམ་མིན་པར་དངོས་གནས་ལ་མཚན་དཔེས་སྤྲས་པའི་ཧེ་རུ་ཀའི་སྐུར་བཞེངས་པ་སྟེ། འདི་ཚེ་རབས་སྔ་མ་རྣམས་སུ་སྔགས་ལམ་ལ་སློབ་མ་མྱོང་བ་ཡིན་ན་འབྲིང་བར་དོར་འཚང་རྒྱ་བ་ཞེས་བཤད་པ་དེ་ཉིད་ཡིན། འབྲིང་ནི་ཚེ་འདིར་བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་ལེགས་པོ་བྱེད་ནུས་པ་ཞིག་གིས་གཟུགས་སྒྲ་སོགས་རགས་པ་ཉི་ཤུ་རྩ་ལྔ་དང་ཁྱད་པར་སྣང་མཆེད་ཐོབ་གསུམ་རིམ་གྱིས་བརྒྱུད་ནས་འཆི་བ་འོད་གསལ་མངོན་དུ་བྱེད་པ་ན་གཞིའི་འཆི་བ་འོད་གསལ་མའི་འོད་གསལ་དེ་དང་བསྒོམས་པའི་ལམ་གྱི་འོད་གསལ་བུའི་འོད་གསལ་དེ་བསྲེས་ཏེ་གཞིའི་འོད་གསལ་དེ་ཉིད་ལམ་གྱི་འོད་གསལ་གྱི་ངོ་བོར་སྐྱེད་ནུས་པ་ཡིན་ཏེ། ཁྲིད་ཡིག་ཡིད་ཆེས་གསུམ་ལྡན་ལས། གཞིའི་འཆི་བ་འོད་གསལ་མའི་འོད་གསལ་ཡིན་པས་འོད་གསལ་མ་བུ་བསྲེ་ཐུབ་པ་ལ་ད་ལྟ་སད་དུས་སུ་སྲོག་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་སྟོང་པ་བཞི་དང་། ཁྱད་པར་དུ་ཐམས་ཅད་སྟོང་པ་ལ་གོམས་པ་དང༌། གཉིད་དུས་སུ་གཉིད་ཇི་ལྟར་མཐུག་ཀྱང་འོད་གསལ་དང་བསྲེ་ཐུབ་ན་རླུང་སྟོབས་ཀྱིས་ད་གཟོད་འཆི་བ་འོད་གསལ་མ་བུ་བསྲེ་ནུས་ཞེས་སོགས་གསུངས་པ་ལྟར་རོ།
།འདི་ལ་ཡང་ལམ་གྱི་རྟོགས་པ་མཐོ་དམན་གྱི་དབང་ལས་རིམ་པ་ཇི་སྙེད་ཅིག་འབྱུང་བ་ཡིན་ནོ།
།དེ་ནས་དེ་འདྲ་བའི་འོད་གསལ་ལས་དངོས་གནས་ལ་བར་དོའི་ལུས་མཚན་ཉིད་པ་ཡིན་ཡང་ཡིད་ངོར་ལྷའི་སྐུར་ལངས་པ་སྟེ། འདི་ལའང་བཟང་ངན་གྱི་རིམ་པ་དུ་མ་ཡོད་ལ། བར་དོ་ཐ་མ་ནི་ཐོག་མར་བར་དོ་ལ་བར་དོར་ངོ་ཤེས་པར་བྱེད་པའི་ཐབས་རྣམས་ཉམས་སུ་བླངས་ནས་མོས་པ་ཡིད་བྱེད་ཀྱི་ཚུལ་གྱིས་གཞིའི་འཆི་བ་འོད་གསལ་ལམ་གྱི་འོད་གསལ་དུ་སྒྱུར་ཞིང་དེ་ལས་བར་དོའི་ལུས་གྲུབ་པ་ན་གཟོད་བར་དོའི་ཉམས་ལེན་སྐྱོང་བ་ཞིག་ལ་བླ་མ་སྔ་མ་རྣམས་འཆད་དོ། །བར་དོ་བཤད་ཟིན་ཏོ།

