Mkha' 'gro rnam gsum gyi zhal gdams gung bsgrigs nyams len

From Shangpa Resource Center








Resource ID SCv6p313
Title mkha' 'gro rnam gsum gyi zhal gdams gung bsgrigs te nyams su len pa'i bde
Topics Three dakini
Link BDRC W23922

༄༅། །མཁའ་འགྲོ་རྣམ་གསུམ་གྱི་ཞལ་གདམས་གུང་བསྒྲིགས་ཏེ་ཉམས་སུ་ལེན་པའི་བདེ་བ་བཞུགས་སོ།།

མཁའ་འགྲོ་གསུམ་གྱི་རི་བོང་དབབ་བཟུང་མ་ནི། དོན་གསུམ་སྟེ། རིག་མ་བརྟག་ཅིང་དགུག་པ་དང་། སྟ་གོན་སྦྱངས་བ། ལས་ལ་སྦྱར་བ། འཕྲོས་དང་བཅས་པའོ།
།དང་པོ་ནི་དཀར་མོ་དཔྲལ་བར་སྨེ་བ་ཡོད་པ་བུདྡྷའི་རིགས། དམར་མོ་ལྟེ་བར་སྨེ་བ་ཡོད་པ། དཔྲལ་བར་རྩེ་གསུམ་ཡོད་པ་རིན་ཆེན་རིགས། དཀར་ལ་དམར་མགྲིན་པར་སྨེ་བ་ཅན། སྐྱེས་པས་རེག་ན་མི་བཟོད་པ་པདྨའི་རིགས། སྔོ་བསངས་ནུ་བྲག་དོག་པ་རྣ་བ་གཡོན་པ་ལ་སྨེ་བ་ཅན་ལས་ཀྱི་རིགས། སྔོ་བསངས་སྙིང་ག་ལ་སྨེ་བ་ཅན་ཐུགས་ཀྱི་རིགས་ཡིན་ནོ། །ཞེས་སུ་ཀ་སིདྡྷིའི་གསུང་ངོ་།
།དུང་ཅན་མ་གནས་ལྔ་པོ་གང་རུང་དུ་དུང་དང་འདྲ་བའི་རི་མོ་ཡོད་པ། གླང་ཆེན་མ་དེར་སྨེ་བ་སྨུག་པོ་ཡོད་པ། པདྨ་ཅན་ལ་ཐིག་ལེའི་རི་མོ་ཡོད་པ། རི་དྭགས་ཅན་མ་རི་མོ་སྒུར་པོ་རྒྱབ་སྤྲོད་དུ་ཡོད་པ། རི་མོ་ཅན་མ་ལ་རི་མོ་དྲང་པོ་གསུམ། ལྕུག་ཕྲན་མ་ལ་ལྔ། ཆོས་འབྱུང་མ་ལ་གྲུ་གསུམ་འབྱུང་བའོ།
།དེ་དག་ལ་བདེ་བ་མྱུར་བ་དང་། སྟོང་ཉམས་ཆེ་བ་དང་། བདེ་བ་རྒྱས་པ་དང་། བདེ་བ་འབྲིང་བ་དང་། ཐིག་ལེ་འཛིན་སླ་བ་དང་། གསལ་ཉམས་ཆེ་བ་དང་། བདེ་ཤུགས་ཆེ་བ་རྣམས་ཀྱི་དགོས་པ་ཡོད། ཅེས་གང་ག་དྷཱ་རས་གསུང་ངོ་།
