Difference between revisions of "Nyams myong yon tan rgya mtsho"

From Shangpa Resource Center
 
Line 3: Line 3:
 
|Tibetan Title=ཉམས་མྱོང་ཡོན་ཏན་རྒྱ་མཚོ།
 
|Tibetan Title=ཉམས་མྱོང་ཡོན་ཏན་རྒྱ་མཚོ།
 
|Wylie Title=nyams myong yon tan rgya mtsho
 
|Wylie Title=nyams myong yon tan rgya mtsho
 +
|Other titles=bi ha ra tis+ma
 
|Subject=Six doctrines of Niguma
 
|Subject=Six doctrines of Niguma
 
|SubTopics=Instructions
 
|SubTopics=Instructions

Latest revision as of 17:19, 11 July 2025








Resource ID ST2
Title nyams myong yon tan rgya mtsho
Alt. title bi ha ra tis+ma
Topics Six doctrines of Niguma
Sub-Topics Instructions
Author Sangyé Tönpa
Associated Person Sangyé Nyentön
Link BDRC W4CZ58783 (p.357)
BUDA MW2PD20238 (p.542 alt. version)
BDRC W3CN18508 (v2p.436)
BDRC W8LS32723
BDRC W22103 (p.330)

༄༅། །ཉམས་མྱོང་ཡོན་ཏན་རྒྱ་མཚོ་བཞུགས་སོ།།

ན་མོ་རཏྣ་གུ་རུ།
མཁའ་ལྟར་དག་པའི་ཆོས་སྐུ་ལ། །སྣང་སྟོང་སྒྱུ་མའི་གཟུགས་སྐུ་ཡིས། །སེམས་ཅན་སྨིན་ཅིང་གྲོལ་མཛད་པའི། །བླ་མ་རྣམས་ལ་ཕྱག་འཚལ་ལོ།
།དལ་འབྱོར་བཅོ་བརྒྱད་མི་ལུས་འདི། །ཨུ་དུཾ་ཝ་རའི་མེ་ཏོག་བཞིན། །རྙེད་པར་དཀའ་ལ་འཇིག་པར་བསླ། །སྐྱེས་པའི་མཐའ་ནི་འཆི་བ་སྟེ། །ལོ་ཟླ་ཞག་དང་སྐད་ཅིག་ཀྱང་། །ཚེ་འདི་མི་རྟག་འགྲོ་བར་འགྱུར། །ལང་ཚོ་དར་ལ་བབ་པ་ཡང་། །ཆུ་ཡི་ཆུ་བུར་དག་དང་མཚུངས། །ནམ་འཆི་སུས་ཀྱང་ཤེས་པ་དཀའ། །འཆི་བའི་ཚེ་ན་ཉེ་དུ་དང་། །གཉེན་འབྲེལ་ཐམས་ཅད་བཞག་ནས་འགྲོ། །ཟས་ནོར་ཕྱོགས་སུ་སྲོག་བཏང་ནས། །བསགས་ཀྱང་སོགས་ཤིང་ཟོས་པ་ཉུང་། །ཁང་བཟངས་ལྟ་བས་ཆོག་མི་ཤེས། །བརྩིགས་པ་གཞན་གྱིས་ཁྱེར་བ་དང་། །བཞག་ནས་འགྲོ་བ་མ་མཐོང་ངམ། །དེ་ལྟར་འདུས་བྱས་མི་རྟག་ཅིང་། །གཤིན་རྗེའི་ཕོ་ཉ་ཡེངས་པ་མེད། །འཆི་བདག་དབང་དུ་མྱུར་འགྲོ་བས། །སང་བྱའི་ཕྱི་ཤོལ་མང་པོ་ཡིས། །ལོང་ཡོད་སྙམ་དུ་མ་སེམས་པར། །འབད་པ་ཆེན་པོའི་བརྩོན་འགྲུས་ཀྱིས། །གཡེང་པ་ཡོངས་ལ་དབེན་པ་རྟེན། །འཇིག་རྟེན་འདི་ཡི་བདེ་སྐྱིད་དང་། །སྙན་གྲགས་ཐམས་ཅད་དར་གཅིག་སྟེ། །རྩ་ཁའི་ཟིལ་པ་ལྟ་བུ་ཡིན། །བཟོད་པར་དཀའ་ལ་རྒྱུན་རིང་པའི། །འཁོར་བ་མཐའ་མེད་རྒྱ་མཚོ་འདིར། །དེ་སྔ་ཆགས་སྡང་རླབས་ཀྱིས་བསྐྱོད། །དེ་ཡང་ལེ་ལོ་རྙོམས་ལས་རྣམས། །དོར་ནས་སྒྲུབ་པ་མ་བྱས་ན། །བརྩོན་ར་ལྟ་བུའི་འཁོར་བ་ནས། །ཐར་པའི་དུས་དང་སྐབས་