Sangs rgyas ston pa'i nang gi rnam thar

From Shangpa Resource Center
Revision as of 13:28, 23 November 2018 by Sengue (talk | contribs)








Resource ID SCv1p393
Title sangs rgyas ston pa'i nang gi rnam thar
Topics Biography (namthar)
Associated Person Sangyé Tönpa

༄༅། །སངས་རྒྱས་སྟོན་པའི་ནང་གི་རྣམ་ཐར་བཞུགས་སོ།།

༈ ན་མོ་གུ་རུ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ།
།བླ་མ་གོང་མའི་ཐུགས་དམ་ཞལ་གཟིགས་པ་རྣམས་དང་། ལུང་བསྟན་མཛད་པ་རྣམས་གསུང་བར་ཞུ་ཞུས་པ་ན། བླ་མའི་གསུང་ནས་ཁྱོད་རང་གི་བྲིས་པ་དེ་གསལ་བར་ཡོད་པས་དེས་ཆོག་གསུངས། ཅིས་ཀྱང་གསུང་པར་ཞུ་ཞུས་པས། ཁ་ཡར་གཅིག་བྱ་ཡིས། གསུངས་ནས་གསུངས་པ་ནི། ལོ་བཅུ་གསུམ་ལ་བླ་མ་ཙཱ་རི་རས་པའི་སྤྱན་སྔར་རབ་ཏུ་བྱུང་བ་ཡིན། ལོ་བཅུ་བཞི་ལ་སློབ་དཔོན་སྲེག་པ་ལ་འཇམ་དཔལ་ཉན་དུ་འགྲོ་བའི་ཐོ་རངས་ཁ། བྲང་ཁང་ནང་ན་འོད་དཀར་པོ་གཅིག་ལམ་མེ་འདུག །དེའི་ནང་ན་འཇམ་དཔལ་གསང་ལྡན་གྱི་ལྷ་གྲངས་ལྔ་བཅུ་བཞུགས་པ་གསལ་སིང་ངེ་བ་ཞིག་མཐོང་གསུངས། དེ་ནས་རིན་པོ་ཆེ་ལྷ་སའི་ཕྱག་ཕྱིར་སྟོད་ལུང་དུ་ཕྱིན་པ་དང་། ཐོག་མ་ལྷ་ཁང་དུ་བླ་མ་བཟང་ཡུལ་བ་གྲུབ་ཐོབ་ཡིན་ཟེར་བཞུགས་འདུག །དེ་ལ་མོས་པར་བྱུང་ནས་ཞབས་ཏོག་ཨན་རེ་བྱས་པས་བླ་མའི་ཞལ་ནས། ཁྱོད་ལྷ་སའི་མི་མི་འདྲ་བ་སེམས་ཆུང་བ་འགྲོགས་བདེ་བ་ཞིག་འདུག །ང་ལ་གདམས་ངག་ཆིག་བརྒྱུད་ཟབ་མོ་གཅིག་ཡོད་པ་ཁྱོད་ལ་སྟེར་གསུངས། དབང་ཞག་བདུན་མཛད། སྒྲུབ་ཐབས་ཚར་བར་གསུངས། དེ་ནས་ཞག་ཉི་ཤུ་རྩ་གཅིག་ནས་ཤོག་གསུངས་ཙ་ན། ཇ་བསྐོལ་ནས་བླ་མའི་གསུང་ནས། གྲུབ་པའི་རྒྱལ་མོས་རས་ཆུང་པ་ལ་དབང་བསྐུར་པའི་དུས་སུ། བརྒྱུད་པ་བདུན་དུ་ཆིག་བརྒྱུད་གྱིས། བདུན་ནས་ཚེ་དཔག་མེད་ཀྱི་སྤྲུལ་པ་གཅིག་ཡོང་བར་འདུག་གསུངས་པ་དེ་ཁྱེད་དུ་འདུག །ད་ནང་ཚེ་དཔག་མེད་ལྷ་སུམ་ཅུའི་ཞལ་མཐོང་། ལོ་བཅུ་དགུ་ལ་བསྙེན་རྫོགས་གྱིས། སུམ་ཅུ་ནས་དབང་བསྐུར་ཤོད། ཁྱོད་ཀྱི་དབང་བསྐུར་བ་ཐོབ་པ་དང་ཨ་ཅང་ཆེ་ན། དཀྱིལ་འཁོར་མཐོང་བ་ཡན་ཆད་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ་གསུངས། ཁྱོད་ལ་ཆག་སྒོ་ཆེན་པོ་གཅིག་འདུག་སྟེ་ད་རེས་དབང་བསྐུར་དེས་སེལ་ནས་འདུག་ཅིང་། སང་ཕོད་ཁ་རྗེ་ཆེ་ཟེར་བ་ཡོང་བར་འདུག་ཀྱང་ཨའུ་རྩི་གསུངས། དེ་ནས་བླ་མའི་གསུང་བཞིན་དུ་མཁན་པོ་ཆོས་རྒྱལ་ཅན་དུ་བསྙེན་རྫོགས་བྱ་སྙམ་ནས་སྟོད་ལུང་དུ་ཕྱིན་པས། ཇག་པས་ལམ་ལ་ཐར་བ་མེད་ཟེར་ཙ་ན། དེའི་དགོང་མོ་གཞོན་པ་ཁ་ཡར་སོང་ལྷ་ས་བསྐོར་དུ་འགྲོ་བ་ལ་སྟོད་ལུང་པའི་བུ་མོ་ཁ་ཡར་སྐྱེལ་ཐུང་བྱེད་པར་འདུག་པས། དེ་ཚོ་ལས་སྐྱེལ་མ་བཟང་བ་མེད་ཟེར་ནས། ནང་པར་དེ་ཚོ་དང་བསྡོངས་ནས་ཕྱིན་ཙ་ན་གྲོང་དུ་སླེབ་པ་དང་བུ་མོ་དེ་ཚོ་མ་མཐོང་། དེ་ཚོ་ཚེ་རིང་མ་དཔོན་གཡོག་ཡིན་འདུག་གསུངས། སངས་རྒྱས་གཉན་སྟོན་གྱི་གསུང་ནས། སྐྱེར་སྒང་པས་ལུང་བསྟན་པའི་སློབ་མ་ཕོ་བརྒྱད། མོ་གཉིས་ཏེ་བཅུ་ཡོད་པ་དེ་ཚོའི་ནང་ནས། ཁྱོད་བྱང་ཆུབ་སེམས་དཔར་གྱུར་ནས་སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད། ཁྱད་པར་དུ་ཁྱོད་ཀྱི་སློབ་མ་འོད་གསལ་དང་ལྷ་སྐུ་མཐོང་བ་ཐམས་ཅད་ས་ལ་གནས་པའི་བྱང་ཆུབ་སེམས་དཔར་གྱུར་པ་ཡིན། ཁྲིད་སྐྱོང་ནས་དགེ་སྦྱོར་སྐྱེས་པ་ཐམས་ཅད་གདུལ་བྱའི་རྩེ་མོར་འགྱུར། ཆོས་འབྲེལ་ཐོགས་པ་ཐམས་ཅད་ཀྱང་གདུལ་བྱར་འགྱུར། དེ་ལ་སོགས་པ་མང་དུ་ཡོད་ཏེ་སྙིགས་མའི་སེམས་ཅན་གྱི་བློར་མི་ཤོང་ཁ་རོག་སྡོད་གསུངས། ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མས་མུ་ཏིག་གི་ཕྲེང་བ་བརྒྱ་རྩ་བརྒྱད་གཏད་ནས་སྦས་པའི་རྣལ་འབྱོར་གྲུབ་ཐོབ་བརྒྱ་རྩ་བརྒྱད་ཡོང་བར་འདུག་པས་གདམས་ངག་དེ་རྣམས་གསུང་བར་ཞུ་ཞུས་པས་བླ་མའི་ཞལ་ནས། སངས་རྒྱས་གཉན་སྟོན་ལ་ཞུས་པས། འོད་གསལ་དུ་ལྷ་སྐུ་རང་ཤར་དུ་འབྱོངས་བ་བརྒྱ་རྩ་ཡོད་པ་དེ་རྣམས་ཡིན་གསུངས། འདིར་དེ་རྣམས་ཀྱིས་གཞན་དོན་བྱེད་པ་འོང་བར་ཡོང་ངམ་མི་ཡོང་ཞུས་པས། སེམས་ཅན་ལ་ཕན་པ་ཁ་ཡར་ཡོང་གསུངས། ལར་ཁྱོད་ལ་ཆོས་འབྲེལ་ཐོབ་པ་དང་། དགེ་སྦྱོར་སྐྱེས་བ་མང་པོ་ཤར་ཕྱོགས་སུ་གཞན་དོན་བྱེད་པ་འོང་བར་འདུག་གོ་གསུངས་ནས། བླ་མ་ལ་མོས་གུས་དང་། དག་པའི་རྟེན་འབྲེལ་བསྒྲིག་པ་འདི་གལ་ཆེ། བཙུན་མ་ཡེ་ཤེས་འདིས་སྐྱེ་བ་ཁ་ཡར་དུ་ངའི་སློབ་མར་སྐྱེས་ནས་བདུད་རྩི་འཐུངས་པ་གཅིག་ཡིན། གཅིག་སྟོན་པ་ཁྱོད་རང་ཡིན་གསུངས། ཡང་ནས་ཡང་དུ་བདེ་མཆོག་བདེ་ཆེན་གྱི་ལྷ་མོ་བཅས་པ་ཞལ་མཐོང་། སངས་རྒྱས་གཉན་སྟོན་གྱིས་ཐུགས་རྗེ་ཆེན་པོའི་སྦྱིན་སྲེག་དང་བཀའ་མཛད་པའི་དུས་སུ། མེ་ཏོག་ཕུལ་ཟིན་པའི་རྗེས་ལ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པོ་གསལ་སིང་བ་མཐོང་། བྲག་དགོན་དུ་མཁའ་སྤྱོད་མ་དཀར་དམར་མཐིང་གསུམ་མཐོང་། ཡང་སུ་ཁ་མ་བྱོན་ནས།
ནམ་མཁའ་རིག་མེད་སྟོང་པ་ལ། །རིག་བཅས་སེམས་ཀྱི་རྩ་བ་གཅུན། །རྩ་བ་གཅུན་ལ་ལྷུག་པར་ཞོག
།གསུངས་ནས་སྙན་བརྒྱུད་ཀྱི་གསལ་བཏབ། ལུང་བསྟན་མང་པོ་མཛད་དེ། དེ་ནས་སེམས་ཀྱི་གཞི་རྩ་གཤའ་མར་ཆོད་པ་ཞིག་བྱུང་གསུངས། རྗེ་བཙུན་མ་ཞལ་གཅིག་མ་འདི་ཡང་ཡང་མཐོང་གསུངས། བྱ་རོག་བྲག་འོག་ན་ཡོད་ཙ་ན། མཁའ་འགྲོ་མ་སེང་གེའི་གདོང་ཅན་མ་འཁོར་དང་བཅས་པ་ཞལ་མཐོང་། མཁའ་འགྲོ་མའི་རིགས་ལ་ཟིལ་ཆེ་བ་ཞིག་འདུག་གསུངས། བྲག་དགོན་དུ་གཏོར་ཆེན་གཅིག་བྱས་པའི་རྗེས་ལ་མགོན་པོ་ཕྱག་དྲུག་པ་འཁོར་བཅས་མཐོང་། མགོན་པོའི་རིགས་ལ་ཏྲཀྴད་འདི་ཟིལ་ཆེ་བར་འདུག་གསུངས། ཐང་སྐྱ་བའི་ཡོན་བདག་ལ་དབང་གཅིག་བྱས་པའི་དུས་སུ་རྟ་མགྲིན་གསལ་པོ་གཅིག་མཐོང་། དེ་ལ་སོགས་པའི་ཞལ་གཟིགས་དང་ལུང་བསྟན་འགའ་རེ་ཡོད་དོ། །དུས་སྙིགས་པས་སྡིག་བསོག་ཏུ་འགྱུར་གསུངས་ནས་ཁ་ཡར་འདི་བྲིས་སོ།
།དགེ་བ་འདི་ཡིས་སེམས་ཅན་རྣམས། །བླ་མེད་བྱང་ཆུབ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡིས་ལ་འགོད་པར་ཤོག
།སརྦ་དཱ་ཀ་ལྱཱ་བྷ་བནྟུ།། །།