།ཡང་ཁའི་མཆུ་ལས་བྷ་ག་བརྟག །མཆུ་འཐུག་ན་བྷ་ག་ཤ་རྒྱས། ཁ་ཆེ་ཆུང་ལ་བྷ་ག་ཆེ་ཆུང་ཡོད། བྷ་ག་ནི་ལོ་དགུ་ལ་སོར་ལྔ། བཅུ་དྲུག་ལ་མཁྱུད་གང་། ཉི་ཤུ་མན་ལ་སོར་བཅུ་གཉིས་ཆ་ཚད་ཡིན། དེ་ལས་དཀྱུས་རིང་བ་མི་བརྟེན་ནོ།
།བདེ་བ་ཆེ་ཆུང་མིག་ལ་བརྟག་སྟེ། མིག་དཀྱུས་རིང་ཞིང་། མིག་འབྲས་ནག་པ། སྲི་ཁ་དང་མིག་འཛུམ་ཡོད་ན་བཟང་། སྐྲ་དང་ནུ་མ་ལེགས་ན་བདག་པོ་ལ་གུས་ཏེ། སྐྲ་ལི་ན་རབ། སེར་ན་འབྲིང་། ནག་པོ་རྐྱང་པ་ཐ་མའོ།
།ནུ་མ་འབུར་ཞིང་ཟླུམ་ན་རབ། རྣོ་བ་འབྲིང་། འཕྱང་བ་ཐ་མའོ།
།ཨོལ་མདུད་དང་སྙིང་སྤུ་འདུག་ན་གསང་ཐུབ་པར་འོང་། བྷ་ག་ཡང་སྤུ་མེད་པ་དང་། སྤུ་ནག་པོ་འཐུག་པོ་དང་། སེར་ཁམ་གསུམ། རབ་མཐའ་འབྲིང་ངོ་།
།བྷ་ག་ལ་ཕྱི་དཀར་ལ་ནང་དམར་བ་དང་། སྨུག་པ་དང་། སྔོ་བ་རྣམས་སྤྱིར་ཤ་མདོག་དཀར་བ་གཞིར་བཞག་པ་ལ། རབ་འབྲིང་ཐ་མ་སྟེ། ལྕེ་དང་རྙིལ་ལས་བྷ་གའི་ཁ་དོག་དང་། མཆན་ཁུང་གི་སྤུ་ལས་དེའི་སྤུ་བརྟག་དགོས་ཏེ། དེ་དང་དེ་དག་མཚུངས་པར་འོང་ངོ་། །ཞེས་ཀུན་ཏུ་བཟང་མོ་གསུངས་སོ།
།དགུག་པ་ནི། བུ་མོ་དེའི་ཆུ་ཤུལ་གྱི་ས་ལ་གཟུགས་བརྙན་བྱས། སྙིང་གར་གྱི་ཏཾ་དང་པདྨ་རཀྟས་མིང་རུས་བྲིས་པའི་ཤོག་དྲིལ་གཞུག །ཟངས་ཀྱི་ལིངྒའམ་ཁབ་ཀྱི་བྷ་ག་འཚག་ཅིང་། ཨ་ཧ་རི་ནི་ས་ཆེ་གེ་མོ་ཁུག །རྣམ་ཤེས་བྲེང་བྲེང་དུང་དུང་བདག་གི་དབང་དུ་བསྡུས། ཅེས་ཞག་བདུན་བཟླས་པའི་བཟའ་བཏུང་བྱིན་ན་དབང་དུ་འདུས་སོ།
།ཡང་ཡེ་ཤེས་ཀྱི་མཁའ་འགྲོ་སུ་ཀ་སིདྡྷིས་གཉན་སྟོན་ལ་དངོས་སུ་གནང་བའི་དགུག་པ་ཟབ་མོ་ནི། རྫའི་སྦལ་པའི་ནང་དུ་མིང་རུས་བྲིས་ལ་གཞུག །ཡུངས་ཀར་བདུན་ནང་དུ་གཞུག །བདུན་སྦལ་པའི་འོག་ཏུ་བཅུག །རང་ཕག་མོའི་ཐུགས་ཀ་ནས་ཕོ་ཉ་མང་པོ་སྤྲོས། ཁམས་གསུམ་དབང་དུ་བསྡུས་པར་བསམས་ལ། ངག་བཅད་དེ། སྭཱ་ཧཱ་སྦལ་ཤ་ཁོལ། ཙག་ཙག །དུང་དུང་། འདུར་འདུར། ཡེད་ཡེད། ཆེ་གེ་མོའི་ཙིཏྟ་དཀྲུགས། བདག་གི་དབང་དུ་གྱུར་ཅིག །ཅེས་སེམས་མ་ཡེངས་པར་རབ་ཞག་གཅིག །འབྲིང་གཉིས། ཐ་མ་གསུམ། རྨི་ལམ་དུ་བུད་མེད་འདུ་བ། ཁྲོམ་འཚོགས་པ། གཏེར་རྙེད་པ་སོགས་འབྱུང་ངོ་།
།ལས་སྦྱོར་ནི། ཉི་མ་དམར་ཐག་ཆོད་པ་ན། རྫས་ལ་སྔགས་སྟོང་ཙམ་བཟླས། རབ་ཕྱིའི་ཉུངས་ཀར་གཏོར་བ། འབྲིང་ཤ་ལ་བརླན་པ་ཙམ་དང་། ཐ་མའང་སྦལ་པ་ལུས་ལ་ཐེབ་ན་ཐེ་ཚོམ་མེད། ལུས་འཁྱོར་བ་དང་། སེམས་མི་གནས་པ་འོང་ཉན་ཡོད། དེ་ལ་འདོད་པ་སྤྱད་པས་སེལ། གྲོལ་བར་འདོད་ན་གངས་ཆུ་གྲངས་མོ་ལུས་ལ་རྒྱབ། སྔགས་མགོ་མཇུག་བཟློག །སྦལ་པ་བཅག །མིང་རུས་སྤོས། ཆུས་ཁྲུས་བྱས་པས་གྲོལ་བར་འགྱུར་རོ།
།རྩ་འཚོལ་བ་ནི། སྤྱི་བོར་གླ་རྩི། ཙནྡན་དཀར་པོ། ཏིལ་མར་གསུམ། བསྲེས་པས་མཉེ། སྒ་ཤིང་སྟེང་དུ་མཁལ་མ་མནོན་པ་དང་། ཤིང་ལེབ་དང་སྐེ་རག་བསྡམས། བཤང་ལམ་དུ་འབོ་ལྡོང་འཕྱིང་བུ་བཅུག་པས། བྷ་གའི་མཁུར་ཤ་ནུ་མ་འདྲ་བར་འགྲོ །རྩའི་རྩེ་མོ་རིབ་རིབ་འོང་། ཡང་ན་བཅོས་མའི་རྡོ་རྗེས་ཕྱི་ནས་རྩགས། ནང་དུ་བསྐོར་བས་རྩ་ཡོད་པར་འཕྲད་པ་ལ་མཁུན་ཅིང་སྡངས་ཡོད་པ་འོང་། རྩ་སྦོམ་ན་པདྨ་དཀར་པོའི་རྩ་བ་དགོས་ཏེ་བོད་དུ་མི་རྙེད་པས། ཨུག་ཆོས་མེ་ཏོག་རྩ་བ་དང་བཅས་པ། བ་དཀར་མོའི་འོ་མ། ཀ་ར། མར་སར། གངས་སྦལ་ལམ། བྱིད་དང་སྨུག་པོའི་ཚིལ་སྦྱར་བ་བྱུག་པའམ། ཆང་དང་སྦྱར་པདྨར་བླུགས་པས་ཕྲ་བར་འགྱུར་རོ།
།རྒྱ་ཚོས་ཀྱི་ཁུ་བ་ཆུ་རྩའི་མེ་ལ་སྐོལ། སྤང་རྒྱན་མེ་ཏོག་བཏབ་པ་བཏོང་བ་དང་། གཉེར་པོ་ཆེར་གསེར་གྱི་མེ་རྩ་བྱེད་པ། བྷ་གར་ཆུ་ལྕག་དང་། འཕོངས་ཚོས་ལ་བེར་གས་དལ་བུས་བརྡུང་བ་སོགས་ནི་སྲིད་རྒྱུན་སྐེམ་པའོ།
།གཉིས་པ་བུམ་པ་ཅན་བརྟན་པོ་སྒོམ་པ་ཡིན་ལ། འཁྲུལ་འཁོར་རྣམས་ལས་ལས་ལ་སྦྱར་བའི་སྐབས་སུ་དགོས་ནའང་། ད་ལྟ་ནས་སྦྱང་དགོས་པས་ཐམས་ཅད་ལ་རླུང་འགྲབ་སྔོན་དུ་བཏོང་བར་ཤེས་པར་བྱའོ།
།འཛིན་པ་ལ་གསུམ་གྱི་དང་པོ་ཀློད་པ་ནི། ལུས་སེམས་ཁོང་ཀློད། སྲིན་ཞལ་ཡན་པའོ།
།གཉིས་པ་ནི། རྒྱ་མཚོ་ཅེར་བ་སོགས་འགྱུར་བ་བཞིའོ།
།གསུམ་པ་ནི་སེམས་ཀྱི་འཁྲུལ་འཁོར་ཏེ། བདེ་བའི་ངོ་བོ་ལ་བལྟས་ཀློད་པའོ།
།བཟློག་པ་ལ་ལྔའི་དང་པོ་ནི། སྤྱི་བོར་རྡོ་རྗེ་ཐལ་མོ་འཐེན་ལ། སྟོང་འདྲེན་བྱས་པས་སེམས་ནམ་མཁར་འཕང་ངོ་།
།ལངས་ཏེ་ལན་གསུམ་སྐྱེད་ཅིང་འདྲེན་འདིར་སྟོང་འདྲེན་བྱེད།
གཉིས་པ་ནི། པུས་བཙུགས་རྡོ་རྗེ་ཁུ་ཚུར། མདུན་ཏུ་བཙུགས་ལ་ཧག་ཧིག་ཧོག་ཅེས། སྙིང་ག །མགྲིན་པ། སྤྱི་བོ་རྣམས་སུ་དྲང་ངོ་།
།གསུམ་པ་ནི་རྩལ་སྤྲུགས་ཀྱི་མཐར། སྟེང་རླུང་ཕྱིར་འཕངས། ཐུར་སེལ་འཐེན། སྐྱིལ་ཀྲུང་རྡོ་རྗེ་ཁུ་ཚུར་བརླ་སྒང་ལ་བཙུགས་ཏེ་སྒང་འདྲེན་བྱའོ།
།བཞི་པ་ནི་སེམས་སྐྱིལ་སྟོད་སྐྱིལ་བཅས་ནས། སྨད་ཀྱི་རླུང་ཁོང་འདྲེན་དང་། སྟོང་འདྲེན་བྱའོ།
།ལྔ་པ་ནི་ལག་པ་གཡས་བརྐྱངས། གཡས་དཔུང་པར་ཁུ་ཚུར་བཅང་། རྐང་པ་རྟ་ལ་གཡོན་ཞོན་བྱེད་ཚུལ་གྱིས། གཡོན་ནས་སྒང་འཐེན་བྱ། དེ་ཉིད་མགོ་བཟློག་རེའང་བྱའོ།
།དགྲམ་པ་ལ་དགུ་ལས།
དང་པོ་ནི། ལངས་ཏེ་སླར་སྡང་ཐལ་མོ་རྩེགས་ལག་པ་བརྐྱང་། མགོ་བོ་ལ་ཐལ་ཅག་རེ་མོས་སུ་བརྡེག་པ་དང་། འཕག་ཅིང་ལག་པའང་སྤྲུག་གོ
།གཉིས་པ་ནི། སྒུར་ལ་རྐང་ལག་རེ་མོས་སུ་འཁྲབ་བོ།
།གསུམ་པ་ནི། སྐྱིལ་ཀྲུང་ལག་གཉིས་དཔུང་འཛིན་ཕོ་ཁར་བསྣོལ། བཞི་སྤྲུག་བྱས་ནས་མཆན་ཁུང་བརྡེབ་ཅིང་འཕག་པའོ།
།བཞི་པ་ནི། རྡོ་རྗེ་སྐྱིལ་ཀྲུང་དང་། རྡོ་རྗེ་ཁུ་ཚུར་མཁལ་མའི་ཐད་དུ་བཙུགས་ལ་ཕོ་བ་བསྐོར། གསང་བར་ལྕོག་ཅིང་གཡས་འཐེན་གཡོན་འཐེན་བྱའོ།