མེད་པས། །དེ་ལ་སྐྱོ་ཤས་དྲག་པོ་བསྐྱེད། །བློ་སྣ་བསྟུངས་ལ་བསྒྲུབ་པ་གྱིས། །བསྒྲུབ་པ་བྱེད་པའི་དུས་ཉིད་དུ། །ལྟོ་གོས་བསམ་པར་མི་བྱ་བར། །འཁོར་བའི་སྡུག་བསྔལ་དྲན་པར་དང་། །བླ་མ་རྒྱུན་ཆད་མེད་པར་བསྒོམས། །སེམས་ཉིད་ལས་སུ་རུང་པ་ལ། །མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱིས། །དགོས་དགུ་གཏེར་ཞིང་བར་ཆད་བསྲུང་། །ལྷ་ཀླུ་དྲི་ཟ་ལ་སོགས་ཀྱིས། །མཆོད་ཅིང་བསྟོད་པའི་གནས་སུ་བྱེད། །དེས་ནས་བླ་མའི་གདམས་པ་རྣམས། །ཡེངས་པ་མེད་པར་བསྒྲུབ་པར་བྱ།
དེ་ལ་ཚེ་གཅིག་ལུས་གཅིག་གིས་སངས་རྒྱ་བར་བྱེད་པ་ལ། ཟུང་འཇུག་རྣམ་པ་གསུམ་ཤེས་དགོས་ཏེ། དེ་ཡང་གཞི་ཟུང་འཇུག་མ་ཤེས་ན་ལམ་མི་ཤེས། ལམ་ཉམས་སུ་ལེན་མ་ཤེས་ན། འབྲས་བུ་ཐམས་ཅད་མཁྱེན་པའི་སངས་རྒྱས་མི་འབྱུང་ངོ་།
དང་པོ་གཞི་ནི། གདོད་མ་ནས་སེམས་ཀྱི་ངོ་བོ་ཅིར་ཡང་མ་གྲུབ་པ་དེ་ཟབ་པ། དེ་ལས་འགག་མེད་ཀྱི་རྩལ་སྣ་ཚོགས་སུ་ཤར་བ་ནི་རྒྱ་ཆེ་བའོ། །དེ་གཉིས་ཐ་དད་ཡིན་ནམ་ཞེ་ན་མ་ཡིན་ཏེ། གཞི་སྐྱེ་མེད་དེ་ལས་འགག་མེད་སྣ་ཚོགས་སུ་འཆར་ལ། སྣ་ཚོགས་སུ་ཤར་ཡང་། དེའི་ངོ་བོ་སྐྱེ་འགག་གནས་གསུམ་དང་བྲལ་བས། གཞི་ཟུང་འཇུག་ཡིན་ནོ། །དེ་ལས་ཀྱང་འདིར་ལམ་ཉམས་སུ་ལེན་པའི་དབང་དུ་བྱས་ནས། རང་ཉིད་དབེན་པའི་གནས་སུ་ཕྱིན་ལ། འཁོར་བ་ལ་སྐྱོ་ཤས་དྲག་པོ་བསྐྱེད་པར་བྱ་སྟེ། ཨ་ཙ་མ་བདག་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས། ཐ་མ་ད་ལྟ་ལ་ཐུག་གི་བར་དུ། ཇི་ཙམ་པའི་ཆགས་སྡང་བསགས་ཤིང་། དེ་རྣམས་དགོས་མེད་དུ་མ་ཤེས་པར་ཨ་འཐས་སུ་བཟུང་པས་འཁོར་བར་འཁྱམས་པ་ཡིན། ད་བདག་གིས་དགོས་མེད་ལ་དགོས་མེད་དུ་ཤེས་པར་བྱ་དགོས། སྙམ་དུ་བསམ་ནས་སེམས་བསྐྱེད་པར་བྱ་སྟེ། སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ལ་དགོད་པར་བྱ། དེའི་ཆེད་དུ་བདག་གིས་ཡང་དག་པའི་གདམས་པ་འདི་ཉམས་སུ་བླང་སྙམ་དུ་བསམ་མོ།
།དེ་ནས་ཚད་མེད་པ་བཞིའི་དང་པོ། བྱམས་པ་བསྒོམ་པ་ནི། ཁམས་གསུམ་གྱི་སེམས་ཅན་འདི་རྣམས་མ་ཡིན། མ་འདི་རྣམས་སྡུག་བསྔལ་མཐའ་དག་དང་བྲལ་ནས། བདེ་བ་དང་ལྡན་ན་ཅི་མ་རུང་སྙམ་དུ་བསམ། སྙིང་རྗེ་ནི་མ་འདི་རྣམས་དྲིན་ཆེ་བ་ཤ་རྟག་ཡིན་པ་ལ། འགྲོ་བ་རིགས་དྲུག་གི་སྡུག་བསྔལ་འབའ་ཞིག་ལ་ལོངས་སྤྱོད་པ་འདི་རྣམས་སྙིང་རེ་རྗེ་ཨང་སྙམ་དུ་བསྒོམ། ཡང་མ་མ་འདི་རྣམས་སྡུག་བསྔལ་དང་བྲལ་ནས་བདེ་བ་དང་མི་འབྲལ་བ་ལ་སྤྲོ་བ་ནི། དགའ་བ་བསྒོམ་པའོ། །དེ་ལྟར་ཚད་མེད་གསུམ་པོ་དེ་རྒྱུན་ཆད་དམ་ཕྱོགས་རིས་མེད་པ་ནི་བཏང་སྙོམས་སྒོམ་པ་ཞེས་བྱའོ།
