Difference between revisions of "Shangs ston pa'i rnam thar"

From Shangpa Resource Center
(Created page with "{{Text |Text ID=SCv1p421 |Tibetan Title=ཤངས་སྟོན་པའི་རྣམ་ཐར། |Wylie Title=shangs ston pa'i rnam thar |Subject=Biography (namthar) |Asso...")

Line 6: Line 6:

|Associated Person=Tsangma Shangtön

|Associated Person=Tsangma Shangtön

༄༅། །ཤངས་སྟོན་པའི་རྣམ་ཐར་བཞུགས་སོ།།

༈ བླ་མ་དམ་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པས་ཕྱག་འཚལ་ལོ། །དལ་འབྱོར་སྡོང་པོ་ཚུལ་ཁྲིམས་ལོ་འདབ་རྒྱས། །ཐོས་བསམ་རྣམ་དག་ཏིང་འཛིན་མེ་ཏོག་བཀྲ། །ཉམས་རྟོགས་འབུམ་ཕྲག་དཔག་མེད་འབྲས་བུའི་བརྒྱན། །མཁས་གྲུབ་ཆོས་རྗེའི་ཞབས་ལ་ཕྱག་འཚལ་ལོ། །མཚན་དཔེའི་མེ་ཏོག་བསླབ་གསུམ་དྲི། །མཁྱེན་བརྩེའི་ཟེའུ་འབྲུ་དྲི་མེད་སྐུ། །མཐོང་ཐོས་དྲན་པས་ཡིད་འཕྲོག་པར། །མཛད་པ་དེ་ལ་ཕྱག་འཚལ་ལོ། །མདོ་རྒྱུད་མཁའ་ལ་ལུང་རིག་གི། །ཆུ་འཛིན་མན་ངག་གློག་འགྱུ་བ། །སྟོང་ཉིད་འབྲུག་སྒྲ་ཆོས་ཆར་འབབ། །སྨྲ་བའི་སྐྱེས་མཆོག་ཕྱག་འཚལ་ལོ། །མཐའ་བྲལ་ཆོས་སྐུའི་ནམ་མཁའ་ལ། །འགག་མེད་གཟུགས་སྐུའི་རྟ་བདུན་རྒྱས། །འགྲོ་བའི་མུན་སེལ་ལམ་མཆོག་སྟོན། །མཁའ་ལྟར་དག་ལ་ཕྱག་འཚལ་ལོ། །ཟབ་ཡངས་རྒྱུད་སྡེ་རྒྱ་མཚོ་ལས། །སྨིན་གྲོལ་ཡིད་བཞིན་ནོར་བུ་བླངས། །སྐལ་ལྡན་དགོས་འདོད་སྟེར་མཛད་པ། །དབང་གི་རྒྱལ་པོར་ཕྱག་འཚལ་ལོ། །ཚོགས་གཉིས་ཡོངས་རྫོགས་གངས་རི་ལ། །མཁྱེན་གཉིས་བདུད་རྩིའི་ཆུ་རྒྱུན་འབབ། །དོན་གཉིས་མཐར་ཕྱིན་སྲིད་ཞིའི་དཔལ། །ཕྲིན་ལས་མཐར་ཕྱིན་ཕྱག་འཚལ་ལོ།
།དེ་ལ་བདག་ཅག་གི་བླ་མ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། རྒྱལ་སྲས་རྣམས་ཀྱི་ཐུ་བོ། ལྷར་བཅས་སྐྱེ་དགུ་ཀུན་གྱི་མིག་གཅིག །ས་གསུམ་འགྲན་ཟླ་བྲལ་བའི་བདག་ཉིད། མ་རིག་མུན་པ་སེལ་བའི་སྒྲོན་མེ། དགོས་འདོད་འབྱུང་བའི་ནོར་བུ། བརྒལ་འདོད་རྣམས་ཀྱི་གྲུ་ཆེན། ལམ་ཞུགས་རྣམས་ཀྱི་དེད་དཔོན། ཐར་པ་འདོད་པ་རྣམས་ཀྱི་འདྲེན་པ། གདུལ་བྱའི་རྒྱུད་ཡང་དག་པར་སྦྱོར་བ་རྣམས་ཀྱི་རྩ་ལག་ཆེན་པོར་གྱུར་པའི་རྟོགས་ལྡན་ཤངས་སྟོན་པ་ཞེས་མཚན་ཡོངས་སུ་གྲགས་པ་འདི་ཉིད་ངེས་པར་རྡོ་རྗེ་འཆང་ཆེན་པོ་ཡིན་པར་ཐེ་ཚོམ་མི་ཟ་བར་ངེས་པའི་ཤེས་པ་སྐྱེས་ལ། དམ་པའི་གྲོགས་རྣམས་དང་། སྐྱེ་བོ་ཕལ་པོ་ཆེ་ལ་ཡང་དེ་ལྟར་གྲགས་སོ། །སྣང་སྟོང་སྐྱེ་བ་མེད་པའི་སྐུ། །གྲགས་སྟོང་བརྗོད་དུ་མེད་པའི་གསུང་། །གསལ་སྟོང་རྟོག་པ་མེད་པའི་ཐུགས། །མཁྱེན་བརྩེ་མཛད་བཅས་བླ་མ་ཡི། །རྣམ་ཐར་མཐའ་དག་སུས་བརྗོད་སྤོབ། །དེ་སླད་བླ་མ་མཆོག་དྲན་པས། །ཁྱེད་ཀྱི་ཕྲིན་ལས་བཟང་པོའི་ཆ། །ཅུང་ཟད་རེ་ཞིག་འདིར་བརྗོད་དོ། །བསྟན་ལ་དད་པས་རབ་ཏུ་བྱུང་། །ཐོས་བསམ་དག་པས་སྒྲོ་འདོགས་བཅད། །བླ་མ་མཆོག་བསྟེན་རྩེ་གཅིག་བསྒོམས། །ཉམས་རྟོགས་མཐར་ཕྱིན་ཟད་སར་སྐྱོལ། །གྲུབ་ཐོབ་སྦས་པའི་རྣལ་འབྱོར་མཛད། །སྐལ་ལྡན་སྨིན་གྲོལ་མཆོག་ལ་བཀོད། །བླ་མའི་དྲུང་འགྲོ་ཕྱི་མ་ནས། །འགྲོ་དོན་འབྱུང་ཞིང་ཕྱི་མ་ལ། །ལུང་བསྟན་འབྱུང་བའི་ཐོག་མ་ཡིན། །སྐུ་ལ་ནོངས་པ་མི་མངའ་ཡང་། །རྟག་འཛིན་འདུ་ཤེས་བཟློག་པ་དང་། །ལེ་ལོ་ཅན་རྣམས་དགེ་བསྐུལ་ཕྱིར། །ངོ་མཚར་ལྟས་བཅས་བདེ་བར་གཤེགས། །ཕྱི་རབས་གང་ཟག་འདྲེན་པའི་རྟེན། །སྐུ་གདུང་རིང་བསྲེལ་ཕུང་པོར་བཞག །རྣམ་ཐར་མདོར་བསྟན་གུས་པས་ཟུངས།
དེ་ལ་རིན་པོ་ཆེ་བའི་འཁྲུངས་ཡུལ་ཁོངས་སྐྱ་སྤང་ཁ། གདུང་ར། ཡབ་དབོན་པོ་དཀོན་བཟང་། ཡུམ་ཇོ་དགེ། ཡུམ་གྱི་ལྷུམས་སུ་བཞུགས་པ་ནས་ཡབ་ཡུམ་བདེ་སྐྱིད་དང་ལྡན་པར་གྱུར་ཅིང་། བཀྲ་ཤིས་པའི་ལྟས་དང་བཅས་ནས་ཡབ་ཡུམ་ཕྱུག་པོའི་སྲས་སུ་འཁྲུངས་སོ། །ཅུང་ཟད་མནོ་ཤེས་ནས། སྔོན་གྱི་བག་ཆགས་སད་པའི་སྟོབས་ཀྱིས་ལེ་ལོ་དང་། འདོད་པ་བརྐམ་ཆགས་མེད་པར་སྐྱོ་ཤས་ཆེན་པོ་སྐྱེ་བ། འཁོར་བའི་ཉེས་དམིགས་དང་། འཆི་བ་མི་རྟག་པ་རྒྱུན་དུ་དྲན་པ་དང་། དད་པ་དང་སྙིང་རྗེ་ཆེ་བ། བླ་མ་དང་དཀོན་མཆོག་ལ་གུས་པ། རང་བཞིན་བཟང་བ། དབེན་པ། ཡོན་ཏན་གྱི་ཆ་ཁོ་ན་ལ་དགེས་པ། བྱིས་པའི་སྤྱོད་པ་ལས་འདས་པ་ཞིག་ཏུ་གྱུར་ཏོ། །དེ་ནས་དགུང་ལོ་བརྒྱད་དགུ་ལ་བྲི་ཀློག་བསླབ། བཅུ་གསུམ་པ་ལ། བླ་མ་ཉི་ཐོག་པས་མཁན་པོ། སློབ་དཔོན་ཚུལ་ཤེ་སློབ་དཔོན་མཛད་ནས་རྙོག་པ་མེད་པའི་ཚུལ་ཁྲིམས་ཀྱིས་མཛེས་པར་བྱས་ནས། བསླབ་པའི་ཆ་ཕྲ་མོ་ལའང་སྤྱན་གྱིས་འབྲས་བུ་ལྟར་གཅེས་པར་འཛིན་པ་ཉིད་དོ། །སློབ་དཔོན་པ་དང་སློབ་དཔོན་ཤཱཀྱ་འབུམ་ལས་ཕར་ཕྱིན་དང་སྤྱོད་འཇུག་བསླབ་ནས། བཅོ་བརྒྱད་པ་ལ་དེ་གཉིས་ལ་བཤད་གསར་མཛད་དོ། །དེ་ནས་སློབ་དཔོན་གྱི་གསུང་གིས་ཁྱོད་ཀྱི་རིགས་ཀྱིས་ཚད་མ་གོ་བ་ཞིག་འོང་བར་འདུག་པས་སློབས་ཤིག་གསུངས་ནས། རྣམ་ངེས་ཀྱི་གསུང་གཏད། དེ་ནས་གསན་མ་ཐག་ཡིག་ཕྲེང་དང་པོ་དེ་བཤད་པ་དང་། ཤོག་ལོགས་དེ་ཐམས་ཅད་སིལ་ལེ་གོ་བ་བྱུང་བས་དཀའ་ཚེགས་མེད་པར་ཤེས་ཤིང་། སྟོན་པ་བཟང་བར་གྲགས་སོ། །གཞན་ཡང་བྱམས་པའི་ཆོས་ལྔ་དང་། ས་སྡེ་ལྔ། ཚད་མ་སྡེ་བདུན། དབུ་མ་རིག་པའི་ཚོགས་དྲུག །བསླབ་བཏུས། གཤིན་རྗེའི་གཤེད་དམར་ལྷ་ལྔའི་དབང་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། སྒྲོལ་མ། རྡོ་རྗེ་རྣམ་འཇོམས་ལ་སོགས་པ་མང་དུ་ཞུས་སོ། །དེ་ནས་བླ་མ་འདའ་སྟོན་ལྷ་རིན་ལ། ཀྱཻ་རྡོ་རྗེའི་དབང་སྒྲུབ་ཐབས་དང་བཅས་པ། བདེ་མཆོག་དྲིལ་བུ་པ། རྗེ་བཙུན་མ་སྒྲོལ་མ། ཀུན་རིག །ཕྱག་ན་རྡོ་རྗེ། མདོ་ལུགས་དེ་རྣམས་ཀྱི་དབང་སྒྲུབ་ཐབས་དང་བཅས་པ་ཞུས་ཤིང་ཐུགས་སུ་ཆུད་པར་མཛད་དོ། །གཞན་ཡང་དེ་ཉིད་བསྡུས་པ། རྡོ་རྗེ་རྩེ་མོ། དཔལ་མཆོག་དང་པོ། ངན་སོང་སྦྱོང་རྒྱུད། རྡོ་རྗེ་འབྱུང་བ། གཙུག་དགུ། རྡོ་རྗེ་རྣམ་འཇོམས། རྣམ་རྒྱལ། གུར་མགོན། ཐུགས་རྗེ་ཆེན་པོ་སེང་གེ་སྒྲ་ལ་སོགས་པ་མང་དུ་ཞུས་སོ། །གཡའ་ལུང་དགོན་གསར་པའི་མཁན་པོ་ལ། བཀའ་གདམས་ལམ་རིམ། ལམ་སྒྲོན། བྱང་ཆུབ་སེམས་དཔའི་བློ་སྦྱོང་། གནས་བརྟན་བཅུ་དྲུག་གི་གསོལ་འདེབས། ཤེས་རབ་སྙིང་པོའི་མདོ་སྒྲུབ་ལ་སོགས་པ་མང་དུ་ཞུས་སོ། །མདོ་བོ་རུ། བླ་མ་ཀརྨ་པ་ལ། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། སྐུ་གསུམ་ངོ་སྤྲོད། རླུང་སེམས་དབྱེར་མེད། བསམ་གཏན་ཐུན་འཇོག་ལ་སོགས་པ་མང་དུ་ཞུས་སོ། །དེ་ལ་རིན་པོ་ཆེས་མཛད་པའི་ཕྲིན་ལས་བརྗོད་ཀྱིས་མི་ལོང་ན་ཡང་བཤད་པ་མཛད་པ་ན་གཞུང་ཇི་ལྟ་བ་བཞིན་ལས་ཚིག་དོན་ནོར་བ་ལ་སོགས་པ་མི་མཛད་པར། ཚིག་དང་དོན་གྱི་ཆ་ཇི་ལྟ་བར་བཞིན་དཔེ་མཐོང་བ་ཙམ་གྱིས་མཁྱེན་པ་ཉིད་དོ། །རྩོམ་པ་ན་བརྗོད་བདེ་ཞིང་རྟོགས་སླ་བ་རྣ་བར་སྙན་པ་ཁོ་ན་བྱུང་སྟེ། ཚད་མའི་བསྟན་བཅོས་སྒྱུ་མ་གསལ་བྱེད་བླ་མ་འཛམ་གླིང་པས་ཞུས་པ་དང་། སློབ་མ་སོ་སོ་རང་རང་གིས་ཞུས་པའི་ཆོས་དྲུག་དྲིལ་དོན་མ་དང་། འཆི་བ་བདུན་པ་དང་། ལྟ་སྒོམ་སྤྱོད་གསུམ་ཞུས་པ་ལ་སོགས་ཕུལ་དུ་བྱུང་བ་ཉིད་དོ། །གཞན་གྱིས་རྩོད་ཅིང་དྲིས་པ་ན་སྤོབ་པ་ལ་ཐོགས་པ་མི་མངའ་བ་ཆོས་དང་མཐུན་པའི་སྒོ་ནས་ལུང་དང་རིགས་པ་ཕ་རོལ་གྱི་ལོག་པར་རྟོག་པ་སེལ་ནུས་པ་ཉིད་དོ། །མདོར་ན་མཁས་པའི་བྱ་བ་རྣམ་པ་གསུམ་ལ། གཞན་གྱི་ཡིད་འཕྲོག་པར་མཛད་དོ། །ལོངས་སྤྱོད་ལ་སྲེད་པ་ཆུང་བ་ནི། ཡུམ་འདས་པའི་རྗེས་སུ་ཡུལ་གཞིས་ཐམས་ཅད་བཙོངས་ནས་ལུང་པའི་སྟོན་ཁོངས་ལ་ཁལ་འགྱེད་དང་ཟོང་འགྱེད་ལན་གྲངས་བཅུ་གཉིས་མཛད་དོ། །ཆོས་ཞུས་པའི་བླ་མ་རྣམས་ལ་འབུལ་བ་བསྙེན་བསྐུར་ལ་སོགས་པ་ལོངས་སྤྱོད་དང་མོས་གུས་ཀྱིས་མཉེས་པར་མཛད་དོ། །ཚེ་འདི་ཐུགས་ཀྱིས་ཐོང་བར་མཛད་དོ། །བླ་མ་ལ་གུས་པ་ནི། ཆོས་ཞུས་པའི་བླ་མ་ཐམས་ཅད་ལ་མོས་གུས་ཐུན་མོང་མ་ཡིན་པ་ཐོབ་ཅིང་ཀུ་རེ་ཀྱལ་ཀའི་ཕྱིར་ཡང་གསུང་བཟློག་མ་མྱོང་གསུངས་སོ།
།སྒྲུབ་པ་ལ་ཐུགས་རྩེ་གཅིག་ཏུ་གཞོལ་བ་ནི། འཁོར་གྱི་འདུ་འཛི་དང་། ཟང་ཟིང་གི་གཡེང་བ་དང་། དགོན་པའི་བདག་འཛིན་དང་། ལོངས་སྤྱོད་ཀྱི་སྲེད་པ་དང་། ལོ་འདོད་ཀྱི་སྙན་གྲགས་དང་། གཞན་གྱི་ངོ་བསྲུང་དང་། དགྲ་ཟིན་སྡེ་རིགས་ཀྱི་ཆགས་སྡང་ལ་སོགས་པ་ཚེ་འདིའི་ཆེ་ཐབས་གང་ཡང་མ་བསྒྲུབས་པར་ཐུགས་དམ་ཁོ་ན་རྩེ་གཅིག་ཏུ་མཛད་པས་རིམ་པ་གཉིས་ལ་བརྟན་པ་ཆེན་པོ་ཐོབ་པ་དང་། ཡི་དམ་གྱི་བཟླས་པ་དུང་ཕྱུར་ཕྲག་འགའ་སོང་བ་དང་། ལྷས་བྱིན་གྱིས་བརླབས་ཤིང་གསུང་གི་ནུས་མཐུས་གཞན་གྱི་ནད་གདོན་ལ་སོགས་པ་སེལ་ནུས་པ་དང་། མངོན་པར་ཤེས་པ་དང་། ནང་དུ་ཏིང་ངེ་འཛིན་ལ་ཡང་དག་པར་འཇོག་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་མངའ་བའི་ངེས་ཤེས་ཁྱད་པར་ཅན་སྐྱེས་སོ། །དེ་ནས་ཡོལ་ཕུ་རི་གོང་ན་སངས་རྒྱས་སྟོན་པ་བྱ་བའི་བླ་མ་རྟོགས་ལྡན་བཟང་པོ་གྲུབ་ཐོབ་ཅིག་བཞུགས་ཟེར་བ་གསན་པ་ཙམ་ལ། སྔོན་གྱི་ལས་འཕྲོ་སད་པས་མོས་གུས་ཆེན་པོ་སྐྱེ་བར་བྱུང་ངོ་། །དེ་ནས་བླ་མའི་དྲུང་དུ་བྱོན་པས་ཞལ་མཐོང་བ་ཙམ་ལ་རང་དབང་མེད་པའི་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས་ཤིང་། དུས་དེ་ཉིད་དུ་དགེ་སྦྱོར་གཙོ་བོ་ཤར་བྱུང་གསུངས་སོ། །དེ་ནས་སྒྱུ་ལུས་རྨི་ལམ་སྤྱིའི་དབང་བསྐུར་ཞུས་ནས། ཆོས་དྲུག་གི་ཁྲིད་བསྐྱངས་པས་ཐབས་ལམ་ལ་བདེ་དྲོད་འབར་བས་ཞག་བདུན་ལ་རས་ཐུབ་པ་བྱུང་། སྒྱུ་ལུས་འབྲིང་པོ་ལ་ཞག་གསུམ་བསྒོམ་པའི་དུས་སུ་རྨི་ལམ་དུ་ལྷ་སྐུ་རང་ཤར། རྨི་ལམ་རང་ཟིན། སྒྱུ་མ་རང་ཤར། སྦྱོང་སྤེལ་སྤྲུལ་སྒྱུར་ཐམས་ཅད་དུས་གཅིག་ཏུ་ནུས་པ་དང་། ཡུལ་སྣང་དང་འོད་གསལ་འདྲེས་པའི་མདངས་ལ་དབུས་གཙང་གཉིས་ཀྱི་ས་རྡོ་རི་བྲག་ལ་སོགས་པ་ཆེ་ཆུང་མེད་པ་ཐམས་ཅད་རྗེན་པར་མཐོང་བ་བྱུང་ངོ་། །བླ་མ་ལ་ཞུས་པས། ང་བས་ཀྱང་ཁྱོད་དགེ་སྦྱོར་གྱི་སྐྱེ་ཚུལ་བཟང་བར་འདུག །དོན་ཁྲིད་ལེགས་པར་ཐེབས་པ་ཡིན། ད་ཆོས་དྲུག་བཤད་པས་ཆོག་པར་འདུག་གསུངས་སོ། །ད་རུང་རིམ་པ་ལྟར་ག་ལེར་སྐྱོང་བར་ཞུས་ནས་བསྒོམ་པས། སྣང་བ་ཐམས་ཅད་བདེན་མེད་དུ་རྟོགས་པས། སྒྱུ་མ་རང་ཤར་གྱི་ཉམས་བཟང་པོ་དང་། རྨི་ལམ་གྱི་སྟོབས་ཆེན་པོ་བྱུང་བས། འབྱུང་བཞི་དང་སེམས་ཅན་ལ་སོགས་པ་དངོས་པོ་ཆེ་ཆུང་མེད་པ་ཐམས་ཅད་ལ་སྦྱོང་སྤེལ་དང་། སྤྲུལ་བསྒྱུར་ནུས་པ་དང་། སངས་རྒྱས་ཀྱི་ཞིང་ཁམས་ལ་སོགས་པ་ཡུལ་སྣང་ལྟ་བ་ལ་ཚེགས་མེད་པ་དང་། འོད་གསལ་གྱི་མཐོང་སྣང་ཆེན་པོ་དང་། བར་དོ་ཞག་མང་པོ་ཁོར་མར་ཟིན་པ་ལ་སོགས་པ་ཇི་ལྟར་བཤད་པ་བས་ཀྱང་ལྷག་པ་དང་བཅས་པ་ཐམས་ཅད་རྫོགས་པར་བྱུང་ངོ་། །མདོར་ན་སྒྱུ་ལུས་དབང་པོ་འབྲིང་ལ་དགེ་སྦྱོར་ཐག་ཆོད་པ་ཡིན་གསུངས་སོ། །བླ་མའི་གསུང་གིས་ཀྱང་དགེ་སྦྱོར་སྐྱེ་ཚུལ་ཤངས་སྟོན་པས་བཟང་བ་མ་བྱུང་གསུངས་སོ། །ཡང་ནུབ་གཅིག་རྨི་ལམ་ན། ནམ་མཁའ་ཐམས་ཅད་ལྷ་སྐུ་མང་པོས་ཤིག་གི་སོང་བར་འདུག་པ་དང་། དེ་ཚོའི་གསེབ་ནས་རྡོ་རྗེ་ཕག་མོ་ཞིག་བྱུང་ནས། དེས་ང་ལ་འཁྱུད་པས་ཟག་པ་མེད་པའི་བདེ་བ་སྐྱེ་བར་བྱུང་། བླ་མ་ལ་ཞུས་པས། བླ་མའི་ཞལ་ནས་དབང་བསྐུར་མཚན་ཉིད་པ་བྱ་བ་དེ་རུ་ཐོབ་པ་ཡིན། ནམ་མཁའ་ཐམས་ཅད་ལྷ་སྐུར་སོང་བ་དེ་བུམ་དབང་གི་ངོ་སྤྲོད་ཡིན། རྡོ་རྗེ་ཕག་མོས་རང་ལ་འཁྱུད་པ་དེ་གསང་དབང་གི་ངོ་སྤྲད་ཡིན། ཟག་མེད་ཀྱི་བདེ་བ་སྐྱེས་པ་དེ། ཤེས་རབ་ཡེ་ཤེས་ཀྱི་ངོ་སྤྲོད་ཡིན། སྣང་བ་མ་འགགས་པ་གང་དུ་ཡང་གྲུབ་པ་མེད་པ་དེ་ལ་མི་རྟོག་པ་དེ་དབང་བཞི་པའི་ངོ་སྤྲོད་ཡིན་གསུངས་སོ། །ཡང་སེམས་འཆི་མེད་ཟླ་བ་ལྔ་བྱས་ནས་ཞུས་པས་དེ་ནས་ལྷ་སྐུ་རང་ཤར་དུ་ཕལ་ཆེར་བྱུང་གསུངས་སོ། །ཡང་རི་གོང་དུ་དབྱར་གཅིག་དགེ་སྦྱོར་འཇུར་པོ་བྱས་པས། ལུས་པོ་ཐམས་ཅད་སྐྲང་ནས་རླུང་རྐྱ་རྦབ་བྱུང་བ་ལ། བླ་མའི་གསུང་གིས། འཁྲུལ་འཁོར་བྱ་དགོས་པ་འདུག་གསུང་ནས་འཆི་མེད་ཀྱི་བཀའ་གནང་། འཁྲུལ་འཁོར་བསླབ། དེ་ནས་འཁྲུལ་འཁོར་བྱས་པས། ཁམས་དེ་ཡང་ལེགས་པར་ཕན། དེའི་དུས་སུ་བདེ་བ་ཆེན་པོ་སྐྱེ་བ་བྱུང་གསུངས། བླ་མའི་གསུང་གིས། འཁྲུལ་འཁོར་བྱས་པ་ལ་ཁྱོད་པས་བདེ་བ་མ་བྱུང་གསུངས་སོ། །ཕྱིས་མཆེད་གྲོགས་གཅིག་ལ་འཁྲུལ་འཁོར་བསླབ། དེས་དགེ་སྦྱོར་ལ་ཅུང་ཟད་གནོད་པར་བྱུང་གསུངས་སོ། །དེ་ནས་ཆོས་དྲུག་སྒོ་སྒོའི་དབང་དང་། བར་དོའི་དབང་དང་། མཁའ་སྤྱོད་དཀར་དམར་དང་། ཟབ་ཆོས་ཆིག་བརྒྱུད་རྣམས་དང་། བདེ་མཆོག་ལྷ་ལྔ་དང་། རྒྱུད་སྡེ་ལྔའི་དབང་སྒྲུབ་ཐབས་དང་བཅས་པ་དང་། ཚེ་དཔག་མེད་ཀྱི་དབང་སྒྲུབ་ཐབས་དང་བཅས་པ་དང་། ཐུགས་རྗེ་ཆེན་པོ་སྐྱེར་སྒང་ལུགས་དང་། གསང་སྒྲུབ་དང་། གཅོད་བཀའ་བརྒྱུད་དང་། ཉམས་བརྒྱུད་རྣམས་དང་། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ཆོས་སྐོར་རྣམས་དང་། སྡོམ་གསུམ་རང་གི་བླང་བའི་ཆོ་ག་དང་། ནོར་འཛིན་དང་། བདེ་མཆོག་མཁའ་སྤྱོད་རིག་འཛིན་ལ་སོགས་པ་མང་དུ་ཞུས་སོ། །གཞན་ཡང་ཆོས་མང་པོ་གསུངས་པ་ཐམས་ཅད་མ་ཚང་པ་མེད་པར་ཞུས་སོ། །མདོར་ན་མོས་གུས་དང་། སྒྲུབ་པ་དང་། ལོངས་སྤྱོད་ཀྱིས་ཐུགས་མཉེས་པར་མཛད་ཅིང་། བླ་མ་སངས་རྒྱས་སྟོན་པའི་དྲུང་ནས་ཀྱང་དཔེ་མེད་པར་ཐུགས་རྗེས་བཟུང་ནས། ཆིག་བརྒྱུད་ཆོས་ཀྱི་བདུད་རྩི་ཐོག་མར་འཐུང་བའི་སྐལ་ལྡན། ལུང་བསྟན་འཁོར་གྱི་དང་པོ། མན་ངག་ཆིག་བརྒྱུད་གནང་བའི་བུ་ཆེན། འགྲན་ཟླ་བྲལ་བའི་ཐུགས་སྲས་དམ་པ་མཛད་ཅིང་། རྟོགས་ལྡན་རྩོད་མེད་དུ་གྱུར་ནས། འདི་དང་ཕྱི་མར་འགྲོ་དོན་དཔག་ཏུ་མེད་པ་འབྱུང་ཞིང་བཅུ་བཞིའི་ས་ཐོབ་པར་ལུང་བསྟན། སློབ་མ་བརྒྱུད་འཛིན་དང་བཅས་པ་ཐམས་ཅད་དག་པ་བདེ་སྟོང་མཁའ་སྤྱོད་དུ་འགྲོ་བར་ལུང་བསྟན་མཛད་དོ། །འབྲི་གུང་ཁྲི་ཚོ་བཅོ་བརྒྱད་ཀྱི་ནང་ན་འུ་ཅག་གི་ཤངས་སྟོན་ཙམ་ཞིག་ཡོད་དམ་མེད་ན། ཞེས་པ་ལ་སོགས་པ་ཡང་ཡང་དུ་གསུང་པར་གདའ་འོ། །བླ་མ་སངས་རྒྱས་སྟོན་པ་ལ་ཡིད་གཉིས་ཐེ་ཚོམ་གཏན་ནས་མི་མངའ་བར་སངས་རྒྱས་སུ་ངེས་ཤེས་སྐྱེས་ཏེ། ཞལ་མཐོང་བ་དང་། གསུང་ཐོས་པ་དང་གསོལ་བ་ནམ་བཏབ་པ་ན་མཆི་མ་རང་དབང་མེད་པའི་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས། ནང་གི་ཡོན་ཏན་དེ་ལས་མ་བྱུང་གསུངས་སོ།
།ཡང་གཅུང་པོ་ཚུལ་ཁྲིམས་དཔལ་ལ་ཡབ་ཀྱིས་གཉེན་བསྒྲིགས་པ་ལ་རིན་པོ་ཆེ་བས་གཉེན་བཤིག་སྟེ་བཙུན་པ་བྱེད་དུ་བཅུག་ནས། བླ་མ་སངས་རྒྱས་སྟོན་པ་ལ་ཆོས་དྲུག་གི་ཁྲིད་ཞུས་པས། ཐབས་ལམ་ཐག་ཆོད་པའི་དགེ་སྦྱོར་བཟང་པོ་བྱུང་ངོ་། །ཕྱག་རྒྱ་ཆེན་པོའི་གནས་པ་ལ་ཉིན་མཚན་འཁོར་མར་སྡོད་ནུས་པ་བྱུང་ངོ་། །གནས་པ་ཆེ་དྲག་ནས་སྐབས་སུ་མིག་མང་རྩེ་བ་ལ་སོགས་པའི་སྒོ་ནས་གསེང་དགོས་པ་དང་། རླུང་རྒྱུ་རྒྱུ་མེད་པ་ཞག་མང་པོ་བྱུང་བ་དང་། གཞན་ཡང་ཡོན་ཏན་དཔག་ཏུ་མེད་པ་མངའ་བའི་རྟོགས་ལྡན་བཟང་པོ་ཞིག་བྱུང་ངོ་། །ཆོས་སྒོར་ཚུད་ཅིང་བླ་མ་བཟང་པོ་དང་མཇལ་བ་དེ་ཁྱེད་ཀྱི་སྐུ་དྲིན་ཡིན་གསུངས་སོ། །རིན་པོ་ཆེ་པའི་མཐུན་རྐྱེན་སྒྲུབ་པའི་ཞབས་ཏོག་གུས་ལ་ཡུན་རིང་པར་བྱས་ཤིང་། རི་གོང་དང་ཙཱ་རིར་བཞུགས་པའི་དུས་སུ་ཡང་གསེར་ཞོ་བརྒྱད་ཅུ་རྩ་གྲངས་ཤིག་བསྐྱལ་གསུངས་སོ། །སྐུ་གཤེགས་ཁར་སོང་ཙ་ན། བླ་མའི་གདམས་ངག་དང་། མདོ་རྒྱུད་ནས་གསུངས་ཚོད་དང་། ང་རང་གི་ཉམས་མྱོང་བསྟུན་ན། ང་སྐྱེ་བ་ཕྱི་མ་ལ་ཐོད་པ་མགོ་ལ་མི་འགེལ་བར་འདུག་གསུངས་སོ། །གྲོངས་ཙ་ན་ནམ་མཁའ་འཇའ་འོད་ཀྱིས་ཁེངས་པ་ལ་སོགས་པ་རྟགས་མང་པོ་བྱུང་ངོ་། །ཡང་རིན་པོ་ཆེ་བ་རི་གོང་དུ་བཞུགས་པའི་དུས་སུ། གཞུང་བྲག་དམར་བའི་བླ་མ་རས་པ་དཀོན་སྐྱབས། བླ་མ་སངས་རྒྱས་སྟོན་པ་ལ་ཆོས་ཞུ་རུ་བྱུང་བ་ལ། རྫོགས་ཆེན་སྙིང་ཏིག་ཞུས་ལྟ་སྟངས་བཅས་མ་ཐག །ནམ་མཁའ་ཐམས་ཅད་ཁྲས་མིག་ཏུ་ཤིག་གེ་སོང་བའི་ཁྲས་མིག་རེ་རེའི་ནང་ན་ཐུགས་རྗེ་ཆེན་པོ་བཞུགས་པ་མཐོང་བ་བྱུང་། རས་པ་ལ་ཞུས་པས། དགེ་སྦྱོར་བཟང་པོ་བྱུང་འདུག་སྒོམས་གསུངས། སྒྱུ་ལུས་དགེ་སྦྱོར་ཐག་ཆོད་པ་དེས། ཉམས་དགའ་ཚོར་ཆེན་པོར་ཙམ་ཡང་མི་སྐྱེ་བར་འདུག་ནས། ཉམས་ལ་ཞེན་པ་ཆེན་པོ་ཙམ་ཡང་མི་སྐྱེ་བར་གདའ་བྱས་པས། ཁོ་ན་རེ། དགེ་སྦྱོར་བཟང་པོ་དེ་ལྟ་བུ་བྱུང་ཡང་། སློབ་དཔོན་ངན་པའི་ཆོས་ལ་ངེས་ཤེས་མི་སྐྱེ་བ་ཡིན་མོད་གསུངས་སོ། །དེ་ནས་ཙཱ་རིར་བཞུགས་པའི་དུས་སུ་མནལ་ལམ་བཟུང་ནས་པོ་ཏ་ལར་ཕྱིན་ནས་ཐུགས་རྗེ་ཆེན་པོ་ལ་ཆོས་ཞུ་བ་དང་། རྡོ་རྗེ་གདན་ལ་སོགས་པ་བལྟ་བ་དང་། རི་ལ་ཕར་སྟབ་ཚུར་སྟབ་བྱེད་པ་ལ་སོགས་པ་རྨི་ལམ་གྱི་སྟོབས་ཆེན་པོ་དང་། ཐོ་རངས་ཀྱི་ཆ་ལ་འོད་གསལ་མཐོང་སྣང་ཆེན་པོ་དང་བཅས་པ་གཏན་དུ་འཆར་བ་དང་། ཡང་ས་གཞིར་བར་སྣང་ཐམས་ཅད་བུང་བའི་སྒྲ་ལྟ་བུ་གཟིར་གཟིར་བེར་བེར་བ་ལ། དེའི་དུས་སུ་ལུས་ལ་བདེ་ཆིལ་ཆིལ་བའི་བདེ་བ་རྒྱུན་དུ་སྐྱེ་བ་དང་། །དམྱལ་བ་ལ་སོགས་པའི་འགྲོ་བ་རིགས་དྲུག་གི་གནས་སྦྱོང་བཞི་བཅུ་རྩ་གཉིས་པོ་ཐམས་ཅད་སྣང་ཙམ་རེའང་བྱུང་གསུངས་སོ།
