Bar do gsum gyi gdams pa bsdus pa

From Shangpa Resource Center








Resource ID Sup27
Title bar do gsum gyi gdams pa bsdus pa
Topics Bardo
Author Rinchen Lodrö
Link BUDA MW2PD20238 (p.469)
BDRC W8LS36545 (p.159)
Notes Author uncertain

༄༅། །བར་དོ་གསུམ་གྱི་གདམས་པ་བསྡུས་པ།།

།རྡོ་རྗེ་འཆང་གིས་ཀྱེའི་རྡོ་རྗེ་རྒྱུད་ལས། ཇི་ལྟར་སྒྱུ་མ་རྨི་ལམ་དང་། །འདིི་ལྟར་བར་མའི་སྲིད་ཡིན་པས། །ཞེས་པ་ལ་བརྟེན་ནས། རྗེ་བཙུན་ཆེན་པོ་ན་རོ་པས་བར་དོ་གསུམ་དུ་གསུངས་ཏེ། སྐྱེ་ཤི་བར་དོ་ལས་ཀྱིས་འཁྲུལ། རྨི་ལམ་བར་དོ་བག་ཆགས་འཁྲུལ། སྲིད་པ་བར་དོ་སྣང་པ་འཁྲུལ། ཞེས་པ་རེ་རེ་ལ་ཆོས་ལྔ་ལྔ་སྟེ། བར་དོའི་ཆོས་བཅོ་ལྔ་གསུངས། དེ་ལ་བརྟེན་ནས་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པས། ཌ་ཀི་བཀྲ་ཤིས་ཚེ་རིངས་མ་ལ་གསུམ་པོ། རྒྱས་པར་ཕྱེ་ནས་བར་དོ་དྲུག་དུ་གསུངས་ཏེ། ད་རེས་འཁོར་འདས་ཀྱི་བར་དོ་དུ། གནས་ལུགས་ངོ་སྤྲོད་ཕྱག་རྒྱ་ཆེ། གཞི་ལྟ་བ་བརྟན་ལ་དབབ་ཀྱང་འཚལ། ཏིང་འཛིན་ལམ་གྱི་བར་དོ་རུ། གཉུག་མའི་ཡེ་ཤེས་ངོས་བཟུང་ཕྱིར། སྙན་རྒྱུད་ཀྱི་གདམ་ངག་བསྒོམ་ཡང་འཚལ། རྨི་ལམ་གཉིད་ཀྱི་བར་དུ་རུ། བག་ཆགས་ལམ་དུ་སླང་པའི་ཕྱིར། སྒྱུ་ལུས་འོད་གསལ་སྦྱང་ཡང་འཚལ། ལུགས་བཟློག་འཆི་ཁའི་བར་དོ་རུ། ཐིམ་གསུམ་ཐབས་སུ་ཁྱེར་ནས་ཀྱང་། འོད་གསལ་མའུ་སྤྲད་ཀྱང་འཚལ། ལུགས་འབྱུང་སྲིད་པའི་བར་དོ་རུ། སྐུ་གསུམ་མངོན་དུ་བྱས་ནས་ཀྱང་། ཞིང་ཁམས་གསུམ་དུ་བསྒྲོད་ཀྱང་འཚལ། གལ་ཏེ་མངོན་དུ་མ་གྱུར་ན། སྐྱེ་གནས་རྒྱུད་པའི་བར་དོ་རུ། སྨོན་ལམ་དག་པའི་འཚམས་སྦྱར་འཚལ། ཞེས་པའི་བར་དོ་དྲུག་པོ་དེ་ལ་ཁྱད་པར་གྱི་ཆོས་གསུམ་གསུམ་གྱིས་ཉམས་སུ་ལེན་པ་བར་དོ་གནད་གྱི་འཕྲང་སྒྲོལ་ཞེས་བྱ་བའོ།
།མངྒལཾ་བྷ་ཝནྟུ། འཚལ་ལྡན་བླ་མའི་ཕྱག་དཔེས་ལ། མ་ཏིས་རདྣའི་བྲིས་པ་ཡིན། འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག དགེའོ།