།དེ་ནས་དངོས་གཞི་སྒྱུ་ལུས། རྨི་ལམ། འོད་གསལ་ཉམས་སུ་ལེན་པ་རྣམས་ཀྱིས། ཆོས་གསུམ་དང་ལྡན་པར་བྱ་སྟེ། དེ་ཡང་དབང་པོ་རབ་གྲོགས་སུ་བླ་མ་དམ་པ་བསྟེན་པ། འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་ཁྲིད་པ། ཐ་མ་མལ་གཅིག་ཏུ་ཏིང་ངེ་འཛིན་བསྐྱེད་པའོ།
།དང་པོ་ནི། རང་ཡི་དམ་གང་ཡིན་དུ་བསྐྱེད་པའི་སྤྱི་བོར་པད་མ་དང་ཉི་ཟླའི་སྟེང་དུ། རང་གི་རྩ་བའི་བླ་མ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། ཞལ་འཛུམ་པའི་མདངས་དང་ལྡན་པ། འོད་དང་འོད་ཟེར་གྱི་ཕུང་པོ་སྣང་ལ་རང་བཞིན་མེད་པ་གཅིག་བསྒོམ༼མཚན་ཐོས་པ་ཙམ་གྱིས་ཕྱིར་མི་ལྡོག་པའི་ས་ཐོབ་པ༽། དེ་ལ་བརྒྱུད་པའི་བླ་མ་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྟིམ་ནས། གསོལ་བ་གདབ་པར་བྱ་སྟེ།
བླ་མ་རིན་པོ་ཆེ། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་མཛད་དུ་གསོལ༼རྨི་ལམ་འབྱོངས་པར་མཛད་དུ་གསོལ༽། སྒྱུ་མ་ལ་སྒྱུ་མར་ངོ་ཤེས་པར་མཛད་དུ་གསོལ༼སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་འབྱོངས་པས་མཐར་ཕྱིན་པར་མཛད་དུ་གསོལ༽། ཞེས་མོས་གུས་ཐུན་མོང་མ་ཡིན་པ་རྒྱུན་ཆད་མེད་པར་བྱས་པས། ཇི་ལྟར་འདུག་ཀྱང་། བླ་མའི་སྣང་པ་དང་མི་འབྲལ་བར་བླ་མ་ལ་ཆོས་སྐུའི་འདུ་ཤེས་བསྐྱེད་ནས། འབད་རྩོལ་མེད་པར་རྨི་ལམ་རང་ཟིན་ལ་འོང་ཞིང་། སྦྱོང་སྤེལ་དང་ཡུལ་སྣང་གཏན་ལ་འབེབས་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་འབྱུང་ངོ་༼དང་པོ་འོད་གསལ་ཕྱག་རྒྱ་ཆེན་པོ།༽
།གཉིས་པ་༼དབང་པོ་འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་ཁྲིད་པ་ནི།༽ལོ་ཀའི་གཏམ་དང་མདོ་འདོན་པ་ལ་སོགས་པའི་ཚིག་གཞན་གྱིས་བར་མ་ཆོད་པར་བྱས་ལ༼སྒྱུ་མ་རྨི་ལམ་དུ་ཁྱེར༽། རང་ཡི་དམ་དུ་བསྒོམ། དེ་ཡི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཐམས་ཅད་སྣང་བ་གཟུགས་སུ་གྲུབ་ལ། རེག་པ་གཟུགས་སུ་མ་གྲུབ་པ། མེ་ལོང་ནང་གི་གཟུགས་བརྙན་ནམ། ཆུ་ཟླའམ། འཇའ་ཚོན་ལྟ་བུར་བསྒོམས་ནས། འདི་ཐམས་ཅད་ཀྱང་སྣང་ནི་སྣང་། བདེན་ནི་མི་བདེན། འདི་༼རྨི་ལམ་ཡིན་སྒྱུ་མ་ཡིན་སྙམ་པ་བྱའོ། ལྷའི་སྐུ་མདོག་ཕྱག་མཚན་༽ལྟ་བུའི་ཆོས་ཉིད་འདི་ལྟ་བུའི་རང་བཞིན་ཅན་ཡིན་ཏེ། སྣང་པ་ཐམས་ཅད་རང་གི་སེམས་ཀྱི་རྣམ་འཕྲུལ་༼ལ་བློས་བཀོད་པ་༽མ་གཏོགས་པ། ཕྱི་རོལ་དོན་ལོགས་སུ་གྲུབ་པ་གཅིག་ཀྱང་མི་འདུག་ཨང་སྙམ་དུ་བསམས་ནས། ལུས་ལྷ་ངག་སྔགས་སེམས་ཆོས་ཉིད་ཀྱི་འཁོར་ལོ་དང་ལྡན་པར་སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ་མ་ཡེངས་པར་འདུན་པ་དྲག་པོ་བྱའོ།
།དེ་ལྟར་འཁོར་ལོ་གསུམ་ལྡན་གྱི་ལྷ་སྐུ་དེ་ལ། སྣང་པའི་ཆ་གཅིག་འདུག་པ་དེ་བསྐྱེད་རིམ། དེའི་ངོ་བོ་ངོས་བཟུང་ཐམས་ཅད་དང་བྲལ་བ། མཚན་ཉིད་བློ་ཡི་ཡུལ་ལས་འདས་པ་དེ་རྫོགས་རིམ། དེ་གཉིས་ཀྱང་སྣང་སྟོང་དབྱེར་མེད་བདེ་བ་ཆེན་པོའི་སྐུ་ཡིན་ནོ། །དེ་ལྟར་ཉིན་པར་གྱི་དུས་སུ་ལྷ་སྐུ་ཞེན་པའི་དྲི་མ་དང་བྲལ་བ་དེ་ཉིད་ལ། མ་ཡེངས་པར་བྱས་པས། མཚན་མོ་གཉིད་དུ་འགྲོ་བའི་ཚེ་ཉིན་པར་གྱི་རྟོག་པ་འགགས་པ་དང་། སྔར་གྱི་མདུན་པའི་རྒྱབ་ཀྱིས། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ལྷ་སྐུ་རང་ཤར་དུ་ལམས་ཀྱིས་འབྱུང་། དེ་རྨི་ལམ་དུ་ཤེས། རྨི་ལམ་དེ་ཉིད་ཀྱང་མི་བདེན་པ་སྒྱུ་མར་ཤེས། སྒྱུ་མ་སྒྱུ་འཛིན་པ་ཙམ་པོ་༼དང་གི་བློས་གཟུངས་པ༽དེ་ཡང་བྲལ་ནས། ༼སྒྱུ་མ་བློ་བྲལ་བ༽འོད་གསལ་ཕྱག་རྒྱ་ཆེན་པོ་སྐྱེ་འགག་གནས་གསུམ་དང་བྲལ་བར་དུས་དེར་རྟོགས་སོ། །དེ་ལྟར་སྐྱེ་བ་མེད་པ་དེ་ཉིད་ལས། གཟུགས་སྐུ་གཉིས་འགག་མེད་རང་ཤར་དུ་བྱུང་ནས། དེ་འཁོར་བའི་རྒྱ་མཚོ་མ་སྟོངས་ཀྱི་བར་དེ་སྲིད་དུ་གཞན་དོན་ལྷུན་གྲུབ་རྒྱུན་ཆད་མེད་པར་༼དབང་པོ་རབ་ལ་༽འབྱུང་ངོ་།
།གསུམ་པ་ནི། མོས་གུས་དང་མདུན་པ་ཞན་པའི་སྟོབས་ཀྱིས། གོང་མ་བཞིན་མ་བྱུང་ན༼དབང་པོ་ཐ་མ་མལ་གཅིག་ཏུ་ཏིང་ངེ་འཛིན་བསྐྱེད་པ་ནི། ཉིན་པར་སྒྱུ་མ་རང་ཤར་མི་འབྱུང་མི་སྲིད་པའི་གནད༽། རང་ཡི་དམ་དུ་བསྒོམས་པའི་ལྟེ་བར་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བའི་གཅིག་གི་ནང་དུ། འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་བསྒོམས་ནས། འདི་རྣམས་རྨི་ལམ་ཡིན་སྒྱུ་མ་ཡིན་ཨང་སྙམ་དུ་འདུན་པ་དྲག་པོ་༼མཉམ་བཞག་གི་དུས་སུ་༽བྱའོ། །ཡང་༼རྗེས་ཤེས་དུས་སུ་༽ཕྱི་རོལ་གྱི་གཟུགས་ཡིད་དུ་འོང་པ་དང་། མི་འོང་པ་དང་། སྒྲ་སྙན་པ་དང་། མི་སྙན་པ་ལ་སོགས་པ། ཆགས་སྡང་གི་ཡུལ་སྣ་ཚོགས་མཐོང་བའི་དུས་སུ་དང་། བྱ་བ་དང་བྱེད་པ་སྤྱོད་ལམ་རྣམ་པ་བཞི་ཐམས་ཅད་ཀྱི་དུས་སུ་ཡང་འདི་རྣམས་ཐམས་ཅད་རྨི་ལམ་ཡིན་སྒྱུ་མ་ཡིན། མི་བདེན་བརྫུན་པའི་རང་བཞིན་ཅན་ཡིན་སྙམ་པའི་མདུན་པ་རྩེ་གཅིག་ཏུ་རྒྱུན་ཆད་མེད་པར་བྱའོ། །དེས་༼མཉམ་བཞག་དང་རྗེས་ཤེས༽སྒྱུ་མ་རང་ཤར་དུ་མི་འབྱུང་མི་སྲིད་དོ། །དེ་ལ་སྒྱུ་ལུས་རྨི་ལམ་ལ་སོགས་པ་གང་བསྒོམ་ཡང་དེའི་དུས་སུ་རྣམ་རྟོག་བྱུང་ཚད་རྨི་ལམ་དུ་ཤེས་པར་བྱའོ། །དེ་ལྟར་ཉིན་པར་གྱི་དུས་སུ། འདུན་པ་རྩེ་གཅིག་ཏུ་བཏང་ནས། གཉིད་དུ་འགྲོ་ཁར་རང་ཡི་དམ་དུ་བསམ་པའི་སྤྱི་བོ་ནས། ཧཾ་ལས་ཐིག་ལེ་དཀར་པོ་གཅིག་སྙིང་ཁར་བྱུང། དེས་གཏི་མུག་དག་པར་བསམ། ནོར་བུའི་ཧཱུྃ་ལས་ཐིག་ལེ་དམར་པོ་གཅིག་བྱུང་། དེས་སྙིང་ཁར་སླེབ་པ་དང་འདོད་ཆགས་སངས་དག་པར་བསྒོམ། །ཞེ་སྡང་རང་དག་ཡིན་གསུང་། དེ་ནས་ཐིག་ལེ་གཉིས་པོ་སྙིང་ཁར་འཁོར་བ་བུམ་དབང་། ཐིག་ལེ་གཅིག་ལ་གཅིག་རེག་པ་དེ་གསང་དབང་། རེག་པས་བདེ་བ་འབྱུང་པ་དེ་ཤེས་རབ་ཡེ་ཤེས། གཅིག་ལ་གཅིག་ཐིམ་ནས་མཐར་འོད་དུ་ཡལ་ཏེ་སྟོང་སངས་སོང་ནས། སྐྱེ་མེད་ཕྱག་རྒྱ་ཆེན་པོའི་ངང་ལ་རྟོག་པ་གཞན་གྱིས་བར་མ་ཆོད་པར་གཉིད་ལོག་གོ
།དེ་ནས་གཉིད་དང་རྨི་ལམ་གྱི་བར་དེར་མ་ཡེངས་པར་བྱས་ནས། རྨི་ལམ་ཡིན་སྙམ་པའི་འདུན་པ་ཡང་ཡང་བཏང་པས། ལྷ་སྐུའམ། མེའམ། ཆུའམ་གྱི་ལ་སོགས་པའི་རྟོག་པ་རིམས་པ་འབྱུང་སྟེ། དེ་ལྟར་རྟོག་པ་གང་བྱུང་པ་དེ་རྨི་ལམ་གྱི་རྒྱུ་ཡིན་པས། དངོས་ཟིན་པར་བྱས་ལ། འོག་རླུང་སྐུམ་བྱས་སྟེ༼མིག་མི་འབྱེད་པར་རྨི་ལམ་གྱི་རྒྱུ་ཡི་གེ་ཨཾ། རྨི་ལམ་ཟིན་པར་བྱེད་པའི་རྒྱུ། གཉིད་དང་རྨི་ལམ་གྱི་བར་གྱི་རྟོག་པའོ༽། གང་ཟིན་པ་དེ་དཔག་ཏུ་མེད་པར་སྤྲུལ་ལོ། །རྨི་ལམ་ཡིན་སྒྱུ་མ་ཡིན་སྙམ་པའི་དྲན་འདུན་དྲག་པོ་བྱས་པས། ༼རྒྱུ་གཉིད་དང་རྨི་ལམ་གྱི་རྟོག་པས་༽རྨི་ལམ་ཟིན་མ་ཐོག་སད་འབྱམས་སུ་མི་འགྲོ་ཞིང་། སྦྱོང་སྤེལ་ཡུན་རིང་དུ་བྱར་འབྱུང་གསུང་ངོ་།
།དེའི་དུས་སུ་ཡ་ང་བ་བྱུང་ན། ཉིན་པར་གྱི་འདུན་པ་ཞན་པ་ཡིན་པས། འདི་ལྟར་བསམས་ཏེ། འདི་ནི་ཡིད་ཀྱི་ལུས་ཡིན་ན། རྣམ་སྨིན་གྱི་ལུས་ནི་མལ་ན་ཡོད། །འདི་ལ་འཇིགས་པ་དང་ཡ་ང་བ་ཅི་ཞིག་ཡོད་སྙམ་དུ་བསམས་ནས། འོག་རླུང་སྐུམ་བྱས་ནས་ནམ་མཁའ་ལ་འཕུར་བ་ལ་སོགས་པ་བྱས་པས་སྟོབས་ཆེན་པོ་འབྱུང་ངོ་།
།དེ་ལྟར་བྱས་པས་རྨི་ལམ་ལ་རྨི་ལམ་དུ་ཤེས་ནས་ཡུལ་སྣང་གཏན་ལ་ཕེབས་པ་འབྱུང་སྟེ། དབང་པོ་འབྲིང་གིས་རང་ཡི་དམ་དུ་བསྒོམས་པའི་སྤྱི་བོ་ནས། ཧཾ་ལས་ཐིག་ལེ་དཀར་པོ་སྙིང་ཁར་བྱུང་། གསང་གནས་ཀྱི་ཧཱུྃ་དང་། ལྟེ་བའི་ཨ་གཉིས་ལས་ཐིག་ལེ་དམར་པོ་སྙིང་ཁར་བྱུང་སྟེ། ཐིག་ལེ་གསུམ་པོ་དེ་ལས་འོད་ཟེར་བྱུང་ནས། རང་གི་སྣ་བུག་ན་ཕར་འཕྲོས་ཏེ། གང་ལྟ་བའི་ཡུལ་ལམ། ཡི་དམ་གྱི་ཐུགས་ཀ་ལ་སོགས་པར་ཐིམ་པར་བསྒོམ། དེ་ནས་རང་གི་སྙིང་ཁའི་འོད་ཟེར་དང་། དེ་གཉིས་རླུང་གི་འབྲེལ་ཐག་མ་ཆོད་པར་བྱས་ནས། སྐྱ་ན་རེ་བ་དེ་ལ་སེམས་གཏད་དོ། །དེས་ཇི་ལྟ་བ་བཞིན་མཐོང་ངོ་། །དེ་ཡང་ཡུལ་སྣང་གཏན་ལ་ཕེབས་པའི་ དུས་སུ་རྣམ་སྨིན་གྱི་ལུས་ཚོལ་བ་དང་། མ་རྙེད་ཀྱི་དོགས་པའི་སྡུག་བསྔལ་བྱུང་ན། དེ་ནི་རླུང་གི་འཇུག་པ་མ་ཆོད་པ་ཞེས་བྱ་བའི་སྐྱོན་ཡིན་ཏེ། མདོར་ན་ཉིན་མོ་སྒྱུ་མ་རང་ཤར་དུ་མ་བྱུང་པས་ལན་པ་ཡིན། །རྨི་ལམ་སྒྱུ་མའི་འདུན་པ་ཞན་པའི་སྐྱོན་ཡིན་ནོ།
།དེ་ལ་རླུང་གི་འཇུག་པ་ཕྲ་མོའི་དུས་སུ་༼འཁྲུལ་པའི་བག་ཆགས་དག་པའི་དུས་སུ་༽ཡུལ་སྣང་ལྟ་ཞིང་། རྣམ་སྨིན་གྱི་ལུས་གདན་ཡོད་ཀྱང་ཇི་ལྟ་བ་བཞིན་ཤེས་སོ།
།དབང་པོ་ཡང་རབ་དེས་བག་ཆགས་འཁྲུལ་པའི་རླན་དང་བྲལ་ནས། ཡུལ་སྣང་གང་ལྟ་བར་འདོད་པ་དེ། བསམས་པ་ཙམ་གྱིས་ཇི་ལྟ་བ་བཞིན་དུ་མཐོང་ངོ་།
།དེ་ལ་༼དབང་པོ་ཐ་མ་༽གཞན་རྣམས་ཀྱིས་ཉིན་པར་ཆགས་སྡང་འབའ་ཞིག་ཏུ་སོང་ནས། འཁྲུལ་པ་རང་སྣང་། རང་སྣང་སྒྱུ་མར་མ་ཆོད་པས། རྨི་ལམ་བག་ཆགས་ཀྱི་ལུས་དེ་འཁྲུལ་པའི་དབང་དུ་སོང་ནས་རྨི་ལམ་རང་ཀ་མར་འཆར་སྟེ། བག་ཆགས་ཀྱི་ལུས་དེ་སྔར་རང་གིས་ཕྱིན་པའི་ས་ཕྱོགས་སམ། རང་གྔ་སྡོད་པའི་སའམ། གང་དང་འགྲོགས་ཤིང་ཆགས་སྡང་ཡོད་པ་དེའི་བག་ཆགས་འཆར་༼་་་༽རོ།
།དེ་ཡང་རྒྱ་ལ་ལན་གཅིག་ཟིན་ནས་སྦྱོང་སྤེལ་བྱ་བར་འདོད་ཀྱང་། ཉིན་བར་གྱི་བག་ཆགས་འཐུག་པོ་དེའི་དབང་དུ་སོང་ནས། རྨི་ལམ་དུའང་གཙིག་པ་དང་བྲག་ལ་སོགས་པ་ལ་ཐོགས་གདུག་འོང་ཞིང་། ཉིན་པར་གྱི་ལུས་དང་གཅེས་སྤྲས་ལ་ཁྱད་པར་ཨེན་ཙམ་ལས་མི་ཡོང་ཞིང་། བདེན་འཛིན་རྟག་པ་དེ་ཤེས་ཆེར་འབྱུང་ངོ་།
།དེ་དག་པར་བྱེད་པའི་ཐབས་ལ་ནི། གོང་བཞིན་དུ་མ་དག་པ་འཁྲུལ་པའི་འཁོར་བ་སྤངས་ལ། དག་པའི་འཁོར་ལ་བླ་མའི་མོས་གུས་དང་། ལྷ་སྐུ་ཕྱག་རྒྱ་ཆེན་པོ་འབའ་ཞིག་ལ་འབད་པ་ཆེན་པོ་བྱས་པས། འཁྲུལ་པའི་བག་ཆགས་དག་ནས། ཡིད་ཀྱི་ལུས་སུ་སོང་ཙ་ན། དངོས་འཛིན་གྱི་བློ་དང་བྲལ་སྟེ། ༼ཚེའི་དུས་བྱས་ནས་འབྱུང་བཞིའི་ལུས་བོར་ནས། བར་དོ་ཡིད་ཀྱིས་ལུས་སུ་འཁྱམས་པ་དང་། འཁྲུལ་པའི་བག་ཆགས་དག་ནས། ཡིད་སྒྱུ་མ་ཙམ་གྱི་སྒོ་ནས། ལྷ་སྐུ་འཆར་བ་ལ་གཉིས་ལས། འདི་རང་སྣང་སྒྱུ་མར་སྦྱངས་ནས། རང་ཡི་དམ་གྱི་ལྷར་སྒྱུར་བས་ཡིད་ཀྱི་ལུས་སུ་སོང་བ་དེ་ཡིན་གསུང་ངོ་།༽ སྒྱུ་མ་ཙམ་གྱི་སྒོ་ནས། དངོས་པོ་དང་མཚན་མར་འཛིན་པ་ཐམས་ཅད་འཇོམས་ཤིང་། ཡིད་ཀྱི་ལུས་དེས་རི་དང་ཁང་པ་དང་། དངོས་པོ་དང་། མཚན་མ་དང་། ནམ་མཁའ་ལ་འཕུར་བ་ལ་སོགས་པ་གང་ལ་ཡང་ཐོགས་རྡུགས་མེད་པར་འགྲོ་ཞིང་། མངོན་དགའ་དང་བདེ་བ་ཅན་ལ་སོགས་པའི་ཞིང་ཁམས་རྣམས་སུ་སངས་རྒྱས་དཔག་ཏུ་མེད་པ་ལ་ཆོས་ཞུ་བར་བྱེད་པ་ནི། ཡིད་ཀྱིས་བསམས་པ་༼འཁྲུལ་པ་རང་དག་པས་༽ཙམ་གྱིས་རང་གང་འདོད་དུ་ཇི་ལྟ་བ་བཞིན་བརྟོལ་ཞིང་། དོན་ཐམས་ཅད་གྲུབ་པར་བྱེད་པ་ཡིན་ནོ། །དེ་ནི་༼གང་ལས་བྱུང་ན་༽བག་ཆགས་ཀྱི་རླན་དང་བྲལ་བ་ལས་འབྱུང་སྟེ། གང་བསམས་སུ་རྟོལ་བའི་ཕྱིར་ན། དམིགས་མེད་ཀྱི་སྒྱུ་ལུས་འཁྱམ་པོའམ། རང་བཞིན་མེད་པའི་སྒྱུ་ལུས་ཞེས་བྱའོ༼དེ་རྣམས་གྲངས་ཡིན་ནོ༽