།ལྔ་པ་ནི་ལངས་ལ་ལག་གཉིས་སྤྲུག
།དྲུག་པ་ནི། གན་རྐྱལ་སུག་བཞི་ཕྲ་བའོ།
།བདུན་པ་ནི། སུག་བཞི་བཙུགས་ལ་གཡས་གཡོན་དབུས་གསུམ་དུ་བརྡེག་ཅིང་འཐེན་ནོ།
།བརྒྱད་པ་ནི། གདུང་སྣ་སོགས་ལ་འཇུས་ཏེ་བརྐྱང་བསྐུམ་བྱའོ།
།དགུ་པ་ནི། གན་རྐྱལ་དང་ཁ་ཕུབ་ཏུ་སུག་བཞིར་བརྒྱངས་ནས་བཅུད་ལ་བོར་རོ།
།དེ་དག་ལ་འདྲེན་ཀུན་ལ་སྨད་སྒྲིལ་སྟོད་གློད་རྒྱ་མཚོ་གཅེར་བ་སོགས་གང་འགྲུབ་དགོས། འགྲེམ་ཀུན་ལ་ཁ་སྦྱོར་འདུས་ལྷོད་ཅིང་འཆུན་དང་ལྡན་པ་དགོས་སོ། །ཀུན་ཁྱབ་ཏུ་སེངྒེ་རྣམ་གྲོལ་ཡང་བྱའོ།
།དེ་དག་ལ་སྡོམས་འདི་སྐད་ཅེས་བྱ་སྟེ། གློད་དང་འགྱུར་བཞི་བཞོམ་པ་སྟེ།
།འཛིན་པ་རྣམ་པ་གསུམ་དུ་འདོད། །རྡོ་རྗེ་ཁུ་ཚུར་པུས་བཙུགས་དང་། །རྩལ་སྤྲུག་ཁོང་འདྲེན་རྟ་ཞོན་ཚུལ། །འདྲེན་པའི་འཁྲུལ་འཁོར་རྣམ་འཁོར་རྣམ་ལྔའོ།
།དགྲམ་པའི་འཁྲུལ་འཁོར་རྣམ་དགུ་ནི། །དང་པོ་མགོ་ལྕགས་འཕར་སྤྲུག་བྱ། །གཉིས་པ་རྐང་ལག་རེ་མོས་འཁྲབ། །གསུམ་པ་དཔུང་འཛིན་བཞི་སྤྲུགས་རྡེབ། །བཞི་པ་མཁལ་མནན་ཕོ་བ་བསྐོར། །ལྔ་དྲུག་ལག་སྤྲུག་གན་རྐྱལ་ཕྲ། །བདུན་པ་སུག་བཞི་གཡས་གཡོན་འཐེན། །བརྒྱད་དགུ་བརྐྱང་བསྐུམ་གན་རྐྱལ་རྒྱངས། །འདི་དག་མཁའ་འགྲོ་གསུམ་གྱི་མན་ངག་གུང་སྤྲོས་པ་ཡིན་ནོ།
།གསུམ་པ་ནི། དབབ་བཟུང་བཟློག་དགྲམ། རླུང་དང་བསྲེ་བ། ཡེ་ཤེས་ཆེན་པོར་བསྲེ་བའོ།
།སུ་ཀ་སིདྡྷི་འདོད་ཡོན་ལྔ་ལ་རིམས་སློབ་མི་བཞེད། གང་ག་དྷ་ར་རོ་ལ་བསླབ་པ་ནས། རེག་བྱ་སྤྱི་དང་། རྡོ་རྗེ་པདྨར་རེག་པ་ཡན་ཆད་སྡོམས་པ་ཐུན་གཅིག་ཏུ་མཛད་པ་ཡིན། ཀུན་ཏུ་བཟང་མོ་ནི། གླུ་ལ་ཉན་པ་དང་། གཟུགས་ལ་བལྟ་བ་དང་། ཀུ་རེ་བྱེད་པ་དང་། ལུས་ཀྱི་རྩེད་མོ་དང་། ལག་བཅངས་དང་། འོ་དང་འཁྱུད་པ་དང་། སོ་དང་སེན་མོས་འདེབས་པ་དང་། བདེ་རེག་བྱེད་པ་དང་། ཕྱི་རོལ་ཏུ་དྲུད་པ་སྟེ་དྲུག་ཕྱིའི་རེག་བྱ་ལ་བསླབ་པ་དང་། སྙོམ་པར་འཇུག་པ་དེ་ཆགས་སྤྱོད་བདུན་དུ་བཞེད་དོ།