།ཡང་འཆི་བ་མི་རྟག་པ་རྒྱུད་ལ་སྐྱེས་ཙ་ན། ཞབས་ས་ལ་མི་ཆགས་པ་འདྲ་བ་དང་། རྨི་ལམ་ན་ནུབ་ཀྱི་ཐོ་ཤོད་ཚོགས་འཁོར་འདྲེན་པ་མ་ཆད་པ་དང་། ཡང་དགེ་སྦྱོར་གྱི་ལྷོངས་ཀྱི་རྣམ་པ་ལ་ཤིག་ནད་དང་། མཛེ་ནད་དང་། སྐྲན་དང་། དམུ་ཆུ་དང་། ཁམས་འདུས་དྲག་པོ་དང་། རླུང་ལོག་དང་། སྙིང་རླུང་བཟོད་བླག་མེད་པ་དང་། ས་ཐོག་མི་ང་ལས་སྡུག་པ་མེད་ལས་ཆེ་སྙམ་པ་དང་། མི་མཐོང་བ་དང་། ཚོགས་པ་ཐམས་ཅད་ང་ལ་ལབ་པ་དང་། འབར་སྣང་ལ་སོགས་པ་བརྗོད་ལས་འདས་པ་བྱུང་གསུངས་སོ། །དེ་ནས་ཁམས་ཀྱིས་མ་ཚུགས་པ་ཙཱ་རི་ནས་ཡར་བྱོན་ནས་རྒན་མོ་ལྷས་བའི་བླ་མ་ཁམས་པ་དེ་ལམ་འབྲས་ཀྱི་གེགས་སེལ་བ་ལ་མཁས་པ་ཡིན་ཟེར་བ་གསན་ནས། ཁོང་གི་དྲུང་དུ་བྱོན་ནས་ཞག་ཉི་ཤུ་རྩ་ལྔ་ཧ་བཏོན་པས། ཞལ་ནས་སྒེག་རུལ་མང་པོ་ཞིག་ཐོན་བྱུང་། ཁམས་འདུས་ཀྱང་ཕན་ནས་བླ་མ་ལ་ཞུས་པས། གཞི་བད་ཀན་སྨུག་པོ་གཅིག་གིས་བྱས་པ་ཡིན། ད་གེགས་སེལ་འགྲོ་བར་འདུག་གིས་གསུངས། ཧའི་རྗེས་ལ་ཚོགས་དྲུག་ཡུལ་གྱི་སྣང་བ་འདི་བདེན་མེད་བུན་བུན་དུ་སོང་ནས་གང་ལ་ཡང་ཆེད་འཛིན་དང་བྲལ་བ་དང་། སྙིང་རླུང་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་བདེ་བ་ཤར་བ་ལ་སོགས་པའི་ཉམས་བྱུང་རྒྱལ་དུ་འགྲོ་བ་ལ། དགེ་སྦྱོར་ཉིན་མཚན་མཉམ་རྗེས་འདྲེས་པ་ཞག་བདུན་བྱུང་གསུངས། བླ་མ་ལ་ཞུས་པས། གེགས་སེལ་བ་དང་དགེ་སྦྱོར་ལ་བོགས་འདོན་དུས་མཉམ་དུ་བྱུང་འདུག །ཧ་འདོན་པའི་དགོས་དོན་མཐར་ཐུག་དེ་ཡིན། རྟོགས་ལྡན་གཅིག་བྱུང་འདུག་གསུངས་སོ། །དེ་ནས་ལམ་འབྲས་ཞ་མ་ལུགས་ཀྱི་དབང་བཀའ་དང་། བརྒྱུད་པའི་ལོ་རྒྱུས་དང་། སྙན་བརྒྱུད་ཀྱི་དཀྱུས་དང་། གཞུང་ཁྲིད་དང་། དབང་བཞི་ཁྲིད་དང་། གེགས་སེལ་ཁྲིད་དང་། གེགས་སེལ་ཐུགས་རྒྱུད་དང་། དམིགས་པ་རྒྱ་མཚོ་དང་། གེགས་སེལ་བསྡུས་པ་ལ་སོགས་པ་དང་། ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་དབང་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་དང་། རྒྱུད་དྲག་པོ་གསུམ་འདུས་དང་། རྒྱུད་ཕྱི་མ་ལ་སོགས་པ་མང་དུ་ཞུས་སོ། །དེ་ནས་འཇག་ཆུང་དུ་བཞུགས་པའི་དུས་སུ། །ལུས་པོ་འདི་ཁོང་སྐྱ་ལུང་པར་མ་ཤོང་བར། སྐུ་ལུས་ལུང་པས་བསྡམས་ནས། སྐུ་སྟོད་ཡན་ཆད་ནམ་མཁའ་ལ་ཡར་རྒྱང་ངེ་འཐོན་པའི་སྣང་བ་དང་། ཁོང་པའི་ནང་ནས་ཡར་ཐིག་ལེ་དམར་པོ་སྲན་མ་ཙམ་ཚ་རིལ་རིལ་བ་སྤྱི་བོ་ནས་གསང་གནས་ཀྱི་བར་དུ་ཡར་ཁྱུག་མར་ཁྱུག་བྱས་པས། གྲང་དྲག་ནས་རྩ་འདར་མི་ཐུབ་པ་ཀ་འདྲ་བ་དང་། ཡང་སྣང་བ་ཐམས་ཅད་སྟོང་པར་སོང་བ་ལ། ལུས་པོ་འདི་སྟོང་པར་མ་སོང་བར་ནམ་མཁའ་སྟོང་པ་ལ་ཀུ་རུ་བསྐོར་བ་བཞིན་འཁོར་བར་བྱུང་། དེ་ཁ་ཉན་པར་བྱུང་གསུངས་སོ། །ཡང་མདུན་གྱི་དམིགས་ཡུལ་གྱི་དངོས་པོ་གང་ལ་བལྟས་པ་དེ་མེད་པར་སྟོང་པར་བྱུང་། དེ་ལ་མིག་སྔའི་དེ་མེད་པར་སོང་ཙ་ན། ཡང་ཕ་གའི་དམིགས་ཡུལ་གྱི་དངོས་པོ་དེ་གཞན་གཅིག་ལ་བལྟས་ནས། ཡང་ཡང་མྱུར་པོར་ཡོད་དགོས་ཀྱིན་འདུག །དེ་ལྟར་བྱས་པས་སྟོང་ཤས་རྐྱང་པར་མི་འགྲོ་བར་ཟུང་འཇུག་ཏུ་འགྲོ་ཡིན་འདུག་གསུངས་སོ། །ཡང་དབྱར་སེར་བ་བབ་པའི་འབྲུག་སྒྲ་དང་། གློག་གི་འོད་ཀ་ཙམ། སྒྲ་དང་འོད་ཆེན་པོ་ལོ་ཕྱེད་དང་གཉིས་ནུབ་རེ་ཞིང་ཐང་རེ་མ་ཆད་པར་བྱུང་། དེ་ནང་དུ་འབྱུང་བ་ཚོ་འཐབ་པ་ཡིན་པ་འདྲ་གསུངས་སོ། །ཡང་ས་གཞི་དང་བར་སྣང་ཐམས་ཅད་ལྷ་སྐུ་ཁྲུ་རེ་ཙམ་པ་མང་པོས་ཁྲིག་གེ་ཁེངས་པ་དེ་ཡང་བདེ་མཆོག་ལྷན་སྐྱེས་དང་། ཤཱཀྱ་ཐུབ་པ་ཆུ་ལོན་མ་མང་བར་འདུག །གཞན་ཡང་ཐུགས་རྗེ་ཆེན་པོ་ལ་སོགས་པ་ཡང་འགའ་རེ་འདུག །ཆུ་ལེན་ཙ་ན་རྡོག་འོག་ཏུ་འགྲོ་ལས་ཆེ་སྙམ་ཙ་ན། ཕར་ཡོལ་ལོ་ལོ་འགྲོ་བ་དང་། ཚ་བ་བསྐོལ་དུས་ཤིང་བུའི་ཁར་བྱུང་ཙ་ན། མེ་ནང་དུ་འགྲོ་ལས་ཆེ་སྙམ་པ་དང་། རྡུལ་ཁེབས་ཀྱི་སྟེང་དུ་ཡོལ་འགྲོ་བ་དེ་ལྟ་བུ་ཆད་པ་མེད་པ་ལོ་གསུམ་ལྷག་ཙམ་བྱུང་གསུངས། ཡང་དང་པོ་རྩ་དབུ་མ་མཐོང་བ་དང་། དེས་རྐྱེན་བྱས་ནས་དོན་སྣོད་ལ་སོགས་པ་ལུས་ཀྱི་ནང་ཐམས་ཅད་མཐོང་བ་དང་། དེ་ནས་སྣང་བ་རྒྱ་ཆེན་པོ་མཆེད་ནས་འཛམ་བུ་གླིང་མཐོང་བ་དང་། ཡང་རང་གི་ལུས་ཀྱི་རྩ་གསུམ་འཁོར་ལོ་བཞི། རྩ་ཕྲན་བ་སྤུའི་སྒོར་ཟུག་བ་བྱེ་བ་ཕྲག་ཕྱེད་དང་བཞི་ལ་སོགས་པ་རྩའི་གྱེས་ལུགས་དང་། རྩའི་མདུད་པ་དང་། ཁམས་ཀྱི་གནས་ཚུལ་དང་། རླུང་རྒྱུ་ཚུལ་ལ་སོགས་པ་རྡོ་རྗེའི་ལུས་ཀྱི་གནས་ཚུལ་ཇི་ལྟ་བ་བཞིན་མཐོང་གསུངས་སོ། །དེ་ནས་གསང་གནས་བདེ་བའི་འཁོར་ལོ་མཐོང་ནས་བདེ་བ་ལ། རྒྱུན་ཆད་མེད་གསུངས་སོ། །ཡང་གཏོར་མ་ནམ་གཏོང་བའི་དུས་སུ་སྔར་ཚོར་མ་མྱོང་བའི་དྲི་བཟང་པོ་ཞིག་ཆིལ་བ་དང་། རེས་འགའ་ཟིལ་ཆེན་པོ་བྱས་པ་བྱུང་། དེ་མཁའ་འགྲོ་མ་དང་མི་མ་ཡིན་འདུ་བའི་རྟགས་སུ་འདུག་གསུངས་སོ། །ཡང་ངང་སྡེའི་འཁྲིས་ཀྱི་བྲག་ལ་བཞུགས་པའི་དུས་སུ་ནམ་མཁའ་ལ་རོལ་མོའི་སྒྲ་ཆེན་པོ་གཅིག་གྲགས་པ་དང་། མི་དཀར་པོ་གཅིག་ན་རེ་འདི་ནས་ཡར་འདེང་ངོ་ཟེར་ནས་ཕྱིན་པས། བྲག་གི་ལྟག་ན་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་ཞིག་འདུག་པའི་ནང་ལ། རྗེ་བཙུན་མ་སྒྲོལ་མའི་གྲལ་འཁོར་མོ་ཆེ་བ་ཞིག་གི་དཀྱིལ་ན་གཙོ་མོ་ཆེ་བ་གཅིག་འདུག །དེའི་རྩར་ཡར་ཕྱིན་ཙ་ན། གཙོ་མོ་དེ་ན་རེ། ཁྱོད་ཀྱི་དགེ་སྦྱོར་གཞི་ཐོག་ཏུ་སྐྱོལ་འདུག་གི། ད་ངའི་བྱིན་གྱིས་རླབས་ཀྱིས་གསུང་ནས་གཙོ་མོ་དེས་ཕྱག་མགོ་ཐོག་ཏུ་བཞག་པ་དང་། སྒྲོལ་མ་ཐམས་ཅད་ཀྱིས་ཕྱག་དབུ་ཐོག་ཏུ་དུས་གཅིག་ལ་བཞག་ནས། བྱིན་རླབས་བྱས་པས་ཉམས་རྟོགས་བཟང་པོ་དཔག་ཏུ་མེད་པ་འཆར་བར་བྱུང་ཞིང་། དགེ་སྦྱོར་ཉིན་མཚན་མཉམ་རྗེས་འཁོར་མར་འདྲེས་པ་ཡུན་རིང་བྱས་པ་བྱུང་གསུངས་སོ། །གཉན་ཁྲོད་དུ་གཅོད་མཛད་པའི་དུས་སུ། དངོས་སུ་རྦབ་བརྡེག་པ་དང་། རྡོ་ཆར་འབེབས་པ་དང་། འདྲུད་པ་དང་། སྙིང་རླུང་བཟོད་བླག་མེད་པ་མཐོང་བ་ལ་སོགས་པ་བྱུང་ཡང་། གཅོད་མ་ཆོད་པ་དང་། ལྷ་འདྲེ་ཟིལ་གྱིས་མ་ནོན་པ་དང་། དབང་དུ་མ་འདུས་པ་དང་། དམ་ལ་མ་ཐོགས་པ་གཅིག་ཀྱང་མ་བྱུང་བས། ཁྱད་པར་དུ་གལ་ལྗོང་འདི་ཆོས་ལ་སྡང་བར་འདུག །གདུག་རྩུབ་ཆེ་བར་འདུག་སྟེ། ང་ལ་བསུ་བ། སྐྱེལ་བ། སྐབས་སུ་མཇལ་ཕྲད་བྱེད་པ་ལ་སོགས་པ་བྲན་བཞིན་དུ་ཉན་པར་བྱུང་གསུངས་སོ། །ཡང་སེམས་ཅན་ལ་སྙིང་རྗེ་ཐུན་མོང་མ་ཡིན་པ་སྐྱེས་ནས། རྒྱུན་ཆད་མེད་པར་བཤུམ་དགོས་པ་འོང་གིན་འདུག །དེ་ཀ་རང་ལ་ཐལ་ན་སྙིང་རླུང་དུ་འགྲོ་བ་སྲིད་གསུངས། དེའི་གཉེན་པོར་སྙིང་རྗེ་མཁན་རང་སུ་ཡིན། ཡུལ་གང་ལ་སྙིང་རྗེ། ཚུལ་ཇི་ལྟར་སྙིང་རྗེ་སྙམ་པ་ལ་སོགས་པས་མི་རྟོག་པ་ཕྱག་རྒྱ་ཆེན་པོ་ལ་འཇོག་པ་གལ་ཆེ་བར་འདུག་གསུངས་སོ། བླ་མས་ཡི་དམ་གྱི་གཙོ་བོ་གང་ལ་བགྱིས་ཞུས་པས། དང་པོ་བདེ་མཆོག་ལ་བྱས། ཞག་རེ་ལ་ཡི་གེ་བདུན་པ་ཁྲི་ཚོ་གསུམ་རེ་སྐྱོལ་གྱིན་འདུག །དེ་ནས་རྨི་ལམ་བཟུང་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གསོལ་བ་མགྲིན་གཅིག་ཏུ་བསྡེབས་པར་བསམ་ནས་བདག་གི་ཡི་དམ་གྱི་ལྷ་གང་ལགས་བསྟན་དུ་གསོལ། ཞེས་གསོལ་བ་དྲག་པོ་བཏབ་པས། ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་བྱོན་ནས་བཙུན་པའི་ཡི་དམ་ཐུགས་རྗེ་ཆེན་པོ་ལ་གཙོ་བོར་བྱ་གསུངས། དེ་ནས་དང་པོ་རྨི་ལམ་དུ་ཞལ་མཐོང་། ཕྱིས་དངོས་སུ་ཞལ་འགའ་རེ་མཐོང་གསུངས། ཡི་དམ་གཞན་ཞལ་གཟིགས་སམ་ཞུས་པས། བདེ་མཆོག་ལ་སོགས་པའི་ཡི་དམ་དང་། ཡེ་ཤེས་མཁའ་འགྲོ་ལ་སོགས་པའི་བརྒྱུད་པའི་བླ་མ་རྣམས་ཀྱང་ཞལ་མཐོང་གསུངས་སོ། །དང་པོ་ལན་གཅིག་མཐོང་ནས། ཕྱིས་ཞལ་མཐོང་བ་ལ་དཀའ་ཚེགས་ཆེན་པོ་མི་འདུག་གསུངས། ཡང་བླ་མ་དང་པོ་མགོན་པོའི་དབང་བཀའ་ཞུ་མི་བྱུང་བ་ཕལ་ཆེ་བ་གནང་བ་གཅིག་ཡོད་པ་ལ། ཕྱིས་བཀའ་དམ་དུ་མཛད་ཀྱིན་གདའ་ནས་མགོན་པོའི་བཀའ་དེ་དམ་དུ་གཏོང་བ་ཅི་ལགས་ཞུས་པས། མགོན་པོའི་འཁོར་ཡིན་པ་འདྲ། ཨ་ཙ་ར་བཞི་བྱུང་བས། ཁྱོད་ཁོང་པའི་ཁྲག་ཐམས་ཅད་མི་ལ་སྟེར་བ་ཡིན་ནམ་ཟེར་བ་ཞིག་བྱུང་། དེ་ནས་ཆོས་གཤའ་མ་བྱེད་པ་འགའ་རེ་ལ་བྱིན། ཞུ་བ་བྱུང་ཚད་ལ་མ་བྱིན་པ་དེ་ཡིན་གསུངས་སོ།
།ཡང་རབ་གནས་མཛད་པ་ན། ཉིན་པར་ཆོ་ག་མཛད། ནུབ་མོ་མནལ་ལམ་བཟུང་ནས། གསུང་གི་རྟེན་ལ་སྣག་ལམ་རེ་རེ་ལ་ལྷ་སྐུ་རེ་རེའི་ཡེ་ཤེས་པ་བཅུག །ཐུགས་དང་སྐུའི་རྟེན་ལ་ལྷ་སྐུ་དཔག་ཏུ་མེད་པ་བསྟིམ། རྨི་ལམ་དུ་རབ་གནས་དཔག་ཏུ་མེད་པ་བྱས་བཞག་པས། རབ་གནས་ལ་ཉེས་པ་བྱས་པ་མི་སྲིད་དོ་གསུངས་སོ། །ཡང་མི་ཤི་བའི་བདུན་ཚིག་ཞུ་བ་བྱུང་ཙ་ན། གཤིན་པོ་དེ་སྙིང་རྗེ། རིགས་དྲུག་གི་གནས་གང་ན་འདུག་བལྟ་དགོས་གསུངས་ཏེ། མཐོ་རིས་སུ་འདྲོངས་པར་ངེས་ཤེས་སྐྱེས་སོ། །ཡང་སྐབས་ཤིག་ཏུ་རླུང་གཟེར་བུ་ཅུང་ཟད་བྱུང་བ་ལ་སྐུ་ཁམས་ཞུས་པས། ད་གཟེར་རམ་རླུང་ལོག་ལ་སོགས་པའི་ཟུག་གི་རྣམ་པ་གང་བྱུང་ཡང་། དང་པོ་ཟུག་ཐོལ་རེ་བ་ཙམ་མ་གཏོགས་པ། དེ་ནས་ཟུག་དེའི་ངོ་བོ་བདེ་ཕྲིལ་ཕྲིལ་བའི་བདེ་བ་ཁོ་ན་འཆར། ཟུག་གི་རྣམ་པ་གང་གིས་ཀྱང་མི་སྟོངས་བར་འདུག་གསུངས། གཞན་ཡང་ཞལ་མཆིལ་བཏབ་པ་དང་། ཁྲུས་ཆབ་འཐུང་བས་ནད་གདོན་ལ་སོགས་པ་སེལ་ནུས་པ་དང་། ཐུགས་རྗེ་ཆེན་པོའི་གཟུངས་ཆུ་དང་སྔགས་རིལ་མང་པོ་མཛད་ཀྱིན་སློང་བ་བྱུང་ཚད་ལ་བྱིན་པས། ནད་དང་། གནོད་པ་དང་། མཛེ་དང་། རྨ་འགྲས་དང་། སྐྲངས་འབུར་དང་། ཤུ་བ་ལ་སོགས་པ་གང་ལ་ཡང་བསྐུས་པ་ཙམ་གྱིས་ཚེགས་མེད་པར་སེལ་བ་ལ་སོགས་པ་ཕན་པ་མང་པོ་བྱུང་ངོ་།