།དེ་ལ་གཉིད་ཐུན་མཚམས་གཅིག་ལ། ཤེས་རབ་བཞིའི་བསྲེ་འཕོ་ཉམས་སུ་ལེན་ན། དེ་སྣང་གྲགས་ཡིན་སྒྱུ་མ་ཡིན་རྨི་ལམ་ཡིན། ཉིན་པར་གྱི་དུས་དང་གཉིད་དུ་འགྲོ་ཁར། ལྷ་སྐུ་ལ་སོགས་པ་ལ་༼སྒྱུ་མ་ཡིན་རྨི་ལམ་ཡིན་མཉམ་པའི་༽འདུན་པ་དྲག་པོ་མ་ཡེངས་པར་བཏང་པས། མ་རྟོགས་པ་རྣམས་ལ་གཏི་མུག་གི་གཉིད་དུ་ཐིབས་ཀྱིས་འགྲོ་ཏུ་ཡོད་པ་དེ། རྟོགས་པ་རྣམས་ལ་སྔར་གྱི་འདུན་པའི་གནད་ཀྱིས་ལྷ་སྐུ་རང་ཤར་དུ་ལམ་གྱིས་འབྱུང་། དེ་རྨི་ལམ་དུ་ཤེས་པ་དེ་རྨི་ལམ་ཤེས་པའི་ཤེས་རབ་ཅེས་བྱ་སྟེ། ཉིན་མཚན་གཉིས་རྨི་ལམ་དང་གསུམ་གྱི་བསྲེ་འཕོ་༼༡ ཡང་ན་གཉིད་ཕྲད་ཀྱིས་སད་པའི་དུས་སུ་དེར། མིག་མི་འབྱེད་པར་རྨི་ལམ་ཡིན་སྙམ་པ་ཡང་ཡང་བྱས་པས་ཉིན་མཚན་གཉིས་བསྲེ་བའོ།༽ རྨི་ལམ་དེ་ཉིད་ཀྱང་མི་བདེན་པར་ཐག་བཅད་པས། སྒྱུ་མར་ཤེས་པ་དེ། སྒྱུ་མར་ཤེས་པའི་ཤེས་རབ་ཞེས་བྱ་སྟེ། རྨི་ལམ་དང་སྒྱུ་མའི་བསྲེ་བའོ། །སྒྱུ་མ་དེ་ཉིད་ཀྱང་སྒྱུ་འཛིན་དང་བྲལ་ནས། འོད་གསལ་དུ་རྟོགས་པ་དེ། འོད་གསལ་ལམ། དོན་དམ་རྟོགས་པའི་ཤེས་རབ་ཞེས་བྱ་སྟེ། སྒྱུ་མ་དང་འོད་གསལ་གྱི་བསྲེ་འཕོ་ཡིན་ནོ།
།དེ་ཡང་སྒྱུ་ལུས་འོད་གསལ་སྒོས་པ་རྣམས་ཀྱིས། དང་པོ་ལྷ་སྐུ་སྣང་ལ་རང་བཞིན་མེད་པར་འགྲུབ་བར་སྒྱུ་མའི་ཚུལ་བཞིན་དུ་བསྒོམ་པའི་སྟོབས་ཀྱིས། རྨི་ལམ་དང་འོད་གསལ་ཟིན་པའི་དུས་སུ། ལྷ་སྐུ་རང་ཤར་རམ། ཆུ་ལ་ཉ་ལྡང་གི་ཚུལ་ལྟ་བུའམ། ༼༡༽ སྐྱེ་མེད་ལ་འགག་མེད་ཀྱི་ཚུལ་དུ་འབྱུང་ངོ་། །དེ་ལྟར་མཚན་མོ་གཉིད་དུ་སོང་པ་ལ་བྱུང་པ་དང་། དེས་ཉིན་པར་གྱི་དགེ་སྦྱོར་སྟོབས་སྐྱེད་ནས། དེ་ཉིད་ཇེ་བརྟན་ཇེ་གསལ་ལ་སྤྱོད་ལམ་ཐམས་ཅད་དུ་ལྷ་སྐུ་ཕྱག་རྒྱ་ཆེན་པོ་འབའ་ཞིག་ཏུ་འགྲོའོ། །དེ་ལྟར་ཉིན་མཚན་གཉིས་གཅིག་གིས་གཅིག་སྟོབས་བསྐྱེད་ནས། ད་ལྟར་གྱི་སྣང་བ་འདི་ཁོ་ན་ལ་དག་པའི་སྣང་པ་ཤར་ཏེ། ཕྱི་སྣོད་ཐམས་ཅད་གཞལ་ཡས་ཁང་། ནང་བཅུད་ཀྱི་སེམས་ཅན་དང་གཟུགས་སུ་སྣང་པ་ཐམས་ཅད་ལྷ་སྐུ་འབའ་ཞིག །བཟའ་བཏུང་ཐམས་ཅད་ཟག་མེད་ཀྱི་བདུད་རྩི། སྒྲ་གྲག་ཚད་གྲག་སྟོང་སྔགས་ཀྱི་རང་སྒྲ། དྲན་རིག་དྲན་རྟོག་ཐམས་ཅད་རང་དག་ནས་ཆོས་ཉིད་ཤ་སྟག་ཏུ་འོང་སྟེ། བདེ་བར་གཤེགས་པ་ལ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་འབའ་ཞིག་ཏུ་ཤར་ནས། དེ་ཇི་སྲིད་འཁོར་བའི་རྒྱ་མཚོ་མ་སྟོངས་པར། གང་ལ་གང་འདུལ་དུ་གཞན་དོན་ལྷུན་གྲུབ་རྒྱུན་ཆད་མེད་པར་འབྱུང་པར་འགྱུར་རོ།
།དེ་ཡང་དབང་པོ་རབ་ལོ་ཟླ་ཙམ་གྱིས་ཚེ་འདིར་དག་པའི་སྣང་པ་ཤར་ནས་སངས་རྒྱ་བར་བྱེད་ལ། དབང་པོ་ཐ་མ་ཚེ་འདིར་སངས་མ་རྒྱས་ཀྱང་། ཉིན་པར་དང་བག་ཆགས་ཀྱི་དུས་སུ། ས་བོན་གྱི་ཚུལ་དུ་ཉམས་སུ་བླངས་པའི་སྟོབས་ཀྱིས། བར་དོར་དག་པའི་སྣང་བ་ཤར་ནས་སང་མི་རྒྱ་མི་སྲིད་དོ།