།དེ་ལ་རྡོ་རྗེ་པདྨར་ཅུང་ཟད་གསོར་ཞིང་། ནོར་བུ་ཧཱུྃ་ནག་པོ་མགོ་གྱེན་བསྟན་གྱིས་བཀག་པར་བསམ། འཛིན་པའི་འཁྲུལ་འཁོར་གཉིས་པས་འཛིན་པ་ཡིན། ཟིན་དཀའ་ན་ཧཱུྃ་གི་ཕུལ་ནས་ཐིག་ལེ་བ་ཐག་ལྟ་བུ་སྤྱི་བོར་ལྷན་ལྷན་བསྟིམ་པར་བསམ་ལ་ཧཱུྃ་འདྲེན་དྲག་ཏུ་བྱའོ།
།དེ་ནས་ལུས་ཀུན་སྤྲུག་ཅིང་གླིང་བཞི་འཕང་བ་དང་། བརྐྱང་བསྐུམ་བྱའོ།
།ཡང་དང་པོར་དལ་བུ་དང་མཐར་དྲག་ཏུ་སྲུབས་པས་རང་དང་རིག་མ་གཉིས་ཀའི་ཐིག་ལེ་ཞུ་བར་བྱས། དེ་ནས་མི་སྲུབས་པར་རྒྱ་མཚོ་སྦྱར་ཏེ། ཧཱུྃ་འདྲེན་དྲག་པོ་བྱས་ལ་རིག་མ་འོད་དུ་ཞུ་ནས་རྡོ་རྗེར་དྲངས་ཏེ་རང་ལུས་ཁྱབ་པས་མདངས་རྒྱས་པར་མོས། དེས་ཤེས་རབ་མའི་པདྨར་གྲང་སིང་བ་དང་། ཁྱུར་ཁྱུར་དྲངས་པའི་ཉམས་དང་། བདེ་བ་ཟུག་ཏུ་དང་བཅས་པ་མི་བཟོད་པ་བྱུང་ན། འདྲེན་ཐུབ་པའི་རྟགས་སོ། །སུ་ཀའི་ལུགས་སོ།
།ཡང་ཤ་ཆེན་དུག་ཕྱུང་བ་བ་དམར་མོའི་འོ་མར་བཙོས། ཤིང་ཀུན་དང་ཁ་རུ་ཚྭ་བཏབ་པ་བརྟེན། འཆིལ་པའི་ཤ་དང་། ད་བྱིད་ཀྱང་བཏང་། ལུག་ཤ་དང་ཆང་འཇམ་དུམ་རེ་བརྟེན། ར་མོ་ཤའི་ཁན་ད་དང་། ཞོ་མ་དཀྲོགས་པ་བཟའ་བས་བདག་དང་རིག་མ་གཉིས་ཀ་ལུས་ཟུང་སྐྱེད། རྩ་རིང་ན་རྐང་པ་བརྐྱང་། ཐུང་ན་རིག་མའི་རྐང་པ་ཕྲག་ལ་བཀལ་ལ་སྤྱོད། པདྨའི་ནང་གི་གཡས་གཡོན་སྟེང་འོག་ཏུ་རྡོ་རྗེས་བླུད་པས་རྩ་རྩལ། རིག་མས་ཀྱང་འོག་རླུང་བསྐུམ་སྟེང་རླུང་མནོན་པས་རྩ་གཏོར་བར་བྱ། ཐིག་ལེ་འབྱུང་བ་མཉམ་བྱེད་ན་འཕོངས་བསྒྲད། མིག་གྱེན་དུ་བལྟ། ཤེས་རབ་མས་སྐེད་པ་ཉག་བཏང་ལ། རླུང་གནས་སུ་ཕུལ་བས་ཟིན་ཡོང་ལ་དེ་ནས་དྲངས། ཡང་བདེ་བ་ཡལ་དུ་མི་འཇུག་པར་བསྐྱོད་ཅིང་འབེབས། བདེ་བས་སྦྲིད་ནས་འཕོངས་འབྱེད་མི་ཐུབ་ན་ལག་པས་དབྱེའོ། །གང་ག་དྷ་རའི་ལུགས་སོ།