།གཉིས་པ་ལམ་ལ་བོགས་འབྱིན་པའི་སྤྱོད་པ་བཤད་པ་ནི། དེ་ཡང་དུས་ཀྱི་འཁོར་ལོ་སེམས་འགྲེལ་སྐོར་གསུམ་དང་བཅས་པའི་ལམ་གྱི་སྲོལ་མ་གཏོགས་པ་བླ་མེད་ཀྱི་ལམ་གྱི་སྲོལ་གཞན་ཐམས་ཅད་ལ་ལམ་ལ་བོགས་འབྱིན་པའི་སྤྱོད་པ་དགོས་ལ། དེ་ཡང་བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་ནས་ཐུན་མོང་གི་དངོས་གྲུབ་གྲུབ་ཆེན་བརྒྱད་བསྒྲུབ་པའི་དོན་དུ་སྤྱོད་པ་བྱེད་པ་དང་། རྫོགས་རིམ་པའི་སྤྱོད་པ་ལ་མ་དག་པའི་སྒྱུ་ལུས་ཀྱི་དོན་དུ་སྤྱོད་པ་བྱེད་པ་དང་། སྒྱུ་ལུས་པས་དོན་གྱི་འོད་གསལ་མངོན་དུ་བྱེད་ཁར་སློབ་པའི་ཟུང་འཇུག་གི་དོན་དུ་སྤྱོད་པ་བྱེད་པ་དང༌། སློབ་པའི་ཟུང་འཇུག་པས་མི་སློབ་པའི་ཟུང་འཇུག་གི་དོན་དུ་སྤྱོད་པ་བྱེད་པ་སྟེ་རྫོགས་རིམ་པའི་སྤྱོད་པ་གསུམ་དང་། དེ་རེ་རེ་ལའང་རྣལ་འབྱོར་པའི་རིམ་པས་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གསུམ་དུ་དབྱེ་བ་སོགས་རྒྱས་པར་རྗེ་ཉིད་ཀྱི་གསུང་རབ་ལས་ཤེས་པར་བྱའོ།

།གསུམ་པ་འབྲས་བུ་མངོན་དུ་བྱེད་པའི་ཚུལ་ནི། རྡོ་རྗེའི་ཚིག་རྐང་ལས། ལམ་མཆོག་འདི་ལ་གང་གིས་འབད་གྱུར་ན། །ཟླ་དྲུག་ལོ་འམ་ཚེ་འདིར་སངས་རྒྱས་འགྱུར། །ཞེས་དང་། ལམ་གྱི་མཆོག་གྱུར་འདི་ཉིད་ཉམས་ལེན་རྣམས། །གཞན་གྱི་དུས་མིན་འདི་འམ་བར་མ་དོར། །བདེ་སྟོང་དབྱེར་མེད་རང་ལ་རང་ཤར་ནས། །རྣམ་པར་དག་པའི་མཁའ་སྤྱོད་ཉིད་དུ་འགྲོ
།ཞེས་གསུངས་པ་ལྟར་རིན་པོ་ཆེ་ལྟ་བུའི་གང་ཟག་ཤིན་ཏུ་དབང་པོ་རྣོན་པོས་ནི་ལམ་ལ་ཞུགས་པའི་ཚེ་འདི་ཉིད་དང༌། སྒྲུབ་པ་པོ་གཞན་གྱིས་བར་དོ་དང་སྐྱེ་བ་བདུན་དང་བཅུ་དྲུག་ལ་སོགས་པ་དུས་ཤིན་ཏུ་མྱུར་བར་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུ་དང་ཐུགས་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་རྟོགས་པ་མཐར་ཐུག་པའི་འོད་གསལ་གྱི་ཡེ་ཤེས་ཟུང་དུ་འཇུག་པའི་མི་སློབ་པའི་ཟུང་འཇུག་མངོན་དུ་བྱས་ནས་ནམ་མཁའ་ཇི་སྲིད་མ་སྟོངས་ཀྱི་བར་དུ་ལྷུན་གྱིས་གྲུབ་པ་དང་རྒྱུན་མི་འཆད་པའི་འཕྲིན་ལས་ཀྱིས་འགྲོ་བ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་པ་ཡིན་ནོ།