།གཞན་ཡང་ཆོས་ཞུ་བའི་བློ་སྐྱེས་པ་དང་། ལམ་དུ་ཞུགས་པ་དང་། ཞལ་མཐོང་བ་དང་། དབང་བཀའི་ནུབ་མོ་དགེ་སྦྱོར་སྐྱེས་པ་དང་། བླ་མ་ལ་དགོས་པའི་ས་རྡོ་ལེན་པ་དང་། ཆུ་ཤིང་དགུག་པ་ལ་སོགས་པ་ལུས་ངག་གི་ཞབས་ཏོག་གང་བསྒྲུབས་ཀྱང་དགེ་སྦྱོར་འཆར་བ་ལ་སོགས་པ་མང་དུ་བྱུང་ཞིང་མྱོང་བས་ཀྱང་གྲུབ་བོ། །ཆོས་ཀྱི་སྐབས་སུ་འབུལ་བ་བྱུང་བ་ཀུན་ཀྱང་། བླ་མའི་དུས་མཆོད་དང་། ཟླ་མཆོད་དང་། དགེ་འདུན་གྱི་བསྙེན་བཀུར་དང་། གྲལ་འགྱེད་མ་ཎི་འཛུག་པ་དང་། དགེ་ཕྱོགས་ཁོ་ནར་བཏང་ངོ་། །དུས་ཕྱིས་ཕར་སྟེར་ཚུར་སྟེར་གྱི་ལག་ལེན་འདི་ལ་མི་ནུས་པར་གསུངས་ནས། དངོས་པོ་གཅིག་ཀྱང་མི་ལེན་པའི་དམ་བཅའ་མཛད་དོ། །སྐུ་བདེ་བར་གཤེགས་ཙ་ན་བཞུགས་གདན་དང་། ན་བཟའ་ཕྲུག་གཅིག་མ་གཏོགས་པ། གསེར་སེར་བ་གཅིག་གམ། གཞན་ཡོ་བྱད་བྲེ་གང་རི་བ་མ་བཟུང་པ་འདི་ནི་ངོ་མཚར་བ་ཉིད་དོ། །དེ་ལ་ཕྱིར་མི་ལྡོག་པའི་རྟགས་སུ་རིགས་དྲུག་གི་གནས་སྦྱོང་ཤར་བ་དང་། སྐུ་ལ་འབུ་སྲིན་དང་སྲོ་ཤིག་དང་ནག་སྦགས་ལ་སོགས་པའི་མི་གཙང་བའི་རྣམ་པ་གང་ཡང་མེད་པ་དང་། སྐུ་གཟི་མདངས་དང་ལྡན་པ་དང་། ཞལ་མཐོང་བ་ཙམ་གྱིས་དང་བ་འདྲེན་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་མངའ་བས་འགྲོ་མགོན་གཙང་མ་ཞེས་གྲགས་སོ། །ཉམས་ཀྱི་སྣང་བ་རྣམས་ད་ལྟ་ཇི་ལྟར་བདོག་ཞུས་པས། ད་གེགས་ཐམས་ཅད་ལས་གྲོལ་ཉམས་ཐམས་ཅད་ཀྱང་དག །ཆོས་ཟད་སར་སྐྱོལ། རང་སེམས་བླ་མར་རྟོགས། ཆོས་སྐུ་ཕྱག་རྒྱ་ཆེན་པོ་དེ་ཁོར་མར་ཡོད་པ་ཡིན་གསུངས།
།མདོར་ན་བླ་མའི་བྱིན་རླབས་ཞུགས་པ། སྒྱུ་ལུས་འོད་གསལ་འབྱོངས་པ། རྟོགས་པ་མངོན་དུ་གྱུར་པ། ཆོས་བརྒྱད་རང་སར་གྲོལ་བ། ཡི་དམ་གྱི་ལྷ་མང་པོ་ཞལ་གཟིགས་ཤིང་ལུང་བསྟན་ཐོབ་པ། མངོན་པར་ཤེས་པ་ཐོགས་པ་མེད་པར་མངའ་བའི་གྲུབ་ཐོབ་ཆེན་པོར་གྱུར་ཀྱང་། ནང་གི་ཡོན་ཏན་གསང་བ་གནད་ཡིན་གསུངས་ནས་རང་རྒྱུད་པའི་ཚུལ་བཟུང་ནས། ཡོན་ཏན་ཐམས་ཅད་སྦས་པའི་རྣལ་འབྱོར་མཛད་ཅིང་། སྙིགས་མའི་དུས་ཀྱི་འགྲོ་བ་འདྲེན་པའི་དཔལ་མགོན་དམ་པར་གྱུར་ནས། གདུལ་བྱ་སྐལ་པ་དང་ལྡན་པ་མང་པོ་སྨིན་གྲོལ་ལ་བཀོད་དོ། །སློབ་མའང་ཉམས་རྟོགས་དང་ལྡན་པ་དང་། ལམ་སྣ་ཟིན་པ་དང་། སེམས་ངོ་འཕྲོད་པ་ལ་སོགས་པ་འབྲེལ་ཚད་དོན་དང་ལྡན་པ་མང་དུ་བྱུང་ངོ་།
།དེ་ལ་ལུང་བསྟན་བྱུང་བའི་རིམ་པ་ནི། སངས་རྒྱས་གཉན་སྟོན་རིན་ཆེན་གྱིས། །སུམ་ཅུ་རྩ་ལྔའི་སློབ་མ་ལ། །ཐུགས་རྗེ་ཆེན་པོའི་དབང་བསྐུར་མཛད། །དེ་དུས་ཆོས་རྗེ་སྐྱེར་སྒང་དང་། །ཐུགས་རྗེ་ཆེན་པོ་བྱོན་ནས་ཀྱང་། །དག་པ་སུམ་ཅུའི་རྩ་ལྔའི་འཁོར། །ཤར་ཕྱོགས་དག་པའི་ཞིང་དུ་འགྲོ། །མཆོག་གྱུར་གཡོར་སྟོད་བརྒྱུད་འཛིན་དེ། །དེ་ཡི་སློབ་མ་གྲུབ་ཐོབ་ནི། །སྦས་པའི་རྣལ་འབྱོར་བརྒྱ་རྩ་བརྒྱད། །སྐྱེ་བ་འདི་ཡི་འོག་རོལ་དུ། །འགྲོ་བ་དཔག་མེད་འདྲེན་པར་འགྱུར། །ཞེས་པའི་ལུང་བསྟན་བྱུང་བ་དང་། །ཡང་ནི་སངས་རྒྱས་སྟོན་པ་ཡིས། །བསམ་གཏན་བྲག་བསྒོམ་བསྒྲུབ་པའི་ཚེ། །ཡེ་ཤེས་མཁའ་འགྲོ་བྱོན་ནས་ཀྱང་། །མུ་ཏིག་ཕྲེང་བ་བརྒྱ་རྩ་གཏད། །གྲུབ་ཐོབ་སྦས་པའི་རྣལ་འབྱོར་འབྱུང་། །སྐྱེ་བ་ཕྱི་མ་དེ་རྣམས་ཀྱིས། །གདུལ་བྱ་དཔག་མེད་འདྲེན་པར་འགྱུར། །སློབ་མའི་ལུང་བསྟན་དེ་འདྲར་བྱུང་། །འགྲོ་མགོན་ཤངས་སྟོན་ཞལ་སྔ་ནས། །ཤར་ཕྱོགས་དག་པའི་ཞིང་ཁམས་སུ། །སངས་རྒྱས་སྟོན་པའི་དྲུང་དུ་འགྲོ། །ལུང་བསྟན་འཁོར་གྱི་ཐོག་མ་ཡིན། །དག་པའི་འཁོར་དང་ཞིང་ཁམས་སོགས། །ཕྱི་མ་འགྲོ་དོན་དཔག་ཏུ་མེད། །ས་ཡི་ཡོན་ཏན་རྫོགས་པར་འཆར། །བཅུ་བཞིའི་ས་མཆོག་མངོན་སངས་རྒྱས། །ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། །ཆོས་རྗེའི་དྲུང་དུ་ཆུང་བསྒོམས་ཀྱང་། །ཟངས་ཀྱི་ཕྱིན་པས་ཆོག་པར་ཡོད། །དེ་ལྟར་ལན་གྲངས་མང་དུ་གསུངས། །དེ་ནས་སྐུ་གཤེགས་ཁར་གྲིབ་ལྟ་བུ་ཞིག་ལ་བརྟེན་ནས་སྐུ་ཁམས་ཅུང་ཟད་ལྟེམ་པའི་དུས་སུ། གསོལ་མི་གདའ་བ་ཙམ་མ་གཏོགས་པ། སྐུ་ལ་སྙུང་ཟུག་གི་རྣམ་པ་གང་ཡང་མེད། ཟུག་གི་ངོ་བོ་བདེ་བར་ཤར་བ། སྙུང་གཡོག་སླ་བ། སྙུང་གཡོག་བྱེད་རིགས་ལ་རིག་པ་དྭངས་བ། དགེ་སྦྱོར་འཕེལ་ཞིང་བྱིན་རླབས་འཇུག་པ་དང་། གཞན་ཡང་རུས་པ་དང་། རིན་པོ་ཆེ་དང་། དར་གྱི་ཅོད་པན་དང་། ལྷབ་ལྷུབ་ལ་སོགས་པའི་རྒྱན་ཆ་སྣ་ཚོགས་ཀྱིས་བརྒྱན་པའི་མཁའ་འགྲོ་མ་དང་། དཔའ་བོ་དང་། ཆོས་སྐྱོང་ལ་སོགས་པའི་མི་མ་ཡིན་པས། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ཕྱེ་མ་ཕུར་མ་དང་། རོལ་མོ་ལ་སོགས་པ་སྣ་ཚོགས་ཐོགས་ནས་མཆོད་པ་འབུལ་ཞིང་མཁའ་སྤྱོད་དུ་གདན་འདྲེན་པ་མང་པོ་རྨི་ལམ་དུ་མཐོང་ཞིང་། ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་མངའོ། །བླ་མ་སངས་རྒྱས་སྟོན་པའི་ཟླ་མཆོད་དང་དུས་མཆོད་མཛད་པའི་དུས་སུ་དགེ་བ་ལ་སྔ་བུར་དགའ་བ་ཡིན་གསུངས་ནས། སྔར་ནས་ཀྱང་ཚེས་བཅོ་ལྔ་ཁོ་ན་ལ་མཆོད་པ་མཛད་དོ། །རིན་པོ་ཆེ་པ་ཡང་བྱ་ལོ་ཟླ་བ་ལྔ་པའི་ཚེས་བཅོ་ལྔའི་སྔ་དྲོའི་ཆ་ལ། སྐུ་ལ་འདས་གྲོངས་མི་མངའ་ཡང་གདུལ་བྱ་རྟག་པར་འཛིན་པའི་འདུ་ཤེས་བཟློག་པ་དང་། ལེ་ལོ་ཅན་རྣམས་དགེ་ལ་བསྐུལ་བའི་ཕྱིར་ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་དང་བཅས་ནས་དགུང་ལོ་བདུན་ཅུ་དོན་དྲུག་པ་ལ་བདེ་བར་གཤེགས་པའི་ཚུལ་བསྟན་ནོ།
།ཚད་མེད་ཐུགས་རྗེའི་ཉི་མའི་དཀྱིལ་འཁོར་ལས། །སྨིན་གྲོལ་བཀའ་དྲིན་གསལ་བའི་འོད་འཕྲོས་པས། །མུན་བསལ་བློ་ཡི་པདྨོ་ཁ་བྱེ་ནས། །གདུལ་བྱའི་རིགས་ལ་ཉེ་བར་ནུབ་ཚུལ་བསྟན། །ཤེས་རབ་མཁའ་ལ་ཐབས་ཚོགས་ཆུ་འཛིན་འཁྲིགས། །སྤོབ་པའི་གློག་འགྱུ་ཟབ་རྒྱས་འབྲུག་སྒྲ་སྒྲོགས། །གདུལ་བྱའི་ལོ་ཏོག་རྒྱས་མཛད་ཐུགས་རྗེའི་སྤྲིན། །ཆོས་སྐུའི་མཁར་གཤེགས་མྱ་ངན་འདའ་ཚུལ་བསྟན།
དེ་ལ་སྐུ་གཤེགས་ནས་སྤུར་གྱི་དྲུང་དུ་བསྡད་པ་དང་། སྤུར་ལ་འཇུས་པ་དང་། ཞབས་ཏོག་བྱས་པ་ཐམས་ཅད། རིག་པ་སྔར་བས་དྭངས་པ། ཞག་མང་པོར་གཉིད་གཡེལ་ནས་འགྲོ་ཞིང་གཉིད་བྲོ་བ་མི་འོང་བ་དང་། འཇའ་འོད་ལ་སོགས་པ་ཞག་མང་པོའི་བར་དུ་རྒྱུན་ཆད་མེད་པར་བྱུང་བ་ཐམས་ཅད་ཀྱིས་མངོན་དུ་གྱུར་པ་དང་། སྤུར་དང་གདུང་ལ་མི་མ་ཡིན་མང་པོས་མཇལ་བ་དང་། བསྐོར་བ་བྱེད་པ་དང་། འབུལ་བ་བྱེད་པ་ལ་སོགས་རྨི་ལམ་དུ་མཐོང་བ་དང་། ཕྱི་རབས་ཀྱི་གང་ཟག་མོས་པའི་རྟེན་དུ་སྐུ་གདུང་ལས་རིང་བསྲེལ་མང་པོ་བྱོན་ནོ། །དེ་ལ་བླ་མའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་ཅིང་། འདིར་བདག་གིས་སྐབས་སུ་བབས་པ་འགའ་རེ་ཞུས་པ་རྣམས་ཇི་ལྟར་གསུངས་པ་ཡི་གེར་བཀོད་པའོ། །ཡང་བདག་གི་རྨི་ལམ་དུ་བླ་མའི་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། མངོན་པར་ཤེས་པ་དང་། གཟུངས་དང་། རྫུ་འཕྲུལ་དང་། སྐུ་དང་། ཞིང་ཁམས་དང་། གདུལ་བྱ་དང་། མཛད་པའི་ཕྲིན་ལས་བློས་དཔག་པར་མི་ནུས་པ་ཞིག་བྱུང་བ་ཡིན། ཚ་གོང་དུ་ཡི་གེར་བཀོད་ན་བློ་ལ་འདུག་པ་ལ། རྟིང་ནས་ག་ལེར་ཡི་གེར་བཀོད་པས་ཆོག་བསམ་ཙ་ན། ཕྱིས་བརྗེད་ནས་བློ་ལ་ར་རིར་སོང་ནས་བཀོད་རྒྱུ་མ་བྱུང་ངོ་། །གཞན་ཕྲ་ཞིབ་དང་བཅས་པ་བཀོད་པ་བཀའ་ཡིས་མ་གནང་བས་མ་བཀོད་དོ། །མདོར་ན་བླ་མ་ལ་མོས་གུས་སྐྱེས་ན་མ་བསྒོམས་ཀྱང་དེ་གཅིག་པུས་ཆོག་པར་ཐག་ཆོད་ངེས་ཤེས་སྐྱེས་སོ། །སྙུང་གཡོག་བྱེད་པའི་དུས་སུ་རྨི་ལམ་དུ་རིན་པོ་ཆེ་བས། རིན་པོ་ཆེ་སྣ་ལྔ་ལས་བྱས་པའི་དབུ་རྒྱན་ཞིག་བསྣམས་ནས་བྱོན་ནས་དེ་བདག་གི་མགོ་ལ་བཀོན་ནས། བརྒྱུད་པ་མི་ཉམས་པར་བྱ་བའི་དོན་དུ་དབང་ཞུ་མགོ་ལ་བཀོན་པ་ཡིན་ནོ་གསུངས་སོ།
གདོད་ནས་རྣམ་དག་གསེར་གྱི་ས་གཞི་བརྟན། །འོད་གསལ་བརྗོད་མེད་རྒྱ་མཚོའི་གཏིང་མཐའ་ཟབ། །གསལ་སྟོང་འཛིན་མེད་རིན་ཆེན་ཡོངས་བལྟམས་པ། །སྐུ་གསུམ་རང་ཤར་ཆོས་རྗེ་རྒྱ་མཚོ་ཡི། །ཡོན་ཏན་ཕྲིན་ལས་གཏིང་མཐའ་ག་ལ་དཔོག །འོན་ཀྱང་དད་པའི་སྙིམ་པས་མདུན་ནས་བླངས། །ཡིད་ཆེས་ངོམས་འཐུང་མཚན་འཛིན་གདུང་བ་ཞི། །འཐུང་ཡང་འཕེལ་འབྲི་མེད་པ་རྒྱ་མཚོའི་གཏེར། །རྣམ་ཐར་ཆུ་ཐིགས་ཙམ་ཞིག་བརྗོད་པ་ཡི། །དགེ་བས་མཁའ་མཉམ་འགྲོ་ཀུན་བསམ་རྒྱུད་ལ། །བྱིན་རླབས་རབ་ཞུགས་ཏིང་འཛིན་མཐར་ཕྱིན་ནས། །ཕྱག་རྒྱ་ཆེན་པོའི་དཔལ་ལ་སྤྱོད་པར་ཤོག
།བླ་མ་མཁས་གྲུབ་རྟོགས་ལྡན་ཤངས་སྟོན་རིན་པོ་ཆེའི་རྣམ་པར་ཐར་པ་མདོ་ཙམ་ཡི་གེར་བཀོད་པའོ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝནྟུ།། །།

Revision as of 13:38, 23 November 2018

Resource ID SCv1p421
Title shangs ston pa'i rnam thar
Topics Biography (namthar)
Associated Person Tsangma Shangtön