།ཕལ་ཆེར་དེ་དང་འདྲ་བ་ལ་མིག་གྱེན་དུ་གཏད། པུས་མོ་ལ་ལག་པ་བཀབ། ཧཱུྃ་རིང་གི་མཐར་ཧིག་གི་འདྲེན་ཡུན་རིང་སྦྱངས་ནས། ལྕམ་པའི་རྐང་འཇམ་པོ་རྡོ་རྗེའི་བུ་གར་ཅུང་ཟད་འཇུག་ཅིང་། མཐར་རྩ་བར་ལྷན་གྱིས་གཏོང་། དེ་ནས་དེ་འདྲེན་པ་ལ་བསླབ། དེ་མདུན་མནན་ཏེ་འཕོངས་འབྱེད་འཛུམ་གྱིས་དབྱུང་བ་ལ་བསླབ། དེ་ནས་དངོས་གཞི་ལ་འཇུག །འཛིན་པ་སེམས་ཀྱི་ཐེམས་བུ་སྟེ། འཁྲུལ་འཁོར་གསུམ་པ་དང་རྟིང་པས་མནོན་པ་ཁོ་ན་ཡིན་ནོ། །ཀུན་ཏུ་བཟང་མོའི་ལུགས་སོ།
།དེ་ནས་ཐམས་ཅད་ལ་ཡང་རུས་སྦལ་འགྲོས་ཀྱི་ཕབ། སོ་སོའི་མན་ངག་གི་ཕྱག་རྒྱ་ལ་སྦྱོང་བཞིན་པའི་ངང་ནས། བཟུང་ཟློག་གང་འགྲུབ་བྱ། དེ་ནས་འདྲེན་ལྔ་འགྲེམས་དགུ་པོ་དེ་རྣམས་ཅི་རིགས་པར་བྱ། ཐམས་ཅད་ལ་སེང་གེ་རྣམ་རོལ་གང་མང་བྱས་ཏེ། བཟློག་པ་དང་ཁྱབ་པར་བྱའོ། །དེ་ནས་བུམ་པ་ཅན་གང་མང་སྒོམ་ཏེ་རླུང་དང་བསྲེའོ། །ཡེ་ཤེས་ཆེན་པོར་སྐྱེལ་བ་ནི། །སྒྱུ་ལུས་དང་སྦས་དོན་འདྲའ། །མ་རྒྱུད་སྤྱིའི་རྫོགས་རིམ་མཁའ་འགྲོ་རྣམ་གསུམ་གྱི་གསང་ལམ་བཤད་ཟིན་ཏོ།
།འདི་ལ་གཞུགས་ཤིང་ཡིག་རྙིང་ཁོ་ན་ལས། ཕྱིས་ཡི་གེ་གསར་པའི་བསྲེ་བསླད་མེད་ཅིང་། ཕྱིས་ཀྱི་ཡི་གེ་འཁྲུལ་འཁོར་ཉི་ཤུ་པ་དང་། ཉེར་གཅིག་ཟེར་བ་གཉིས་གདའ་ནའང་། གཞན་ནས་རྐུས་ཤིང་ཁུངས་མེད་ལ། ཕྱི་མ་རྣམས་འདི་ཡང་ནཻ་གུའི་གསང་ཁྲིད་ཡིན་ཟེར་བ་ནི་ཆེས་འཁྲུལ་ལོ། །འདི་ལ་ཡིག་རྙིང་ཆུང་དྲུག་ཡོད་དོ༔ ཨྀཐི།། མངྒ་ལཾ།།
ཅེས་པ་འདིའང་ལྕགས་ཟམ་ཆོས་རྗེ་རིག་འཛིན་མཁའ་སྤྱོད་དབང་པོའི་ཉམས་ལེན་དུ་མཁོ་བར་བསམས་ནས་ཏཱ་ར་ནཱ་ཐས་སྨྲས་སོ།། །།ཤུ་བྷཾ།།