།རབ་ཡངས་རྒྱུད་སྡེའི་ཀུན་གསལ་དོ་ར་ལས། །ལམ་གྱི་གནད་ཀུན་རྫོགས་པའི་ཉིན་བྱེད་ནི། །ལེགས་པར་བཤད་ཚེ་ཕྱོགས་འདིའི་ཁྲིད་ཡིག་གི །རྒྱུ་སྐར་ཚོགས་རྣམས་དབྱིངས་སུ་བྲོས་པ་བཞིན། །རྡོ་རྗེ་འཆང་དབང་གསང་ཆེན་ལམ་གྱི་གནད། །དཔལ་ལྡན་ཡེ་ཤེས་མཁའ་འགྲོའི་ཐུགས་ཀྱི་བཅུད། །དབང་ཕྱུག་བརྒྱད་ལྡན་ཁྱུང་པོ་རྣལ་འབྱོར་སོགས། །རིན་ཅེན་བདུན་ལྡན་ཕྱག་ལས་བརྒྱུད་དེ་འོངས། །དེ་ལྟའི་ལམ་བཟང་དབང་གི་རྒྱལ་པོ་འདི། །ཐོས་དང་བསམ་པས་བྱི་དོར་ལེགས་བྱས་ཏེ། །རྩེ་གཅིག་སྒྲུབ་པའི་རྒྱལ་མཚན་རྩེར་མཆོད་ན། །དོན་གཉིས་འདོད་རྒུའི་དཔལ་དེ་ཐོབ་པར་འགྱུར། །ཟབ་ལམ་མཆོག་འདི་བདག་གིས་གསལ་བྱས་པའི། །རྣམ་དཀར་དྲི་མེད་གངྒཱའི་ཆུ་རྒྱུན་གྱིས། །འགྲོ་བའི་ཡིད་ཀྱི་རྙོག་པ་ཀུན་བཀྲུས་ནས། །སྒྲིབ་བྲལ་ཐུགས་ཀྱི་རྡོ་རྗེ་ཉིད་གྱུར་ཅིག །བདག་ཀྱང་སྲིད་མཚོར་ལྷུང་བའི་འགྲོ་བ་རྣམས། །ཤིན་ཏུ་མ་རུངས་གྱུར་ཀྱང་མི་འདོར་བར། །ཐབས་ལ་མཁས་པས་འདི་ལྟའི་ལམ་བཟང་གིས། །སྐུ་གསུམ་རྒྱལ་བའི་གྲོང་དུ་ཁྲིད་གྱུར་ཅིག
།ཟབ་ལམ་ནི་གུའི་ཆོས་དྲུག་གི་ཁྲིད་ཡིག་ཡེ་ཤེས་མཁའ་འགྲོའི་ཞལ་ལུང་ཞེས་བྱ་བ་འདི་ནི་དབུས་གཙང་གི་དོན་དུ་གཉེར་བའི་བསྟན་པའི་རྩ་ལག་བཤེས་གཉེན་ཆེན་པོ་དུ་མས་ཡང་ཡང་བསྐུལ་བ་ལ་བརྟེན་ནས་རྡོ་རྗེའི་ཚིག་རྐང་གི་དོན་བླ་མ་རྣམས་ཀྱི་ཁྲིད་ཡིག་ལས་འབྱུང་བ་ལ་གཞི་བྱས། ཁྱུང་པོ་དང་རྨོག་ལྕོག་པ་སོགས་ཀྱི་གསུང་བགྲོས་དང་། ཁྱད་པར་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ཡབ་སྲས་ཀྱི་གདམས་པ་ལ་བརྟེན་ནས་ལམ་གྱི་ཆ་ཡོངས་སུ་རྫོགས་ཤིང་ཟུར་ཕྱིན་པ་དང་། ཤིན་ཏུ་འདྲིལ་བར་རྡོ་རྗེ་འཆང་ཆེན་པོ་ཨཱ་ནནྟ་དྷ་ཚའི་ཞབས་རྡུལ་སྤྱི་བོས་ལེན་པ་ཆོས་སྨྲ་བའི་བཙུན་པ་དགེ་འདུན་རྒྱ་མཚོའི་དཔལ་གྱིས་ཆོས་གྲྭ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་གཟིམས་ཁང་དུ་ལེགས་པར་སྦྱར་བའི་ཡི་གེ་པ་ནི་རྣམ་དཔྱོད་ཡངས་པའི་མིག་ཅན་ཕྱོགས་ལས་རྣམ་པར་རྒྱལ་བས་བགྱིས་པ་འདིས་ཀྱང་རྒྱལ་བའི་བསྟན་པ་ཕྱོགས་དུས་ཀུན་ཏུ་རྒྱས་པར་བྱེད་ནུས་པར་གྱུར་ཅིག། །།