།དེ་ནས་༼དེ་ལ་གོང་གི་སྒྱུ་འཛིན་དང་བྲལ་བའི་འོད་གསལ་དེ་གང་གི་་་་་གས་ན་བླ་མ་ལ་ཆོས་སྐུའི་འདུ་ཤེས་སྐྱེས་པ་དང་སྐྱེ་མེད་ཡི་གེ་ཨ་བསྒོམས་པས་རྟོགས་སོ།༽འོད་གསལ་ཉམས་སུ་ལེན་པར་འདོད་པ་རྣམས་ཀྱིས། གནས་དབེན་པར་ཕྱིན་ནས་འཁོར་བ་ལ་སྐྱེ་ཤས་དྲག་པོ་བསྐྱེད་ནས། ཚད་མེད་པ་གཞི་ལ་སོགས་པ་གོང་བཞིན་དུ་བསྒོམ། དེ་ནས་རང་ཡི་དམ་དུ་བསྒོམས་པའི་སྤྱི་བོར་བླ་མ་བསྒོམས་ནས་གསོལ་བ་གདབ་པར་བྱ་སྟེ། བླ་མ་རིན་པོ་ཆེ། འོད་གསལ་ཟིན་པར་མཛད་དུ་གསོལ་བྱ་བའམ། འོད་གསལ་ཕྱག་རྒྱ་ཆེན་པོ་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཞེས་སྙིང་ཐག་པ་ནས་གསོལ་བ་བཏབ་ནས། རང་གི་ལྟེ་འོག་སོར་བཞི་བཅལ་བར། ཡི་གེ་ཨ་དཀར་པོ་འཚེར་བ། གསལ་ལ་དངས་པ་གཅིག་བསྒོམ། དེ་ལ་སྐད་ཅིག་ཀྱང་མ་ཡེངས་པར་དམིགས་པ་བཏད་ཅིང་། དེའི་རང་བཞིན་ཤེས་པར་བྱའོ། །དེ་ལྟར་ཉིན་པར་གྱི་དུས་སུ་ཁམས་དུབ་པར་བསྒོམས་ནས། གཉིད་དུ་འགྲོ་བའི་དུས་སུ། གཉིད་དང་རྨི་ལམ་གྱི་བར་དེར། རྟོག་པ་མ་ཚུད་པར་བྱ། དེ་ལྟར་བྱས་པས་མ་རྟོགས་པ་རྣམས་ལ། གཏི་མུག་གི་གཉིད་དུ་ཐིབས་ཀྱིས་འགྲོ་རྒྱུ་ཡོད་པ་དེ། འོད་གསལ་ངོས་ཟིན་ཅིང་རྟོགས་པ་རྣམས་ལ། སྤྲིན་མེད་སྟོན་ཀའི་ནམ་ལངས་པ་ལ། ཉི་མའི་མདངས་ཕོག་པ་བཞིན་དུ། སྣང་པ་ཐམས་ཅད་ཇེ་གསལ་ཇེ་གསལ་ལ་འོད་གསལ་ཕྱག་རྒྱ་ཆེན་པོ་དུས་དེ་ཉིད་དུ་རྟོགས་པ་ཡིན་ནོ། །དེ་ལྟར་ཆོས་སྐུ་ཟབ་པ། ཞི་བ། རང་བཞིན་གྱིས་འོད་གསལ་བ། འདུས་མ་བྱས་པ། སྤྲོས་པ་ཐམས་ཅད་དང་བྲལ་བའི་སྐྱེ་མེད་ནམ་མཁའ་དེ་ལས། འགག་མེད་གཟུགས་སྐུ་གཉིས་འཇའ་ཚོན་བཞིན་དུ་རང་ཤར་ཟུང་འཇུག་ལྷུན་གྲུབ་ཏུ་འབྱུང་སྟེ། དེས་ཇི་སྲིད་འཁོར་བའི་རྒྱ་མཚོ་མ་སྟོངས་པ་དེ་སྲིད་དུ་གཞན་དོན་འབད་རྩོལ་མེད་པར། གང་ལ་གང་འདུལ་དུ་འཆར་བར་བྱེད་དོ། དེ་ནི་འབྲས་བུའི་ཟུང་འཇུག་ཞེས་བྱའོ།
།སེམས་ཉིད་ཡོན་ཏན་རྒྱ་མཚོ་ལས། །དགོས་འདོད་མ་ལུས་འབྱུང་གྱུར་པའི། །ཡིད་བཞིན་ནོར་བུ་བླངས་ནས་ཀྱང་། །མཁའ་མཉམ་སེམས་ཅན་སྨིན་གྲོལ་ཤོག
།སྙན་རྒྱུད་ཡོན་ཏན་རྒྱ་མཚོ་འདི། །རང་གིས་ཉམས་སུ་མྱོང་བ་ལྟར། །གཞན་ཕན་བློ་ཡིས་ཡི་གེར་བཀོད། །མཁའ་འགྲོ་ཚོགས་ཀྱིས་བཟོད་པར་གསོལ།
བླ་མ་དམ་པ་རྣམས་ཀྱི་སྙན་བརྒྱུད་ཞལ་གྱི་བདུད་རྩི། ཉམས་མྱོང་ཡོན་ཏན་རྒྱ་མཚོ་ཞེས་བྱ་བ། གཞན་ཕན་གྱི་བློ་ཁོ་ནས་ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་སོ།། དགེའོ།།
BDRC W3CN18508: ༼སངས་རྒྱས་གཉན་སྟོན་གྱིས་མཛད་པའོ། །མངྒ་ལཾ། ་་་
BDRC W4CZ58783: ༼སངས་རྒྱས་སྟོན་པའི་གསུང་ཡིན་ནོ།༽